གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་བྱེད་ཕྱོགས་ཀྱི་གལ་ཆེའི་ལམ་སྟོན།
༢༠༠༧ ཕྱི་ཟླ་ ༧ ཚེས་ ༣༡ ཉིན། ༄༅། །བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་ཁྱབ་ཁུངས་སུ་གཏོགས་པའི་སྒྲིག་འཛུགས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་གང་དེར། ཆེད་ཞུ། ཀུན་གྱིས་དགོངས་གསལ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་ལམ་སྟོན་བླ་ན་མེད་པའི་འོགབཙན་བྱོལ་བོད་མིའི་གཞུང་དང་སྤྱི་ཚོགས་མང་གཙོའི་རིང་ལུགས་སུ་བསྒྱུར་ཏེ་ད་ཆ་བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་གནས་བབ་བཟང་པོ་ཞིག་བསྐྲུན་ཟིན་པ་ནི་དགའ་སྤོབས་འོས་པ་ཞིག་ཡིན་པ་མ་ཟད། བོད་མི་རིགས་དང་བསྟན་སྲིད་ཀྱི་གཞི་རྟེན་སྲ་བརྟན་ཚུགས་ཟིན་པ་ཡིན་པས་བཙན་བྱོལ་བོད་མི་གཞུང་མང་གཉིས་ཐད་ནས་ད་དུང་མང་གཙོའི་ལམ་སྲོལ་དང་ཁྲིམས་ཀྱི་དབང་སྒྱུར་གོང་མཐོར་གཏོང་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་བྱ་དགོས་མ་ཟད། ད་ཡོད་མང་གཙོའི་ལམ་སྲོལ་ཡང་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་ལ་འབད་དགོས། མང་གཙོའི་ལམ་སྲོལ་ནང་ཞི་བའི་སྤྱི་ཚོགས་སྤྱི་དང༌། ཁྱད་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནི་མང་གཙོའི་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས་དེ་དག་ཚུལ་མཐུན་ཚད་ལྡན་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནི་མིང་དོན་མཚུངས་པའི་གཞུང་འབྲེལ་མིན་པ་ཞིག་དགོས་རྒྱུར་བརྟེན། ཚོགས་པ་སོ་སོའི་ངོས་ནས་གཞུང་ལ་བརྟེན་ལྟོས་མ་དགོས་པ་དང༌། གཞུང་གི་ངོས་ནས་ཚོགས་པ་སོ་སོར་ཐེ་བྱུས་གནོན་ཤུགས་བེད་སྤྱོད་སོགས་མི་བྱེད་པ་བཅས་གཉིས་ཕྱོགས་ནས་འབྲེལ་ལམ་དང༌། རྒྱང་ཐག་ཚད་ལྡན་ཞིག་རྒྱུན་གནས་དགོས་གལ། ལྷག་པར་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་འཛིན་སྐྱོང་སྤེལ་གསུམ་བྱེད་ཆོག་པ་ཙམ་དུ་མ་ཟད་བྱེད་དགོས་པ་ཞིག་ཡིན་སྟབས། གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང༌། གཞུང་གི་དབར་ཕྱིའི་རྣམ་འགྱུར་ཐ་དད་ཙམ་ལས་ནང་དོན་གཅིག་གྱུར་ཡིན་པ་ལྟ་བུའི་རྣམ་འགྱུར་བསྟན་ན་བཟང་སྤྱོད་དང༌། ཆབ་སྲིད་ཀྱི་འགྲོ་སྟངས་གཉིས་ཀ་དང་འགལ་བ་མ་ཟད། ཕན་ཚུན་བེད་སྤྱོད་ལོག་པ་བྱས་པ་ཡིན་པས་དེ་རིགས་གཏན་ནས་མི་ཡོང་བ་བྱ་དགོས། གཞུང་ཞབས་སྤྱི་དང༌། ཁྱད་པར་ས་གནས་འགོ་འཛིན་དང༌། ས་གནས་སྡེ་ཚན་ཁག་གི་འགན་འཛིན་རྣམས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་དང༌། ལྷག་པར་སྲིད་དོན་ཚོགས་པ་ཁག་དང་མཉམ་དུ་འབྲེལ་བ་བྱེད་ཕྱོགས་ཐད། ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་དགུ་པའི་ནང་གསེས་དགུ་པའི་ནང་གསལ་བ་ལྟར་རྒྱུན་དུ་ལག་བསྟར་དགོས་རྒྱུ་སྨོས་མེད་ཁར། ས་གནས་འགོ་འཛིན་ཁག་ལ་འབྲེལ་ཡོད་གོང་རིམ་ནས་ལམ་སྟོན་སྔ་རྗེས་སོང་ཟིན་ཡང་ད་དུང་ས་གནས་རེ་ཟུང་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་འབྲེལ་ལམ་བྱེད་ཕྱོགས་ཚུལ་མཐུན་ཞིག་ཡོང་གི་ཡོད་མིན་དྭོགས་གཞིར་འདུག་སྟབས། སླར་ཡང་གལ་ཆེ་ནན་དཔེར་ལམ་སྟོན་བྱ་རྒྱུ་གཤམ་གསལ།
༡ གཞུང་ཞབས་སུའང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཛིན་སྐྱོང་ལས་དོན་ཚོགས་འདུའི་ནང་མཉམ་ཞུགས་བྱེད་པ་དང༌། གཏམ་བཤད་བྱེད་པ། བསམ་འཆར་བཏོན་པ་སོགས་གཏན་ནས་མི་ཆོག འོན་ཀྱང་འཛིན་སྐྱོང་ལས་དོན་ཚོགས་འདུ་མིན་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་དང༌། ཟབ་སྦྱོང༌། དུས་སྟོན་མཛད་སྒོ་ལྟ་བུའི་ནང་མགྲོན་འབོད་བྱུང་ཚེ་མཉམ་ཞུགས་བྱ་འཐུས་ཀྱང༌། གཏམ་བཤད་ཇི་བྱེད་གཞུང་གི་སྲིད་བྱུས་དང་ལས་བྱེད་བླང་དོར་སྒྲིག་གཞི་ཁག་དང་མི་འགལ་བ་དགོས་རྒྱུ།
༢ དབུས་ནས་དམིགས་བསལ་བཀོད་མངགས་ཡོད་ན་མ་གཏོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགུལ་སྤྱི་དང༌། ཁྱད་པར་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་མཉམ་ཞུགས་བྱེད་པ། ཞལ་འདེབས་བརྒྱབས་པ། རྒྱབ་གཉེར་ཡིག་ཆ་སྤྲད་པ། མང་ཚོགས་སྐུལ་སློང་བྱེད་པ། དཔལ་འབྱོར་འདུ་འགོད་ཀྱི་སློང་ཡིག་སྤྲད་པ། མི་འགྲོ་ཆེད་གཏོང་བྱེད་པ། ས་གནས་སུ་གོ་སྒྲིག་བྱེད་པའམ་གོ་སྒྲིག་ལ་མཐུན་འགྱུར་བྱེད་པ་བཅས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག འོན་ཀྱང་ས་གནས་ཀྱི་ཚོགས་ཁང་ལྟ་བུ་རྒྱུན་དུ་གླ་གཡར་གཏོང་སྲོལ་ཡོད་རིགས་སྤྱི་མཚུངས་གླ་གཡར་གཏོང་རྒྱུར་དགག་བྱ་མེད།
༣ ལས་ཀྱི་སྣེ་མོ་བ་སོ་སོའམ། ལས་ཁུངས། ཡང་ན་བཙན་བྱོལ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་དང༌། འགལ་ཟླ་བྱེད་མཁན་བྱུང་སྐབས་དེ་ཚོའི་གདོང་ལེན་ཆེད་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང༌། ཡང་ན་གང་ཟག་སྒེར་བཅས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐུལ་སློང་བྱེད་པ་དང༌། བེད་སྤྱོད་བྱེད་པ། དཔེར་ན། ས་གནས་འགོ་འཛིན་གནས་སྤོས་མི་ཡོང་བའི་ཆེད་ཚོགས་སྐྱིད་ཁག་གི་མིང་རྟགས་འཁོད་པའི་སྙན་ཞུ་གཏོང་དུ་འཇུག་པ་ལྟ་བུ་ནམ་ཡང་མི་ཆོག
༤ གཞུང་འཛིན་འཕྲོད་བསྟེན་སྨན་ཁང་ཁག་ནས་ས་གནས་སོ་སོར་གཞུང་འབྲེལ་མིན་པའི་ཚོགས་པ་སུ་ཞིག་གི་ལས་འགུལ་དང༌། གོམ་བགྲོད་ལྟ་བུའི་སྐབས་རྒྱུན་ལྡན་མང་ཚོགས་ལ་འཕྲོད་བསྟེན་གྱི་ཞབས་ཞུ་ཇི་ཡོད་འཆར་ཅན་བྱེད་པ་ལས། སྨན་པ་དང་སྨན་ཞབས་མཉམ་གཏོང་བྱེད་པ། དམིགས་བསལ་སྨན་པ་དང་སྨན་གྱི་མཐུན་རྐྱེན་གོ་སྒྲིག་བྱེད་པ་བཅས་མི་ཆོག
༥ གཞུང་འཛིན་སློབ་གྲྭ་ཁག་ནས་སློབ་ཕྲུག་རྣམས་སྤྱི་ཚོགས་སམ། ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་དགོས་པའི་འབོད་སྐུལ་ལམ་གནོན་ཤུགས་བྱུང་ཚེ་སློབ་གྲྭ་སོ་སོའི་སྒྲིག་གཞིའི་ནང་གསལ་ཁ་ཡོད་ན་དེ་དོན་ལག་བསྟར་དགོས་རྒྱུ་དང༌། མེད་ན་སློབ་ཕྲུག་རང་ལོ་ ༡༨ ཡན་ལོན་པ་རྣམས་རང་འདོད་ཀྱིས་བསྐྱོད་རྒྱུར་དགོངས་པ་གཏོང་འཐུས་ཀྱང༌། དེ་དག་ལ་འཛིན་གྲྭའི་འབྱོར་ཐོ་དམིགས་བསལ་གཏོང་བ་སོགས་མི་ཆོག་པའི་ཁར་སློབ་ཕྲུག་ཕོ་མོ་རང་ལོ་ ༡༨ མ་ལོན་པ་རྣམས་ལས་འགུལ་དུ་ཞུགས་རྒྱུའི་ཆེད་དགོངས་འཁྲོལ་ཞུས་ཚེ་སློབ་ཕྲུག་སོ་སོའི་ཕ་མའམ་ས་གནས་ལྟ་སྐྱོང་བའི་ངོ་བཅར་འགན་ལེན་ཡིག་ཐོག་མ་ཞུས་པར་དགོངས་འཁྲོལ་གཏོང་མི་ཆོག
༦ ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་འགུལ་གང་ཞིག་གི་ཆེད་གནས་ཡུལ་ས་གནས་གཞུང་ངམ་ལས་ཁུངས་ཁག་ནས་བཀའ་འཁྲོལ་ཞུ་དགོས་དང༌། དེའི་ཆེད་རྒྱབ་གཉེར་དགོས་རིགས་བཅས་ལ་འགན་ལེན་དང་རྒྱབ་གཉེར་ཞུ་སྤྲོད་མི་ཆོག
༧ ལས་འགུལ་ཅི་རིགས་ལ་བརྟེན་ནས་ས་གནས་སྐོར་སྲུང་བས་འཛིན་བཟུང་དང་བཀག་བསྐྱིལ་བྱེད་རིགས་ལ་མི་ཆོས་ལ་བརྟེན་པའི་བཟའ་བཏུང་གྱོན་ཆས་མཁོ་སྤྲོད་དང༌། སྨན་བཅོས་མཐུན་རྐྱེན་སྦྱར་འོས་མ་གཏོགས་གཞུང་ཞབས་དང་ལས་ཁུངས་སུ་ཞིག་གིས་བཙོན་གྲོལ་ཁག་ཐེག་བྱེད་མི་ཆོག་ཅིང༌། དེ་ཚོའི་ཁྲིམས་རྩོད་སྐབས་ཁྲིམས་ཁང་ནས་བཀའ་འགུགས་བྱུང་ན་མ་གཏོགས་དྭང་བླངས་ཀྱིས་དཔང་པོར་འགྲོ་མི་ཆོག
༨ གོང་གསལ་དོན་ཚན་ཁག་ཏུ་མ་ཐེ་བའི་གནས་ཚུལ་གང་བྱུང་ཡང་གཞུང་གི་གཞི་རྩའི་ལྟ་གྲུབ་གཞིར་བཟུང་ཐོག་རྣམ་འབྱེད་ཤེས་རབ་ཀྱི་ལམ་ནས་བླང་དོར་མ་འཛོལ་བ་དགོས་རྒྱུ་མ་ཟད། ཅི་སྟེ་རང་སྟོབས་ཀྱིས་ཐག་གཅོད་མ་ཐུབ་པའི་རིགས་གོང་རིམ་ལ་དྭོགས་གཅོད་ཞུ་དགོས།
༩ ས་གནས་སོ་སོར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རང་ངོས་ནས་གསལ་བཤད་བྱེད་རྒྱུར་དཀའ་ངལ་ཡོད་ཚེ་གཞུང་གི་ལམ་སྟོན་སྔ་རྗེས་དང་ཁྱད་པར་བཀོད་ཁྱབ་འདིའི་ངོ་བཤུས་མིག་སྟོན་བྱེད་ཆོག
འོན་ཀྱང་གཞུང་གི་ལམ་སྟོན་འདི་རིགས་གནང་དགོས་པའི་རྒྱུ་མཚན་སྤྱིར་མང་གཙོའི་ལམ་སྲོལ་དང༌། ཁྲིམས་ཀྱི་དབང་སྒྱུར། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང༌། ཞི་བའི་སྤྱི་ཚོགས་ཀྱི་ནུས་པ་དང༌། མཚན་མཐོང་གོང་མཐོར་སྤེལ་རྒྱུ་དང༌། ཁྱད་པར་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཡོངས་རྫོགས་རང་གི་རྐང་པའི་ཐོག་རང་ཉིད་ལངས་ཐུབ་པ་དང༌། རང་འགན་རང་འཁྱེར་ཐུབ་པ་ཞིག་ཡོང་རྒྱུའི་ཆེད་དུ་དམིགས་པ་ལས་ཁོ་ཚོའི་ཆེ་མཐོང་ཉམས་དམས་གཏོང་རྒྱུ་དང༌། གལ་གནད་ཆུང་དུ་གཏོང་རྒྱུའི་ཆེད་གཏན་ནས་མིན་པའི་གནས་ཚུལ་ངོ་སྤྲོད་ཞིབ་ནན་དགོས་རྒྱུ་བཅས་དགོངས་འཇགས་ཞུ། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༧ ཕྱི་ཟླ་ ༧ ཚེས་ ༣༡ ལ་ཕུལ།།