༈ འཇོལ་ཀོང་རྒྱལ་གསུམ་མང་ཚོགས་ལ་གནང་བའི་གསུང་བཤད།
༄༅།། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། དེ་རིང་འདིར་ཕེབས་པའི་རྒྱལ་སྲས་བླ་སྤྲུལ་ཁག་དང་མཁན་ལས་ཟུར་གྱིས་གཙོས་སྐྱབས་ཡུལ་དགེ་འདུན་གྱི་སྡེ། དེ་བཞིན་འཇོལ་ཀོང་རྒྱལ་གསུམ་བྱེས་ཀྱི་མི་མང་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་གོ་སྐབས་དང་བསྟུན་ནས་དྷ་སར་ཕེབས་འབྱོར་གནང་བ་བགྲེས་གཞོན་སེར་སྐྱ་ཧ་ཅང་མང་པོ་ཕེབས་འཛོམས་གནང་བ་ཚང་མ་ད་རེས་འདིར་མཇལ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་།
སྤྱིར་དགའ་པོ་ཉེ་པོ་རྣམས་ཡང་ཡང་ཐུག་ཁག་པོ་དང་། མི་དགའ་བ་དང་མི་འདོད་པ་རྣམས་ཡང་ཡང་ཐུག་བསྡད་རྒྱུ་ནི་འཁོར་བའི་སྡུག་བསྔལ་དྲུག་དང་བརྒྱད་བཤད་པའི་སྐབས་སུ་མི་སྡུག་པ་དང་འཕྲད་པ་དང་། སྡུག་པ་དང་བྲལ་བ་ཞེས་པ་དེ་རེད། ད་རེས་འཕྲད་པའི་བདེ་བའང་འགྱུར་བའི་སྡུག་བསྔལ་ཡིན། འཁོར་བའི་གཤིས་ལུགས་སམ་རང་མདངས་ནི་དེ་ལྟ་བུ་རེད། འོན་ཀྱང་འཁོར་བ་འཁོར་བའི་རིམ་པའི་ནང་ཟག་བཅས་ཀྱི་བདེ་སྡུག་གཉིས་ཕྱེ་བ་ན་འགྱུར་བའི་སྡུག་བསྔལ་མང་པོར་བདེ་བའི་ངོ་བོར་མཐོང་བ་དང་། ད་རེས་ང་ཚོ་འདིར་འཛོམས་ནས་དགའ་པོ་ཡོང་རྒྱུ་དང་། སང་ཉིན་བྲལ་བ་ན་སྡུག་བསྔལ་གྱི་རྒྱུར་འགྲོ་རྒྱུ་རེད། ཡིན་ནའང་མི་འགྲོ་བ་ནི་སྤྱི་ཚོགས་ལ་བརྟེན་པ་དང་། ནུབ་ཕྱོགས་པ་ལྟར་ན་སྤྱི་ཚོགས་ལ་བརྟེན་པའི་དུད་འགྲོ་ཞིག་རེད། དེས་ན་སྤྱི་ཚོགས་ལ་བརྟེན་པའི་འགྲོ་བ་ཡིན་ཙང། ཕ་ཡུལ་གཅིག་པ་དང་། གྲོང་ཚོ་གཅིག་པ། ཁྱིམ་མཚེས་སོགས་གཞན་ལས་བློ་ཐག་ཉེ་བ་དང་། གཅེས་པར་འཛིན་པར་ཡོང་རྒྱུར་བརྟེན། རྒྱུན་རིང་པོ་མ་ཕྲད་པ་འཕྲད་སྐབས་དགའ་པོ་ཡོང་རྒྱུའང་འཁོར་བའི་གཤིས་ལུགས་རེད།
ཁྱེད་ཚོ་ས་ཕྱོགས་གང་སར་ཐག་རིང་པོ་བཞུགས་མཁན་དང་། སོ་སོའི་འཚོ་བའི་འདུན་ལམ་གྱི་ལས་བྲེལ་མང་པོ་ཡོད་མུས་ནས། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་དང་། བརྟན་བཞུགས་འབུལ་ཆེད་དཀའ་ངལ་དང་འགྲོ་གྲོན་ལ་མ་འཛེམས་པར་འདིར་འབྱོར་ཐུབ་པ་ནི་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རངས་ཀྱི་གནས་རེད། སྤྱིར་སོ་སོའི་བླ་མ་ལ་རྒྱུན་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་པའི་གསོལ་བ་བཏབ་རྒྱུ་ནི་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པའི་ནང་གི་གལ་གནད་ཆེ་བ་ཞིག་ཡིན་པར་བརྟེན། ནང་པའི་ཆོས་ལམ་གྱི་རིམ་པའི་ཉམས་ལེན་དང་བསྟུན་ནས་ཉམས་ལེན་བྱེད་མཁན་ཡིན་ན་རྒྱུན་ལྡན་ཉིན་རེའི་ཉམས་ལེན་ནང་འགྲོ་དགོས།
ཐོག་མར་སངས་རྒྱས་ཀྱིས་མདོ་མང་པོའི་ནང་ཡན་ལག་བདུན་དང་ཡན་ལག་དྲུག་དང་ཡན་ལག་ལྔ་སོགས་བསག་སྦྱང་གི་གནད་བསྡུས་ཚུལ་མང་པོ་གསུངས་ཤིང་། དེའི་ནང་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པ་དེ་གྲགས་ཆེ་ཤོས་རེད། དེའི་ཚིག་ཟིན་ལྟར་ན་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཤིག་ལ་སྦྱར་ནས་གསུངས་ཀྱང་། བླ་མ་གསེར་གླིང་པའི་མན་ངག་ལྟར་དངོས་སུ་ཉམས་ལེན་གྱི་སྐབས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རང་གི་དངོས་བརྒྱུད་ཀྱི་བླ་མ་ཐམས་ཅད་སྦྱར་རུང་བར་གསུངས། སྤྱིར་སངས་རྒྱས་ཚོས་གདུལ་བྱའི་དོན་དུ་ཐུགས་རྗེ་གཡེལ་བ་མེད་པར་ཇི་སྲིད་བར་འཚོ་གཞེས་དགོས་པ་དེ་སྲིད་བར་འཚོ་ཞིང་གཞེས་རྒྱུ་ཡིན་པ་ངེས་ཀྱང་། སངས་རྒྱས་ཀྱི་འཕྲིན་ལས་གང་དུ་འཇུག་མིན་གདུལ་བྱའི་བློའི་ནུས་པ་དང་བསོད་ནམས་སྨིན་མིན་གྱི་གནས་སྟངས་ལ་རག་ལུས་པར་བརྟེན། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ནུས་པའི་སྣོད་རུང་ང་ཚོ་སོ་སོས་བཟོ་དགོས། དེའི་ཆེད་དུ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། སྡིག་པ་བཤགས་པ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་རྣམས་རིམ་པས་འགྲོ་དགོས། དེས་ན་ད་རེས་འཇོལ་ཀོང་རྒྱལ་གསུམ་གྱི་གཞིས་བྱེས་མི་མང་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐོག་མར་བསམ་ཚུལ་བྱུང་བ་དང་། དེ་ནས་ཕན་ཚུན་གྲོས་བསྡུར་གྱིས་བསམ་པ་གཅིག་མཐུན་བྱུང་བ། དེ་རྗེས་དཔལ་འབྱོར་གྱི་མཐུན་རྐྱེན་ཕོངས་པ་མེད་པར་འདུ་འགོད་ཐུབ་པ། སྤྱིར་ལོ་གཉིས་ཀྱི་སྔོན་ནས་སྙན་གསན་ཞུས་པའི་གྲས་སུ་ཡོད་རུང་། བར་སྐབས་ནད་ཡམས་ཀྱིས་རྐྱེན་པས་འགྱངས་པ་རེད། ད་རེས་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཚོགས་པ་གཞན་བཞི་དང་མཉམ་དུ་དངོས་སུ་ལག་བསྟར་ཐུབ་པ་དེ་ཧ་ཅང་སྐལ་བ་བཟང་པོ་བྱུང་བ་རེད། དེ་ལ་སྙིང་ཐག་པ་ནས་འབྲེལ་ཐོགས་ཡོངས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཁྱེད་ཚོས་ཀྱང་རྗེས་སུ་ཡི་རངས་བསྒོམ་དགོས། ལར་ནས་རང་གི་དགེ་བ་ལ་རྗེས་སུ་ཡི་རངས་སྒོམ་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་སྒོམ་ཚུལ་ཡོད། རྗེས་སུ་ཡི་རངས་བསྒོམ་རྒྱུ་ནི། རྗེ་བདག་ཉིད་ཆེན་པོས། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ།། དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས།། ཞེས་གསུངས་པ་ཡིན། གང་ལྟར་སོ་སོས་དཀའ་བ་མང་པོ་སྤྱད་མ་དགོས་པར་གཞན་གྱི་དགེ་བ་རླབས་ཆེན་བསགས་པ་ལ་རྗེས་སུ་ཡི་རངས་བྱེད་རྒྱུ་ནི་སྟབས་བདེ།
ཁེ་ཉིན་བརྟན་བཞུགས་ཀྱི་སྦྱོར་དངོས་རྗེས་གསུམ་མཐའ་དག་གྲྭ་འགྲིག་པོ་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཧ་ཅང་ཡག་པོ་བྱུང་བ་རེད། སྒྲུབ་བཞག་གི་དབང་དུ་བྱས་ནའང་ཉིན་བདུན་གྱི་རིང་བཟླས་པའི་གྲངས་ཧ་ཅང་མང་པོ་ཕྱིན་འདུག དེ་ནས་༧གོང་ས་མཆོག་གིས་བརྟན་བཞུགས་གི་སྐབས་སུ་སྐུ་ཚེ་ཡུན་རིང་བརྟན་པའི་ཞལ་བཞེས་གསལ་པོ་བཀའ་གནང་བ་རྣམས་བོད་ཕྱི་ནང་གི་བོད་མི་ཙམ་དུ་མ་ཟད། ༧གོང་ས་མཆོག་ལ་དད་མོས་ཡོད་པའི་འཇིག་རྟེན་ཁྱོན་ཡོངས་ཀྱི་འགྲོ་བ་ཚང་མ་དགའ་སྤོབས་སྐྱེ་བའི་གནས་སུ་གྱུར་པ་རེད། དེ་ནི་ད་རེས་ཁྱེད་ཚོས་སྐུ་ལས་བསྐྱོན་པའི་འབྲས་བུ་ཐོན་པ་རེད། འགྲོ་གྲོན་བཏང་བ་རྣམས་བེད་སྤྱོད་བྱུང་བ་རེད། དུས་ཚོད་བཏང་བ་རྣམས་ཆུད་ཟོས་སུ་མ་སོང་བར་དོན་ལྡན་དུ་གྱུར་པ་རེད། དེས་ན་རྒྱུན་དུ་རྗེས་སུ་ཡི་རངས་བསྒོམ་དགོས། དེ་ནས་ཉིན་རེའི་ཉམས་ལེན་ནང་ད་རེས་བརྟན་བཞུགས་ཕུལ་བ་དེ་བློ་ངོར་ཤར་ནས་སྐུ་ཚེ་བརྟན་པའི་གསོལ་བ་བཏབ་ཐུབ་ན་བསག་སྦྱང་གི་མཐུན་རྐྱེན་དུ་འགྲོ་རྒྱུ་རེད། དེས་ན་དེ་དག་ཚང་མའི་ཐུགས་ལ་འཇགས་རོགས་གནང་ཞེས་ཞུ་རྒྱུ་ཡིན། དུས་ཚོད་མང་པོ་འགྱངས་རུང་། ད་རེས་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་གྲྭ་འགྲིག་པོ་དང་ཕུན་སུམ་ཚོགས་པ། ཞལ་བཞེས་ཀྱི་བཀའ་བཟང་ཕེབས་པ་རྣམས་གུན་གསབ་ལྟ་བུ་འགྱུར་བ་ཡིན། དེ་ནས་འཇོལ་ཀོང་རྒྱལ་གསུམ་དུ་གཏོགས་པའི་རྒྱལ་སྲས་བླ་སྤྲུལ་བགྲེས་གཞོན་མང་པོ་ད་རེས་ཕེབས་ཐུབ་པ་བྱུང་འདུག དེ་ལ་བརྟེན་ནས་ཕན་ཚུན་མཇལ་བའི་གོ་སྐབས་བྱུང་བ་རེད། དེ་ཡང་དམིགས་བསལ་གྱིས་སྐལ་བ་བཟང་པོའི་དགའ་སྟོན་འཕར་མ་ཞིག་རེད་བསམ་གྱི་ཡོད།
དེ་རིང་ཁྱེད་ཚོས་ང་ལ་བརྟན་བཞུགས་གནང་བ་རེད། སྔོན་མ་ནས་བརྟན་བཞུགས་བྱེད་དགོས་ཞེས་གསུངས་པའི་སྐབས་སུ་ཁས་ལེན་ཤོར་ཟིན་པ་རེད། ལར་ནས་བརྟན་བཞུགས་འབུལ་ཞེས་པ་ནི་འབུལ་ཡུལ་གྱི་གང་ཟག་དེ་སྐྱེ་འཆི་ལ་རང་དབང་ཡོད་ན་བརྟན་བཞུགས་འབུལ་ནས་དགོས་པ་བསྒྲུབ་རྒྱུ་ཡོད་རུང་། སྐྱེ་འཆི་ལ་རང་དབང་མེད་པའི་གང་ཟག་ཅིག་ལ་བརྟན་བཞུགས་འབུལ་ཞེས་པ་ནི་དེང་སང་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་པར་བརྟེན། མཐའ་གཅིག་ཏུ་མི་འགྲིགས་ཞེས་ཞུ་དཀའ། ཡིན་ནའང་ངའི་ངོས་ནས་གཞུང་དང་ལམ་རིམ་སོགས་འཆད་ཉན་བྱས་པའི་རྗེས་སུ་བརྟན་བཞུགས་བྱེད་ན་ཆོས་ཀྱི་ཆེ་བར་འགྲོ་བ་ཡིན། དེ་མིན་གང་ཟག་སྒེར་པ་ཞིག་ལ་ཆོས་འཆད་ཉན་དང་མ་འབྲེལ་བར་གློ་བུར་དུ་བརྟན་བཞུགས་བྱེད་རྒྱུར་དགོས་པ་ཡོད་མིན་མ་ཤེས། གཅིག་བྱས་ན་ཉེས་པ་ཡོང་ཉེན་དུ་མཐོང་གི་ཡོད། འོན་ཀྱང་བར་ལམ་བརྟན་བཞུགས་ཁ་ཤས་ངོས་ལེན་བྱེད་དགོས་བྱུང་བ་རེད། དེ་ཚོའང་བླ་མའི་བཀའ་ཁྲོལ་ཡོད་པ་ཡིན་ཙང་ཕྲན་བུ་དྲག་པ་མིན་འགྲོ ལར་ནས་བརྟན་བཞུགས་འབུལ་མཁན་ངོས་ནས་བསོད་ནམས་གསོག་ཤག་རེད། འོན་ཀྱང་བརྟན་བཞུགས་ལེན་མཁན་ངོས་ནས་གཟབ་གཟབ་མ་བྱས་ན། གཏང་རགས་མཎྜལ་འབུལ་བའི་སྐབས་སུ་ཞལ་བཞེས་བཟང་པོ་ལེགས་པར་ཐོབ་ཅེས་བརྗོད་པ་དེ་མི་ཆོས་བླ་མའི་རྫུན་དུ་འགྲོ་ཉེན་ཡོད། དེ་ཚོ་འདས་པ་ཡིན་ཙང་འགྲེལ་བཤད་བྱེད་དགོས་དོན་མི་འདུག འོན་ཀྱང་སྤྲོས་པ་རྒྱས་པོ་བྱེད་རྒྱུར་ནམ་རྒྱུན་ང་ལ་འཚེར་སྣང་ཡོང་གི་ཡོད། དེ་རིང་ཡང་སྤྲོས་པ་ཧ་ཅང་རྒྱས་པོ་འདུག སྤྲོས་པ་ཆུང་ངུ་དང་སྟབས་བདེ་པོས་ནང་གི་ཏིང་ངེ་འཛིན་དང་ཆོ་གའི་སྒྲོམ་ལ་གཙོ་བོ་དང་། ཕྱིའི་ཁྲ་ཁྲ་ཟིང་ཟིང་མང་པོ་མི་དགོས་པ་བྱས་ན་བརྟན་བཞུགས་ད་དུང་སྟབས་བདེ་བ་དང་གནད་དུ་སྨིན་པ་ཡོང་རྒྱུ་རེད།
ད་རེས་ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་བ་བཞིན་རྒྱུན་དུ་ཉམས་ལེན་ནང་བླ་མ་བརྟན་པར་བཞུགས་པའི་གསོལ་བ་བཏབ་དགོས་ཞེས་ཞུས་པ་དེ་གང་རེེེད་ཅེ་ན། བརྟན་པར་བཞུགས་པའི་གསོལ་བ་དེའང་དུས་ལས་མི་ཡོལ་བར་བཏབ་དགོས་པ་ནི་གལ་ཆེན་པོ་རེད། དེས་ན་ཆོ་གའི་སྒོ་ནས་དང་། རྒྱུན་ལྡན་རང་གི་ཡན་ལག་བདུན་པའི་ཉམས་ལེན་སྐབས་བཅས་སུ་ཡང་ཡང་བླ་མ་ལ་བརྟན་བཞུགས་འབུལ་དགོས། ཀུན་དགའ་བོས་སྟོན་པ་རྣམ་འདྲེན་བཞི་པ་ལ་དུས་སུ་གསོལ་བ་མ་བཏབ་པ་དེ་ཀུན་དགའ་བོ་རྗེས་སུ་གནས་ནས་དབྱུང་བ་ན་ཉེས་པ་གཙོ་ཆེ་བ་གཅིག་རེད།
འཇོལ་ཀོང་རྒྱལ་གསུམ་ལུང་པའི་ཆགས་བབས་དབང་དུ་བྱས་ན་བོད་གངས་ཅན་ལྗོངས་ཀྱི་མཐའ་སྲུང་ལྟ་བུ་རེད། འགྲོ་བ་མིའི་སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བ་ཡོང་བའི་གཞི་རྩ་གཙོ་བོ་ནི་བསམ་པ་དང་རྒྱུན་སྤྱོད་གཉིས་རེད། དེ་གཉིས་མི་འདྲ་བར་གྱུར་པ་ན་མི་རིགས་མི་འདྲ་བ་འགྱུར་བ་ཡིན། མི་རིགས་མི་འདྲ་བ་ཡོང་བའི་གཞི་རྩ་གང་ལ་ཐུག་ཅེ་ན། སྨྲ་བརྗོད་ཀྱི་སྐད་ཀྱི་རྣམ་གཞག་མི་འདྲ་བ་ནས་དབྱེ་བ་ཕྱེ་བ་ཡིན། དེས་ན་བོད་པ་ཞེས་པ་གང་ལ་ངོས་འཛིན་དགོས་ཤེ་ན། དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གྲངས་ངེས་པའི་ཡིག་འབྲུ་ལས་གྲུབ་པའི་སྐད་ཡིག་རང་གི་ཕ་སྐད་ཀྱི་ཚུལ་དུ་བེད་སྤྱོད་བྱེད་མཁན་ལ་བརྗོད། དེ་ལྟར་འཇོལ་ཀོང་རྒྱལ་གསུམ་གྱི་ས་མཚམས་ལས་བརྒལ་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་སྐད་དེ་རྫོགས་པ་ཡིན། དེ་ནས་འཇང་དང་། ལི་སུ། རྒྱ་མི་སོགས་སྐད་ཡིག་གཞན་བེད་སྤྱོད་གཏོང་མཁན་རྣམས་བྱུང་། དེ་ལྟར་གངས་ཅན་གྱི་ལྗོངས་ཀྱི་ཤར་ལྷོའི་མཐའ་སྲུང་ལྟ་བུ་དེ་ཡིན། གང་ལྟར་དབྱངས་གསལ་སོ་བཞི་ལ་བརྟེན་པའི་ང་ཚོའི་ཕ་སྐད་དེ་གནའ་སྔ་མོ་ནས་རང་འཇགས་ཡོད་པར་བརྟེན། ང་ཚོའི་མི་རིགས་ཆབ་སྲིད་ཀྱི་ཆ་ནས་སུའི་དབང་འོག་ཏུ་བསྡད་མིན་གྱི་དབྱེ་བ་མེད་པར། སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གཏོགས་པའི་གངས་ལྗོངས་ཀྱི་ཆ་ཤས་ཤིག་ཏུ་བཀྲུས་ན་མ་དག་པར་བསྡད་ཡོད། གངས་ལྗོངས་ཀྱི་ཡུལ་དུ་སྐྱེས་པའི་མི་རྣམས་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་ཀྱི་དབང་གིས་གདུལ་ཞིང་དུ་འགྱུར་བ་ཡིན། འཕགས་པ་སྤྱན་རས་གཟིགས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་ན་གངས་ཅན་གྱི་ལྗོངས་དེ་གདུལ་བྱའི་ཞིང་དུ་ཕྱག་མཚན་དུ་བཞེས་ཏེ། མིའི་འགྲོ་བ་སྤེལ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་ཆོས་དར་རྒྱས་མ་བྱུང་གི་བར་དུ་ཆ་ཚང་སྤྱན་རས་གཟིགས་ཀྱི་འཕྲིན་ལས་ལ་བརྟེན་ནས་བྱུང་། དེ་ལྟར་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱིས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པར་བརྟེན། ཚེ་འདི་དང་ཕྱི་མ། གཏན་དུ་བྱང་ཆུབ་སྙིང་པོར་མ་མཆིས་ཀྱི་བར་དུ་སྐྱབས་ཀྱི་ངོ་བོར་རྩེ་གཅིག་ཏུ་བསྟེན་འོས་པ་དང་རྗེས་སུ་གཟུང་ངེས་པ་ཡིན། སྤྱན་རས་གཟིགས་ངེས་པའི་དོན་དུ་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཟིན་ནའང་། ད་ལྟའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བའི་འཕྲིན་ལས་དེ་མང་བ་རེད།
སྔོན་མ་བོད་དུ་འཇོལ་ཀོང་རྒྱལ་གསུམ་ཞེས་ས་མཚམས་ཕན་ཚུན་འདྲེས་ནས་ཕར་འགྲོ་ཚུར་འགྲོ་དང་། ཚོང་གི་འབྲེལ་བ་སོགས་སྤྱི་ཚོགས་ཀྱི་འབྲེལ་བ་ཡོད་ཀྱང་། ད་ལྟ་བཞིན་སེམས་ཐག་ཉེ་པོ་དང་ཆིག་བསྒྲིལ་གྱི་ཚོར་བ་སྐབས་དེར་དགོས་མཁོ་མེད་པར་བརྟེན། དེ་ཙམ་མེད། སྐྱབས་བཅོལ་ལ་སླེབས་ཏེ་འཇོལ་ཀོང་རྒྱལ་གསུམ་ཞེས་སྤྱི་ཚོགས་གཅིག་གྱུར་གྱི་བསམ་ཚུལ་ཡོད་པ་དེའང་ཧ་ཅང་ཡག་པོ་རེད། གང་ལགས་ཤེ་ན། སྤྱི་ཚོགས་ལ་བརྟེན་པའི་འགྲོ་བ་ཞིག་ཡིན་ཙང་། སྤྱི་ཚོགས་ཇི་ཙམ་གོང་བུ་གཅིག་གྱུར་དང་བློ་ཐག་ཉེ་བ་དེ་ཙམ་སྤྱི་ཚོགས་ཀྱི་ནུས་པ་འཕེལ་ཐུབ་པ་དང་། སྤྱི་མཐུན་གྱི་བསོད་ནམས་ཡིན་ནའང་བསག་བདེ་བ་ཡོང་རྒྱུ་སྨོས་མ་དགོས།
ཁྱེད་ཚོས་ད་རེས་ང་ལ་བརྟན་བཞུགས་སྤྲོས་པ་རྒྱས་པོ་གནང་བ་ལ་ཡ་རབས་ཀྱི་འགྲོ་སྟངས་ལྟར་ན་ཐུགས་རྗེ་ཆེ་ཞུ་དགོས་པ་ནི་སྐབས་སུ་བབས་པ་རེད། དེས་ན་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ང་ཆུང་དུས་འཇོལ་ཀོང་རྒྱལ་གསུམ་གྱི་ས་ཆ་རྣམས་མཐོང་ཙམ་བྱུང་ཡོད། ང་ལོ་བདུན་ལོན་པ་ན་རྒྱལ་ཐང་དུ་མཁན་ཆེན་རྡོ་རྗེ་འཆང་༧སྐྱབས་རྗེ་ཟངས་འབུམ་རིན་པོ་ཆེའི་སྐུ་མདུན་དུ་དགེ་ཚུལ་སྒྲུབ་ཏུ་བསྐྱོད་སྐབས་ཀོང་རྩེ་རའི་ས་ཆ་ནས་འགྲོ་བ་དང་། འཇོལ་ནས་རྒྱལ་ཐང་དང་ཀོང་རྩེ་རར་འགྲོ་སྐབས་ལ་གྲགས་ཆེན་གསུམ་བརྒལ་དགོས། འབྲི་ཆུར་གྲུའི་ནང་བསྐྱོད་སྐབས་ཀོང་རྩེ་རའི་མི་རྣམས་སྟོབས་ཆེན་པོ་དང་རྫིག་པོ་ཡོད་པ་རྣམས་ད་ལྟའང་དྲན་གྱི་འདུག སྤྱིར་ངའི་རྒན་ཡོངས་འཛིན་རིན་པོ་ཆེ་དམ་པ་སོགས་ཀྱི་ཞལ་ནས་ཀོང་རྩེ་རའི་སྐོར་མང་པོ་ཐོས་མྱོང་། དེ་ཡང་ཐང་སྟེང་གི་དགེ་བསྙེན་རྡོ་རྗེ་རབ་བརྟན་དང་། གོང་བཞིན་དགེ་བཤེས་རིན་པོ་ཆེ་སོགས་གྲགས་ཅན་མང་པོ་ཕེབས་ཡོད། གོང་བཞིན་དགེ་བཤེས་རིན་པོ་ཆེ་ནི་༧སྐྱབས་རྗེ་གླིང་རིན་པོ་ཆེ་སྐུ་གོང་མ་དང་སྐུ་དུས་གཅིག་པ་རེད། ཁོང་གི་དྲུང་ནས་ངའི་རྒན་ཡོངས་འཛིན་རིན་པོ་ཆེ་དང་། ཟམ་གདོང་སྐུ་གོང་མས་བརྡ་སྤྲོད་དང་སྙན་ངག་སོགས་གསན་བཞེས་གནང་འདུག ལྷག་པར་དུ་ཁོང་ནི་རྟ་མགྲིན་ཡང་གསང་གི་རྣལ་འབྱོར་པ་ཆེན་པོ་ཞིག་རེད། དེ་དག་གི་རྣམ་ཐར་གྱི་ཐོག་ནས་ཀོང་རྩེ་རའི་སྐོར་ཤེས་རྟོགས་བྱུང་། དེ་ནས་རྒྱལ་ཐང་ནི་ཡོངས་གྲགས་རེད། དེར་ཆུང་དུས་དགེ་ཚུལ་སྒྲུབ་སྐབས་ཟླ་བ་གཅིག་ཙམ་བསྡད་དེ། མཁན་ཆེན་རྡོ་རྗེ་འཆང་གི་སྐུ་མདུན་དུ་ཡང་ཡང་བཅར་རྒྱུའི་གོ་སྐབས་བྱུང་། དེར་བརྟེན་ཁོ་བོ་དེ་དག་དང་འབྲེལ་བ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཆུང་དུས་ཕ་ཡུལ་དུ་ཚེ་དབང་སོགས་མང་པོ་བསྐུར་བ་ལས། ཆོས་འཆད་ཉན་དང་བླ་སློབ་ཀྱི་འབྲེལ་བ་ཁག་པོ་རེད། ལྷ་སར་འབྱོར་བ་ནས་ཕ་ཡུལ་དང་འབྲེལ་བ་མ་བྱུང་། དེ་ནས་སྐྱབས་བཅོལ་དུ་འབྱོར་ནས་ལོ་གཅིག་མ་སོང་ཙམ་ན་འཇོལ་པ་རྣམས་སྒང་ཏོག་ཏུ་ལམ་བཟོ་བྱས་ཏེ་དངུལ་གྱི་མཐུན་རྐྱེན་ཕྲན་བུ་བཟོ་ཐུབ་པའི་སྐབས་སུ་ང་ཀ་ལོན་སྦུག་ནས་སྐད་བཏང་བ་རེད། དེ་ནས་དྷ་སར་མ་ཡོང་བར་དུ་ཁོང་ཚོའི་མཉམ་དུ་ཟླ་བ་གཉིས་གསུམ་ཙམ་བསྡད་པ་ཡིན། སྐབས་དེར་དཀའ་ངལ་ཡོད་པའི་སྐབས་སུ་གཅིག་ཕན་གཅིག་གྲོགས་དང་། སོ་སོའི་ཡུལ་ལུང་གི་མི་རིགས་རྣམས་བདག་པོ་བརྒྱབས་པ་ནི་ཡ་རབས་བཟང་སྤྱོད་དང་མཐུན་པ་རེད། སྐབས་དེར་སྒང་ཏོག་ཏུ་ལམ་ལས་ཀྱི་གཞུང་ལམ་གཅིག་གི་ནང་ཀོང་རྩེ་རའི་མི་དང་རྒྱལ་ཐང་གི་མི་རྣམས་ཀྱང་ཡོད་པས་འབྲེལ་བ་མང་པོ་བྱུང་།
ཕྱི་ལོ་ ༡༩༦༠ ལོར་དྷ་སར་འབྱོར་རྗེས་རང་གི་ཕ་ཡུལ་དང་སོ་སོའི་འབྱུང་ཁུངས་ཀྱི་གནས་ཡུལ་ལ་འབྲེལ་བ་དང་། དེའི་དོན་དུ་དམིགས་བསལ་གྱིས་ལས་ཀ་བྱེད་རྒྱུ་གང་ཡང་མ་བྱུང་། འདུལ་བ་བཞིན་བཤད་ན་རབ་ཏུ་བྱུང་བ་ལ་ཁྱིམ་པ་ཚོས་དམིགས་བསལ་འགན་ཁུར་སྒྲུབ་པའི་རེ་འདུན་བྱེད་རྒྱུ་མེད་ལ། རབ་ཏུ་བྱུང་བའི་ངོས་ནས་ཀྱང་ཁྱིམ་དོར་བར་བརྟེན། དེའི་ས་ཁུལ་དང་གྲོང་གསེབ་སོགས་ཀྱང་དོར་བ་རེད། དེ་ནས་འཇིག་རྟེན་ཐམས་ཅད་གཅིག་པ་མ་གཏོགས། དམིགས་བསལ་བརྩི་རྒྱུ་མེད་པ་ལྟ་བུ་རེད། འོན་ཀྱང་ཁྱེད་ཚོའི་ངོས་ནས་འཇོལ་ཀོང་རྒྱལ་གསུམ་ཁོངས་གཏོགས་ཀྱི་བླ་མ་ཞིག་ཡིན་པའི་འདུ་ཤེས་མ་བརླགས་པར་ལོ་མང་ཕྱིན་པའི་རྗེས་སུའང་ངོས་འཛིན་དང་དྲན་གསོ་ཡོད་པ་དེ་ཡ་རབས་ཀྱི་སྤྱོད་བཟང་མ་དོར་བ་རེད་བསམ་གྱི་ཡོད། མ་འོངས་པ་ལའང་ཕྱོགས་གཅིག་ནས་ལོ་ན་ཚོད་དང་། ཕྱོགས་གཞན་ནས་ངའི་གནས་བབ་བཅས་གང་གི་ཆ་ནས་འཇོལ་ཀོང་རྒྱལ་གསུམ་ལ་དམིགས་བསལ་ཕན་ཐོགས་དང་། གོ་ཆོད་པའི་ལས་ཀ་བྱེད་ཐུབ་པའི་རེ་བ་མེད། འོན་ཀྱང་ས་ཁོངས་དེ་ནས་བྱུང་བ་ཡིན་ཙང་། མི་རབས་བརྗེས་ནའང་མི་རབས་གསར་པས་འདུ་ཤེས་དེ་ཁྱེར་ནས་འགྲོ་སྲིད། དེ་དག་ནི་ཞར་བྱུང་གི་འཕྲོས་གཏམ་རེད།
༧གོང་ས་མཆོག་ལ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པོ་དང་གྲྭ་འགྲིག་པོ་ཇི་ཙམ་བྱུང་མིན་ལ་མ་ལྟོས་པར་རྒྱུན་དུ་༧གོང་ས་མཆོག་༧ཞབས་པད་བརྟན་པའི་ཐབས་ལམ་ཡག་ཤོས་ནི། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།། བསྒོ་བའི་བཀའ་བཞིན་ཉམས་སུ་བླངས་པ་ཡིན།། ཞེས་གསུངས་པ་བཞིན་༧གོང་ས་མཆོག་གིས་འདས་པའི་ལོ་བདུན་ཅུ་ཙམ་གྱི་རིང་སྤྱིར་འཇིག་རྟེན་སྐྱེ་འགྲོ་ཡོངས་དང་། ལྷག་པར་དུ་བོད་རིགས་ཚོ་ལ་གསུང་གི་བདུད་རྩི་ཡང་ཡང་བསྩལ་བ་རྣམས་མ་བརྗེད་པར་ལག་ལེན་དུ་བསྟར་བ་དང་། གལ་ཏེ་རབ་ཏུ་བྱུང་བ་ཡིན་ན་གཙོ་ཆེར་གཞུང་ཆེན་མོ་ལ་སློབ་གཉེར་དང་ཆབས་ཅིག་ཏུ་དེང་རབས་འཇིག་རྟེན་གྱི་འགྲོ་སྟངས་ཀྱང་ཤེས་དགོས། གང་ལྟར་༧གོང་ས་མཆོག་གིས་བརྒྱ་ཕྲག་ཉེར་གཅིག་པའི་ནང་པ་དང་ཆོས་པ་ཞིག་བྱེད་དགོས་གསུངས་པའི་དགོངས་དོན་གསལ་པོ་ཤེས་དགོས། གལ་འགངས་ཆེ་ཤོས་ནི་སངས་རྒྱས་ཀྱི་ཆོས་ཞེས་པ་སྨོན་ལམ་དང་གསོལ་འདེབས། གཟུངས་སྔགས་བགྲང་རྒྱུ་ཙམ་མིན་པར། གཞི་དངོས་པོའི་གནས་ལུགས། ལམ་སྒྲུབ་པའི་རིམ་པ། འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་རྣམས་ཡང་དག་པའི་རིགས་པའི་ལམ་ནས་གཏན་ལ་ཕབ་སྟེ་རང་རྒྱུད་ལ་ངེས་པ་བྱ་རྒྱུ་ཡིན་པ་དེ་ཤེས་དགོས། དེ་ཡང་གཙོ་བོ་བླ་སྤྲུལ་རྣམ་པ་དང་། རབ་ཏུ་བྱུང་བ་ཚོས་གཞུང་ཆེན་མོའི་སློབ་གཉེར་དེ་རྨོངས་དད་ཀྱི་རྗེས་སུ་མ་འབྲངས་པར་མཐིལ་ཕྱིན་པ་གནང་དགོས། གང་ལྟར་གནད་དོན་གང་ཡང་ཆ་བཞག་པ་མིན་པར་ཤེས་དགོས། དེ་ནི་༧གོང་ས་མཆོག་གི་དགོངས་བཞེད་གཙོ་བོ་རེད། དེ་དང་ཆབས་ཅིག་ཏུ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ནམ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཀྱི་བྱ་བའི་ཆེད་དུ་ང་ཚོས་རྒྱུན་སྤྱོད་ཀྱི་ནང་སེམས་ཅན་སྤྱིའི་བདེ་དོན་ལ་སྨན་པའི་བྱ་བ་རྣམས་བསྒྲུབ་རྒྱུ་དེ་ཤེས་དགོས། ཆོས་པ་ཡིན་པའི་ཆ་ནས་སོ་སོའི་ཆོས་ལུགས་བསྲེ་ལྷད་མེད་པར་གཙང་མ་ཉམས་ལེན་བྱེད་པ་དང་ཆབས་ཅིག་ཏུ་ཆོས་ལུགས་གཞན་ཐམས་ཅད་ལ་གུས་བརྩི་ཞུས་ཏེ་ཆོས་ལུགས་ཕན་ཚུན་གྱི་མཐུན་འབྲེལ་ལ་གལ་ཆེར་བརྩི་རྒྱུ། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནའ་བོའི་རིག་གཞུང་དང་། ཡུལ་གྱི་གོམས་པའི་གཤིས་ལུགས། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་ཀྱི་ལེགས་བྱང་རྣམས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་སོ་སོའི་འཁོས་དཔག་དང་བསྟུན་ནས་ལས་ཀ་བྱེད་རྒྱུ་རྣམས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའི་མཛད་འཕྲིན་གྱི་ཆ་ཤས་སུ་གཏོགས་པ་རྣམས་རེད། དེ་དག་ལ་ང་ཚོས་རྒྱུན་དུ་མཐུན་འགྱུར་ཞུ་རྒྱུའི་ཐོག་དགོངས་བཞེས་ཀྱིས་ཕྱག་ལེན་དུ་བསྟར་དགོས།
གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་དང་ནུས་པ་མེད་པའི་ཁྱིམ་པ་ཕོ་མོ་སོགས་ཡིན་ནའང་ཆོས་ཤེས་མཁན་གྱི་དྲུང་ནས་ནང་ཆོས་ངོ་སྤྲོད་རྒྱས་བསྡུས་འཚམས་པ་རེ་ཉན་རྒྱུ་བྱུང་ན། ནང་པ་ཡིན་བསམ་པ་ཙམ་མིན་པར། ནང་པ་ཡིན་པའི་རྒྱུ་མཚན་རྣམས་ཤེས་ཐུབ། དེ་ནས་རྒྱུན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཕྲན་བུ་གཏོང་དགོས། དེ་རྒྱས་པོ་མ་ཤེས་རུང་། གཞན་ལ་ཕན་སེམས་མ་གཏོགས། གནོད་སེམས་མེད་པ་བྱེད་དགོས་པ་ནི་གལ་ཆེན་པོ་རེད། དེ་བཞིན་གང་ཐུབ་ཀྱིས་ཕྱག་སྐོར་བ་དང་། གཟུངས་སྔགས་བགྲང་རྒྱུ་སོགས་ལུས་ངག་གི་དགེ་སྦྱོར་ཡང་བྱེད་ཐུབ་ན་ཡག་པོ་རེད། འོན་ཀྱང་གཙོ་བོ་ཡིད་ཀྱི་དགེ་སྦྱོར་བསམ་པ་བཟང་པོ་བྱེད་ཐུབ་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། ༧གོང་ས་མཆོག་མཉེས་པའི་རྒྱུ་རུ་འགྲོ་རྒྱུ་རེད།
ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཚང་མ་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་དང་གཅིག་ཕན་གཅིག་གྲོགས་ཡོད་པ་དེ་རྒྱུན་འཛིན་ཐུབ་དགོས། དེ་བཞིན་མི་རིགས་གཞན་དང་ཡང་མིའི་འགྲོ་བ་གཅིག་གྱུར་གྱི་བསམ་ཚུལ་མ་བརླགས་པའི་ཐོག་ནས་བྱམས་བརྩེའི་སེམས་གང་ཐུབ་སྤེལ་རྒྱུ་དང་། དེ་ལ་བརྟེན་ནས་ཕན་ཐོགས་མ་ཐུབ་ནའང་གཞན་ལ་འཚེ་བ་མེད་པ་དགོས། སངས་རྒྱས་ཀྱི་ཆོས་དེ་བསྡུས་ན། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཡིན། དེ་གཉིས་ནི་སུས་ཀྱང་ཉམས་ལེན་བྱེད་ཐུབ། གལ་ཏེ་ལྟ་བ་རྟེན་འབྱུང་གི་གནད་ཕྲ་བ་མ་ཤེས་ཀྱང་། འཇིག་རྟེན་འདིར་ཡོད་པའི་སྲོག་ལྡན་གྱི་སེམས་ཅན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་བསྡད་དགོས་པ་དང་། གཅིག་ཕན་གཅིག་གྲོགས་མ་བྱས་ན་སུ་ལའང་བདེ་སྐྱིད་ཡོང་རྒྱུ་མེད་པ། གཅིག་ལ་སྡུག་པོ་བྱུང་ན་གཞན་ལའང་སྡུག་པོ་ཡོང་བ། གཅིག་ལ་བདེ་བ་བྱུང་ན་གཞན་ལའང་བདེ་བ་ཡོང་རྒྱུ་ཡིན་པའི་ཕན་ཚུན་ལྟོས་གྲུབ་ཡིན་པའི་གནས་ཚུལ་ཤེས་དགོས་པ་ནི་གཞི་རྩའི་ལྟ་བ་རེད། དེ་ལ་བརྟེན་ནས་འཚེ་བ་མེད་པ་བྱེད་དགོས། གལ་ཏེ་འཚེ་བ་བྱེད་ན་གཞན་ལ་གནོད་པ་ལས་ལྷག་པ་རང་ལ་གནོད་ཅིང་། གལ་ཏེ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཡིན་ན་ད་ལྟ་འཚེ་བ་བྱེད་པའི་མི་དགེ་བའི་ལས་དེས་འཚེ་བ་དེ་ལས་མང་བ་སྐྱེ་བ་རྗེས་མ་རྣམས་སུ་རང་ཐོག་ཏུ་མྱོང་དགོས། དེས་ན་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བརྟེན་ནས་རང་དང་གཞན་གྱི་དོན་གཉིས་ཀ་ལ་འཚེ་བ་སྤང་དགོས། གནས་ཚུལ་དེ་དག་ཤེས་པའི་ཐོག་ནས་རྒྱུན་དུ་ལུས་ངག་ཡིད་གསུམ་གྱི་འཚེ་བའི་བྱ་བ་རྣམས་ངོ་ཤེས་དགོས། དེ་ཡང་རགས་པ་ཙམ་མི་དགེ་བ་བཅུའི་ནང་འདུས་པ་ཡིན། ལར་ནས་འགྲོ་བ་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་དང་། འགྲོ་བ་ཐམས་ཅད་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ་གཅིག་གྱུར་ཡིན་པ། འགྲོ་བ་ཐམས་ཅད་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ནུས་པ་ཡོད་པའང་གཅིག་གྱུར་ཡིན་པར་བརྟེན། གནས་ཚུལ་རྣམས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཏེ་གནས་པ་མ་གཏོགས། ལྟོས་མེད་ཀྱི་དངོས་པོ་གཅིག་ཀྱང་མེད་པ་གཟིགས་ཐུབ་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཀའི་གོ་དོན་མདོར་བསྡུས་ཁོང་དུ་ཆུད་ཐུབ། དེ་ལྟར་མི་ཚེ་དོན་ལྡན་དུ་སྐྱེལ་ཐུབ། གང་ལྟར་མི་ཚེའི་འཚོ་ཐབས་གཡོ་སྒྱུ་དང་ལོག་འཚོས་མ་འདྲེས་པར་སྡིག་པ་མེད་པའི་འཚོ་ཐབས་གཙང་མ་ཞིག་བསྒྲུབ་ཐུབ་ན། དཔལ་འབྱོར་ཕུན་སུམ་ཚོགས་པ་དང་རྒྱས་སྤྲོས་མ་བྱུང་བ་ཡིན་ནའང་རང་གི་དགོས་ངེས་ཀྱི་དགོས་མཁོ་རྣམས་སྒྲུབ་ཐུབ་པ་བྱུང་ན་མི་ཚེ་གཙང་མ་དང་དོན་དང་ལྡན་པ་ཡོང་རྒྱུ་རེད། དེ་ནི་ཆོས་ལ་དད་པ་ཡོད་མཁན་ཡིན་ན་ཆོས་ཀྱི་ཉམས་ལེན་དུ་འགྲོ་རྒྱུ་དང་། ཆོས་ལ་དད་པ་མེད་མཁན་ཡིན་ནའང་ཡ་རབས་ཀྱི་མི་ཚེའམ་མི་ཚེ་གཙང་མ་ཞིག་བསྐྱལ་བའི་གོ་སྐབས་ཡོང་རྒྱུ་རེད།
སྔོན་མ་ཡིན་ན་གཞིས་ལ་བཞུགས་པའི་མང་ཚོགས་དང་འབྲེལ་བ་ཡག་པོ་ཡོང་གི་ཡོད་ཀྱང་། འདས་པའི་ལོ་གཅིག་གཉིས་ནས་བཟུང་བོད་ནང་ཡོད་པའི་མང་ཚོགས་དང་། བཙན་བྱོལ་དུ་ཡོད་པའི་མང་ཚོགས་ཀྱི་བར་ལ་ལོ་རེ་ནས་ལོ་རེར་འབྲེལ་བ་བྱེད་དཀའ་རུ་འགྲོ་ཞིང་། ད་ལྟའི་གནས་སྐབས་སུ་ས་གནས་ཁ་ཤས་ལ་ཨའུ་ཙམ་འདུག་མ་གཏོགས། ས་གནས་མང་ཆེ་བ་ལ་དོ་དམ་ཧ་ཅང་ཤུགས་ཆེ་རུ་ཕྱིན་ནས་ཕར་ཚུར་འགྲོ་འོང་ཡང་སྔོན་མ་བཞིན་ལས་སླ་པོ་མེད་པ་ཆགས་འདུག ཡིན་ནའང་ང་ཚོས་ཇི་ཙམ་འབྲེལ་བ་བྱེད་ཐུབ་པ་དེ་ཙམ་མུ་མཐུད་འབྲེལ་བ་བྱེད་དགོས།
བོད་ནང་བཞུགས་པའི་མང་ཚོགས་ཀྱིས་ཀྱང་བར་ལམ་དགོན་སྡེ་ཁག་གི་ནང་བཤད་སྒྲ་དང་སྒྲུབ་གྲྭ་སོགས་གསར་འཛུགས་ཀྱིས་མཚོན་པའི་དཔེ་རྙིང་མཁོ་སྒྲུབ་དང་། ཐོས་བསམ་སློབ་གཉེར། རིག་གཞུང་སྲུང་སྐྱོབ་སོགས་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་ཐུབ་པ་བྱུང་འདུག མ་འོངས་པར་ང་ཚོས་དེ་དག་ལ་ཇི་ལྟར་མཐུན་འགྱུར་སྦྱར་ཐུབ་པ་དང་། རང་དབང་ལུང་པར་ཡོད་པའི་བོད་མིའི་ངོས་ནས་གཞིས་བཞུགས་ཀྱི་བོད་མི་ཚོ་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕན་ཐོགས་ག་རེ་བྱེད་ཐུབ་པ་ལ་རྒྱུན་དུ་དགོངས་བཞེས་གནང་ན་དོན་ཕན་ཆེན་པོ་ཡོད།
སྤྱིར་བཏང་བོད་ཀྱི་གནས་བབ་དེ་ད་ལྟ་བཞིན་འགྱུར་བ་ཁྱོན་ནས་མེད་པར་བསྡད་རྒྱུ་མིན་པ་ནི་ྋགོང་ས་ྋསྐྱབས་མཆོག་ཆེན་པོ་མཆོག་གིས་བཀའ་ཡང་ཡང་གནང་གི་ཡོད། རྒྱ་ནག་ནང་འགྱུར་བ་འགྲོ་བའི་འགྲོས་དང་། འཇིག་རྟེན་ཁྱོན་ཡོངས་ཀྱི་འགྱུར་འགྲོས་ལ་གཞིགས་ན་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དེ་མ་འོངས་པ་ལའང་འགྱུར་བ་ཁྱོན་ནས་མེད་པར་གཏན་དུ་གནས་ཐབས་མེད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་ལ། དངོས་ཡོད་གནས་སྟངས་ཀྱང་རེད།
སྤྱིར་བཏང་འདུས་བྱས་སོ་ན་མི་གནས་པ་ཞེས་མཚན་ཉིད་པའི་བཤད་སྟངས་ལྟར་བྱས་ན། བརྒྱ་ཕྲག་བཅུ་དགུ་པ་དང་། བརྒྱ་ཕྲག་ཉི་ཤུ་པ། བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པ་བཅས་འདས་མ་ཐག་པའི་ཕྱི་ལོ་བརྒྱ་ཕྲག་གསུམ་ནང་གི་འཇིག་རྟེན་ཁྱོན་ཡོངས་ཀྱི་འགྱུར་ལྡོག་ལ་བལྟས་ན། ད་ལྟའི་གནས་བབ་ཀྱང་འགྱུར་བ་འགྲོ་རྒྱུ་རེད། དཔེར་ན། ད་ལྟ་ནས་བརྩིས་པའི་ལོ་ཉི་ཤུ་སུམ་ཅུའི་སྔོན་ལ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ (Soviet Union) བམ་ (USSR) ཟེར་བ་རྒྱལ་ཁབ་བཅོ་ལྔ་ཙམ་བསྡོམས་པའི་གཅིག་སྡུད་དབང་འཛིན་གྱི་ས་ཁུལ་ཆེན་པོ་དེ་ཐོར་ཞིག་འགྲོ་བ་དང་། དམག་ཆེན་གཉིས་པའི་རྗེས་སུ་ཇར་མ་ནི་ཁག་གཉིས་སུ་གྱེས་པ་དེ་ཕྱོགས་གཅིག་ཏུ་འགྲོ་བ། དེ་བཞིན་བཾགལཱ་དེཤ་སོགས་རྒྱལ་ཁབ་ཆུང་ཆུང་མང་པོ་ལ་རང་དབང་ཐོབ་ཀྱི་རེད་བསམ་པ་སུའི་སྣང་བ་ལའང་མེད། ལར་ནས་ཆུང་ཁག་དེ་ཚོ་ཕར་བཞག སོ་བི་ཡཏ་ཡུ་ནི་ཡན་ (Soviet Union) ལྟ་བུ་དེ་ལོ་གཅིག་གཉིས་ནང་དང་། དངོས་སུ་ལག་བསྟར་བྱེད་སྐབས་ཟླ་བ་ཁ་ཤས་ནང་བྱེ་མའི་ཆངས་བུ་ཞིག་པ་བཞིན་སོང་བ་རེད། དེའི་ནང་ད་ལྟ་ར་ཤི་ཡ་ (Russia) ཟེར་བའི་ལུང་པ་གཅིག་ཟུར་དུ་ཐོན་པ་མ་གཏོགས། གཅིག་སྡུད་དབང་འཛིན་གྱི་རིང་ལུགས་ཆ་ཚང་མེད་པར་སོང་བ་དེ་ང་ཚོའི་མི་ཚེའི་དྲན་ལམ་ནང་མཐོང་བཞིན་པ་དེ་རེད། རྒྱ་ནག་ཀྱང་དེ་མཚུངས་རེད། འདུག་སེ་བལྟས་ན་རྒྱ་ནག་དེ་ཆབ་སྲིད་དང་། དཔལ་འབྱོར། དམག་ཤུགས། སྒྲིག་འཛུགས་གང་གི་ཆ་ནས་ཧ་ཅང་བརྟན་པོ་ལྟ་བུ་ཡོད་ཀྱང་། ཉིན་གཅིག་ལྷུ་ཞིག་པའི་སྐབས་སུ་དེ་ཡང་བྱེ་མའི་ཆངས་བུ་བཞིན་མི་འགྱུར་བའི་གནས་སྟངས་རྩ་བ་ནས་མེད། ྋགོང་ས་མཆོག་གིས་རྒྱ་ནག་ཏན་ཏན་འགྱུར་བ་འགྲོ་རྒྱུ་རེད་གསུངས་པ་དེ་དོན་དང་མཐུན་པ་རེད། ཡིན་ནའང་འགྱུར་བ་འགྲོ་སྐབས་བོད་ཀྱི་མ་འོངས་པའི་གནས་བབ་ཅི་འདྲ་ཆགས་རྒྱུ་ཡིན་པ་དེ་བོད་པ་རང་ལ་རག་ལས་པ་མ་གཏོགས། ཨ་མི་རི་ཀ་དང་རྒྱ་གར་གྱིས་རོགས་བྱས་ཀྱང་ཡོང་རྒྱུ་མེད། རྒྱ་མིས་རོགས་པ་བྱེད་མདོག་ཁ་པོ་མ་རེད་ལ། བྱས་ཀྱང་བྱེད་སྟངས་ཤེས་ཐབས་མེད། གང་ལྟར་བོད་དེ་རྒྱ་ནག་ཐོར་ཞིག་ཏུ་འགྲོ་བ་ལྟ་བུ་མིན་པར། བོད་ཀྱི་གནས་བབ་དོན་དང་ལྡན་པ་ཞིག་བསྐྱར་གསོ་བྱེད་ཐུབ་དགོས་པ་ནི་བོད་མི་སྤྱི་དང་། ལྷག་པར་དུ་ད་ལྟ་ལོ་ན་ཆུང་བ་སྔོན་འགྲོའི་སློབ་གྲྭ་སོགས་ལ་འགྲིམས་བཞིན་པའི་མི་རབས་ལ་རག་ལས་པ་རེད། འཇོལ་ཀོང་རྒྱལ་གསུམ་གྱི་སྤྲུལ་སྐུ་རྣམ་པ་ཚོའི་ནང་དུའང་དགུང་ལོ་གཞོན་པ་ཁ་ཤས་འདུག གང་ལྟར་འབྱུང་འགྱུར་བོད་ཀྱི་གནས་བབ་བསྐྱར་གསོ་ཡོང་དང་མི་ཡོང་དེ་ཁོ་ཚོའི་མི་རབས་ལ་ཏན་ཏན་ལས་འགན་ཆེན་པོ་ཞིག་འཁྲི་བ་རེད།
ད་ལྟའི་གནས་བབས་འགྱུར་བ་འགྲོ་རྒྱུ་རེད་ཅེས་པ་དེ་ང་ཚོས་འབད་བརྩོན་བྱས་ཀྱང་འགྱུར་བ་འགྲོ་མདོག་ཁ་པོ་རེད་ལ། ང་ཚོས་འབད་བརྩོན་མ་བྱས་ཀྱང་འགྱུར་བ་འགྲོ་མདོག་ཁ་པོ་རེད། ཡིན་ནའང་འགྱུར་བ་ཕྱིན་པའི་རྗེས་སུ་བོད་གསར་པ་དེ་ཇི་འདྲ་ཞིག་ཡོང་དང་མི་ཡོང་ང་ཚོའི་མི་རབས་ཀྱི་ལག་པའི་ནང་མེད། ང་ཚོའི་མི་རབས་རྫོགས་ལ་ཉེ་བ་རེད། ང་ཚོའི་མི་རབས་རྫོགས་ལ་ཉེ་ཞེས་པ་དེས་གང་བརྗོད་ཀྱི་ཡོད་ཅེ་ན། ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་ཀྱི་ཆོས་དང་། ཆབ་སྲིད། སྤྱི་ཚོགས་ཀྱི་གནས་སྟངས་ལ་ཉམས་མྱོང་ཡོད་པ། འཚོ་བ་རོལ་མྱོང་ཡོད་པའི་མི་ཐོག་དེ་རྫོགས་བཞིན་པ་རེད། ད་ལྟའི་མི་རབས་གསར་པ་དེ་ཇི་འདྲ་ཞིག་སླེབས་ཀྱི་ཡོད་དམ་ཞེ་ན། ཕྱི་ལོ་ ༡༩༥༩ རྗེས་སུ་རིག་གནས་གསར་བརྗེའི་སྐབས་དང་། དམངས་གཙོ་བཅོས་སྒྱུར་གྱི་སྐབས། དེ་ནས་སྲིད་ཇུས་ཕྲན་བུ་གུ་ཡངས་ཀྱི་སྐབས་བཅས་སུ་འཚར་ལོངས་བྱུང་བ། གང་ལྟར་བོད་ལ་ཡོད་པ་མང་ཆེ་བ་རྒྱ་མིའི་བཤད་སྟངས་ལྟར་བྱས་ན་དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་བ་ཡིན་ཟེར་གྱི་ཡོད། དེར་བརྟེན་ཁོ་ཚོའི་ཀླད་པའི་ནང་གང་བླུགས་ཡོད་པ་དང་། གང་བླུགས་མེད་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་དབང་འཛིན་པ་ཚོས་ཤེས་ཀྱི་རེད།
ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམས་ལ་དངོས་སུ་དེ་ལྟ་བུའི་ཀླད་པ་ཁྲུད་མཁན་དང་། དངོས་གསལ་དོད་པོའི་ཤུགས་རྐྱེན་སྤྲོད་མཁན་མེད་ཀྱང་། ཧ་ཅང་མངོན་གསལ་མེད་པའི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ (Modern civilization) གྱི་གནོན་ཤུགས་འོག་འཚར་ལོངས་བྱས་པ་ཤ་སྟག་ཡིན་པས། ཁོང་ཚོའི་བསམ་བློའི་འདུ་ཤེས་ཀྱི་གནས་སྟངས་དེ་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་མིའི་བསམ་བློའི་འདུ་ཤེས་ཀྱི་གནས་སྟངས་དང་མཚུངས་པ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེ་ངས་ཅིའི་ཕྱིར་ཞུས་ཀྱི་ཡོད་ཅེ་ན། བོད་ལ་ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་གྱི་ཉམས་ཆག་འདི་འདྲ་ཡོང་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ནི་བོད་པ་དང་རྒྱ་མི་རྐྱང་པའི་འཁོན་རྩོད་ཀྱི་སྐད་ཆ་མིན། དེ་ནི་འདས་པའི་ལོ་བརྒྱ་ཕྲག་གསུམ་གྱི་ནང་འཇིག་རྟེན་སྤྱི་ཡོངས་སུ་འགྱུར་བ་ཕྱིན་པའི་འགྱུར་བའི་མཚོན་རྟགས་ལྟ་བུ་ཞིག་ཡིན། བོད་པ་སོགས་མང་པོ་ཞིག་གིས་གནས་ཚུལ་འདི་ལ་དེ་ཙམ་གྱིས་ཐུགས་སྣང་གནང་གི་མི་འདུག། འཐབ་རྩོད་དམ་མི་མཐུན་པ་གང་ཡིན་ནའང་། དེའི་བྱུང་རྐྱེན་ནམ་ནད་ཀྱི་རྩ་བ་དེ་མ་ཤེས་པར་ཕྱི་ལ་ཐོན་པའི་ནད་རྟགས་རྐྱང་པ་ལ་སྨན་བཅོས་བྱས་བསྡད་ན། ནད་རྟགས་ཀྱི་སྨན་བཅོས་ (Symptom treatment) དེས་དེ་ཙམ་ཕན་ཐོགས་མེད། ད་ལྟ་ཚང་མས་ནད་རྟགས་ལ་ཁ་གཏད་གཅོག་པ་མ་གཏོགས། ནད་ཀྱི་ས་བོན་ལ་ཁ་གཏད་གཅོག་ཤེས་མཁན་དཀོན་པོ་འདུག
བོད་དེ་རྒྱལ་ཁབ་ཀྱི་ངོ་བོར་ལོ་ཉིས་སྟོང་བརྒལ་ཟིན། དེའི་རིང་ནམ་ཡང་བོད་ཆ་ཚང་རྒྱལ་ཁབ་གཞན་གྱི་དབང་བསྒྱུར་གྱི་འོག་འགྲོ་མྱོང་མེད། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་མིས་བོད་ལ་ཆབ་སྲིད་ཀྱི་དབང་བསྒྱུར་བྱེད་སྐབས་ལོ་ཉིས་སྟོང་རིང་ལ་མ་བྱུང་བའི་གནས་ཚུལ་གསར་པ་ཞིག་བྱུང་བ་རེད། རྒྱ་མི་སྔོན་མ་ནས་སྟོབས་ཤུགས་ཆེ་བ་དང་། རྒྱ་གར་ཡང་སྔོན་མ་ནས་སྟོབས་ཤུགས་ཆེ། རྒྱ་གར་དབྱིན་ཇིའི་འོག་ཡོད་པའི་སྐབས་སུའང་སྟོབས་ཤུགས་ཆེ་བས་བོད་ལ་དམག་བརྒྱབས་ནས་རྒྱལ་ས་ལྷ་སའི་བར་བཟུང་ཡོད་ཀྱང་ཁོང་ཚོ་གཏན་སྡོད་བྱས་མེད།
དེས་ན་ལོ་ཉིས་སྟོང་གི་རྗེས་སུ་མི་འདྲ་བ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཇིག་རྟེན་སྤྱི་ཡོངས་ཀྱི་གནས་བབ་ཅིག་གི་ཐོག་ནས་བྱུང་བ་རེད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོས་སྔོན་མ་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ཐབས་ཤེས་བྱས་མེད། ནུབ་ཕྱོགས་པ་མང་པོས་ང་ལ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་ཆགས་པ་དང་མཉམ་དུ་ཅིའི་ཕྱིར་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པ་རེད་ཅེས་དྲིས་པའི་སྐབས་སུ། ངས་ཕྲན་བུའི་རྩེད་མོ་དང་མཉམ་དུ། ནུབ་ཕྱོགས་སུ་མ་རྩ་རིང་ལུགས་དར་བ་དང་། དེའི་དབང་གིས་བོད་དེ་རྒྱ་མིས་བཟས་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་ལ་ཧོབ་སྟེ་བལྟས་ན་འབྲེལ་མེད་དོན་གཞན་ལྟ་བུ་ཡོད། ང་ཚོ་བོད་པར་གཏམ་དཔེ་ཞིག་ཡོད་ཅིང་། མི་ཞིག་གི་དཔྲལ་བ་ལ་རྨ་ཞིག་བཟོས་ཡོད་པ་དང་། ཁྱོད་ཀྱི་དཔྲལ་བ་ལ་ཅི་བྱས་སོང་ཞེས་དྲིས་པར། ངའི་རྐུབ་ལ་ལུག་གིས་བརྡུངས་སོང་ཞེས་ལན་བརྒྱབས་པ་རེད། རྐུབ་ལ་ལུག་གིས་བརྡུང་བ་དང་མགོ་ལ་རྨ་བཟོས་པ་གཉིས་ལ་ཕྱོགས་གཅིག་ནས་བལྟས་ན་འབྲེལ་མེད་དོན་གཞན་ལྟ་བུ་ཡིན་ཡང་། དོན་དུ་རྐུབ་ལ་ལུག་གིས་བརྡུངས་ཏེ་སར་འགྱེལ་བ་ལས་དཔྲལ་བ་ལ་རྨ་བཟོས་པར་བརྟེན། དེ་གཉིས་ལ་འབྲེལ་བ་ཡོད།
ནུབ་ཕྱོགས་སུ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ (Modern civilization) དར་བའི་སྐབས་སུ་གནས་ཚུལ་ཧ་ཅང་མང་པོ་བྱུང་ཞིང་། ཆོས་དང་སྲིད་གཉིས་ལོགས་སུ་འབྱེད་པ་དང་། འཕྲུལ་ལས་དང་བཟོ་ལས་ཅན་དུ་བསྒྱུར་བ་སོགས་བྱུང་བ་རེད། དེ་དག་ཚང་མའི་ནང་གནད་དོན་གཅིག་གང་ཡོད་དམ་ཞེ་ན། སྲོལ་རྒྱུན་དང་དེང་རབས་གཉིས་བར་གྱི་འཐབ་རྩོད་དེ་རེད། སྲོལ་རྒྱུན་ནི་སྔ་མོ་ནས་བརྒྱུད་རིམ་བྱས་ནས་ཡོང་བ་དང་། དེང་རབས་ནི་གློ་བུར་དུ་གསར་དུ་བྱུང་བ་ཞིག་ཡིན། དེང་རབས་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཚན་རིག་ཡིན་པ་དང་། ཚན་རིག་ལ་བརྟེན་ནས་འཕྲུལ་ལས་བྱུང། འཕྲུལ་ལས་ལ་བརྟེན་ནས་འགྲོ་བ་མི་ལ་དགོས་མཁོ་ལས་ལྷག་པའི་མཐུན་རྐྱེན་སྐྲུན་པའི་ནུས་པ་དེ་སླེབས་པ་རེད། དགོས་མཁོ་ལས་ལྷག་པའི་མཐུན་རྐྱེན་སྐྲུན་པའི་ནུས་པ་དེ་ཡོང་བ་ན། མཐུན་རྐྱེན་དེ་དག་ཇི་ལྟར་བག་མེད་ལོངས་སྤྱོད་བྱེད་སྟངས་དེ་བྱུང་། ཨིན་སྐད་དུ་ Use (བེད་སྤྱོད་) དང་ Consume (བག་མེད་ལོངས་སྤྱོད་) ཅེས་པའི་ཐ་སྙད་གཉིས་བྱུང་ཞིང་། དགོས་མཁོ་དང་མཐུན་པར་ལོངས་སྤྱོད་པ་ལ་བེད་སྤྱོད་གཏོང་བ་དང་། དགོས་མཁོ་ལས་ལྷག་པ་བེད་སྤྱོད་གཏོང་བ་ལ་བག་མེད་ལོངས་སྤྱོད་ཟེར། དེར་བརྟེན་སངས་རྒྱས་ཀྱིས་རྟག་ཏུ་འདོད་ཆུང་ཆོག་ཤེས་བྱ་དགོས་ཞེས་ཡང་ཡང་གསུངས་དགོས་པའི་རྒྱུ་མཚན་ནི་ཆོག་མི་ཤེས་པ་དེ་སྤྱི་ཚོགས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་རྩ་ལྟ་བུ་ཆགས་ཡོད་པས་ཡིན། ལར་ནས་འགྲོ་བ་མིའི་བསམ་བློའི་ནང་འདོད་རྔམས་ (Greed) བེད་སྤྱོད་གཏོང་བ་དང་གོང་དུ་སྤེལ་སླ་བ་ཡོད། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཆུང་ངུ་ཞིག་གིས་ཀྱང་འདོད་རྔམས་ཆེན་པོ་ཞིག་སྤེལ་ཐུབ་པ་ཡིན། གང་ལྟར་དེང་རབས་ཀྱི་བྱུང་བ་དེ་དག་གི་ནང་ནས་མ་རྩའི་རིང་ལུགས་བྱུང་བ་དང་། མ་རྩ་རིང་ལུགས་ཀྱི་བཤུ་གཞོག་ལ་ངོ་རྒོལ་བྱེད་པའི་དོན་དུ་སྤྱི་ཚོགས་རིང་ལུགས་དང་མཀ་ཁེ་སི་རིང་ལུགས་ (Marxism) བྱུང་། འཐབ་རྩོད་དེའི་ཉེར་ལེན་ལ་བརྟེན་ནས་བརྒྱ་ཕྲག་ཉི་ཤུ་པའི་ནང་འཛམ་བུའི་གླིང་དུ་དམག་ཆེན་གཉིས་དང་། དམག་ཆུང་གྲངས་མེད་བྱུང་བ་མ་ཟད། ད་ལྟའང་འཚེ་བ་དང་དམག་འཁྲུག་ལ་མཐའ་རྫོགས་རྒྱུ་མེད་པ་དེ་བྱུང་། དེ་བཞིན་ཁོར་ཡུག་གི་ཉམས་ཆག་དང་། ནད་ཡམས་ཀྱི་གནས་སྟངས་འདི་དག་ཚང་མ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་དར་བའི་དབང་གིས་བྱུང་། སྔོན་མ་ཡིན་ན་འགྲོ་བ་མི་དང་རང་བྱུང་འབྱུང་བ་གཉིས་ཀྱི་བར་ལ་གཅིག་ཕན་གཅིག་གྲོགས་ཀྱི་མཐུན་ལམ་གྱི་གནས་སྟངས་ཤིག་ཡོད་པ་དེ་ད་ལྟ་མེད་པ་ཆགས་ནས་འགྲོ་བ་མིས་རང་བྱུང་འབྱུང་བའི་ཁམས་ལ་དབང་བསྒྱུར་བྱེད་པའི་འདོད་རྔམས་ཤིག་སླེབས་པ་རེད། དེའི་རྐྱེན་པས་ཁོར་ཡུག་ཉམས་ཆག་བཏང་བ་དང་། དེ་ལ་བརྟེན་ནས་ས་ཡི་གོ་ལའི་ཚ་དྲོད་རྒྱས་པས་མཚོན་གནས་ཚུལ་མང་པོ་བྱུང་། ཚན་རིག་པས་ཕལ་ཆེར་ཕྱི་ལོ་ ༢༠༧༠ ནང་སའི་གོ་ལ་འདི་མིས་བེད་སྤྱོད་བྱེད་མི་ཐུབ་པ་ཆགས་ཉེན་ཡོད་ཚུལ་བཤད་ཀྱི་ཡོད། གལ་ཏེ་ཚན་རིག་པའི་ཚོད་དཔག་དེ་ཏན་ཏན་ཡིན་ན། ཕྱི་ལོ་ ༢༠༤༠ ཞེ་གྲངས་ནས་བཟུང་རྒྱ་མཚོའི་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཧ་ཅང་མང་པོ་ཆུའི་ནང་ཐིམ་པ་སོགས་ཡོང་རྒྱུ་རེད། གནས་སྟངས་འདི་ལ་དེང་རབས་ཀྱི་བསམ་ཚུལ་དང་། སྲོལ་རྒྱུན་གྱི་བསམ་ཚུལ་གཉིས་བར་གྱི་འགལ་ཟླའི་འཐབ་རྩོད་དེ་ལས་སུ་ལ་རྒྱལ་ཕམ་ཡོང་མིན་ད་ལྟ་ཚོད་དཔག་ཧ་ཅང་ཁག་པོ་རེད།
ྋགོང་ས་མཆོག་གི་ལམ་སྟོན་གྱི་ནང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་འབྲེལ། གནའ་བོའི་རིག་གཞུང་སྲུང་སྐྱོབ་སོགས་གསུངས་པའི་སྐབས་སུ་ཞལ་གསལ་པོ་མ་གསུངས་པ་མ་གཏོགས། དོན་དམ་འདི་ཚོའི་བརྒྱུད་ནས་དེང་རབས་ཀྱི་དཔལ་ཡོན་དང་མཉམ་དུ་འཐབ་རྩོད་བྱས་ཏེ། འགྲོ་བ་མིའི་འདོད་རྔམས་གོང་འཕེལ་གཏོང་རྒྱུའི་ཚབ་ཏུ་འདོད་ཆུང་ཆོག་ཤེས་ཀྱི་བློ་གོང་འཕེལ་གཏོང་རྒྱུ། འགྲན་བསྡུར་གྱི་ཚབ་ཏུ་རོགས་སྐྱོར་དང་ཕན་ཚུན་བྱམས་བརྩེའི་སེམས་གོང་མཐོར་གཏོང་རྒྱུར་དམིགས་པ་ཡིན། གང་ལྟར་དེ་དག་ཐམས་ཅད་བྱམས་བརྩེའི་སེམས་ཉམས་པ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན། དེས་ན་བོད་ཀྱི་དཀའ་རྙོག་ཀྱང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་འཐབ་རྩོད་ཆེན་པོ་ཞིག་གི་ནང་དུ་ཚུད་དེ་དེའི་ཞོར་ལྟ་བུར་ང་ཚོར་གྱོང་གུན་ཕོག་པ་རེད།
འཐབ་རྩོད་ཆེན་པོ་འདིའི་ནང་བོད་མི་རིགས་ཀྱི་ལངས་ཕྱོགས་གང་ཡིན་པ་དང་། བོད་མི་རིགས་ཀྱི་ལྟ་གྲུབ་གང་ཡིན་པ། བོད་མི་རིགས་ཀྱི་འགན་འཁྲི་གང་ཡིན་པ། གལ་ཏེ་བོད་ལ་རང་དབང་བྱུང་ན་ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཆེད་དུ་གང་དང་གང་བྱེད་ཐུབ་པ་སོགས་ད་ལྟ་ནས་བང་བསྒྲིག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་དག་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཞིབ་ཚགས་པོས་ཞུ་ཐུབ་ཐབས་མེད། དེ་ནི་བློ་ལྡན་རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་དང་། བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་འདི་འདྲ་འདི་འདྲ་འདུག། དེའི་ཕྱོགས་ལ་དགོངས་པ་བཞེས་དགོས་ཞུ་རྒྱུ་ཙམ་ཡིན།
དམིགས་ཀྱིས་བཀར་ནས་དེ་རིང་འདིར་གཞོན་སྐྱེས་མང་པོ་འདུག གཞོན་སྐྱེས་མང་ཆེ་བ་དེང་རབས་ཀྱི་སློབ་སྦྱོང་བྱེད་བཞིན་པ་དང་། དེང་རབས་ཀྱི་སློབ་སྦྱོང་ཐོན་པའང་མང་པོ་ཡོད་ངེས། དེང་རབས་ཀྱི་སློབ་སྦྱོང་ཐོན་པ་རྣམས་དེང་རབས་ཀྱི་བསམ་ཚུལ་གྱི་གནོན་ཤུགས་ཀྱི་འོག་ནས་འགྲོ་བ་མ་གཏོགས། སྲོལ་རྒྱུན་གྱི་བསམ་ཚུལ་ནང་འགྲོ་རྒྱུའི་གོ་སྐབས་ཉུང་ཉུང་རེད། ཡིན་ནའང་རིགས་པའི་རྗེས་སུ་འབྲང་མཁན་ཞིག་ཡིན་ན། ཨིན་སྐད་དུ་ Rational ཞེས་བརྗོད། སྤྱིར་དེང་རབས་ཀྱི་མི་ཚོས་ཀྱང་ཁོང་ཚོ་རིགས་པའི་རྗེས་འབྲང་ཡིན་ཞེས་བཤད་ཀྱི་ཡོད། ཡིན་ནའང་རིགས་པའི་རྗེས་སུ་འབྲང་རྒྱུའི་རིགས་པ་དེ་ལྟར་སྣང་ཞིག་མ་གཏོགས་མེད། ཁོང་ཚོར་རིགས་པ་ཡང་དག་ཅིག་ཐོབ་ཁག་པོ་ཡིན། གང་ལགས་ཤེ་ན། དེང་རབས་ཀྱི་མི་མང་ཆེ་བ་ཤེས་ཀྱི་མེད་པར་ཆ་བཞག་ནས་འགྲོ་བ་ཡིན།
དེང་རབས་དང་ཚན་རིག་གཉིས་ཀས་རྨོངས་དད་ཤུགས་ཆེ་སྤེལ་ཡོད། དེང་རབས་པ་ཚོས་ཆོས་ཀྱིས་རྨོངས་དད་སྤེལ་གྱི་ཡོད་ཅེས་བཤད་ཀྱང་། ཆོས་ཀྱིས་རྨོངས་དད་ཕྲན་བུ་སྤེལ་ཡོད་ཤས་ཆེ། ཡིན་ནའང་ཆོས་ཡང་དག་པ་ཞིག་ཡིན་ན་རྨོངས་དད་སྤེལ་གྱི་མེད། དཔེར་ན། སངས་རྒྱས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ང་ལ་གུས་པ་ཡོད་པ་དང་། དད་པ་ཡོད་པའི་ཆ་ནས་ངས་བཤད་པ་དག་ལ་མ་ཉོན་ཞེས་གསུངས་པ་དེ་དངོས་གནས་རིགས་པའི་རྗེས་འབྲངས་མཐར་ཐུག་པ་དེ་ཡིན། དེ་འདྲ་གསུང་མཁན་གྱི་སྟོན་པ་གཞན་སུ་ཡང་བྱུང་མེད། རང་གི་སྟོན་པ་ཐུགས་རྗེ་ཅན་ཁོང་གི་གསུང་ལའང་། རིགས་པ་ཡོད་ན་བརྗོད་པར་གྱིས།། རྒྱལ་བའི་བཀའ་ལའང་བརྟག་ཅེས་སྩལ།། ཅེས་གསུངས་པར་བརྟེན། ང་ཚོའི་ཆོས་ཀྱིས་རྨོངས་དད་སྤེལ་གྱི་མེད།
འོན་ཀྱང་ཚན་རིག་དང་དེང་རབས་ཅན་གྱིས་རྨོངས་དད་གང་སྤེལ་གྱི་ཡོད་ཅེ་ན། གནས་ཚུལ་མང་པོ་ཞིག་མི་གཅིག་གིས་བཙལ་ནས་རྙེད་པ་དང་། གཅིག་གིས་ཞིབ་འཇུག་བྱས་ནས་གྲུབ་དོན་རྙེད་པ་རེད་ཅེས་བཤད་པ་དེ་རང་ལ་ཚང་མས་ཆ་བཞག་ནས་འགྲོ་བ་མ་གཏོགས། ང་ཚོས་རང་གིས་ཞིབ་འཇུག་བྱས་ནས་གང་ཡང་ཤེས་ཀྱི་མེད། དཔེར་ན། ཌར་ཝིན་ (Charles Darwin-1809-1882) གྱིས་སྤྲེའུ་ཡར་རྒྱས་ཕྱིན་ནས་མི་ཆགས་པ་རེད་ཅེས་བཤད་ཡོད། ཁོས་ཉམས་ཞིབ་མང་པོ་བྱས་པ་ཡིན་ཟེར་གྱི་ཡོད། ཌར་ཝིན་གྱིས་བཤད་པ་དེ་ལ་ཆ་བཞག་སྟེ། དེང་སང་ཡང་ཚན་རིག་པ་ཚོས་སྤྲེའུ་ནས་མི་ཆགས་པ་རེད་ཅེས་བཤད་ཀྱི་ཡོད། འོ་ན་ད་ལྟ་ཡོད་པའི་སྤྲེའུ་འདི་དག་མི་མ་ཆགས་པ་གང་རེད། དེ་དག་གིས་ཉེས་པ་ཅི་བྱས་པ་རེད་ཅེས་འདྲི་དུས། དེ་ལ་ལན་བརྒྱབ་རྒྱུ་མི་འདུག གལ་ཏེ་སྤྲེའུ་ཡར་རྒྱས་ཕྱིན་ནས་མི་ཆགས་ཡོད་ན། སྤྲེའུའི་རིགས་ཆ་ཚང་ཡར་རྒྱས་འགྲོ་དགོས། ད་ལྟ་ཡར་རྒྱས་མ་ཕྱིན་པར་ལྷག་པ་དེ་ཅིའི་ཕྱིར་ལྷག་པ་རེད། དེ་དག་ལ་རིགས་པའི་སྒོ་ནས་བརྟག་དཔྱད་བྱེད་དགོས་པ་མ་གཏོགས། གཅིག་གིས་བཤད་པ་རེད་ཅེས་ཆ་འཇོག་རྒྱུ་མེད། དེས་ན་ཤེས་པ་དང་རྨོངས་དད་གཉིས་ཐ་དད་རེད། དེར་བརྟེན་དེང་རབས་ཤེས་ཡོན་སློབ་སྤྱོང་ཐོན་པའི་མི་ཚོས་ཀྱང་ངེས་པར་དུ་བརྟག་དཔྱད་བྱས་ནས་འགྲོ་ཤེས་དགོས། གང་ལྟར་རང་གི་བསམ་བློའི་ཐོག་ནས་ཐག་གཅོད་ཐུབ་པ་དང་། སོ་སོར་རང་དབང་ཡོད་པ། རང་གི་སེམས་ལ་རང་དབང་ཡོད་པ། རང་གི་རྣམ་དཔྱོད་དེ་རང་གིས་བེད་སྤྱོད་བཏང་ནས་གཞི་དངོས་པོའི་གནས་ལུགས་ལ་བརྟག་དཔྱད་བྱེད་ཐུབ་པ་ཞིག་དགོས་པ་དེ་མེད་དུ་མི་རུང་བ་ཡིན། དེ་མེད་ན་སློབ་སྦྱོང་བྱས་པ་མིན་པར་ཀླད་པ་བཀྲུས་པ་ (Brain washing) རེད། དེར་བརྟེན་སོ་སོའི་ཀླད་པ་དང་། སོ་སོའི་རྣམ་དཔྱོད་སོ་སོས་བདག་པོ་བརྒྱབས་ནས་ཡང་དག་པའི་རིགས་པ་ཞིག་གི་རྗེས་སུ་འབྲངས་ནས་བརྟག་དཔྱད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད།
ངས་ནམ་རྒྱུན་བོད་དོན་བདེན་མཐའ་གསལ་ཞེས་པ་དེ་ཇི་འདྲ་ཞིག་ལ་ཟེར་གྱི་ཡོད་དམ་ཞེ་ན། ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་ཀྱི་སྤྱི་ཚོགས་ཀྱི་རང་བཞིན་དང་ངོས་འཛིན་ཞིག་ཡོད་པ་དེ་ཇི་མ་ཇི་བཞིན་བསྐྱར་གསོ་བྱེད་ཐུབ་དགོས་པ་དེ་ཡིན། དེ་ལྟར་བསྐྱར་གསོ་བྱས་ན་རྗེས་ལུས་ཐེབས་པའི་མི་རིགས་ཤིག་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་དམ་ཞེ་ན། རྗེས་ལུས་ཐེབས་པའི་མི་རིགས་ཞེས་པ་དེ། གང་གི་ནང་རྗེས་ལུས་ཐེབས་པ་དང་། གང་གི་ནང་རྗེས་ལུས་མ་ཐེབས་པའི་དབྱེ་བ་ཕྱེ་རྒྱུ་དེ་གལ་ཆེན་པོ་རེད། དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་བར་ལ་ཁྱད་པར་ཕྱེ་ནས་བསྡོམས་བརྒྱབ་ན། ལུས་དང་སེམས་གང་གཙོ་ཆེ་བ་དེ་རེད། དེང་རབས་ཀྱིས་ལུས་གཙོ་ཆེ་བ་དང་། སྲོལ་རྒྱུན་གྱིས་སེམས་གཙོ་ཆེ་བ་བྱེད་ཅིང་། གང་ལྟར་སེམས་ཀྱི་མདུན་བསྐྱོད་ཇི་ཙམ་འདུག ལུས་ཀྱི་མདུན་བསྐྱོད་ཇི་ཙམ་ཡོད་མིན་རེད།
འོ་ན་ྋགོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཞིག་བྱེད་དགོས་གསུངས་པ་དེ་བདེན་པ་མ་རེད་དམ་ཞེས་འདྲི་མཁན་ཡང་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཞིག་བྱེད་དགོས་གསུངས་པ་ནི་རང་གི་ངོས་འཛིན་བརླགས་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཞིག་བྱེད་དགོས་ན། དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པ་དང་། དེ་ལྟ་བུའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དགེ་སློང་ཞིག་བྱེད་དགོས་གསུངས་མི་དགོས་པར། དུས་རབས་ཉི་ཤུ་རྩ་གཅིག་པ་ཞིག་བྱེད་དགོས་གསུངས་ན་འགྲིགས་པ་རེད། འོན་ཀྱང་ཆོས་པ་དེ་དག་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པ་དང་། རིགས་པ་སྨྲ་བ་དེ་དག་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པའི་རིགས་པ་སྨྲ་བ་ཞིག་བྱེད་དགོས་གསུངས་པ་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་མིའི་བསམ་ཚུལ་གྱི་གནས་བབ་ཤེས་ནས་དེ་དང་མཉམ་དུ་འགྲོ་ཐུབ་པ་དང་། དེ་དང་མཉམ་དུ་མཐུན་འགྱུར་བྱེད་ཐུབ་པ། དུས་རབས་ཉི་ཤུ་རྩ་གཅིག་པའི་མི་མཉམ་དུ་ཁྲིད་ནས་འགྲོ་ཐུབ་པ་དགོས་པར་གསུངས་པ་རེད། དཔེར་ན། ང་ལ་ཆ་བཞག་ན་དུས་རབས་བདུན་པའི་མི་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་དང་། དུས་རབས་བདུན་པའི་མི་གཉིས་པོ་སྐྱེས་བུའི་མངོན་འདོད་གཅིག་གི་ཐོག་ཏུ་མཉམ་རུབ་བྱས་ནས་འགྲོ་ཐུབ། གལ་ཏེ་རྦད་དེ་ལོགས་སུ་སོང་ན་གཅིག་གིས་གཅིག་ལ་རོགས་བྱེད་རྒྱུ་མེད། དེས་ན་དུས་རབས་བདུན་པའི་མི་ཞིག་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཇི་ལྟར་བྱེད་དགོས་ཤེ་ན། དུས་རབས་བདུན་པའི་མིའི་ངོས་འཛིན་མ་བརླགས་པའི་ཐོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་དེ་ལ་ཕན་ཐོགས་བྱེད་ཐུབ་པ་བྱུང་ན། དུས་རབས་བདུན་པའི་མི་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཞིག་ཆགས་ཀྱི་ཡོད།
བོད་པའི་འཐབ་རྩོད་ཀྱི་དཀའ་རྙོག་གི་འབྱུང་གཞིའི་རྩ་བ་ལྟ་བུ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་ཆ་བཞག་ན་ཐོག་མ་མ་རིག་པ་དེ་གང་རེད་ཅེ་ན། དེ་ནི་འཇིག་རྟེན་སྤྱིའི་གནས་སྟངས་ཀྱི་ཐོག་ནས་གཟིགས་དགོས་པ་དེ་གལ་ཆེན་པོ་རེད། དེ་གཟིགས་ཐུབ་ན་དེའི་ཐོག་ལ་ང་ཚོའི་ལངས་ཕྱོགས་གང་ཡིན་པ་དང་། ནུས་པ་གང་ཡོད་པ། ལས་འགན་གང་ཡོད་པ་དེ་མཁྱེན་དགོས། དེ་ལྟར་ནམ་ཞིག་སྤྱི་ཡོངས་ཀྱི་འགྱུར་འགྲོས་ཀྱི་ཐོག་ནས་བོད་ཀྱི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་སོང་ན། ད་དུང་དཀའ་ངལ་མང་པོ་ཞིག་ཡོད་པ་བཤད་མི་དགོས། རེ་བ་ཡག་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས་གསུངས་པའི་དགོངས་དོན་གཙོ་བོ་ནི་སྐབས་དེར་ཡོང་རྒྱུ་ཡིན་པའི་གནས་བབ་གང་ཡིན་པ་དང་། ཀླན་ཀ་དང་ཁ་གཏད་གཅོག་དགོས་པ་གང་དང་གང་ཡིན་པ། དེ་དག་ལ་གདོང་ལེན་བྱེད་པའི་ཐབས་ལམ་གང་ཡིན་པ་བཅས་ད་ལྟའི་མི་རབས་གསར་པ་ཚོས་མཁྱེན་དགོས། དེ་དང་ཆབས་ཅིག་ཏུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་དེ་དག་ཤེས་པར་བྱས་ནས་ཉམས་ལེན་བྱས་ཏེ། རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་ནང་ཇི་ལྟར་སླེབས་ཐུབ་པ་འདུག་བལྟ་དགོས་པ་དེ་གལ་ཆེན་པོ་ཡིན།
ད་ལྟའི་གནས་སྐབས་འདི་ལ་བོད་རིགས་ཙམ་མིན་པར་ཞི་བདེ་ལ་དགའ་བའི་འཇིག་རྟེན་གྱི་སྐྱེ་འགྲོ་ཐམས་ཅད་ལ་ྋགོང་ས་མཆོག་ལྟ་བུའི་ཡང་དག་པའི་དབུ་ཁྲིད་ཅིག་མེད་ན། ཕྱོགས་གཏོར་བའི་འགྲུལ་པ་ལྟ་བུ་ཆགས་པའི་ཉེན་ཁ་ཧ་ཅང་ཆེན་པོ་རེད། དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བཀའ་གནང་བ་རྣམས་རང་གིས་སྒྲུབ་པ་དང་། སྲུང་སྐྱོབ་བྱེད་པའི་འགན་གཉིས་ཀ་ང་ཚོར་བབས་ཡོད། དེང་སང་བོད་པའི་སྤྱི་ཚོགས་ཀྱི་ནང་ལའང་ྋགོང་ས་མཆོག་གི་ལམ་སྟོན་དང་དགོངས་གཞི་དེ་དག་ལ་ཕྲན་བུའི་ཟུར་ཟ་བྱེད་མཁན་དང་། དངོས་སུ་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད། དེ་ཚོ་ནི་སྤྱི་མཐུན་གྱི་བསོད་ནམས་ཉམས་སུ་འཇུག་པའི་ཐབས་ལམ་བླ་མེད་ཅིག་རེད། དེ་ལ་དྭོགས་ཟོན་བྱེད་མ་ཐུབ་ན་དཀའ་ལས་ཁག་པོ་རེད། དྭོགས་ཟོན་བྱེད་དགོས་ཞེས་པ་ནི་ཁོང་ཚོ་ལ་དགྲར་བཟུང་ནས་དྭོགས་ཟོན་བྱེད་དགོས་ཟེར་གྱི་མེད་ལ། ཁོང་ཚོ་རེ་རེར་ལན་རྒྱག་དགོས་ཞེས་ཀྱང་ཟེར་གྱི་མེད། གང་ལྟར་ཁོང་ཚོས་མཚམས་མེད་ཀྱི་ལས་ལྟ་བུ་གསོག་གི་ཡོད་པས། དེ་དག་ནི་སྙིང་རྗེའི་ཡུལ་གྱི་ནང་ནས་ཀྱང་སྙིང་རྗེའི་ཡུལ་མཆོག་ཏུ་གྱུར་པ་དེ་ཡིན། གལ་ཏེ་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན་སྐྱེ་བ་ཕྱི་མར་འགྲོ་བ་ཇི་འདྲར་འགྱུར་བ་དང་། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ཡང་མིའི་གཞི་རྩའི་བཟང་སྤྱོད་ཀྱི་ཆ་ནས་ཅི་འདྲ་ཡོད་པ་དེ་དག་ནི་སྙིང་རྗེ་བྱ་བའི་ཡུལ་ཡིན། དེར་བརྟེན་ཁོང་ཚོ་ལ་འཚེ་བ་དང་ཁོང་ཁྲོ་བྱས་ཏེ་ཁ་གཏད་བཅགས་ནས་ཕན་ཐོགས་རྒྱུ་གང་ཡང་མེད་ཀྱང་། དེ་ཚོ་ཡོང་བའི་སྐབས་སུ་དྭོགས་ཟོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དྭོགས་ཟོན་བྱེད་ཅེས་པ་ནི་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་དགོས་པ་གཙོ་འདོན་བྱས་ཏེ་ཐག་རིང་པོར་འཇོག་པ་དང་ཆབས་ཅིག་བསམ་བློའི་ནང་ཁོང་ཁྲོ་དང་འཁོན་འཛིན་མི་བྱེད་པར། བརྩེ་བ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། ཁོང་ཚོ་ལ་ཕན་ཐོགས་ཡོང་བའི་ཆེད་དང་། རང་ཉིད་ལ་དམ་ཚིག་ཉམས་པའི་གྲིབ་ལ་སོགས་མི་ཡོང་བའི་ཆེད་དུ་རྒྱང་རིང་དུ་འཇོག་དགོས། བར་ལམ་ནད་ཡམས་ཡོང་བའི་སྐབས་སུ་སྤྱི་ཚོགས་རྒྱང་ཁྱད་ (Social distancing) ཟེར་བ་ལྟར་ཕྲན་བུའི་རྒྱང་ཐག་འཇོག་དགོས། གང་ལྟར་ཕྲན་བུའི་རྒྱང་ཁྱད་བཞག་སྟེ་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་རུང་། བསམ་བློའི་ནང་སྙིང་རྗེ་དང་བྱམས་སེམས་གང་ཐུབ་སྒོམ་ན་ཕན་ཐོགས་ཡོང་རྒྱུ་རེད། གཞན་ཞུ་རྒྱུ་གང་ཡང་མེད།
ཁྱེད་ཚོ་ཚང་མ་ཐག་རིང་པོ་ནས་ཕེབས་པ་རེད། ད་རེས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དང་། སྐུ་ཚེ་བརྟན་པའི་ཞལ་བཞེས་ཐོབ་པ། བསོད་ནམས་ཆེན་པོ་བསགས་པ་སོགས་དོན་ཆེན་པོ་བསྒྲུབས་ཏེ་དགའ་སྤྲོ་དང་བཅས་ཏེ་ལོག་ཆོག་པ་བྱུང་ཡོད། རྒྱུན་དུ་རང་གིས་བྱས་པའི་བསོད་ནམས་དང་། གཞན་གྱིས་བྱས་པའི་བསོད་ནམས་ལ་རྗེས་སུ་ཡི་རངས་དང་ཆབས་ཅིག་ཏུ་རང་ཉིད་དེ་ལ་སློབ་ཐུབ་པའི་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད། ཚང་མ་སྐུ་གཟུགས་བདེ་པོ་དང་། ཆོས་དང་མཐུན་པའི་ཡིད་སྨོན་གྲུབ་པ། བསམ་བློའི་ནང་ཆོས་དང་མཐུན་པའི་བློ་གྲོས་བསྐྱེད་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། །།
(༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༤ ཉིན་འཇོལ་ཀོང་རྒྱལ་གསུམ་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྗེས། འཇོལ་ཀོང་རྒྱལ་གསུམ་མང་ཚོགས་ཀྱིས་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་ཆབས་ཅིག དེའི་ཉིན་རྒྱབ་ཏུ་བླང་དོར་གྱི་གསུང་བཤད་ཞུས་པ་བཞིན་གནང་བ་དེ་ཡིན། ཡིག་འབེབས་པ་ནི་འཇམ་དབྱངས་དཀར་པོ་ཡིན།)