༈ བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུའི་ཐོག་གནང་བའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གསུང་བཤད།

༢༠༠༥ ཕྱི་ཟླ་ ༥ ཚེས་ ༡༤ ནས་ ༡༥ བར། གངས་ཅན་སྐྱིད་གཤོང༌།

༄༅།། དགེ་འདུན་པ་རྣམ་པ་དང་། ཕྱག་སྦྲེལ་བཀའ་བློན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཆུང་གི་ལས་བྱེད་རྣམ་པ། དམིགས་བསལ་དེ་རིང་འདིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ལ་ཕེབས་པའི་སློབ་གྲྭ་ཡོངས་ཀྱི་སློབ་སྤྱི་དང་འགན་འཛིན་རྣམ་པས་དབུས་པའི་ཚོགས་འདུར་ཕེབས་མཁན་ཚང་མ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་ལན་དུས་ཚོད་འོས་འཚམས་ཐོག་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཉི་མ་གཉིས་བསྡུ་བསྐོང་གནང་བ་དེ་འོས་ཤིང་འཚམས་པ་དང༌། དགོས་པ་ཆེན་པོ་བསྒྲུབ་ཐུབ་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། འདས་པའི་ལོ་བཞི་བཅུ་ཞེ་དྲུག་རིང་ྋགོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བའི་བུ་ཕྲུག་སུའང་གཞི་རིམ་སློབ་གཉེར་གྱི་གོ་སྐབས་མ་ཐོབ་པ་བྱུང་མེད། དེ་ནི་བོད་ཀྱི་བྱུང་རབས་ནང་དམིགས་བསལ་བ་ཞིག་ཡིན། ཡིན་ནའང་དེ་དང་ཆབས་ཅིག་ཏུ་སྔར་བོད་རང་བཙན་ཡོད་པའི་སྐབས་སུའང་མེད་པའི་ན་གཞོན་ཚོ་ལ་སློབ་སྦྱོང་གི་གོ་སྐབས་འདི་འདྲ་ཞིག་ཐོབ་རུང༌། གོ་སྐབས་དེ་བེད་སྤྱོད་བཏང་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་མཁས་པ་དང་འགོ་ཁྲིད། ཡང་ན་ད་ལྟའི་གནས་སྐབས་སུ་བོད་མི་རིགས་ཀྱི་འཐབ་རྩོད་ནང་དམིགས་བསལ་གྱི་རྩལ་བཏོན་ཐུབ་མཁན་གྱི་མཁས་པ་མང་པོ་བཏོན་ཐུབ་མེད། ཚང་མ་འབྲིང་འབྲིང་ཤ་སྟག་རེད། ཨིན་སྐད་དུ་ Mediocre  ཞེས་བརྗོད།  གང་ལྟར་ Genius ཐོན་དཀོན་པོ་ཆགས་ཡོད།

འདས་པའི་བོད་ཀྱི་གནའ་བོའི་ལོ་རྒྱུས་བཞག་ནས། དུས་རབས་བཅུ་དགུ་དང་ཉི་ཤུ། དེ་བཞིན་ ༡༩༥༩ སྔོན་གྱི་བོད་ཀྱི་བྱུང་རབས་ལ་བལྟས་པ་ཡིན་ན། ལོ་རེ་བཞིན་འགྲན་ཟླ་མེད་པའི་མཁས་པ་མང་པོ་འཐོན་སའི་མི་རིགས་ཤིག་གི་ནང་ལ་ད་ཆ་མཁས་པ་ཉུང་དུ་འགྲོ་བ་དང་ཧ་ལམ་ཡལ་འགྲོ་བའི་གནས་ཚུལ་དེ་གང་དུ་ཐུག་པ་རེད། ང་ཚོས་བསམ་ཤེས་ནན་པོ་བྱེད་རྒྱུའི་གནད་དོན་ཞིག་ཆགས་ཡོད། བར་ལམ་བྲེལ་ཟིང་དབང་གིས་འདིར་ཞུ་རྒྱུའི་གཏམ་བཤད་དེ་ཡིག་ཐོག་ཏུ་བྱུང་མ་སོང༌། དེས་ན་སྐད་ཆ་དེ་རིང་པོ་ཆགས་ཉེན་འདུག  ད་ལྟའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་ལ་ཕབ་དགོས་པའི་རྒྱབ་ལྗོངས་ཀྱི་བྱུང་བ་དེ་ཞིབ་ཚགས་མ་བྱུང་རུང་། རགས་པ་ཙམ་ཞུ་རྒྱུའི་གོ་སྐབས་བླང་རྒྱུ་ཡིན། བཙན་བྱོལ་བོད་མིའི་སློབ་གྲྭ་ཚང་མའི་འགན་འཛིན་རྣམ་པ་ཚོ་དང་ཡང་ཡང་མཇལ་རྒྱུའི་གོ་སྐབས་ཧ་ཅང་དཀོན་པོ་རེད། དེས་ན་ད་རེས་གོ་སྐབས་འདི་བླངས་ནས། ང་ཚོ་ཚང་མས་ངེས་པར་དུ་མཁྱེན་དགོས་པའི་གནས་ཚུལ་གལ་ཆེ་བ་རེ་ཟུང་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།

བོད་ཀྱི་འདས་པའི་ལོ་རྒྱུས་དང་། སྐྱབས་བཅོལ་དུ་གནས་རིང་ཤེས་ཡོན་གྱི་གནས་སྟངས། ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་གཏན་ལ་ཕབ་སྟངས་བཅས་དོན་ཚན་གསུམ་ནང་བསྡུས་ནས་ཞུ་ཆོག་པ་ཞུ་རྒྱུ་ཡིན།

བོད་ཀྱི་མི་རིགས་ནི་འཛམ་བུ་གླིང་གི་མི་རིགས་གཞན་བཞིན་བྱུང་བ་རིང་པོ་ཡོད་པ་ཞིག་རེད། ཡིན་ནའང་ཤེས་ཡོན་གྱི་གནས་ཚད་མཐོན་པོ་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དང་ལྡན་པའི་མི་རིགས་ཤིག་གི་ངོ་བོ་ལ་ཕྱིན་པའི་བྱུང་རབས་དེ་ལོ་ཆིག་སྟོང་སུམ་བརྒྱ་ནས་བཞི་བརྒྱ་ཙམ་རེད། མི་འབོར་གྱི་ཆ་ནས་ས་ཡ་དྲུག་ཡན་མན་ལ་བསྡད་པ་མ་གཏོགས། ས་ཡ་བདུན་ལས་བརྒལ་བའམ་ས་ཡ་དྲུག་ལས་ཉུང་བའི་གོ་སྐབས་ཤིག་བྱུང་མྱོང་མེད་པ་ལྟ་བུ་རེད། གང་ལྟར་བྱུང་རབས་ཐུང་ངུ་དང་མི་འབོར་ཧ་ཅང་ཉུང་ངུའི་མི་རིགས་ཤིག་རེད། སྐབས་རེ་རྒྱལ་ཁབ་ཀྱི་ངོ་བོ་ཡོད་པ་དང་། སྐབས་རེ་རྒྱལ་ཁབ་ཀྱི་ངོ་བོ་མེད་རུང་། མི་རིགས་ཀྱི་ངོ་བོ་ནམ་ཡང་མ་བརླགས་པའི་མི་རིགས་ཤིག་རེད། མི་རིགས་དེས་འཇིག་རྟེན་ཡོངས་ཀྱི་བྱུང་རབས་ནང་མི་རིགས་གཞན་སུས་ཀྱང་འགྲན་དུ་མི་བཟོད་པའི་ཁྱད་དུ་འཕགས་པའི་མཁས་པ་མང་པོ་ཞིག་བཏོན་པ་རེད། རྒྱ་གར་དང་རྒྱ་ནག་ལྟ་བུ་ཡིན་ན་ཤེས་ཡོན་དང་ལེགས་བྱང་གི་འཕེལ་རིམ་ཧ་ཅང་རིང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་རུང་། ཁོང་ཚོས་ཀྱང་བོད་འདི་འགྲན་བཟོད་མི་ནུས་པར་གྱུར། བོད་མིས་ལག་རྗེས་བཞག་པ་ལྟ་བུའི་རྩོམ་རིག་གི་འབོར་དང་ངག་གི་རང་བཞིན་ཆེན་པོ་དེ་འདྲ་དུས་ཚོད་ཐུང་ཐུང་ནང་བཟོ་ཐུབ་མཁན་འཇིག་རྟེན་འདིའི་ནང་མི་རིགས་གཞན་པ་སུའང་སྟོན་དུ་མེད།

དེ་ལྟ་བུའི་མཁས་པའི་འབྱུང་གནས་ཀྱི་མི་རིགས་ཇི་ལྟར་བྱུང་བ་རེད་ཅེ་ན། ཤེས་ཡོན་གྱི་ལམ་སྲོལ་ཁྱད་པར་བ་ཞིག་ཡོད་པ་ལ་བརྟེན་ནས་རེད། དེ་ཡང་འཕགས་པའི་ཡུལ་གྱི་དཔལ་ནཱལནྡཱ་དང་། བིཀྲམ་ཤཱིལ། ཏཀྵཱིལཱ། ཨོདནྟ་པུརི་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཆེན་པོ་དེ་དག་གི་ནང་དུ་ཡོད་པའི་ཤེས་ཡོན་གྱི་ལམ་སྲོལ་ཇི་མ་ཇི་བཞིན་གྲྭ་མ་ཉམས་གྲུ་མ་ཆག་པར་བོད་ཀྱི་ནང་དུ་སླེབས་པ་ཙམ་དུ་མ་ཟད། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དཀྱིལ་སྨད་ཙམ་གྱི་བར་དུ་མུ་མཐུད་ནས་འཛིན་སྐྱོང་གི་ཐོག་ལ་ད་དུང་ས་གནས་རང་གི་ཡར་རྒྱས་ཀྱི་རྣམ་འགྱུར་ཆེན་པོ་ཡོང་ཐུབ་པ་བྱུང་བ་རེད། དེ་ལྟ་བུའི་ཤེས་ཡོན་གྱི་ལམ་སྲོལ་ལམ་ཤེས་ཡོན་གྱི་ཐབས་བྱུས་དེས་དེང་སང་གི་ཤེས་ཡོན་སྲིད་བྱུས་ལྟ་བུའི་སྐད་ཆ་དམིགས་སུ་བཀར་ནས་བཤད་ཀྱི་མེད་ཀྱང་། བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སྒྲོམ་གཞིའི་ནང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཡོངས་སུ་རྫོགས་པ་ལ་ཁྱད་དུ་འཕགས་པའི་མཁས་དབང་འཐོན་ཐུབ་པའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་ཡོད་མུས་རེད།

གཞུང་གི་སྲིད་བྱུས་སམ་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཆ་ནས་བོད་རིགས་ཡིན་ནོ་ཅོག་སློབ་གྲྭར་མ་སོང་ན་མི་འགྲིགས་པའི་ལམ་སྲོལ་དེ་འདྲ་མེད། ང་ཚོའི་མི་འབོར་ཆུང་ངུ་དེའི་ནང་ཡིག་རྨོངས་སམ་ཡི་གེ་མི་ཤེས་མཁན་གྱི་གྲངས་འབོར་ཡང་གང་འཚམས་ཡོད་པ་དེ་དངོས་ཡོད་གནས་སྟངས་རེད། ཡིན་ནའང་དེ་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་ན། བོད་མི་སུ་འདྲ་ཞིག་ཡིན་རུང་། སྐྱེ་ས་འབྱུང་ཁུངས་དང་ཆོལ་ཁ། རིགས་རུས་མཐོ་དམན། དཔལ་འབྱོར་ཕྱུག་ཞན་སོགས་ཀྱི་དབྱེ་བ་མེད་པར། ཤེས་ཡོན་ལ་འདུན་པ་ཡོད་ན་སློབ་ཁང་ནང་ཚུད་དང་མ་ཚུད་དང༌། སློབ་ཡོན་འབུལ་ཐུབ་དང་མ་ཐུབ། ལོ་འཁོར་གྱི་རྒྱུགས་སྤྲོད་འཕྲོད་དང་མ་འཕྲོད་པ་བཅས་ཀྱི་སྐད་ཆ་གང་ཡང་མེད་པར། མི་ཚེ་ཧྲིལ་པོ་ཤེས་ཡོན་སློབ་སྦྱོང་ནང་བསྐྱལ་རྒྱུའི་གོ་སྐབས་ག་དུས་ཡིན་ནའང་ཡོད་པ་དེ་བཤད་མི་དགོས།

དེའི་དབང་གིས་དགེ་རྒན་གཙོ་བོར་བཟུང་བའམ་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་བྱུང་། གང་ལྟར་གང་ཟག་བྱེ་བྲག་པའམ་སྤྱི་ཚོགས། ཡང་ན་གཞུང༌གི་ངོས་ནས་ང་ཚོའི་མང་ཚོགས་དེ་བསམ་བློ་དེ་འདྲ་འཁྱེར་མཁན་ཞིག་དང་ལས་ཀ་འདི་འདྲ་བྱེད་མཁན་ཞིག་བཟོ་རྒྱུ་ཡིན་ཞེས་དམིགས་ཡུལ་བཟུང་ནས་ཀླད་པ་བཀྲུས་ཏེ་སློབ་སྦྱོང་སྤྲོད་མཁན་མེད་པ་དང་། ཚང་མ་ལ་མིའི་རང་བཞིན་དང་མཐུན་པར། གང་ལ་གང་འཚམས་འགྲོ་ཆོག་རྒྱུ། ཤེས་ཡོན་ལམ་སྲོལ་ཐོག་སྤྱི་སྒེར་སུས་ཀྱང་མངོན་འདོད་བྱེ་བྲག་པ་ཞིག་གི་ཆེད་དུ་དབང་སྒྱུར་བྱེད་མཁན་མེད་པ་བཅས་ཀྱི་གནས་སྟངས་ཁྱད་པར་བ་ཞིག་ཡོད་བསྡད་པ་རེད། དེའི་བྱུང་རིམ་དེ་ང་ཚོས་བརྗེད་པའམ། ཡང་ན་ང་ཚོས་དེ་ལ་རིན་ཐང་དང་གོང་ཚད་བརྒྱབ་མ་ཐུབ་ན། ད་ལྟའི་ང་ཚོའི་མི་རབས་འདིའི་ཞན་ཆ་ཆེན་པོ་ཞིག་ཆགས་རྒྱུ་རེད། དེའི་ཐོག་ལ་ང་ཚོས་ངེས་པར་དུ་ཐུགས་སྣང་གནང་དགོས།

འོན་ཀྱང་བརྒྱ་ཕྲག་བཅུ་བདུན་ནམ་བཅོ་བརྒྱད་ཀྱི་རྗེས་སུ་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་སྲོལ་ཕྱིའི་རྒྱལ་ཁབ་དང་མི་རིགས་གཞན་ལ་བལྟས་ནས་མདོར་ན་དོན་གྱི་འགྱུར་བ་དང༌། གོ་སྐབས་གསར་པ་ང་ཚོས་རྩ་བ་ནས་བྱས་མི་ཐུབ་པ་མེད་པ་ཁ་ཤས་ང་ཚོས་མ་བྱས་པ་དང༌། བྱེད་རྒྱུ་མ་དྲན་པར་ལུས་པ་དེའི་དབང་གིས་སྐབས་རེ་ང་ཚོར་དཀའ་ངལ་ཕྲན་བུ་ཕྲད་པའི་གནས་སྟངས་ངེས་པར་དུ་བྱུང་ཡོད། ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་རྒྱལ་སྤྱིའི་ནང་འགྱུར་བ་ཆེན་པོ་ཕྱིན་པའི་སྐབས་སུ་ང་ཚོས་འགྱུར་བ་མ་བཏང་བ་ཡིན་རུང་མ་འགྲིག་པ་རྩ་བ་ནས་མེད། འགྱུར་བ་དེ་གཏོང་དགོས་དང་མི་དགོས་སོ་སོའི་མང་ཚོགས་ཀྱི་མངོན་འདོད་དང་སྤྱི་ཡོངས་འཕྲལ་ཕུགས་ཀྱི་ཕན་བདེ་ལ་བལྟ་དགོས་པ་སྨོས་མེད་རེད། ཡིན་ནའང་ཕྱི་ལ་འགྱུར་བ་ཕྱིན་པ་དེར་དོ་སྣང་མ་བྱས་པར་ཨམ་ཅོག་བཀབ་ནས་བསྡད་པ་དེ་ཞན་ཆ་ཆེན་པོ་ཞིག་བྱུང་བ་རེད།

དམག་ཆེན་དང་པོ་གཉིས་པའམ། ཡང་ན་དེའི་སྔོན་ནས་ནུབ་ཕྱོགས་ཀྱི་ནང་དུ་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོང་བཞིན་པའི་སྐབས་ནས། ང་ཚོས་མིག་དང་ཨམ་ཅོག་ཕྱི་ལ་བསྟན་ཡོད་ན། དུས་རབས་ཉི་ཤུའི་སྨད་ཆ་ལ་བྱུང་བའི་བོད་ཀྱི་གནས་བབ་དེ་འགོག་ཐུབ་པ་དང་། དེ་འདྲ་མི་ཡོང་བའི་གྲ་སྒྲིག་བྱེད་ཐུབ་པའི་གནས་སྟངས་ཆ་ཚང་ང་ཚོའི་མདུན་དུ་ཡོད་རུང་། དེ་འདྲའི་གོ་སྐབས་ལེན་མ་ཐུབ་པ་དེ་ང་ཚོའི་ཞན་ཆ་ཞིག་རེད།

ཞན་ཆ་དེ་ག་འདྲ་བྱུང་བ་རེད་ཅེ་ན། མི་རིགས་རང་གི་ནང་དུ་ཚང་མ་ཕུན་སུམ་ཚོགས་པ་ཤ་སྟག་ཡོད་སྟབས། མང་ཚོགས་ལ་དཔལ་འབྱོར་དང་སྤྱི་ཚོགས་གཉིས་ཀྱི་ཆ་ནས་གཉའ་གནོན་བཤུ་གཞོག་མི་བཟོད་པ་མེད་པའི་དབང་གིས་ཚང་མ་འདོད་པ་ཚིམས་ནས་ཕྱིའི་གནས་སྟངས་ལ་མ་བལྟས་པ་དང་། དོན་གྱི་འགྱུར་བ་གང་ཡང་གཏང་རྒྱུའི་བསམ་བློ་མ་འཁོར་བ་ཕྱོགས་གཅིག་ནས་ཡིན་རྒྱུ་རེད་བསམ་གྱི་ཡོད། ང་ཚོའི་སྲོལ་རྒྱུན་གྱི་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་དེ་འཇིག་རྟེན་ཡོངས་ལ་དཔེ་བསྟན་ཆོག་པ་དང་། སྤོབས་པ་ཆེན་པོའི་ཐོག་ནས་ཕར་སློབ་སྟོན་བྱེད་ཆོག་པའི་ལམ་སྲོལ་ཞིག་ཡོད་པ་རེད། ལྷག་པར་དུ་དེང་སང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་མི་མང་པོས་བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་ལ་བལྟས་ནས་དེའི་ལད་ཟློས་དང་དེའི་རྗེས་སུ་འཇུག་རྒྱུའི་འབད་བརྩོན་བྱེད་མུས་རེད། དེ་འདྲའི་སྐབས་སུའང་ང་ཚོའི་ངོས་ནས་བོད་པ་རང་གི་དོན་དུ་རྩ་ཆེན་པོ་མ་བརྩི་བ་ཡིན་ནའང་འཇིག་རྟེན་འགྲོ་བ་མི་རིགས་སྤྱི་ཡོངས་ལ་རྩ་ཆེན་པོ་ཡིན་པ་དེ་ཤེས་པའི་ཐོག་ནས་སྲུང་སྐྱོབ་དང༌། དེ་ང་ཚོའི་མི་རབས་རྗེས་མ་ལ་རྩིས་སྤྲོད་ཐུབ་པ་བྱ་དགོས་པ་གལ་ཆེན་པོ་རེད།

དེ་དང་ཆབས་ཅིག་ཕྱི་ལོ་ ༡༩༥༡ ལོར་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་ཤོར་བ་དང༌། དེ་བཞིན་ ༡༩༥༩ ལོར་བོད་མི་མང་པོ་བཙན་བྱོལ་དུ་ཡོང་དགོས་པའི་འགྱུར་བ་འདི་བོད་རྐྱང་རྐྱང་གི་གནས་བབ་ཅིག་ལ་བརྟེན་ནས་བྱུང་བ་དང༌། ཡང་ན་བོད་དང་རྒྱ་ནག་གཉིས་རྐྱང་པའི་འབྲེལ་ལམ་གྱི་གནས་བབ་ཅིག་གི་ཐོག་ནས་བྱུང་བ་རྩ་བ་ནས་མ་རེད། དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཆེ་ས་ནས་གཟིགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

བོད་དང་རྒྱ་ནག་གཉིས་པོ་དེ་ཁྱིམ་མཚེས་ཡིན་པ་སྲིད་པ་ཆགས་དུས་ནས་རེད་མ་གཏོགས། ལྔ་བཅུ་ང་གྲངས་ནས་ཁྱིམ་མཚེས་གསར་པ་ཆགས་པའི་གནས་སྟངས་མིན། བོད་དང་རྒྱ་ནག་དབར་དམག་འཐབ་དང་། དེ་བཞིན་བོད་དང་རྒྱ་ནག་དབར་གཉེན་སྒྲིག་སྐབས་ཀྱང་བྱུང་བ་རེད། དེ་ཚོ་ཚང་མའི་སྐབས་སུ་ད་ལྟའི་གནས་བབ་བཞིན་ང་ཚོའི་མངའ་དབང་ཤོར་བའི་གནས་བབ་གང་ཡང་བྱུང་མེད། སོག་པོའི་མཉམ་དུ་བསྡད་པའི་སྐབས་སུ་ཡིན་ནའང་རེད། རྒྱ་མིའི་མཉམ་དུ་བསྡད་པའི་སྐབས་སུ་ཡིན་ནའང་རེད། ང་ཚོའི་འབྲེལ་བ་བཟང་ངན་ཇི་ལྟར་ཡིན་རུང་། གང་ལྟར་བོད་དང་རྒྱ་ནག་གཉིས་ཀྱི་ངོས་འཛིན་ལོགས་སུ་ཡོད་པ་བཞིན་ས་མཚམས་ལོགས་སུ་ཡོད་པ་དང་མངའ་དབང་གི་ངོ་བོ་ལོགས་སུ་ཡོད་པ་ཞིག་མུ་མཐུད་ནས་གནས་པ་རེད།

དུས་རབས་ཉི་ཤུ་པའི་དཀྱིལ་དུ་སླེབས་ནས་དེ་གནས་མ་ཐུབ་པ་རེད། དེ་གནས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་འཇིག་རྟེན་སྤྱི་ཡོངས་ཀྱི་ནང་དུ་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ལྷག་པར་དུ་དཔལ་འབྱོར་གྱི་རིང་ལུགས་ཤིག་ལ་བརྟེན་པའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་དབང་གིས་ད་ལྟའི་ང་ཚོའི་གནས་བབ་དེ་བྱུང་བ་ཡིན་སྟབས། རྒྱ་ཆེ་བའི་རྒྱབ་ལྗོངས་ཤིག་གི་ཐོག་ནས་ང་ཚོའི་དཀའ་ངལ་དེ་གཟིགས་མ་ཐུབ་པ་ཡིན་ན། ང་ཚོའི་དཀའ་ངལ་སེལ་སྟངས་དེའང་ཐབས་ལམ་ཡང་དག་པ་ཞིག་རྙེད་ཐབས་མེད། རྒྱལ་སྤྱིའི་ཡུལ་བབ་ཆབ་སྲིད་ (International geopolitics)  ཀྱི་འགྱུར་འགྲོས་དེ་ང་ཚོས་ཡག་པོ་མ་ཤེས་པ་ཡིན་ན་ང་ཚོའི་གནས་སྟངས་དེ་གསལ་པོ་རྟོགས་རྒྱུ་ཧ་ཅང་ཁག་པོ་རེད།

དུས་རབས་བཅུ་བདུན་ནམ་བཅོ་བརྒྱད་པའི་ནང་ལ་ནུབ་ཕྱོགས་སྤྱི་དང་། ལྷག་པར་དུ་དེང་སང་ཡོ་རོབ་ཅེས་པའི་གླིང་ཆེན་དེའི་ནང་ཚན་རིག་དང་འཕྲུལ་ལས་ཀྱི་ཐོག་ལ་འགྱུར་བ་མང་པོ་སོང་བའི་དབང་གིས་དཔལ་འབྱོར་གྱི་གནས་བབ་ལ་འགྱུར་བ་མང་པོ་ཕྱིན་པ་དང་། དེའི་དབང་གིས་མ་རྩའི་རིང་ལུགས་ཟེར་བའི་གནས་སྟངས་དེ་བྱུང༌། མ་རྩའི་རིང་ལུགས་ཀྱི་འོག་ལ་བཟོ་པའི་གྲལ་རིམ་དང་ཞིང་པའི་གྲལ་རིམ་ཧ་ཅང་མང་པོར་དཔལ་འབྱོར་གྱི་བཤུ་གཞོག་ཚབས་ཆེ་བྱུང་། བཤུ་གཞོག་དེའི་འོག་ནས་ཐར་རྒྱུར་གཡོན་ཐལ་ཆེ་བའི་མ་ཁེ་སི་རིང་ལུགས་དར་ཁྱབ་བྱུང༌། མ་ཁེ་སི་རིང་ལུགས་ལག་ལེན་བསྟར་ཆེད་ལེ་ཉིན་དང་སི་ཏཱ་ལིན་སོགས་ཀྱིས་འཚེ་བའི་ལས་ལ་ཐབས་ལམ་བཅོལ། དེ་འདྲའི་དབང་གིས་འཛམ་བུ་གླིང་སྤྱི་ཡོངས་སུ་འགྱུར་འགྲོས་ཆེན་པོ་ཞིག་བྱུང་། དཔེར་ན་རྒྱ་མཚོའི་ནང་དུ་རླུང་འཚུབ་ཆེན་པོ་ལངས་དུས། གླིང་ཕྲན་ཆུང་ཆུང་དེ་ཚོའི་ནང་དུ་དེའི་ནུས་པ་སླེབས་པ་བཞིན་ང་ཚོའི་བོད་ཀྱི་གནས་སྟངས་དེ་ལོ་སྟོང་ཕྲག་ཁ་ཤས་ཟུར་བཅད་བསྡད་ཐུབ་པ་དེ་ད་ལྟ་བསྡད་མི་ཐུབ་པ་དེ་འཇིག་རྟེན་སྤྱི་ཡོངས་ཀྱི་འགྱུར་འགྲོས་ཆེན་པོ་ཞིག་གི་ཆ་ཤས་ཀྱི་ངོ་བོའམ་དེའི་ཞོར་ལ་ཡོང་བའི་གནས་སྟངས་དེ་མཁྱེན་དགོས།

མ་རྩའི་རིང་ལུགས་དང༌། མ་རྩའི་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱས་པའི་གོང་མའི་རིང་ལུགས་གཙོས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱལ་ཁབ་མང་པོ་ལ་དབང་བསྒྱུར་གཉའ་གནོན་བྱས་པའི་དུས་རབས་དེ་ཡལ་འགྲོ་བའི་སྐབས་སུ། ཡང་མི་སེར་སྤེལ་ཡུལ་རིང་ལུགས་གསར་པ་ཞིག་རྒྱ་ནག་དང་དེ་ཚོའི་ནང་དུ་དར་བའི་འོག་ཏུ་ང་ཚོ་ཚུད་པའི་གནས་སྟངས་ཤིག་བྱུང་ཡོད།

དེར་བརྟེན་གནས་ཚུལ་འདི་ལྟ་བུར་ཁ་གཏད་གཅོག་པའི་སྐབས་སུ་ཐོག་མ་མ་རིག་པ་ལྟ་བུ་ཉེས་པ་ཀུན་གྱི་འབྱུང་གནས་ཀྱི་རྩ་བ་དེ་ལ་གཉེན་པོ་བསྟེན་མ་ཐུབ་པ་ཡིན་ན། དེ་ནས་འཕྲོས་པའི་གནས་ཚུལ་གཞན་པ་ལ་གཉེན་པོ་བསྟེན་རུང་གང་ཡང་སངས་མི་ཐུབ། དཔེར་ན་ནད་ཀྱི་རྩ་བའམ་ནད་ཀྱི་རྒྱུ་དེ་ལ་གཉེན་པོ་མ་བསྟེན་པར་ནད་ཀྱི་མཚོན་རྟགས་ལ་སྨན་བཏང་བ་ཡིན་ན་དེང་རབས་ནུབ་ཕྱོགས་པའི་སྨན་ (Allopathic Medicine) བཞིན་ཆགས་འགྲོ་གི་རེད། མངོན་གསལ་དོད་པོས་ན་ཚ་དེར་དྲག་བསྐྱེད་བྱུང་བ་ཡིན་རུང་། མི་ཡི་འཕྲོད་བསྟེན་དང་གཟུགས་གཞི་ཡག་ཏུ་མ་ཕྱིན་པར་མི་ཚེ་ཧྲིལ་པོར་སྨན་ཤ་སྟག་ཟོས་ནས་བསྡད་པའི་གནས་སྟངས་ཡོང་བ་བཞིན་ད་ལྟའི་ང་ཚོའི་བོད་ཀྱི་ཆབ་སྲིད་དཀའ་རྙོག་ཀྱང་དེའི་བྱུང་རྐྱེན་གཙོ་བོ་མ་ཤེས་པར་གཡས་གཡོན་ལ་བསྡད་པ་ཡིན་ན་དེའི་ཕུ་ཐག་ཆོད་པའམ། ཡང་ན་དེའི་རྒྱུན་གནས་ཐུབ་པའི་ཐག་གཅོད་ཅིག་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

ང་ཚོས་རྒྱལ་སྤྱིའི་བྱུང་རབས་དང་། སྔོན་མར་མངའ་དབང་གཞན་དག་གི་འོག་ཏུ་མི་སེར་སྤེལ་ཡུལ་བྱས་ནས་བསྡད་མྱོང་མཁན་གྱི་ལུང་པ་དེ་ཚོའི་བྱུང་རབས། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་འཛིན་བཞིན་པའི་སྲིད་བྱུས་ཀྱི་ནང་དོན་དེ་ཚོ་ཚང་མ་གསལ་པོ་མ་རྟོགས་པ་ཡིན་ན། ང་ཚོའི་དཀའ་རྙོག་སེལ་བའི་ཐབས་ལམ་དེ་གསལ་པོ་རྙེད་ཀྱི་མ་རེད། འཕྲལ་སྒང་ཞིག་ལ་དཀའ་རྙོག་དེ་སེལ་བ་ཡིན་རུང་། རང་དབང་ཡོད་པའམ་རང་སྲིད་རང་སྐྱོང་གི་གནས་བབ་ཡོད་པའི་བོད་ཀྱི་ས་ཁུལ་ཞིག་རྒྱུན་རིང་པོའི་བར་དུ་བརྟན་ལྷིང་དང་ཚད་ལྡན་འཛིན་སྐྱོང་བྱེད་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་རེད།

དེར་བརྟེན་ཤེས་ཡོན་གྱི་སྲིད་བྱུས་དེ་ཚད་ལྡན་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། མི་རིགས་དང་ས་ཁྱོན་ཞིག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཤེས་ཡོན་སྲིད་བྱུས་ཚད་ལྡན་ཞིག་ཡོད་ན། ཕུགས་རྒྱང་རིང་པོར་རེ་བ་བརྒྱབ་རྒྱུའི་གནས་སྟངས་ཡོང་གི་རེད། ༡༩༥༩ ལོར་ང་ཚོ་སྐྱབས་བཅོལ་དུ་འབྱོར་མ་ཐག་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཧ་ཅང་ཕུགས་རྒྱང་རིང་པོའི་དགོངས་བཞེས་གནང་སྟེ་བོད་ཕྲུག་དེ་ཚོ་རྒྱ་གར་གྱི་སློབ་གྲྭ་ཡག་ཤོས་དེ་ཚོའི་ནང་ལ་མ་བཀྲམས་པར་སྐུ་ངལ་འཛེམས་མེད་ཀྱིས་དགོས་པ་དང་དམིགས་ཡུལ་ཆེན་པོ་ཞིག་ལ་གཟིགས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བ་རེད།

སྐབས་དེ་དུས་རྒྱ་གར་ནང་དར་བའི་ཤེས་ཡོན་ལམ་སྲོལ་དེ་རང་ང་ཚོས་ལག་ལེན་བསྟར་རྒྱུ་མ་གཏོགས། དེ་ལས་གཞན་པ་ཞིག་ང་ཚོ་ལ་ཐབས་ལམ་ཡོད་པ་མ་རེད། ཡིན་ནའང་ལོ་བཅུ་གྲངས་ཕྱིན་པའི་རྗེས་སུ། བདུན་ཅུ་དོན་གྲངས་དང་བརྒྱད་ཅུ་གྱ་གྲངས་ནས་ང་ཚོས་གནས་ཚུལ་གང་ལ་གང་འཚམས་གསལ་རྟོགས་བྱུང་ཟིན། དེ་དུས་ང་ཚོས་བོད་མིའི་སློབ་གྲྭ་ཟུར་དུ་ཡོད་པ་དེས་ཁེ་ཕན་ཆ་ཚང་བླངས་ཏེ་ཤེས་ཡོན་གྱི་ལམ་སྲོལ་ཡང་ཟུར་དུ་བཟོས་ཐུབ་པ་བྱུང་ཡོད་ན། ད་ལྟའི་གནས་སྐབས་སུ་བོད་པའི་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཟེར་བ་དེ་ཚོ་གོ་རྒྱུ་མེད་པ་ཞིག་དང༌། བཙན་བྱོལ་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་ཡང་ད་ལྟ་ལས་བཟང་བ་ཞིག་བསྒྲུབ་ཐུབ་པའི་གོ་སྐབས་ཏན་ཏན་བྱུང་ཡོད་སྙམ།

དེ་ནས་ང་ཚོ་ཤེས་ཡོན་ལམ་སྲོལ་གཅིག་གི་ནང་དུ་འཆར་ཅན་ལྟ་བུ་ཆགས་འགྲོ་དུས། ད་ཡག་པོ་འདུག་བསམས་ནས་འགྱུར་བ་གཏོང་རྒྱུའི་བསམ་བློ་མ་འཁོར་བ་དང༌། བསམ་བློ་འཁོར་མཁན་ཚོའི་ཁ་ལ་མ་ཉན་པ་དང་ཁ་ལ་ཉན་མ་ནུས་པར། ག་དུས་ཡིན་རུང་ཁུ་སིམ་པོ་ཞིག་ཡོད་དུས་དེའི་ནང་ལ་སོར་གནས་ (Static) རང་བྱས་ནས་བསྡད་རྒྱུའི་བསམ་བློ་མ་གཏོགས། དེ་ལ་ཕོག་ཐུག་གི་འགྱུར་བ་གཏོང་རྒྱུའི་བློ་ཁོག་དང་འདུན་པ་གང་ཡང་མེད་པའི་དབང་གིས་ད་བར་ལྷག་པ་རེད།

༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པའི་སྐབས་སུ་བོད་མིའི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་སྲིད་བྱུས་གཏན་འབེབས་བྱ་དགོས་ཞེས་ལམ་སྟོན་རྩ་འཛིན་ (Directive principles) ནང་གསལ་པོ་འཁོད་ཡོད། བཅའ་ཁྲིམས་གཏན་ལ་ཕབ་པའི་རྗེས་སུ་ངེས་པར་དུ་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བོད་མིའི་དགོས་མཁོ་དང་འཚམས་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་དགོས་མཁོ་དང་མ་འོངས་བོད་ཀྱི་དགོས་མཁོ་གཉིས་ཀ་ལ་འཚམས་པའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་དགོས་པ་དེ་བཅའ་ཁྲིམས་ཀྱིས་ལམ་སྟོན་གནང་བའི་འཛིན་སྐྱོང་གི་ལས་འགན་ཞིག་ཆགས་པ་རེད། ཡིན་ནའང་དེ་འདྲའི་ངང་དུ་དུས་ཚོད་མང་པོ་འགྱངས་བ་རེད། མཐར་ཕྱི་ལོ་ ༢༠༠༡ ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་འཛིན་སྐྱོང་འགོ་འཛུགས་སྐབས་སུ་གལ་ཆེན་པོར་བརྩིས་ནས་གཏན་ལ་ཕབ་རྒྱུའི་འབད་བརྩོན་ཞུས་པའི་སྐབས་སུའང་བྲེལ་བ་དང་བརྒྱ་ཁ་གཅིག་ཆོད་མ་བྱས་པར་མཁས་པ་ཚོ་དང་གོ་བསྡུར་ཞིབ་ཚགས་པོ་ཡོང་ཆེད་ལོ་གཉིས་ཙམ་འགོར་བ་རེད། དེ་རྗེས་བཙན་བྱོལ་བོད་མིའི་ཁྲིམས་བཟོའི་གྲོས་ཚོགས་ནང་བགྲོ་གླེང་ཆ་ཚང་གནང་ནས་གཏན་ལ་ཕབ་ཐུབ་པ་བྱུང་། དེ་ནི་ང་ཚོ་བཙན་བྱོལ་གྱི་བྱུང་རབས་ནང་གལ་གནད་ཆེ་བ་དང་བློ་སྤོབས་བྱ་འོས་པ་ཞིག་ཡིན་བསམ་གྱི་ཡོད། སྤྱིར་བཏང་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཉིན་མོ་དེ་ནས་ཤེས་ཡོན་སྲིད་བྱུས་འདི་འགོ་འཛུགས་ཟིན་པ་དང་། བཙན་བྱོལ་གཞུང་གི་སྲིད་བྱུས་ཤིག་ལ་ཆགས་ཟིན་པ། བོད་མི་མང་ཚོགས་ལ་འགྲེམས་སྤེལ་ཟིན་པ་ཞིག་ལ་ངོས་འཛིན་བྱེད་དགོས། ཡིན་ནའང་ད་ལན་འདིར་ལས་རིམ་གྱི་ནང་ལ་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་ཚོའི་དབུས་སུ་གཞུང་འབྲེལ་གྱི་གསལ་བསྒྲགས་སམ་འབུལ་ལམ་ཞུ་རྒྱུ་ཞེས་པ་དེ་ཡོས་ཙང་། ད་ལྟ་ངས་གཏམ་བཤད་དེའི་རྗེས་སུ་མཚོན་དོན་གྱི་ཆེད་དུ་འགྲེམས་འབུལ་ཞུ་རྒྱུ་ཡིན།

ད་མང་པོ་ཞིག་གིས་ང་ཚོའི་སྐད་ཡིག་གི་ཐོག་ལ་བཤད་ཡོད་པ་རེད། ལྷག་པར་དུ་ད་ལྟ་ཡོད་བཞིན་པའི་རྒྱ་གར་གྱི་ཤེས་ཡོན་གྱི་ལམ་སྲོལ་ཡག་ཐག་ཆོད་ཡོད་པ་དེས་ག་རེ་འགྲིག་གི་ཡོད་མ་རེད་དགོངས་མཁན་མང་པོ་ཡོད། དེས་ན་ང་ཚོས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱ་གར་གྱི་ཤེས་ཡོན་གྱི་སྲིད་བྱུས་དེ་ག་འདྲ་བྱུང་བ་རེད། ག་རེའི་དོན་དུ་བྱུང་བ་རེད། ག་འདྲ་བྱས་ནས་ལག་ལེན་བསྟར་བ་རེད། དེའི་སྐོར་ལ་བྱུང་རབས་མདོར་བསྡུས་ཤིག་མ་ཞུས་ན་མི་འགྲིག་པ་ལྟ་བུ་འདུག

སྤྱིར་བཏང་ད་ལྟ་འདིར་ཕེབས་མང་ཆེ་བ་དགེ་རྒན་འོས་སྦྱོང་གནང་མྱོང་བ་ཤ་སྟག་ཡིན་རྒྱུ་རེད། དགེ་རྒན་འོས་སྦྱོང་གནང་མྱོང་མཁན་ཚོས་དགེ་རྒན་འོས་སྦྱོང་གི་སློབ་ཚན་གྱི་ནང་དུ་རྒྱ་གར་ཤེས་ཡོན་གྱི་བྱུང་རབས་ (History of Indian Education) དེ་སློབ་ཀྱི་རེད། ད་ལྟ་ངས་ཞུ་རྒྱུ་དེ་དག་ཁྱེད་རང་ཚོས་གསན་མ་མྱོང་བ་ཞིག་དང་མ་མཁྱེན་པ་ཞིག་ཡོད་མ་རེད་བསམ་གྱི་འདུག ཡིན་ནའང་ད་ལྟ་རྒྱ་གར་གྱི་སློབ་ཚན་ནང་ཡོད་བཞིན་པའི་རྒྱ་གར་ཤེས་ཡོན་གྱི་བྱུང་རབས་དེ་དག་དྲང་པོ་དང་གསལ་པོ་ཞིག་སློབ་ཀྱི་མེད། རྒྱ་གར་ནང་ལ་ཨིན་ཇིའི་མངའ་དབང་མ་རྫོགས་པའི་གོང་ནས་དགེ་རྒན་འོས་སྦྱོང་གི་སློབ་ཚན་དར་བ་དེ་ཚོ་འགྱུར་བ་གང་ཡང་མེད་པར་ད་ལྟའང་ཡོད་མུས་རེད། དེར་བརྟེན་ད་ལྟ་ཁྱེད་ཚོ་མང་པོ་ཞིག་གིས་རྒྱ་གར་གྱི་ནང་དུ་ད་ལྟ་ཡོད་པའི་ཤེས་ཡོན་གྱི་ལམ་སྲོལ་འདི་ག་འདྲ་བྱུང་བ་ཇི་མ་ཇི་བཞིན་སྦས་གསང་མེད་པར་དྲང་པོ་དྲང་ཤག་བྱས་ནས་མ་མཁྱེན་པ་ཡོད་སྲིད། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ། རྒྱ་གར་ཨིན་ཇིའི་མངའ་འོག་ཏུ་མ་ཕྱིན་པའི་གོང་དུ་རྒྱ་གར་མུ་གལ་གྱི་མངའ་འོག་ལ་ཡོད་པའི་བར་དུ་རྒྱ་གར་འདི་ཤེས་ཡོན་གྱི་འབྱུང་གནས་ལྟེ་བ་ཞིག་རེད། རྒྱ་གར་ནང་དུ་ཨིན་ཇིའི་དབང་བསྒྱུར་འགོ་མ་ཚུགས་བར་དུ་འཇིག་རྟེན་ཡོངས་རྫོགས་ཀྱི་ནང་ནས་མང་ཚོགས་ཀྱི་ཤེས་ཡོན་དང་གྲལ་རིམ་བྱེ་བྲག་པ་ཞིག་གི་ཤེས་ཡོན་གཉིས་ཆའི་གནས་ཚད་ཧ་ཅང་གི་མཐོན་པོ་རེད།

ཕྱི་ལོ་ ༡༧༩༥ ནས་ ༡༨༡༢།༡༣ བར་དུ་རྒྱ་གར་ཤར་ཕྱོགས་ཚོ་སྡེས་ (East India Company) རྒྱ་གར་གྱི་ནང་དུ་ཤེས་ཡོན་སློབ་སྦྱོང་གི་གནས་བབ་བསྐྱར་ཞིབ་བྱས་པ་དེ་ཚོའི་ནང་ལ་བལྟས་པ་ཡིན་ན། ས་གནས་ཁ་ཤས་མི་འབོར་མི་བཞི་བརྒྱ་ཐམ་པ་ཡོད་པ་ལ་སློབ་གྲྭ་གཅིག་ཡོད་པ་དང༌། ས་གནས་ཁ་ཤས་ནང་དུ་མི་དྲུག་བརྒྱ་ཐམ་པ་ལ་སློབ་གྲྭ་གཅིག་ཡོད་པ་ད་འདྲ་རེད། ད་ལྟའི་གནས་སྐབས་སུ་མི་འབོར་འབུམ་ཡོད་ཀྱང་སློབ་གྲྭ་མེད་པའི་ས་གནས་མང་པོ་ཡོད། སྐབས་དེ་དུས་རྒྱ་གར་ནང་གཞི་རིམ་གྱི་སློབ་སྦྱོང་དང་མཐོ་རིམ་གྱི་སློབ་སྦྱོང་གཉིས་ཀའི་ལྟེ་གནས་དེ་དར་ཁྱབ་ཆེན་པོ་རེད། སློབ་གྲྭ་དེ་ཚོའི་ནང་དུ་ཧིཾདཱུ་དང༌། ནང་པ། ཁ་ཆེ་བཅས་གཅིག་གྱུར་འགྲོ་བ་མ་གཏོགས། ཆོས་ལུགས་དང་རིགས་ཀྱི་ཁྱད་པར་གང་ཡང་མེད། འོན་ཀྱང་ཧིཾདཱུ་ཆོས་ལུགས་ཀྱི་སློབ་གྲྭ་འགའ་ཤས་ནང་རིགས་དང་ཆོས་ལུགས་ཀྱི་ཁྱད་པར་ཕྱེ་ནས་ཁ་ཤས་འགྲོ་ཆོག་པ་དང་ཁ་ཤས་འགྲོ་མི་ཆོག་པ་ཡོད། གང་ལྟར་ཤེས་ཡོན་གྱི་གནས་སྟངས་དེ་ཧ་ཅང་གི་ཚད་མཐོ་པོ་དང་། རྒྱ་ཁྱབ་ཆེན་པོ་རེད། སྐབས་དེ་དུས་གཞུང་གིས་འགྲོ་སོང་གཏོང་གི་མེད་རུང་། སྤྱི་ཚོགས་སོ་སོས་འགན་ཁུར་གྱིས་གྲོང་གསེབ་ཆེ་བ་རེའི་ནང་སློབ་གྲྭ་གཉིས་རེ་དང༌། གྲོང་གསེབ་ཆུང་བའི་ནང་སློབ་གྲྭ་རེ་མེད་པ་ཧ་ལམ་མེད། ཡིན་ནའང་དབང་སྒྱུར་བྱེད་མཁན་གྱི་ཨིན་ཇིའི་གཞུང་གི་ངོས་ནས་ཁོང་ཚོར་རྗེས་ལུས་དང་ཆེས་མུན་ནག་སོགས་རྒྱ་མིས་ང་ཚོར་བཤད་པ་བཞིན་རྒྱ་གར་ལ་བརྗོད་ཀྱི་ཡོད། ང་ཚོ་འཇིག་རྟེན་གསུམ་པའི་ནང་སྡོད་མཁན་གྱི་མི་དེ་ཚོ་བཅིངས་གྲོལ་གཏོང་རྒྱུ་དེ་ཁོ་ཚོའི་འགན་ཡིན་ (The white man’s burden to liberate the third world people) བསམས་ནས་དེ་ལྟར་བསྡད་པ་རེད།

རྒྱ་གར་ཤར་ཕྱོགས་ཚོ་སྡེ་ཡིས་རྒྱ་གར་དབང་བསྒྱུར་གྱི་རིང་དང༌། དེ་རྗེས་ཨིན་ཇིའི་གཞུང་གིས་ཐད་ཀར་རྒྱ་གར་ནང་དབང་བསྒྱུར་བའི་སྐབས་གཉིས་ཀར་རྒྱ་གར་ནང་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ག་འདྲ་དགོས་མིན་ཐོག་ཧ་ལམ་ལོ་ལྔ་བཅུ་ཙམ་གྱི་བར་དུ་བགྲོ་གླེང་དང་། ཞིབ་འཇུག ཚོད་བལྟ་ཧ་ཅང་མང་པོ་བྱས་པའི་མཐའ་མར་ད་ལྟ་ཨིན་སྐད་ཐོག་ནས་སློབ་རྒྱུའི་ཤེས་ཡོན་གྱི་སྲིད་བྱུས་དེ་གཏན་ལ་ཕབ་པ་ཞིག་རེད།

ཨིན་ཇིས་རྒྱ་གར་དབང་བསྒྱུར་བྱེད་སྐབས་ད་ལྟ་ངས་གོང་དུ་ཞུས་པའི་རྒྱ་གར་གྱི་ཤེས་ཡོན་ལས་དོན་གྱི་དྲྭ་ལས་ (Network) ལྟ་བུ་དེ་རྒྱུ་མཚན་ནམ་ཐབས་ལམ་བཞིའི་ཐོག་ནས་རྩ་གཏོར་བཏང་བ་རེད།  དང་པོ་ཁོ་ཚོས་ག་རེ་བྱས་པ་རེད་ཅེ་ན། རྒྱ་གར་གྱི་གྲོང་གསེབ་ཁག་གི་ནང་དུ་ཡོད་པའི་བཟོ་ལས་དང་ཐོན་སྐྱེད་ཀྱི་ལས་དོན་ཚང་མ་རྩ་མེད་བཏང་བ་རེད། བཟོ་གྲྭ་ཆུང་བ་དེ་ཚོ་ལག་རྩལ་མཐོ་བའི་བཟོ་གྲྭའི་བཤུ་གཞོག་འོག་ཏུ་སོང་ནས་རིམ་པས་ས་གནས་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་དུ་བཏང་བའི་དབང་གིས་དབུལ་ཕོངས་ཆགས་པ་ཡིན་སྟབས། དེའི་རྒྱུ་མཚན་གྱིས་སློབ་གྲྭ་ཁག་ཉམས་ཆག་ཕྱིན་པ་རེད། ས་གནས་ཚང་མ་ཏཧ་སཱིལ་དང་རྫོང་སོགས་སུ་དབྱེ་བ་ཕྱེ་ནས་གྲོང་གསེབ་ལྔ་སྡེའི་འཛིན་སྐྱོང་གི་ལམ་སྲོལ་དེ་རྩ་མེད་དུ་བཏང་བ་དེའི་དབང་གིས་སློབ་གྲྭ་ཉམས་ཆག་ཕྱིན་པ་རེད། ཧིཾདཱུ་དང་ཁ་ཆེ་རྒྱལ་པོ་དེ་ཚོས་སློབ་གྲྭ་མང་པོར་མཐུན་རྐྱེན་སྦྱར་གྱི་ཡོད་པ་དེ་ཨིན་ཇི་གཞུང་དང་རྒྱ་གར་ཤར་ཕྱོགས་ཚོ་སྡེས་བཀག་འགོག་གིས་རིམ་པས་རྒྱལ་པོ་དེ་ཚོའི་དཔལ་འབྱོར་ཉམས་ཆག་ཕྱིན་པ་དང་ཆབས་ཅིག་རྒྱ་གར་གྱི་སློབ་གྲྭ་དེ་ཚོའང་ཉམས་ཆག་ཕྱིན་པ་རེད། དེ་ལྟར་ཨིན་ཇི་དབང་བསྒྱུར་བ་དེ་ཚོས་འཆར་གཞི་དང་ལྡན་པའི་ཐོག་ནས་རྒྱ་གར་གྱི་སྲོལ་རྒྱུན་གྱི་སློབ་སྦྱོང་ལ་ཉམས་ཆག་གཏོང་བའི་ལས་དོན་གཞན་པ་མང་པོ་བྱས་པ་དེའི་དབང་གིས་ཀྱང་རྒྱ་གར་གྱི་ཤེས་ཡོན་སློབ་སྦྱོང་གི་སྒྲོམ་གཞི་དེ་ཕྱི་ལོ་ ༡༨༡༤།༡༨༡༥ ལ་སླེབས་སྐབས་ཧ་ལམ་རྩ་མེད་དང་རྩ་ཐོར་དུ་ཕྱིན་ཟིན་ཞིང་། ཡིག་རྨོངས་ཀྱང་སྔོན་མ་ལས་ཧ་ཅང་མང་དུ་འགྲོ་བའི་གནས་སྟངས་ཤིག་བྱུང་བ་རེད། ཨིན་ཇི་དབང་འཛིན་པ་ཚོ་ལ་ལས་ཀར་བཀོལ་རྒྱུའི་མི་ཕྲན་བུ་ཡི་གེ་ཤེས་མཁན་དེ་འདྲ་མེད་ན་མི་འགྲིག་པ་ཡིན་སྟབས། སློབ་གྲྭ་རེ་བཙུགས་ནས་ཁོ་རང་ཚོ་ལ་འདོད་པ་ཡོད་པའི་སློབ་སྦྱོང་སྤྲོད་པའི་ཐབས་ཤེས་བྱེད་སྐབས། དང་པོ་ཨིན་ཇིའི་གྲོས་ཚོགས་ནང་དགག་བྱ་བྱེད་མཁན་མང་པོ་བྱུང་འདུག གང་ལྟར་རྒྱ་གར་གྱི་ཤེས་ཡོན་སློབ་སྦྱོང་གི་སྒྲོམ་གཞི་ཡོད་པ་དེ་རྩ་མེད་དུ་བཏང༌བ་དང་། ཤེས་ཡོན་སློབ་སྦྱོང་གི་སྒྲོམ་གཞི་གསར་པ་བཀོད་བསྒྲིགས་མེད་པར་རྒྱ་གར་ཡོངས་རྫོགས་ཡིག་རྨོངས་དང་སློབ་སྦྱོང་མེད་པ་ཞིག་ལ་གཞག་རྒྱུའི་ཐབས་ཤེས་བྱས་པ་རེད།

བྷིའུ་ཕོའོ་ (Beaufoy) ཞེས་པ་ཞིག་གིས་ཕྱི་ལོ་ ༡༧༩༢ ལ་ཨིན་ཇིའི་གྲོས་ཚོགས་ནང་དུ་གང་བཤད་ཡོད་ཅེ་ན། ད་ལྟ་ང་ཚོ་ལ་རྒྱ་གར་ནང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྤྲད་དགོས་ཞེས་བཤད་ཀྱི་ཡོད་རུང་། ང་ཚོས་ཨ་མི་རི་ཀ་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྤྲད་པ་དང་། དེ་བཞིན་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཚུགས་ཡོང་དུས་དགག་བྱ་མ་བྱས་པ་དེ་ལྐུགས་རྟགས་ཤིག་བསྟན་པ་རེད། ལྐུགས་རྟགས་དེ་བསྟན་པར་བརྟེན་ང་ཚོའི་ལག་པ་ནས་ཨ་མི་རི་ཀ་ཤོར་བ་རེད། ལྐུགས་རྟགས་དེ་ཡང་བསྐྱར་རྒྱ་གར་ལ་བསྟན་ནས་ང་ཚོས་རྒྱ་གར་གྱི་ནང་དུ་སློབ་སྦྱོང་སྤྲད་པ་ཡིན་ན་རྒྱ་གར་དེའང་ང་ཚོའི་ལག་པ་ནས་ཤོར་གྱི་རེད། དེས་ན་རྒྱ་གར་ནང་ཤེས་ཡོན་སྤྲད་ན་རྩ་བ་ནས་འགྲིག་གི་མ་རེད་ཅེས་བཤད་དེ་ཧ་ལམ་ལོ་ཉི་ཤུ་ཙམ་བར་རྒྱ་གར་ནང་ཨིན་ཇིས་ཤེས་ཡོན་ལམ་སྲོལ་གསར་པ་མ་བཙུགས་པར་དེ་ལྟར་བཀག་ཐུབ་པ་བྱུང་བ་རེད།

ཡིན་ནའང་ཕྱོགས་གཅིག་ནས་རྒྱ་གར་ནང་ཁྲིམས་ཁང་ཡིན་ནའང་རེད། ཉེན་རྟོག་པ་ཡིན་ནའང་རེད། དེ་དག་ཚང་མའི་ནང་ལས་ཀ་བྱེད་མཁན་ཨིན་ཇིའི་ལུང་པ་ནས་ཚུར་ཁྲིད་ཡོང་རྒྱུའི་མི་ཡོད་པ་མ་རེད་ལ། དེས་འདང་གི་ཡོད་པ་མ་རེད། བྱས་ཙང་ཁོ་རང་ཚོར་ཕྱོགས་གཞན་པ་ཞིག་ནས་དགོས་མཁོ་དེ་ག་རེ་ཆགས་པ་རེད་ཅེ་ན། ཁོ་རང་ཚོ་ལ་གཡོག་པོ་རྒྱུག་མཁན་མི་ཨིན་སྐད་ཤེས་མཁན་དགོས་ཀྱི་ཡོད་པར་སོང་། ང་ཚོས་སློབ་སྦྱོང་སྤྲད་ན་མ་གཏོགས་འགྲིག་གི་མི་འདུག་ཟེར་བའི་སྐད་ཆ་དེའང་ཤུགས་ཆེ་རུ་ཆེ་ཕྱིན་ནས་ཕྱི་ལོ་ ༡༨༡༣ ལོར་ཨིན་ཇིའི་གྲོས་ཚོགས་ཀྱིས་ཆེད་འཛུགས་ཚོགས་ཆུང་ཞིག་བཙུགས་པ་རེད།

སར་ཇེམ་སེ་ནེ་གལ་ (Sir James Negal) ཟེར་བ་ཞིག་གིས་སླར་ཡང་དགག་བྱ་བྱས་ཏེ། ད་ལྟ་ང་ཚོས་ཁ་ཆེ་དང་ཧིཾདཱུའི་ཆོས་ལུགས་བར་ལ་མ་འཆམ་པའི་འགལ་ཟླ་ཆེན་པོ་ཞིག་བཟོས་ཐུབ་ཡོད། དེ་བཞིན་ཧིཾདཱུའི་ནང་ལའང་བྲམ་ཟེ་ (Brahmin)  དང་རྒྱལ་རིགས་ (Kshatriya) ཞེས་མི་རིགས་ཀྱི་བར་ལ་དབྱེ་བ་ཆེན་པོ་ཞིག་ཕྱེ་ནས་འཐབ་རྩོད་བྱེད་རྒྱུའི་གནས་ཚུལ་ཡག་པོ་ཞིག་བསྐྲུན་ཐུབ་ཡོད། གལ་ཏེ་ང་ཚོས་ཁོ་ཚོར་གཞི་རིམ་གྱི་སློབ་སྦྱོང་སྤྲད་དེ་ཁོ་ཚོའང་ཚང་མ་ཧ་གོ་མཁན་དང་ཀློག་ཐུབ་མཁན་དེ་འདྲ་ཆགས་པ་ཡིན་ན་དེ་ཚོ་མེད་པ་ཆགས་ཀྱི་རེད། དེར་བརྟེན་རྒྱ་གར་ནང་སློབ་སྦྱོང་སྤྲད་རྒྱུའི་ཉེན་ཁ་དེ་ང་ཚོས་རྩ་བ་ནས་ལེན་ཐུབ་ཀྱི་མ་རེད་ཅེས་ཕྱི་ལོ་ ༡༨༡༣ ལོར་ The Charter Act བཏོན་པའི་སྐབས་སུ་ཡང་བསྐྱར་རྒྱ་གར་གྱི་ནང་སློབ་སྦྱོང་སྤྲོད་རྒྱུའི་ལས་གཞི་དེ་ལམ་འགྲོ་རྒྱུགས་མེད། The Charter Act ཟེར་བ་དེ་ལོ་ཉི་ཤུའི་མཚམས་སུ་རྒྱ་གར་གྱི་དོན་དུ་གཏན་ལ་ཕབ་ཀྱི་ཡོད། ཡིན་ནའང་འཛམ་བུ་གླིང་གི་མི་རིགས་གཞན་པ་དེ་ཚོས་ཨིན་ཇིས་རྒྱ་གར་ནང་དབང་བསྒྱུར་བྱས་ནས་ཤེས་ཡོན་ཐོག་ལས་ཀ་ཁྱོན་ནས་བྱེད་ཀྱི་མི་འདུག་ཅེས་པའི་སྐྱོན་བརྗོད་དེ་ཡོད་མུས་ཡིན་ཙང༌། དེ་སེལ་བའི་ཆེད་དུ་ ༡༨༡༣ ལ་གཏན་ལ་ཕབ་པའི་ The Charter Act ནང་རྒྱ་གར་ཤར་ཕྱོགས་ཚོ་སྡེས་ལོ་ལྟར་བཞིན་རྒྱ་གར་སྒོར་མོ་འབུམ་གཅིག་རྒྱ་གར་བའི་ཤེས་ཡོན་སློབ་སྦྱོང་གི་ཐོག་ལ་གཏོང་དགོས་ཀྱི་ཡོད་ཅེས་དེའི་ནང་ཆ་རྐྱེན་ (Provision) དེ་བཟོས་ཡོད།

དེ་རྗེས་ ༡༨༡༤ ཕྱི་ཟླ་ ༣ པའི་ནང་སྤྱི་ཁྱབ་སྲིད་སྐྱོང་ (Governor General) ལ་གསང་བའི་ཡི་གེ་ཞིག་བཏང་ནས་སྒོར་མོ་འབུམ་གཅིག་རྒྱ་གར་ཤེས་ཡོན་གྱི་ཐོག་ལ་གཏོང་རྒྱུའི་ཆ་རྐྱེན་བཟོས་ཡོད་རུང་། དེའི་བེད་སྤྱོད་བརྒྱ་ཆ་བརྒྱ་ཐམ་པ་སྲིད་དོན་ཐོག་ལ་གཏོང་དགོས། སྲིད་དོན་ཐོག་ཇི་ལྟར་གཏོང་དགོས་ཞེ་ན། ང་ཚོའི་རྒྱུགས་ཁྱི་ཆ་ཚང་བྱེད་ཐུབ་མཁན་གྱི་རྒྱ་གར་གྱི་མི་དེ་ཚོ་བདམས་ནས་དེ་དག་ལ་སློབ་སྦྱོང་སྤྲད་རྒྱུ་དང༌། རྒྱ་གར་གྱི་མཁས་པ་གང་ལ་གང་འཚམས་མི་མང་གི་བསམ་བློ་བཟོ་ཐུབ་མཁན་ (Public opinion) དེ་དག་ལ་དངུལ་དང་མཐུན་རྐྱེན་གྱི་རོགས་རམ་སྤྲད་དེ། ཁོང་ཚོ་ག་ལེར་ང་ཚོའི་ཕྱོགས་སུ་འཐེན་ཐུབ་པ་བཟོ་དགོས། དེ་ནས་མཁས་པ་གང་ལ་གང་འཚམས་ལ་དངུལ་འདིའི་ཐོག་ནས་སློབ་གྲྭ་འཛུགས་རྒྱུའི་མཐུན་རྐྱེན་གང་འཚམས་ཤིག་སྤྲད་དེ་ཁོ་ཚོར་མཐུན་རྐྱེན་དེ་ཚོ་བཟའ་རྒྱུའི་གཤིས་ཀ་དེ་འཇགས་སོང་ན། དེ་ནས་ག་དུས་ཡིན་ཡང་ཁྱེད་རང་གིས་འདི་འདྲ་བྱེད་ན་མཐུན་རྐྱེན་དེ་ཚོ་ཆད་འགྲོ་གི་རེད་ཅེས་སྡིགས་ར་བསྐུལ་ནས་མཐུན་རྐྱེན་དེའི་ཐོག་ནས་ང་ཚོས་ཁོ་ཚོ་དབང་བསྒྱུར་བྱས་ནས་ཉར་ཐུབ་པ་ཆགས་ཀྱི་རེད་ཅེས་བཀོད་ཡོད།

གང་ལྟར་ཤེས་ཡོན་སློབ་སྦྱོང་ཟེར་བ་དེ་ཁྱེད་ཚོས་གང་སར་སློབ་སྦྱོང་སྤྲད་པའི་དོན་དུ་མ་རེད། དེ་ཆབ་སྲིད་ཀྱི་དགོས་མཁོ་རྐྱང་རྐྱང་བསྒྲུབ་རྒྱུའི་ཆེད་དུ་བྱེད་དགོས། ལེགས་སྦྱར་གྱི་སྐད་ཀྱི་ནང་དུ་ཡོད་པའི་དེབ་རྩ་ཆེན་དེ་འདྲ་ཡོད་ན་དེ་ཨིན་སྐད་དུ་བསྒྱུར་ནས་ང་ཚོས་ཤེས་པར་བྱ་དགོས་ཞེས་ཕྱི་ལོ་ ༡༨༡༤ ནང་ལ་དེ་ལྟར་བརྗོད་པ་རེད། ༡༨༣༡ བར་རྒྱ་གར་ནང་ཤེས་ཡོན་མི་སྤྲད་པའི་སྲིད་བྱུས་ཐོག་མུ་མཐུད་བསྡད་ཐུབ་པ་བྱུང། ༡༨༣༠ ནང་ཡང་བསྐྱར་ཨིན་ཇིས་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཟུར་པ་ཞིག་བཙུགས་ཏེ། ད་ང་ཚོས་ཐབས་ཤེས་ཤིག་བྱེད་ན་མ་གཏོགས། མིས་འདང་གི་མི་འདུག་ཅེས་སོགས་བཤད་ཅིང་། དེའི་ཐོག་ལོཌ་མེ་ཀོ་ལེ་ (Lord Macaulay) ཕྱི་ལོ་ ༡༨༣༣ ནས་ ༡༨༣༥ བར་རྒྱ་གར་དུ་བཏང་བ་རེད། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ད་བར་ལག་ལེན་བསྟར་བཞིན་པ་འདི་དང་པོ་བཟོ་མཁན་ལོཌ་མེ་ཀོ་ལེ་ཟེར་བ་དེ་རེད། དེ་བཟོས་པའི་དུས་ཚོད་དེ་ ༡༨༣༥ རེད།

ཕྱི་ལོ་ ༡༨༣༥ ལོར་ལོཌ་མེ་ཀོ་ལེས་གཏམ་བཤད་རིང་པོ་ཞིག་བྱས་ཡོད། དེའི་མིང་ལ་ལོཌ་མེ་ཀོ་ལེའི་ཆེད་གཉེར་ཚོགས་ཆུང་གི་ཚིག་ཐོ་ཟེར་བ་དེ་དྲྭ་རྒྱའི་ནང་ནས་རག་གི་རེད། དེའི་ནང་ཤེས་ཡོན་སྤྲོད་རྒྱུ་མེད་ཟེར་མཁན་གྱི་མི་དེ་ཚོས་རྒྱུ་མཚན་བཤད་པ་དེ་བདེན་པ་ཡིན་མིན། ཤེས་ཡོན་སྤྲད་དགོས་ཟེར་མཁན་གྱི་མི་དེ་ཚོའི་བསམ་ཚུལ་ག་རེ་ཡིན་མིན། ཁོ་རང་གི་བསམ་ཚུལ་ག་རེ་ཡིན་པ་སོགས་འཁོད་ཡོད། ད་ལྟ་ཁོ་རང་གི་བསམ་ཚུལ་ཡོངས་རྫོགས་མདོར་བསྡུས་པ་ཡིན་ན། རྒྱ་གར་གྱི་མི་འདེམས་སྒྲུག་བྱས་པའི་གྲངས་ཚད་བྱེ་བྲག་པ་ཞིག་ལ་ང་ཚོས་སློབ་སྦྱོང་སྤྲད་ནས་སློབ་སྦྱོང་ཡོད་པའི་མིའི་གྲལ་རིམ་ཞིག་བཟོ་དགོས། སློབ་སྦྱོང་ཡོད་མཁན་གྱི་གྲལ་རིམ་ཞིག་བཟོས་ནས་དེ་ལ་ཨིན་ཇིའི་སྐད་ཡིག་གི་ཐོག་ནས་ནུབ་ཕྱོགས་པའི་སློབ་སྦྱོང་ཆ་ཚང་བ་ཞིག་སྤྲོད་དགོས། དེ་འདྲའི་གྲལ་རིམ་དེས་ནུབ་ཕྱོགས་པའི་རིག་གཞུང་ལ་རིན་ཐང་ཡོད་པ་དང༌། རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་རིན་ཐང་གང་ཡང་མེད་པ་དེ་གསལ་པོ་ཤེས་ཐུབ་པ་ཞིག་ང་ཚོས་བཟོ་དགོས། དེ་ལྟར་གྲལ་རིམ་དེས་ཤེས་པ་ཡིན་ན། དེ་ཚོའི་བརྒྱུད་ནས་རྒྱ་གར་གྱི་ས་གནས་ཀྱི་མི་དེ་དག་ང་ཚོས་དབང་བསྒྱུར་བྱེད་ཐུབ།  གང་ལྟར་ཁྲག་དང་པགས་པ་དེ་རྒྱ་གར་བསྡད་ཀྱི་རེད་མ་གཏོགས། དེ་མ་ཡིན་པ་ཆ་ཚང་ཨིན་ཇི་བཟོ་དགོས་ཀྱི་རེད་ཅེས་བཤད་ཡོད། (We must at present do our best to form a class who may be interpreters between us and the millions whom we govern,  –a class of persons Indian in blood and colour, but English in tastes, in opinions, in morals and in intellect. To that class we may leave it to refine the vernacular dialects of the country, to enrich those dialects with terms of science borrowed from the Western nomenclature, and to render them by degrees fit vehicles for conveying knowledge to the great mass of the population.)

མདོར་ན་ཁོ་ཚོའི་དམིགས་ཡུལ་དེ་གང་རེད་ཅེ་ན། ཨིན་ཇིའི་སྐད་ཡིག་བརྒྱུད་ནས་སློབ་སྦྱོང་སྤྲད་པའི་དོན་དག་གཙོ་བོ་དེ་ཁྲག་དང་ཚོན་མདོག་དེ་རྒྱ་གར་བ་རང་དུ་གནས་ཀྱི་རེད། དེ་མ་ཡིན་པའི་བསམ་བློ་གཏོང་སྟངས་དང་། འདུན་པ་བྱེད་སྟངས། བཟང་ངན་གྱི་དབྱེ་བ་ཕྱེ་སྟངས། ཤེས་ཡོན་སོགས་ཚང་མ་ཨིན་ཇིའི་མི་ཡིན་པ་ཞིག་བྱུང་བ་ཡིན་ན་དེ་ནས་ང་ཚོའི་དབང་བསྒྱུར་དེ་ཇི་སྲིད་ཀྱི་བར་དུ་གནས་ཐུབ་པ་ཡོང་གི་རེད་ཅེས་པ་དེ་རེད། ཁོའི་སྙན་ཐོའི་ནང་ལ་ཡོད་པ་རྣམས་སྐབས་དེའི་སྤྱི་ཁྱབ་སྲིད་སྐྱོང་ཝིལིཡམ་བེནྚིནྐ་ (William Bentinck) ཟེར་བ་ཞིག་གིས་ངོས་ལེན་བྱས་ཏེ་དེ་དུས་སྒོར་མོ་འབུམ་གཅིག་གི་འགྲོ་སོང་གཏོང་རྒྱུ་ཆ་ཚང་ཨིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཆེད་དུ་གཏང་རྒྱུ་དང༌། ཨིན་ཇིའི་ཤེས་ཡོན་ལམ་ལུགས་ད་ལྟ་ཡོད་པ་དེ་བཙུག་རྒྱུ། དེའི་སྔོན་ནས་འབུམ་གཅིག་ཡོད་པ་དེ་འབུམ་བཅུ་ལ་སྤར་རྒྱུ་ཆ་ཚང་ ༡༨༣༥ ནས་བྱུང་བ་ཞིག་རེད།

ཕྱི་ལོ་ ༡༨༣༥ ནས་འགོ་བཙུགས་པའི་ཨིན་ཇིའི་ཤེས་ཡོན་དེ་རྒྱ་གར་ནང་དར་ཁྱབ་ཆེན་པོ་བྱས་ཏེ་ཁོ་ཚོའི་འདོད་པ་ཡོད་པའི་དེ་འདྲའི་གྲལ་རིམ་ཞིག་བཏོན་ཐུབ་པ་བྱུང་བ་རེད། ཡིན་ནའང་དེ་ལ་བརྟེན་ནས་སློབ་སྦྱོང་ཐོན་མཁན་གྱི་མི་དེ་ཚོ་རྗེས་སུ་ཨིན་ཇི་ལ་ངོ་ལོག་ཤུགས་ཆེ་རྒྱག་མཁན་འཐོན་གྱི་རེད་ཟེར་མཁན་གྱི་གྲལ་རིམ་ཞིག་ད་ལྟ་ཨིན་ཇིའི་ནང་ལ་མེད་པ་མ་ཆགས་པ་ཡིན་ཙང༌།  ༡༨༥༥ ལོར་བསྐྱར་དུ་ཁོ་ཚོས་ལོ་ཉི་ཤུར་འཚམས་པའི་ Charter Act ཞིག་བཟོ་དགོས་ཀྱི་ཡོད། དེ་མ་བཟོས་གོང་དུ་ ༡༨༥༣ ལོར་ཨིན་ཇིའི་གྲོས་ཚོགས་ཀྱིས་བསྐྱར་ཞིབ་བྱས་ཡོད། ཆེད་འཛུགས་ཚོགས་ཆུང་ཞིག་བཙུགས་ཏེ་དེས་བསྐྱར་ཞིབ་བྱས་པ་དེ་ཨེཆ་ཇི་བེ་སནྟ་ (H.G. Besant) ཟེར་བ་དེས་ལོཌ་མེ་ཀོ་ལེ་ཡི་སྲིད་བྱུས་དེ་ཧ་ཅང་ཡག་པོ་བྱུང་ཚུལ་གྱི་རྩོམ་ཡིག་རིང་པོ་ཞིག་བྲིས་ནས་གྲོས་ཚོགས་ཀྱི་མདུན་ལ་བཞག་སྟེ་ཉིན་གསུམ་གྱི་རིང་ལ་དྲི་བ་དྲིས་པ་ཁག་ལ་ལན་བརྒྱབས་འདུག དེ་ཡང་ཁོང་གིས་བཤད་རྒྱུ་ལ། སྔོན་མ་ཁོ་ཚོར་སློབ་སྦྱོང་མ་སྤྲད་པའི་སྐབས་སུ་རྒྱ་གར་གྱི་ཧིཾདཱུ་ཚོས་ཁོ་ཚོར་ཀླ་ཀློ་ཞེས་དང་། རྒྱ་གར་གྱི་ཁ་ཆེ་ཚོས་ཁོ་ཚོར་ཀ་ཕིར་ཞེས་བརྗོད་ཀྱི་ཡོད། ད་ལྟ་ཁོ་ཚོར་ཨིན་ཇིའི་སློབ་སྦྱོང་སྤྲད་པའི་རྗེས་སུ་ཧིཾདཱུ་དང་ཁ་ཆེ་ཚང་མ་ཁོ་རང་ཚོའི་གནའ་རབས་ཀྱི་སྲོལ་རྒྱུན་དེ་ཚོ་ཚན་རིག་དང་མི་མཐུན་པ་དང་། དངོས་དོན་དང་མི་མཐུན་པ། རྨོངས་དད་ཡིན་པ་དང་། ནུབ་ཕྱོགས་ཀྱི་རིག་གཞུང་འདི་ཡང་དག་པ་དང་ཚན་རིག་དང་མཐུན་པ་ཡིན་པ་ཧ་གོ་རྗེས་ད་ལྟ་ང་ཚོ་ལ་ཀླ་ཀློ་དང་ཀ་ཕིར་ཞེས་བརྗོད་ཀྱི་མེད། ཚང་མ་ག་དུས་ཡིན་ནའང་རིག་གཞུང་དང་ཤེས་ཡོན་གྱི་ཐོག་ནས་ཨིན་ཇི་ལུང་པ་དང་། ཨིན་ཇིའི་རྒྱལ་པོ། ཨིན་ཇིའི་རིག་གཞུང་། ཨིན་ཇིའི་སྐད་ཡིག ཨིན་ཇིའི་ལེགས་བྱང་བཅས་ལ་སྙིང་ཐག་པ་ནས་མོས་མཐུན་བྱེད་མཁན་གྱི་གྲལ་རིམ་ཞིག་ཆགས་ཡོད། ད་ལྟ་བསྐྱར་དུ་བསྐྱར་ཞིབ་དང་། དྭོགས་པ་བྱེད་དགོས་པ་ཁྱོན་ནས་མེད། འདི་ཚོའི་ནང་ནས་རྒྱལ་ཞེན་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གཏོང་མཁན་ཚང་མ་ཨིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་ནང་ལོགས་ནས་བསམ་བློ་གཏོང་བ་མ་གཏོགས།  དེ་ལས་ཟུར་གཅིག་ནས་གཏོང་ཐུབ་པ་རྩ་བ་ནས་མེད། དེ་ལ་ཐུགས་དྭོགས་གནང་དགོས་མི་འདུག་ཅེས་བཤད་ཡོད། ཕྱི་ལོ་ ༡༨༥༣ རྗེས་སུ་ཨིན་ཇིས་བསྐྱར་ཞིབ་བྱས་མི་འདུག གཏན་ལ་འཁེལ་རྗེས་ད་ལྟ་ང་ཚོའི་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་སྲིད་བྱུས་འདི་དེ་འདྲ་བྱས་ནས་བྱུང་བ་ཞིག་རེད། དེ་ལྟར་རྒྱ་གར་གྱི་ངོས་འཛིན་བརླག་རྒྱུ་དང་། ཨིན་ཇིའི་ངོས་འཛིན་སྲ་བརྟན་བཟོ་ཐུབ་པ། རྒྱ་གར་རང་བཙན་ཐོབ་ནས་ལོ་དྲུག་ཅུར་ཉེ་ནའང་ད་དུང་རྒྱ་གར་སོ་སོའི་ཡུལ་སྐད་ཀྱི་ཐོག་ནས་ལས་ཀ་བྱེད་མ་ཐུབ་པ་དེ་དག་ཚང་མ་གནས་ཚུལ་དེ་འདྲ་ཞིག་གི་ཐོག་ནས་བྱུང་བ་རེད།

ཁོ་ཚོས་གཏིང་ཟབ་ཀྱི་ཉམས་ཞིབ་བྱས་པའི་གྲུབ་འབྲས་ལ་ག་རེ་ཐོན་པ་རེད་ཅེ་ན། སྐད་ག་འདྲ་ཞིག་རྒྱུན་སྤྱོད་བྱེད་རྒྱུའི་སྐད་དེ་བཟོ་ཐུབ་པ་ཡིན་ན་དེ་ནས་མི་དེ་སྐད་ཡོང་སའི་ལུང་པ་དེའི་འོག་ཏུའམ། ཡང་ན་ལུང་པ་དེའི་ལེགས་བྱང་དང་མཐུན་པ་ཞིག་ལ་འགྲོ་རྒྱུ་དེ་རེད། དུས་ཡུན་རིང་པོ་ཞིག་ལ་ཉམས་ཞིབ་དང་ཚོད་བལྟ་བྱས་པའི་གྲུབ་འབྲས་སུ་དངོས་སུ་ཐོན་པ་རེད། དེ་ད་ལྟའང་འཛམ་གླིང་ནང་ཡོངས་གྲགས་རེད་མ་གཏོགས། སུས་ཀྱང་དེ་མ་རེད་ཅེས་བཤད་ཀྱི་མེད།

འདས་པའི་ལོ་ལྔ་བཅུ་ང་གྲངས་ནང་རྒྱ་མིས་བོད་ཀྱི་སྐད་ཡིག་རྩ་གཏོར་གཏང་རྒྱུ་དང་། བོད་ཀྱི་སྐད་དེ་ལྷག་པ་ཡིན་ནའང་དེ་རྒྱ་སྐད་ཀྱི་ཆ་ཤས་ཤིག་མ་གཏོགས་ཟུར་དུ་མིན་པ། དེང་སང་བོད་ནས་ཡོང་བའི་བརྙན་འཕྲིན་སོགས་སུ་གཟིགས་ན་བོད་སྐད་རྒྱག་གི་ཡོད་དམ། ཡང་ན་རྒྱ་སྐད་རྒྱག་གི་ཡོད་ཧ་མ་གོ་བའི་གདངས་ཤིག་གི་ཐོག་ནས་བོད་ཀྱི་ཚིག་བེད་སྤྱོད་གཏང་རྒྱུ་དེ་དག་ཚང་མ་ད་ལྟ་མཐོང་དང་མཐོང་བཞིན་པ་རེད།

ཤེས་ཡོན་གྱི་སྲིད་བྱུས་ག་འདྲ་ཡིན་རུང་གཞི་རྩའི་མི་རིགས་རང་གི་ངོས་འཛིན་དང་སྐད་ཡིག་འཛིན་སྐྱོང་བྱེད་ཐུབ་པའི་གུ་ཡངས་ཤིག་མ་སྤྲད་པ་ཡིན་ན་ཡོང་རྒྱུ་མེད་པ་དེ་ཧ་ཅང་གསལ་པོ་རེད། མདོར་བསྡུས་ནས་བཤད་ན། གང་ཟག་སོ་སོའི་རྒྱུད་ལ་ཡོད་པའི་ནུས་པ་ (Individual potential) དེ་ཆ་ཚང་རྒྱས་ཐུབ་པ་དང་། གསལ་ཐུབ་པ། འཕེལ་ཐུབ་པའི་གོ་སྐབས་མ་སྤྲད་པར། དེ་རྦད་དེ་རྩ་མེད་ལ་བཏང་ནས། དཔེར་ན་ཀམ་པུ་ཀྲར་ནང་དུ་བཅུག་པ་ (Input) བཞིན་ཚང་མ་ཕྱི་ནས་བླུགས་པའམ་ཀླད་པ་བཀྲུས་པ་ (Indoctrinate) ལྟ་བུའི་ལམ་ནས་ཕྱིན་ན་དེ་འགྲིག་གི་ཡོད་པ་མ་རེད།

གཞི་རིམ་གྱི་གནས་ཚུལ་དེ་ཚོ་གཞི་རྩ་ལ་བཞག་ནས་ཤེས་ཡོན་སྲིས་བྱུས་ཤིག་དགོས་ཀྱི་ཡོད་པ་དང༌། ད་ལྟ་ང་ཚོས་ལག་ལེན་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་དེ་ལོཌ་མེ་ཀོ་ལེས་ལོ་མང་དཀའ་ལས་བརྒྱབས་ནས་བཟོས་པའི་རྒྱ་གར་ཨིན་ཇི་ལ་བསྒྱུར་རྒྱུའི་ལམ་སྲོལ་དེ་རང་ཡིན་པ་དང༌། ད་ལྟ་བོད་ནང་ཡོད་པའི་ཤེས་ཡོན་སྲིད་བྱུས་དེ་བོད་པ་རྒྱ་མི་ལ་བསྒྱུར་རྒྱུའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་བཅས་ངོས་མ་ཟིན་པ་ཡིན་ན་ཁྱད་པར་ཆེན་པོ་ཞིག་མེད་པ་དེ་ང་ཚོས་གསལ་པོ་ཤེས་དགོས།

ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ཤེས་ཡོན་ཐོག་གནང་བའི་བཀའ་སློབ་ཁག་དང་། ནང་པའི་ཆོས་ཀྱི་ལྟ་གྲུབ་གལ་ཆེ་བ་དེ་ཚོ་གཞི་རྩ་ལ་བཟུང༌། བདག་ཉིད་ཆེན་པོ་གཱཾདྷཱིས་རྒྱུན་རིང་ཉམས་ཞིབ་གནང་ནས་གཏན་ལ་ཕབ་པའི་ཤེས་ཡོན་གྱི་སྲིད་བྱུས་གསར་པ་དང་། དེ་བཞིན་རབཱིནྡྲ་ནཱཐ་ཋཱཀུར་དང་། ཤྲཱི་ཨརབིནྡ་གྷོཥ། ཇིདྡུ་ཀྲྀཥྞམཱུརྟི་བཅས་ཀྱིས་ཤེས་ཡོན་ཐོག་འབད་བརྩོན་དང་ཚོད་བལྟ་གནང་བ་ཁག་གིས་ཟུར་བརྒྱན། དེ་ནས་ང་ཚོ་བཙན་བྱོལ་བོད་མིས་འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ཉམས་མྱོང་བསགས་པ་དེས་ཁ་བསྐངས་ཏེ་ད་ལྟ་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་བྱུང་བ་རེད། བདག་ཉིད་ཆེན་པོ་གཱཾདྷཱིས་ཤེས་ཡོན་སྲིད་བྱུས་གསར་པ་དེ་གཏན་ལ་ཕབ་པའི་རྗེས་སུ་འདི་ངས་རྒྱ་གར་གྱི་མི་རིགས་ལ་འབུལ་བ་མཐའ་མ་དང་ཡག་ཤོས་དེ་ཡིན་ཞེས་གསུངས་ཡོད། ཡིན་ནའང་སྟབས་ཉེས་པ་ཞིག་ལ། རྒྱ་གར་ནང་འདི་ལག་ལེན་དུ་འཁེལ་ཐུབ་མེད། ལོཌ་མེ་ཀོ་ལེའི་སྲིད་བྱུས་འདི་ནུས་ཤུགས་ཆེ་ཐག་ཆོད་པ་དང་། མི་ཚང་མའི་ཁ་ལ་ཞིམ་ཐག་ཆོད་ནས་རྒྱ་གར་རང་བཙན་ཐོབ་ནས་ད་བར་རཱདྷཱ་ཀྲྀཥྞ་ལྷན་ཚོགས་ (Radha Krishna Commission) ནས་རཱམ་མཱུརྟི་ལྷན་ཚོགས་ (Rama Murti Commission) བར་ཚོགས་ཆུང་ལྔ་བཙུགས་རུང་། ཚང་མས་ལྷན་པ་ལྟ་བུ་མ་གཏོགས་གཞི་རིམ་གྱི་འགྱུར་བ་བཏང་བ་གང་ཡང་བྱུང་མེད།

ཚོགས་ཆུང་གི་རྒྱབ་གཉེར་ཁག་ལའང་གཞུང་གིས་ངོས་འཛིན་དང་ལག་ལེན་བསྟར་ཐུབ་མེད་ལ། སྤྱི་ཚོགས་ཀྱིས་ཀྱང་ངོས་འཛིན་བྱས་མེད། ད་ལྟའི་གནས་སྐབས་སུ་ང་ཚོའི་སྤྱི་ཚོགས་ནང་དུའང་ཤེས་ཡོན་སྲིད་བྱུས་དེ་ལག་ལེན་བསྟར་ཁག་པོ་རེད་ཅེས་མི་མང་པོས་བཤད་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་གསར་པ་མཐོང་མཁན་གྱི་མི་མང་པོས་ཡག་པོ་བྱུང་འདུག་རུང་། ལག་ལེན་བསྟར་ཁག་པོ་རེད་ཅེས་བརྗོད་ཀྱི་ཡོད། ལག་ལེན་དུ་བསྟར་ཐུབ་དང་མ་ཐུབ་ནི་དགེ་རྒན་དང་ལས་བྱེད་ཀྱི་བྱེད་སྟངས་དང་། སྒྲིག་འཛུགས་དང་འཛིན་སྐྱོང་གི་ཆབ་སྲིད་ཀྱི་ཆོད་སེམས། སྤྱི་ཚོགས་ཀྱི་མཐུན་འགྱུར། ཁོར་ཡུག སློབ་གཉེར་བ་བྱེ་བྲག་པའི་འདུན་པ་སོགས་ཕྱོགས་མང་པོ་ཞིག་ལ་རག་ལུས་ཡོད། འོན་ཀྱང་དེ་དག་ལས་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེ་དགེ་རྒན་གྱི་གཤིས་སྤྱོད་ལ་རག་ལུས་པ་རེད་བསམ་གྱི་འདུག དགེ་རྒན་གྱི་གཤིས་སྤྱོད་དེ་དོན་དང་མཐུན་པ་ཞིག་ཡོང་ཐུབ་ན། ང་ཚོའི་སྲིད་བྱུས་དེ་དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་ཤིག་ཡིན་སྟབས། མཐུན་རྐྱེན་གཞན་པ་ཚོ་རང་བཞིན་གྱིས་ཚང་འགྲོ་གི་རེད་ལ། ཚང་མེད་ནའང་ཚང་བར་བཟོ་ཐུབ་པ་ཞིག་རེད།  གཞི་རྩའི་མཐུན་རྐྱེན་ནི་དགེ་རྒན་གྱི་བསམ་བློ་ཚད་ལྡན་ཞིག་མ་བྱུང་ན་ལག་ལེན་དུ་བསྟར་མ་ཐུབ་པ་ཡོང་སྲིད། དེས་ན་ང་ཚོའི་ངོས་ནས་ཚད་ལྡན་གྱི་དགེ་རྒན་བསྐྲུན་རྒྱུ་དེ་ཤེས་ཡོན་སྲིད་བྱུས་གསར་པ་ལག་ལེན་ལ་བསྟར་རྒྱུའི་མཐུན་རྐྱེན་གལ་གནད་ཆེ་ཤོས་ཤིག་ལ་བརྩིས་ཏེ་འབད་བརྩོན་བྱེད་རྒྱུའི་བསམ་བློ་གཏོང་གི་ཡོད་ལ། སློབ་གྲྭའི་འགན་འཛིན་རྣམས་ཀྱིས་ཀྱང་གནས་ཚུལ་དེ་ངོས་ཟིན་དགོས་པ་དེ་གལ་ཆེན་པོ་རེད།

ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་གནས་བབ་དེ་ག་འདྲ་རེད། མ་འོངས་པར་ཡོང་སྲིད་པ་གང་དང་གང་རེད། མ་འོངས་པར་ཡོང་ངེས་པ་གང་དང་གང་རེད། དེ་ཚོ་ཁྱོན་ཡོངས་སུ་དགོངས་པ་བཞེས་ནས་འཇིག་རྟེན་གྱི་མཐོང་ཚུལ་ལམ། ཡོངས་ཁྱབ་འཇིག་རྟེན་གྱི་ལྟ་སྟངས་ (World view) གསལ་པོ་ཞིག་མེད་ན་ཤེས་ཡོན་སྲིད་བྱུས་དེ་ལ་རྒྱབ་སྐྱོར་ཡང་གནང་ཐུབ་ཀྱི་མ་རེད་ལ། སྲིད་བྱུས་དེ་ལ་དགག་པ་ཡང་གནང་ཐུབ་ཀྱི་མ་རེད། དེ་ནི་ལུང་ཞུས་པ་བཞིན་ཆགས་འགྲོ་རྒྱུ་རེད།

སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་འདི་ལ་འགལ་ཟླ་གནང་ནས་དགག་པ་བརྒྱབ་པ་ཡིན་ནའང་རེད། མཐུན་འགྱུར་གནང་ནས་རྒྱབ་སྐྱོར་གནང་བ་ཡིན་ནའང་རེད། ད་ལྟ་ང་ཚོ་དེང་རབས་གོང་མའི་ (Post modern) གནས་སྟངས་ནང་ཡོད་པའི་སྐབས་ཤིག་རེད། གནས་སྐབས་འདིའི་ནང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་ལས་འགན་ག་རེ་རེད། བོད་མི་གཅིག་ཡིན་པའི་ཆ་ནས་ང་ཚོའི་ལས་འགན་ག་རེ་རེད། ནང་པ་ཞིག་ཡིན་པའི་ཆ་ནས་ང་ཚོའི་ལས་འགན་ག་རེ་རེད། བསྒྲུབ་འོས་པ་ག་རེ་རེད། དེ་ཚོ་ར་འཕྲོད་པ་ཡིན་ན་སྲིད་བྱུས་འདི་ལ་རྒྱབ་སྐྱོར་ག་འདྲ་གནང་དགོས་མིན་དང་གནང་ཐུབ་པ་ཞིག་ཡོང་གི་རེད། ང་ཚོས་འཇིག་རྟེན་གྱི་མཐོང་སྣང་དེ་རང་གི་རང་དབང་བའི་འཇིག་རྟེན་ལ་མཐོང་སྣང་ཞིག་མེད་པར། ལྷག་པ་རྒྱག་ཕྱོགས་དང་། ཡང་ན་ད་ལྟ་བརྒྱུད་ལམ་ཁག་གིས་བསྐྲུན་པའི་འཇིག་རྟེན་གྱི་ལྟ་ཚུལ་འདིའི་ནང་ཞུགས་པ་ཡིན་ན། ད་ལྟ་བཤད་པའི་གནས་ཚུལ་རྣམས་རྭ་འཕྲོད་པ་དང་གོ་བརྡ་འཕྲོད་ཁག་པོ་རེད། དེས་ན་ད་ལྟ་ངས་ཞིབ་ཕྲ་ཞུས་ཟིན་པ་ལྟར་གཟིགས་ཐུབ་དགོས།

ཨིན་ཇིའི་གྲོས་ཚོགས་ཀྱི་བགྲོ་གླེང་རྣམས་དང་། ཨིན་ཇིས་རྒྱ་གར་ནང་བཙུགས་པའི་ལྷན་ཚོགས་འཛིན་སྐྱོང་གི་ཚིག་ཐོ། ལྷག་པར་དུ་ལོཌ་མེ་ཀོ་ལེའི་ཚིག་ཐོ་བཅས་ངེས་པར་དུ་གཟིགས་དགོས། དེ་ཚོ་ཕྱོགས་གཅིག་ཏུ་གཟིགས་རྒྱུར་ཐུགས་འདོད་ཡོད་ན། པཎྜིཏ་སུནྡར་ལཱལ་ (Pundit Sundar Lal) གྱིས་བརྩམས་པའི་རྒྱ་གར་ནང་ཨིན་ཇིའི་དབང་བསྒྱུར་ (Bharat mein Angreji Raj) ཞེས་པའི་དེབ་པོད་གཉིས་ཡོད། སྟབས་ཉེས་པ་ཞིག་ལ་དེབ་དེ་ཨིན་སྐད་ནང་མེད། ཨིན་ཇིའི་གྲོས་ཚོགས་ཀྱི་བགྲོ་གླེང་དང་ལྷན་ཚོགས་ཀྱི་སྙན་ཐོ་སོགས་ཇི་མ་ཇི་བཞིན་ཧིནྡཱིའི་སྐད་དུ་བསྒྱུར་ཡོད། ཨིན་སྐད་དུའང་ཇི་བཞིན་ལུང་དྲངས་ནས་བཞག་འདུག། དེའི་ནང་ཆ་ཚང་གཟིགས་ཐུབ།

རྒྱབ་ལྗོངས་དེ་དག་ཆ་ཚང་གཟིགས་པ་ཡིན་ན། ང་ཚོས་ཅིིའི་ཕྱིར་ཨིན་སྐད་དེ་སློབ་སྦྱོང་གི་བརྒྱུད་ལམ་བྱེད་ན་འགྲིག་གི་མི་འདུག རྒྱ་སྐད་དེ་སློབ་སྦྱོང་གི་བརྒྱུད་ལམ་བྱེད་ན་འགྲིག་གི་མ་རེད། རྒྱུ་མཚན་གང་ལ་བརྟེན་ནས་སོ་སོའི་མ་སྐད་དེ་སློབ་སྦྱོང་གི་བརྒྱུད་ལམ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་པའི་རྒྱུ་མཚན་རྣམས་གཞི་ནས་རྙེད་ཐུབ། ད་ལྟའི་གནས་སྐབས་ཀྱི་ལས་དོན་བྱེད་ཕྱོགས་རྐྱང་པ་ཞིག་དང་། འཕྲལ་སེལ་གྱིས་མ་འོངས་པར་སློབ་སྦྱོང་ཐོན་པ་ཡིན་ན་གཡོག་པོ་རྒྱུག་རྒྱུའི་གནས་ཚུལ་ཙམ་ལ་བསམ་བློ་བཏང་སྟེ་ཕྱིན་པས། གནས་སྐབས་ཤིག་ལ་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཕྲེང་ནང་ལ་ཡོད་པ་རྣམས་ཀློག་ཐུབ་ཀྱང་། ཡིག་ཕྲེང་གི་བར་ལ་ཡོད་པ་དེ་ཚོ་ཤེས་ཀྱི་མ་རེད་བསམ་གྱི་འདུག ཨིན་ཇིའི་བཤད་སྟངས་བྱེད་ན་ Between the lines དང་། ང་ཚོ་བོད་པའི་བཤད་སྟངས་བྱེད་ན་དངོས་བསྟན་དང་། ཤུགས་བསྟན། བརྒྱུད་ནས་བསྟན་པ། དོན་གྱིས་འཕངས་པ་བཅས་ཚང་མ་གཟིགས་དགོས་ཀྱི་རེད། དེ་ཚོ་ཚང་མར་གཟིགས་ཏེ་རྒྱབ་ལྫོངས་ཀྱི་གནས་ཚུལ་ཞིབ་ཕྲ་ཞི་རྒྱ་ཆེ་བའི་ཐོག་ནས་གཟིགས་དགོས་པ་དེ་གལ་ཆེན་པོ་རེད།

ཤེས་ཡོན་སྲིད་བྱུས་ཀྱི་མཐའ་མའི་ཡིག་ཆ་གཏན་འབེབས་བྱེད་སྐབས་ངས་དེ་ལ་སྔོན་གླེང་གཅིག་འབྲི་དགོས་ཀྱང་། དུས་ཚོད་མ་ཐོབ་པའི་དབང་གིས་བྲིས་ཐུབ་མེད། དེའི་ཚབ་ཏུ་ནུབ་ཕྱོགས་ཀྱི་མཁས་པ་རྣམས་གདན་ཞུས་ཀྱིས་ང་ཚོས་བཀའ་སློབ་ཞུས་པའི་སྐབས་སུ་ཚོགས་ཐེངས་གཅིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་སྟེ་གཟིམས་ཆུང་ནང་གནང་བ་རེད། དེའི་ངོ་སྤྲོད་བོད་སྐད་དུ་བསྒྱུར་ཐུབ་མེད་ཀྱང་། ཨིན་ཡིག་ཐོག་ཤོག་བུ་ཁ་ཤས་ཞུས་ཡོད། གལ་སྲིད་ལྗགས་ཀློག་གནང་འདོད་ཡོད་ན། དེའི་འདྲ་བཤུས་བཟོས་ཏེ་འདི་གར་གཞག་རྒྱུ་ཡིན། འདི་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་འདིའི་སྔོན་བརྗོད་ཀྱི་གོ་ཆོད་ཀྱི་རེད་བསམ་གྱི་འདུག

ཤེས་རིག་ལས་ཁུངས་དང་བཙན་བྱོལ་གཞུང་གིས་ངེས་པར་དུ་ཤེས་དགོས་པ་ཁྱེད་ཚོའི་ངོས་ནས་བཀའ་ག་རེ་གནང་རྒྱུ་ཡོད་ན་འཛེམས་ཟོན་མེད་པར་གསལ་པོ་བཀའ་གནང་རོགས་གནང་ཞུ་རྒྱུ་ཡིན། རྒྱབ་ནས་མང་པོ་ཞིག་གསུངས་ཏེ་བཞུགས། དངོས་སུ་གསུང་སར་ཕེབས་དུས་མ་གསུངས་པ་དེ་འདྲ་མང་པོ་ཡོང་གི་འདུག སྤྱིར་བཏང་སྤྱི་ཚོགས་ནང་གཏམ་བཤད་བྱེད་དུས་དགོངས་འཆར་དང་། སྐྱོན་བརྗོད། ཐུགས་བློ་མ་ཁེངས་པའི་གནས་ཚུལ་མང་པོ་གསུང་རྒྱུ་ཡོད་རུང་། དངོས་སུ་འབྲེལ་ཡོད་ཀྱི་མི་དང་མཉམ་དུ་གདོང་དང་གདོང་གཏུགས་ཏེ་སྐད་ཆ་བཤད་སྐབས། མཁས་པོ་མཛེས་པོ་བཤད་པ་མ་གཏོགས། ཐུགས་ལ་གང་དྲན་པ་དེ་མ་གསུངས་པར་ལུས་འགྲོ་བ་དང་། གང་ལྟར་མི་དང་མི་ཐུག་པའི་སྐབས་སུ་མ་གོ་བ་ཡིན་དུས་ཚད་ལྡན་ཞིག་ཆགས་ཀྱི་མི་འདུག དེར་བརྟེན་ད་རེའི་ཚོགས་ཆུང་འདི་ཚོའི་ནང་གང་དགོངས་པ་དང་ཐུགས་ལ་གང་ཡོད་པ་རྣམས་གསུང་ཐུབ་ན་ལེགས་པའི་ཆ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ཏེ། དེ་ནས་ང་ཚོས་གྲུབ་འབྲས་ཤིག་བཏོན་ཐུབ་ཀྱི་རེད།

ཡིན་ནའང་ཁྱེད་ཚོའི་དགོངས་པ་མངའ་གསལ་བཞིན། ཤེས་ཡོན་སྲིད་བྱུས་དེ་འགྲིག་ཡོད་ནའང་རེད། འགྲིག་མེད་ནའང་རེད། གྲོས་ཚོགས་ནས་གཏན་ལ་ཕབ་པ་ཞིག་རེད། དེ་ལ་འགྱུར་བ་ཞིག་གཏོང་དགོས་ན་ཡང་བསྐྱར་གྲོས་ཚོགས་ལ་འགྲོ་དགོས་ཀྱི་རེད། དེ་ལ་འགྱུར་བ་གཏོང་མི་ཐུབ་པ་མེད། ད་ལྟ་དགོངས་འཆར་གཙོ་ཆེ་ཤོས་ནི་ཛ་དྲག་ལག་ལེན་དུ་ག་འདྲ་བསྟར་དགོས་མིན་དང། དཀའ་ངལ་ག་རེ་ཡོད་མེད། བསྟར་མི་ཐུབ་པ་ག་རེ་ཡོད་མེད། དེ་སངས་པའི་ཐབས་ཤེས་ཡོད་མེད་བཅས་ཀྱི་སྐོར་གསུང་དགོས།

ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་འགྲིག་དང་མ་འགྲིག་གི་དགོངས་ཚུལ་གསུང་གི་ཡོད་པ་ཡིན་ན། དེ་ད་ལྟ་ཛ་དྲག་ཆགས་ཀྱི་མེད། ཡིག་ཐོག་ཏུ་བཀོད་དེ་རུག་རུག་བཟོས་ནས་གྲོས་ཚོགས་ཀྱི་འཐུས་མི་ཚོ་དང་མཉམ་དུ་བགྲོ་གླེང་གནང་བ་ཡིན་ན་ཡག་པོ་ཡོང་གི་རེད། ད་ལྟ་དམིགས་སུ་བཀར་བའི་བརྗོད་གཞི་ནི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དེ་ད་ལྟའི་སྒྲོམ་གཞི་འདིའི་ནང་ཇི་ལྟར་ལག་ལེན་བསྟར་དགོས་པ་དེའི་ཐོག་ཚང་མས་དགོངས་འཆར་གནང་དགོས།

དེ་མཚུངས་ཤེས་ཡོན་སྲིད་བྱུས་ལག་ལེན་དུ་བསྟར་སྐབས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐོག་བགྲོ་གླེང་གང་བྱུང་བ་དང་། གྲོས་ཚོགས་ཀྱི་ཚོགས་ཆུང་གི་ངོས་ནས་ཚོགས་ཆུང་སོ་སོའི་དགོངས་འཆར་ག་རེ་བྱུང་བ་དེ་ཚོ་གྲོས་ཚོགས་ཀྱི་ཡིག་ཆའམ་གསར་ཤོག་ནང་ཞིབ་ཚགས་ཡོད་རེད། དེ་ཚོའང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་དགེ་རྒན་ཚོས་ངེས་པར་དུ་གཟིགས་ཐུབ་ན་ཡག་པོ་ཡོད་རེད།

དུས་རབས་བཅུ་བདུན་དང་བཅོ་བརྒྱད་ནང་ཨིན་ཇིའི་གྲོས་ཚོགས་སུ་བྱུང་བའི་སྐད་ཆ་དེ་ཚོ་དེང་སང་ང་ཚོས་ཀློག་སྐབས་བླང་དོར་འབྱེད་རྒྱུ་དང་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་རེད། ད་ལྟ་ཟླ་བ་ཁ་ཤས་སྔོན་ལ་ང་ཚོའི་སྤྱི་ཚོགས་ནང་བྱུང་བའི་བགྲོ་གླེང་དེ་ཚོ་ངེས་པར་དུ་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོང་དགོས། དེས་ན་དེ་ཚོ་ལ་ངེས་པར་དུ་གཟིགས་པ་ཡིན་ན་ཡག་པོ་ཡོད་རེད།

བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་དེ་དེ་རིང་བཙན་བྱོལ་མང་ཚོགས་ལ་བོད་མི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུའི་བརྒྱུད་ནས་འབུལ་ལམ་ཞུ་རྒྱུ་ཡིན།

 མཇུག་བསྡོམས་གསུང་བཤད།

 དེ་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཉིན་གཉིས་ཀྱི་རིང་ལ་གྲོས་གཞི་དོན་ཚན་གསུམ་གྱི་ཐོག་བགྲོ་གླེང་ཞིབ་རྒྱས་གནང་ནས་ཚང་མས་དགོངས་འཆར་ལྷུག་པོ་དང་། མཐའ་དོན་རྩ་འཛིན་ལག་བསྟར་བྱེད་འོས་པའི་གྲོས་ཆོད་བཞག་གནང་བ་བཅས་གྲུབ་འབྲས་དང་ལྡན་པ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ཚོགས་འདུ་འདི་རིགས་ལ་སྦྱོར་དངོས་མཇུག་གསུམ་ཆ་ཚང་ཤེས་རིག་དྲུང་ཆེ་དང་ཤེས་རིག་བཀའ་བློན་གྱིས་གཙོ་སྐྱོང་གནང་བས་མ་འཐུས་པ་མེད་རུང་། ད་རེས་བོད་ཀྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཆགས་པའི་གནས་ཚུལ་གལ་ཆེན་ཞིག་གི་ཐོག་ལ་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་མཁན་ཚོ་དང་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བ་ཡིན་ཙང་། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཚོགས་འདུ་འདིའི་ནང་ཆ་ཤས་བླང་དགོས་པ་དང༌། གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུར་འཛིན་སྐྱོང་སྤྱི་ཡོངས་ལ་འགན་འཁྲི་ཡོད་པ་ཞིག་རེད།

སྤྱིར་བཏང་འཛིན་སྐྱོང་གི་ལས་དོན་དེ་མཉམ་འབྲེལ་གྱི་ཐོག་ནས་འགྲོ་གི་ཡོད་དུས་ཁྱད་པར་ཆེན་པོ་མི་འདུག་རུང་། ཡིན་ནའང་དེ་རིང་ངེས་པར་དུ་བཀའ་ཤག་གི་དགོངས་ཚུལ་དེ་ཚོའང་ལྷན་རྒྱས་རྣམ་པ་ཚོ་ལ་གསལ་འདེབས་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་ཡོད་པའི་དགོངས་ཚུལ་བྱུང་སོང་། ལྷག་པར་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལྟེ་གནས་སློབ་གྲྭ་ཁག་གི་མཛད་གཙོ་རྣམ་པ་དུས་གཅིག་ཏུ་ས་གནས་གཅིག་ལ་མཇལ་རྒྱུའི་གོ་སྐབས་དཀོན་པོ་ཡིན་ཙང་། ད་རེས་ཀྱི་གོ་སྐབས་བཟང་པོ་འདི་བླངས་ཏེ་བཀའ་ཤག་གི་ངོས་ནས་སྤྱིར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཡོད་པའི་གནས་སྟངས་དང༌། ལྷག་པར་དུ་ད་ལྟའི་བོད་ཀྱི་རྩ་དོན་གྱི་གནས་སྟངས་དེ་ག་འདྲ་ཞིག་ལ་ཐུག་ཡོད་མེད་ཀྱི་སྐོར་ལ་མདོར་བསྡུས་ཤིག་སྙན་གསན་ཞུ་ན་དགེ་ལས་སློབ་ཕྲུག་བཅས་ཚང་མར་ཁྱབ་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོང་གི་རེད་སྙམ་ནས་བསྐྱར་དུ་དུས་ཚོད་ཞུ་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན།

དང་པོ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཐབས་དང་། དེ་ལ་དཀའ་ངལ་ག་རེ་ཡོད་པ་དེ་ཚོའི་སྐོར་ལ་ཉི་མ་གཉིས་ཀྱི་རིང་ལ་བགྲོ་གླེང་དང༌། དེ་དོན་གྲོས་ཆོད་བཞག་པ་བྱུང་ཡོད། ཡིན་ནའང་ངས་མཐོང་ཚུལ་རེ་ཟུང་ཞིག་ཟུར་དུ་བཏོན་ནས་སྙན་གསན་ཞུ་རྒྱུའི་གོ་སྐབས་བླང་རྒྱུ་ཡིན། དེ་ལ་ཚང་མས་ཐུགས་མོས་མེད་པ་གནང་གི་མ་རེད་བསམ་གྱི་ཡོད།

ཁ་སང་ཧོབ་སྟེ་ཚོགས་ཆུང་ནང་ཉན་པའི་སྐབས་དང་། དགོང་དྲོ་ཚོགས་ཆུང་གི་དགོངས་འཆར་ཕྱོགས་བསྡུས་དེར་མཇལ་བའི་སྐབས་སུ་ངའི་མཐོང་སྣང་གཅིག་བྱུང་སོང་། གལ་ཏེ་ནོར་འཁྲུལ་ཡིན་ན་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། དེ་ནི་ད་ལྟ་འདིར་ཚོགས་བཅར་གནང་མཁན་ཚང་མས་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དེ་ཞིབ་ཚགས་པོ་དཔྱད་ཞིབ་དང་ལྡན་པའི་ཐོག་ནས་གཟིགས་རྒྱུའི་གོ་སྐབས་བྱུང་ཨེ་ཡོད་བསམ་པའི་དོགས་པ་ཞིག་བྱུང་སོང༌། བོད་ཀྱི་སྤྱི་ཚོགས་ནང་སྤྱི་ཡོངས་ནས་རིག་པའི་གཞུང་ལུགས་དང་འབྲེལ་བ་ཡོད་པའི་ཡིག་ཆ་དེ་ཚོ་ཞིབ་ཚགས་པོ་ཀློག་རྒྱུའི་གཤིས་ཀ་དེ་ཉུང་ཉུང་རེད། ང་ཚོས་སྐད་ཆ་བཤད་རྒྱུ་གཙོ་ཆེར་འཛིན་པ་ལས། ཁ་སང་ཞུས་པ་བཞིན་ཡིག་ཕྲེང་དང་ཡིག་བར་གཉིས་ཀ་ཞིབ་ཚགས་པོ་ཀློག་མཁན་དཀོན་པོ་རེད། དེས་ན་ཚོགས་བཅར་བ་ཚོས་ད་དུང་ཡང་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དེ་ཚོ་ཞིབ་ཚགས་ལྗགས་ཀློག་གནང་མེད་ན་ངེས་པར་དུ་ལྗགས་ཀློག་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུའི་འདུན་པ་བྱུང༌།

ཡང་དགོངས་འཆར་ཁག་ལ་མཇལ་བའི་སྐབས་དང་ཉན་པའི་སྐབས་སུ་ཚང་མའི་ཐུགས་ལ་ངེས་པ་མ་རྙེད་པ་དང་། ཚང་མའི་ཐུགས་ལ་ཞེད་སྣང་ལྟ་བུ་གང་ལ་གང་འཚམས་ཡོད་པའི་ཚོར་སྣང་ཞིག་བྱུང༌། ཨིན་སྐད་དུ་ཞུ་ན་ Sense of insecurity རེད། དེའི་ནང་ཕྱིན་ན་ག་འདྲ་ཞིག་ཆགས་ཡོང་བསམས་པ་དང་། ད་ལྟ་གང་ཡོད་པ་དེའི་ནང་བདེ་པོ་ལྟ་བུ་དང་། དེ་ལས་སྤོ་ན་ག་འདྲ་བྱེད་ཡོང་བསམ་པའི་ཐེ་ཚོམས་ཁ་ཤས་ལ་མངོན་གསལ་དོད་པོ་དང་། ཁ་ཤས་ལ་སེམས་ཀྱི་གཏིང་ན་ (Subconscious) དེ་འདྲ་ཡོད་པའི་སྣང་བ་ཤར་སོང་།

དོན་དག་གསུམ་པ། ཤེས་ཡོན་དང་མི་ཚེའི་འཚོ་ཐབས་གཉིས་བྲལ་དུ་མི་རུང་བའི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་དང༌། ཡི་གེ་ན་གཅིག་བསླབ་པ་ཡིན་ནའང་དེའི་མཐར་ཐུག་གི་དགོས་པ་དེ་ཚེ་འདི་རང་གི་འཚོ་བ་བསྐྱལ་རྒྱུའི་ཐབས་ལམ་དུ་འགྲོ་ཐུབ་པ་དགོས་ཀྱི་ཡོད་པའི་འཛིན་པ་དང་ཞེན་པ་གཏིང་ཟབ་ཅིག་ཚང་མའི་ཐུགས་ནང་ཡོད་པ་ཞིག་དང༌། གང་ལྟར་ཚང་མའི་བཀའ་མོལ་གྱི་ཞར་དང་ཞོར་ནས་ཡོང་གི་ཡོད་པའི་ཚོར་སྣང་བྱུང༌། འོན་ཀྱང་དེའི་ཐོག་ང་ཚོས་ངེས་པར་དུ་དཔྱད་པ་གནང་དགོས་མ་གཏོགས། དེ་བརྒྱ་ཆ་བརྒྱ་ཐམ་པ་འགྲིགས་པར་བསམས་ནས་བཞུགས་ན་ང་ཚོས་ཁུངས་འཁྱོལ་ཐབས་མེད། ང་ཚོས་མི་རིགས་དང་རྒྱལ་ཁབ་ལས། མི་ཚང་གཅིག་དང་ཕྲུ་གུ་བྱེ་བྲག་པ་ཞིག་གི་སྐད་ཆ་བཤད་ཀྱི་མེད། ང་ཚོས་རྟག་ཏུ་བོད་མི་རིགས་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས། བོད་རྒྱལ་ཁབ་བཅས་ཀྱི་གནས་སྟངས་དགོངས་པ་མ་བཞེས་ཐབས་མེད་ཡིན་ཙང་། རྒྱབ་ལྗོངས་དེའི་ཐོག་ནས་དགོངས་པ་བཞེས་དུས་གང་ཟག་བྱེ་བྲག་པ་ཞིག་གི་འདི་ལོ་དང་རྗེས་ལོའི་གནས་བབ་ག་རེ་ཡོང་གི་རེད། དེ་རྐྱང་རྐྱང་ཐོག་དགོངས་པ་བཞེས་ན་དེ་ཅུང་ཙམ་རྒྱ་ཆུང་དྲགས་པ་རེད།

ད་ལྟ་འགྲོ་བཞིན་པའི་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་ཤེས་ཡོན་གྱི་ལམ་སྲོལ་འདི་ནས་ང་ཚོས་ཅུང་ཟད་འགྱུར་བ་བཏང་ན་ཉེན་ཁ་ཆེན་པོ་དང་། འཚོ་མི་ཐུབ་པ། དེ་ལས་གཞན་པའི་ཐབས་ལམ་ཁྱོན་ནས་མེད་པའི་དགོངས་ཚུལ་ཡོད་པ་དེ་ཐུགས་ཁག་མེད། ང་ཚོ་ཚང་མ་འདས་པའི་ལོ་ངོ་བཞི་བཅུ་ཞེ་དྲུག་རིང་བརྒྱ་ཆ་བརྒྱ་ཐམ་པ་ཀླད་པ་བཀྲུས་པ་དང་ཀླད་པར་བླུགས་པ་བཅས་ཚང་མ་ཟིན་པ་རེད། ང་ཚོ་མངོན་པར་མི་གསལ་བའི་ Concentration Camp དེའི་ནང་བསྡད་དེ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ Indoctrination and brain wash ལས་རིམ་འོག་ཕྱིན་པ་ཡིན་ཙང་། དགོངས་ཚུལ་དེ་གློ་བུར་དུ་སངས་རྒྱུ་ཁག་པོ་རེད། ཁ་སང་ཞོགས་པ་ངས་ཞུས་པ་བཞིན་ད་ལྟ་ང་ཚོར་གང་ཡོད་པ་དེ་ང་ཚོའི་ཅ་ལག་མ་རེད། ནུབ་ཕྱོགས་ནས་བྱུང་བའི་ཅ་ལག་ཅིག་རེད། ནུབ་ཕྱོགས་པ་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་གནང་དགོས་མེད་ཅིང་། ཤར་ཕྱོགས་པ་ལ་ཤར་ཕྱོགས་པའི་རིག་གཞུང་ཞིག་ཡོད་པ་དང༌། བོད་པ་ལའང་བོད་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་ཡོད་པ་དེ་ཐུགས་མ་བསྙེལ་བ་གནང་དགོས་པ་དང༌། དེ་ང་ཚོས་ངོས་འཛིན་དགོས་པ་དེ་གལ་ཆེན་པོ་རེད།

གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།། རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།། སྤྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།། ཅེས་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་སྡོམ་ཆེན་པོ་ཞིག་བརྒྱབས་ཡོད། ཕྱི་རྒྱལ་བའི་གནད་དོན་ལ་དགེ་འདུན་ཆོས་འཕེལ་གྱིས་སྡོམ་ཆེན་པོ་ཞིག་བརྒྱབས་པ་དེ་དེ་འདྲའི་གཏིང་ཟབ་ཀྱི་སྡོམ་ཞིག་ཡིན་པ་ལྔ་བཅུ་ང་དགུ་དང་དྲུག་ཅུ་ཡས་མས་སུ་ངས་ཤེས་ཀྱི་མེད། ད་ཇི་ཙམ་གྱིས་ནུབ་ཕྱོགས་པའི་གནས་ཚུལ་ཞིབ་ཏུ་ཤེས་ཡོང་བ་དང་། ཇི་ཙམ་གྱིས་འདས་པའི་ལོ་སུམ་བརྒྱ་བཞི་བརྒྱ་ཞིག་གི་ནུབ་ཕྱོགས་དང་ཨ་རི། དེ་བཞིན་ཤར་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དེ་ཚོའི་བྱུང་རབས་ལ་བལྟས་པ། ཇི་ཙམ་གྱིས་ད་ལྟའི་འཛམ་གླིང་འདིའི་གནས་བབ་ལ་བལྟས་པ་དེ་ཙམ་གྱིས་ཁོ་རང་གི་སྡོམ་ཚིག་དེ་དངོས་གནས་གནད་འགག་ཆེན་པོ་ཡིན་པར་ངེས་པ་བརྟན་པོ་རྙེད་ཐུབ་པ་ཡོང་གི་འདུག

དེ་ནི་ཕྱོགས་ཞེན་གྱི་ཆ་ནས་བཤད་པ་ཞིག་མ་རེད། ནང་པ་སངས་རྒྱས་པའི་ལྟ་ཚུལ་ལ་ཚང་མ་གཅིག་གྱུར་རེད་མ་གཏོགས། ཤར་ཕྱོགས་པ་བཟང་བ་དང་ནུབ་ཕྱོགས་པ་ངན་པ་དེ་འདྲ་མ་རེད། སེམས་ཅན་ཐམས་ཅད་ནི་ཕྱོགས་མང་པོ་ཞིག་ནས་འདྲ་མཉམ་དང་གཅིག་གྱུར་རེད། ཡིན་ནའང་ཆོས་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་བ་ཞེས་གསུངས་པ་དེའི་ཆ་ནས་བལྟས་པ་ཡིན་ན། སྔོན་འགྲོའི་ཀུན་སློང་དང་བསམ་སྤྱོད་གཉིས་འཁྱེར་སྟངས་ལ་བལྟས་ནས་ང་ཚོའི་གནས་ཚུལ་ཚང་མ་ལེགས་ཉེས་ཀྱི་ཐག་ཆོད་བྱེད་དགོས་པ་ཞིག་རེད། འདས་པའི་ལོ་ཉིས་བརྒྱ་སུམ་བརྒྱའི་རིང་མི་རིགས་དཀར་པོ་དེ་ཚོས་མི་རིགས་ནག་པོའི་ཆེད་དུ་ག་རེ་བསམས་ཡོད་པ་དང། ག་རེ་བྱས་ཡོད་པ་དེ་ལ་ང་ཚོའི་བསྡོམས་ཤིག་བརྒྱབས་དུས་གཞི་ནས་ང་ཚོ་ཧ་ལས་པ་དང་འདྲོགས་དགོས་པ་ཞིག་རེད། སྐྲ་སེར་སྤྲེའུ་རིགས་ལ་ངེས་པར་དུ་དོགས་ཟོན་བྱེད་དགོས་པ་ཞིག་ང་ཚོ་ལ་ར་འཕྲོད་ཡོང་གི་ཡོད། ཁ་སང་མང་པོ་ཞིག་གི་ཐུགས་ལ་འདི་ཚོ་སྐྱག་རྫུན་བཤད་པ་རེད་དགོངས་ཡོད་ཀྱི་རེད།

བོད་གུང་བྲན་འོག་འགྲོ་དགོས་པའི་གཞི་རྩ་ལྟེ་བའམ་དང་པོ་དེ་ནུབ་ཕྱོགས་ནས་ཡོང་བ་རེད་ཅེས་ཞུ་རྒྱུ་དེའི་ཐོག་ཞིབ་ཚགས་པོ་དཔྱད་པ་གནང་ན་ངེས་པ་རྙེད་ཀྱི་རེད། དེ་ང་ཚོས་སྙན་ངག་ནང་འུད་བཤད་པ་དང་། ཡང་ན་རྟོག་བཟོ་བྱས་པ་མ་རེད། དེ་ནི་དེང་རབས་ཀྱི་མཁས་པ་མང་པོས་གཏིང་ཟབ་ཉམས་ཞིབ་བྱས་པ་ལས་བྱུང་བའི་དངོས་ཡོད་གནས་ཚུལ་ཞིག་རེད། དེང་རབས་ཀྱི་མཁས་པ་ཟེར་དུས་ངས་ཤར་ཕྱོགས་ཀྱི་མཁས་པ་རྐྱང་རྐྱང་ལ་ཟེར་གྱི་མེད། དེའི་ནང་མང་ཆེ་བ་ནུབ་ཕྱོགས་པའི་མཁས་པས་དཔྱད་ཞིབ་བྱས་ནས་ངེས་པ་རྙེད་པའི་གནས་སྟངས་ཤིག་རེད། ད་ལྟའང་ཁོ་ཚོ་མི་མང་པོའི་བསམ་བློའི་སྦུག་ལ་མི་རིགས་དཀར་པོའི་རྡོག་ཁྲེས་དེ་ཡོད་བསམས་པའི་གནས་ཚུལ་ཡོད་རེད།

དེ་རིང་ཚོགས་འདུར་ཕེབས་མཁན་ཚོའི་ནང་དུའང་ཁ་ཤས་ནོར་བུ་གླིང་ཁར་དེང་རབས་མཁས་པ་ཚོ་དང་མཉམ་དུ་ཚོགས་འདུ་འཚོགས་པའི་སྐབས་སུ་ཕེབས་པ་དེ་འདྲ་ཡོད་ཀྱི་རེད། སྐབས་དེ་དུས་ངའི་གྲོགས་པོ་མང་པོའི་བཀའ་མོལ་གནང་སྟངས་དེ་མི་རིགས་དཀར་པོའི་རྡོག་ཁྲེས་ལ་དགོངས་པ་བཞེས་ནས་གནང་བ་བྱུང་སོང་། དེ་དུས་སྐུ་ཞབས་ཀ་ལོཌ་ཨལ་ཝ་རེས་ (Claude Alvares) གྱིས་སེམས་ཚོར་ཆེན་པོའི་ཐོག་ནས་ལན་བརྒྱབ་དགོས་བྱུང་བ་རེད། བཀའ་མོལ་གནང་མཁན་ཚོའི་ཚོར་སྣང་ནང་མི་རིགས་དཀར་པོའི་རྡོག་ཁྲེས་ཀྱི་བསམ་བློ་བཏང་ནས་བཤད་པ་ཡིན་བསམ་པ་དགོངས་མེད་རུང་། ང་ཚོ་ཉན་མཁན་ཚོའི་སེམས་ནང་དུའང་ཁོ་ཚོའི་བསམ་པའི་སྦུག་ལ་མི་རིགས་དཀར་པོའི་རྡོག་ཁྲེས་ཀྱི་ཚོར་སྣང་དེ་ཏན་ཏན་འདུག་བསམ་པ་ངས་ཀྱང་དྲན་སོང་ལ། ཁོང་གིས་ཀྱང་ཤུགས་ཆེན་པོ་ཚོར་འདུག ང་ཚོ་ཚོགས་འདུ་སྐོང་མཁན་ཡིན་ཙང་། གསལ་པོ་བཤད་རྒྱུ་འོས་འཚམས་མེད། འོན་ཀྱང་ཁོང་གིས་ཚིག་ཐག་ཆོད་པོའི་ཐོག་ནས་གཅིག་ལ་གཅིག་ལན་དང་གཉིས་ལ་གཉིས་ལན་བརྒྱབས་སོང༌། དེས་ན་ང་ཚོའི་བསམ་བློའི་ནང་མི་དཀར་པོས་བསྟན་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཚད་མ་ཡིན་པ་དང་། མི་ནག་པོས་བྱས་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཚད་མ་མ་ཡིན་པའི་བསམ་ཚུལ་གྱི་བག་ཆགས་དེ་ཇི་སྲིད་མེད་པ་མ་ཆགས་པ་དེ་སྲིད་ང་ཚོས་རང་ངོ་ཤེས་ཐུབ་པ་དང་སོ་སོའི་རྐང་པའི་ཐོག་ལང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

དེ་ལྟར་ངོ་བཞི་བཅུ་ཞེ་བཞིའི་རིང་བག་ཆགས་མཐུག་པོ་བསགས་པ་དེ་ཉིན་གཅིག་ལ་བསལ་ཐུབ་རྒྱུ་ཁག་པོ་རེད།  འོན་ཀྱང་དེ་མ་བསལ་བ་ཡིན་ན་རྒྱ་མིའི་དབང་བསྒྱུར་འོག་བསྡད་པ་དང་། ལེགས་བྱང་གཞན་ཞིག་གི་དབང་བསྒྱུར་འོག་བསྡད་པ་གཉིས་ལ་ཁ་ཚ་ལོས་དང་བྱེད་སྟངས་འཇམ་རྩུབ་ཀྱི་ཁྱད་པར་ཙམ་མ་གཏོགས། དོན་དམ་གཞན་གྱི་དབང་བསྒྱུར་འོག་བསྡད་པ་གཅིག་མཚུངས་རེད། རང་དབང་དང་འདྲ་མཉམ་གྱི་སྐད་ཆ་དེ་ནམ་ཡང་སླེབས་ཐུབ་མེད། དེ་ངེས་པར་དུ་ཚང་མའི་ཐུགས་ལ་གཞག་དགོས།

ཁ་སང་ཕྱི་ཟླ་གསུམ་པའི་ནང་དུས་ཚོད་མ་ལྕོགས་པས་ང་རང་འགྲོ་ཐུབ་མ་སོང་ཡང་། ང་ཚོའི་གྲོགས་པོ་མང་ཆེ་བ་ཕྱིན་འདུག། གོ་ཝཱ་ (Goa) མངའ་སྡེའི་ནང་བདུན་ཕྲག་གཅིག་རིང་ད་ལྟ་ཡོད་བཞིན་པའི་ནུབ་ཕྱོགས་པའི་ཤེས་ཡོན་གྱི་ལམ་སྲོལ་དེས་མ་འདང་བས་གདམ་ག་གཞན་པ་སྟོན་མཁན་སྒྲིག་འཛུགས་ཀྱི་མི་ཉིས་བརྒྱ་ལྷག་ཙམ་གྱི་ཚོགས་འདུ་ཞིག་འཚོགས་པ་རེད། རྒྱ་གར་རྒྱལ་ཡོངས་ནས་མི་ཉིས་བརྒྱ་ལྷག་ཙམ་འཛོམས་པ་ཚང་མ་མང་ཚོགས་དང་སྒྲིག་འཛུགས་མང་པོའི་སྐུ་ཚབ་མཚོན་མཁན་རྐྱང་རེད་མ་གཏོགས། མི་སྒེར་པ་རྐྱང་མ་རེད། ཁོ་ཚོ་མང་ཆེ་བ་ཡོ་རོབ་དང་ཨ་རི་ནས་སློབ་ཐོན་པ་རེད། ཉུང་ཤས་ཤིག་རྒྱ་གར་ IIT ལྟ་བུའི་གཙུག་ལག་སློབ་ཁང་ནས་ཐོན་པ་རེད། སློབ་སྦྱོང་ཆ་ཚང་མ་ཐོན་པའང་རེ་ཟུང་ཡོད་རེད་མ་གཏོགས། མང་ཆེ་བ་དེང་རབས་སློབ་སྦྱོང་གི་ལམ་སྲོལ་ཆ་ཚང་རྟོགས་ནས་ཉམས་མྱོང་བསགས་ཏེ་ཐོན་པ་ཤ་སྟག་རེད་མ་གཏོགས། ཐོག་མ་ནས་སོ་སོའི་རང་ལྟ་མཆོག་འཛིན་གྱི་ཚུལ་དུ་ཟུར་དུ་ཐོན་པ་དེ་འདྲ་མ་རེད།

ད་ལྟ་འགྲོ་བཞིན་པའི་ཐབས་ལམ་འདི་ལས་ཐབས་ལམ་གསར་པ་ཞིག་བཙལ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་པའི་བསམ་ཚུལ་འདི་ངས་བདེན་པ་མ་རེད་ཅེས་ཞུ་གི་མེད། དེ་ངེས་པར་དུ་སོ་སོའི་ངོས་ནས་ཞིབ་འཇུག་བརྟག་དཔྱད་ཀྱིས་གཏན་ལ་ཕབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་གི་ཡོད། བསམ་ཚུལ་དེ་ང་ཚོའི་ཀླད་པའི་ནང་ནས་དག་མ་ཐུབ་ན། ང་ཚོ་ག་དུས་ཡིན་ཡང་ད་ལྟའི་ལམ་སྲོལ་འདི་ལ་དམིགས་པའི་རྨོངས་དད་དེ་སངས་མི་ཐུབ། ད་ལྟའི་ལམ་སྲོལ་འདི་ལ་དམིགས་པའི་རྨོངས་དད་དེ་སངས་མ་ཐུབ་ན། ལམ་སྲོལ་གསར་པ་གཞན་ཞིག་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་འགྲོ་ཐུབ་རྒྱུ་ཁག་པོ་རེད། འགྲོ་མི་འདོད་པ་དང་། ལམ་ནོར་བ། ལམ་ལ་ཐེ་ཚོམ་ཟ་བ་བཅས་ནི་ང་ཚོ་ཆོས་བྱེད་ཅིག་ཡིན་ན་འཕགས་པའི་ལམ་ཐོབ་པ་ལ་བར་ཆད་ཆེ་ཤོས་ཤིག་ཆགས་ཡོད། ང་ཚོས་ལམ་ལ་ཐེ་ཚོམ་མ་སྤང་ན་ས་ཆོད་ཡོད་པའི་གོམ་པ་བརྒྱབ་རྒྱུ་དེ་ཁག་པོ་ཞིག་ཆགས་ཡོད། དེ་ལ་དཔྱད་པ་གནང་རྒྱུ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།

ང་ཚོའི་བསམ་བློའི་ནང་འཚོ་ཐབས་དང་ཤེས་ཡོན་གྱི་འབྲེལ་བ་དེ་འབྲལ་མི་རུང་བ་ཞིག་ཡིན་པའི་རྨོངས་དད་གཉིས་པ་ཞིག་ད་ལྟའི་ཁོར་ཡུག་འདི་དང་། ད་ལྟའི་བརྒྱུད་ལམ་བཅས་གཉིས་ཀྱི་ཐོག་ནས་གཏིང་ཟབ་བསྐྲུན་ཡོད། དེ་དངོས་ཡོད་ཀྱི་གནས་ཚུལ་རེད་དང་མ་རེད། དེ་ལ་བཤད་སྟངས་གཉིས་རེད། ད་ལྟ་ཀླད་པ་བཀྲུས་ཟིན་པའི་མི་ཚོའི་བསམ་ཕྱོགས་ལ་ལྟོས་ན་དངོས་ཡོད་ཀྱི་གནས་ཚུལ་རེད། འོན་ཀྱང་དེ་ངོ་མ་དངོས་ཡོད་གནས་ཚུལ་ཞིག་རེད་དམ་ཞེ་ན། དེ་ཆགས་ཀྱི་མེད། དངོས་ཡོད་གནས་ཚུལ་ཆགས་དང་མ་ཆགས་ཀྱི་གནས་བབ་ལ་ང་ཚོས་ཞིབ་འཇུག་མ་བྱས་པར་ཟུར་དུ་བཞག་ནས། ད་ལྟའི་མིའི་བསམ་བློ་གཏོང་ཕྱོགས་དང་མི་ཚེ་སྐྱེལ་སྟངས་ཐོག་ནས་བྱས་པ་ཡིན་ན་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད་ཅེས་བཤད་ཆོག

འདས་པའི་ལོ་བཞི་བཅུ་ཞེ་དྲུག་རིང་ང་ཚོས་རྨོངས་དད་ཆ་ཚང་བྱས་ནས་འགྲོ་སའི་ལམ་ཁ་འདི་ཡིས་ང་ཚོའི་ན་གཞོན་ཡོངས་སུ་རྫོགས་པ་ལ་ལས་ཀ་སྤྲད་ཡོད་དམ་མེད། དེ་སྤྲད་ཡོད་པ་ཡིན་ན་ད་ལྟ་ན་གཞོན་ལས་མེད་ཡོང་གི་འདུག་ཅེས་པའི་སྐད་ཆ་དེ་ཡོང་མི་དགོས་པ་ཞིག་རེད། དེ་ཡོད་པ་ཡིན་ན་ང་ཚོ་ལམ་གཞན་དུ་ཕྱིན་ན་ཉེན་ཁ་དེ་སླེབས་ཀྱི་མ་རེད་དམ་ཞེས་པ་དེ་དངོས་ཡོད་ཀྱི་སྐད་ཆ་ཞིག་རེད། དེ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། ད་ལྟ་འགན་ལེན་མེད་པའི་ལམ་སྲོལ་དེ་བཞག་པ་ཡིན་ན་གཞན་པ་དེས་འགན་ལེན་དགོས་ཞེས་བཤད་ན་དེ་ནི་དྲང་པོ་མ་རེད། དེ་ནི་ཨ་ཕའི་ཁ་ཕོར་གཙང་ཞེན་ལས་དེ་ལ་རྒྱུ་མཚན་གང་ཡང་མེད།

ད་ལྟའི་གནས་སྐབས་སུ་ལས་མེད་ཀྱི་དཀའ་ངལ་དེ་བོད་པའི་སྤྱི་ཚོགས་རྐྱང་པའི་དཀའ་ངལ་མ་རེད། ཡར་ཐོན་ཅན་ལ་བརྩི་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚང་མའི་ནང་དུའང་ལས་མེད་ཀྱི་མི་འབོར་དེ་བརྒྱ་ཆ་བཞི་ཡིན་ན་ཉུང་ཤོས་རེད། བརྒྱ་ཆ་ཉི་ཤུ་རྩ་གྲངས་དང་སུམ་ཅུ་སོ་གྲངས་ཡིན་པའི་རྒྱལ་ཁབ་མང་པོ་རེད། དྲྭ་རྒྱའི་ནང་གཟིགས་ན་ཉིན་རེའི་རྒྱལ་ཁབ་སོ་སོའི་གནས་སྟངས་མཐོང་རྒྱུ་ཡོད། རྒྱ་ནག་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། ལོ་རེར་ཡར་རྒྱས་ཀྱི་བརྒྱ་ཆ་བརྒྱད་ཕྱིན་པ་རེད་ཅེས་འཛམ་གླིང་ནང་སྐད་གྲགས་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་སུ་ཁོ་ཚོས་ང་ཚོའི་དགྲ་ཆེ་ཤོས་དེ་ལས་མེད་མང་པོ་ཡོད་པ་དེ་ཡིན་ཞེས་གསལ་པོ་བཤད་ཀྱི་འདུག རྒྱ་ནག་ནང་ན་གཞོན་ལས་མེད་ཀྱི་གྲངས་འབོར་དེ་བརྒྱ་ཆ་ཧ་ཅང་མཐོ་པོ་རེད། ཡོ་རོབ་ཀྱི་ལུང་པ་ཚང་མའི་ནང་དུའང་ལས་མེད་ཀྱི་བརྒྱ་ཆ་མཐོ་པོ་སླེབས་ཡོད། དེ་ཚོ་དང་བསྡུར་ན་ང་ཚོའི་ན་གཞོན་ལས་མེད་ཀྱི་བརྒྱ་ཆ་དེ་ཙམ་གྱི་མཐོ་པོ་མ་རེད།

ང་ཚོས་ཚད་དང་ལྡན་པའི་ཐོག་ནས་གྲངས་ཀ་བརྒྱབས་མེད་ཀྱང་ཚོད་དཔག་བྱེད་ན། འཛམ་བུ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དང་གཅིག་པ་རེད་མ་གཏོགས། འཛམ་བུ་གླིང་གང་ལའང་མ་བྱུང་བ་ཧ་ལས་དགོས་པའི་གནས་སྟངས་ཛ་དྲག་ཅན་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཅིག་པུའི་ནང་ཡོང་བསྡད་པ་མེད། དེ་འདྲ་སོང་ཙང་དྲི་བ་འདི་ཞིབ་འཇུག་བྱེད་པའི་སྐབས་སུ་ང་ཚོས་ཕྱོགས་གཅིག་ནས་ཤེས་ཡོན་སྲིད་བྱུས་གསར་པ་བཟོ་དགོས་པ་དེ་སློབ་གྲྭ་ཐོན་དུས་ལས་མེད་ན་གཞོན་སྤྱི་ཚོགས་ནང་མི་བཟོ་རྒྱུའི་དམིགས་ཡུལ་ཡིན་ཞེས་ཡང་ཡང་བཤད་ཡོད། དམིགས་ཡུལ་དེ་འགྲུབ་དང་མ་འགྲུབ་ལོ་ཤས་ནང་ཧ་གོ་ཐབས་མེད། ཉུང་མཐར་ཡང་ལོ་བཅུ་གཉིས་བཅུ་གསུམ་བསྒུག་ན་གཞི་ནས་ཧ་གོ་རྒྱུ་ལས། ད་ལྟ་ང་ཚོས་གཅིག་གིས་གཅིག་ལ་མིག་གིས་བསྟན་ཐུབ་པ་ཞིག་མིན།  ཡིན་ནའང་ད་ལྟ་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་གྱི་ལམ་སྲོལ་འདི་ལས་དྲག་ཏུ་མ་ཕྱིན་ནའང་དེ་ལས་སྡུག་པའི་ན་གཞོན་ལས་མེད་ཡོང་གི་མ་རེད་ཅེས་དེ་རིང་དམ་བཅའ་བཞག་པ་ཡིན་ནའང་གཞག་ཆོག། དྲི་བ་འདི་ལ་གདོང་ལེན་བྱེད་སྟངས་དེ་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་བལྟས་ནས་གདོང་ལེན་གནང་དགོས།

དེ་ནས་ང་ཚོའི་བསམ་བློའི་ནང་བག་ཆགས་སམ་རྨོངས་ཞེན་མཐུག་པོ་ཞིག་ག་རེ་ཡོད་ཅེ་ན། ཨིན་ཇིའི་སྐད་ཡིག་སྔོན་འགྲོའམ་འཛིན་གྲྭ་དང་པོ་ནས་མ་བསླབ་ན་ཡག་པོ་ཤེས་ཀྱི་མ་རེད་བསམ་གྱི་ཡོད། ང་ཚོས་བྱེད་ན་འཛིན་གྲྭ་བཞི་པ་ནས་བསླབ་པ་ཡིན་ནའང་སྔ་མ་དྲགས་རུང་ཕྱི་རྩ་བ་ནས་དྲགས་མེད་བསམ་གྱི་ཡོད། སྐད་ཡིག་དེ་ཚད་ལྡན་ཕུགས་འཕེར་མཐར་ཕྱིན་པ་ཞིག་དགོས་ཞེས་པ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རེད། ཤེས་ཡོན་སྲིད་བྱུས་ནང་སློབ་གྲྭ་ཐོན་སྐབས་སོ་སོའི་མ་སྐད་ཡིན་དང་ཡིན། དེ་ལས་གཞན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གཅིག་མཐར་ཕྱིན་པ། སྐད་ཡིག་གསུམ་པ་ཞིག་རང་རྐྱ་འཕེར་བ་དགོས་པ་བཅས་སྐད་ཡིག་གསུམ་གྱི་སྒྲོམ་གཞི་འདི་ཆ་ཚང་འགྲོ་རྒྱུ་བཟོས་ཡོད།

ང་ཚོ་བཙན་བྱོལ་དུ་འབྱོར་སྐབས་ཨིན་སྐད་བསླབ་འགོ་བཙུགས་ནས་ད་ལྟ་རང་རྐྱ་འཕེར་བ་དེ་ཚོ་ཚང་མ་རང་ལོ་ཉི་ཤུ་རྩ་གྲངས་དང་སུམ་ཅུ་སོ་གྲངས་སླེབས་པ་ཤ་སྟག་རེད་མ་གཏོགས། ལོ་དྲུག་བདུན་ནས་ཨིན་སྐད་བསླབས་པ་དེ་འདྲ་བྱུང་མེད། ད་ལྟ་ང་ཚོའི་སློབ་གྲྭའི་ནང་ནས་ལོ་དྲུག་བདུན་ནས་ཨིན་སྐད་བསླབས་ནས་སློབ་ཕྲུག་སྟོང་ཕྲག་མང་པོ་ཐོན་པ་རེད་དེ། དེ་ཚོའི་ནང་ནས་ཨིན་ཇིའི་སྐད་ཡིག་ཐོག་མིང་བཞག་ཐུབ་མཁན་ག་ཚོད་བྱུང་བ་རེད། ཧ་ལམ་མཛུབ་མོའི་སྒང་ལ་གྲངས་ཀ་བརྒྱབ་ཐུབ་པ་ཞིག་རེད། ད་ལྟ་ཨིན་ཇིའི་སྐད་ཡིག་ནང་དེབ་དང་རྩོམ་བྲིས་ནས་བག་ཆགས་འཇོག་མཁན་ག་ཚོད་ཡོད་རེད།

དགེ་འདུན་ཆོས་འཕེལ་སྤྱིར་བཏང་ཨིན་སྐད་ཧ་ཅང་ཡག་པོ་མིན་རུང་། ཨིན་སྐད་ཐོག་ཡོད་པའི་སྤྱོད་འཇུག་གི་བསྒྱུར་དང་པོ་དེ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ་རེད། ཁོང་གིས་ཉིན་བཅུ་བདུན་ལ་ཨིན་ཡིག་བསླབས་པ་ཡིན་ཞེས་བྲིས་འདུག དགེ་རྒན་སར་བསྐྱོད་དེ་མུ་མཐུད་ཨིན་ཇི་བསླབ་རྒྱུ་དེ་ཝཱ་རཱ་ཎ་སཱིའི་ Kashi Vidyapeeth ནང་ཉིན་བཅུ་བདུན་རིང་སྦྱངས་འདུག སྐབས་དེ་དུས་ཁོང་ཕལ་ཆེར་སུམ་ཅུ་ཡས་མས་ཡིན་གྱི་རེད། སྐད་ཡིག་སློབ་མཁན་གྱི་དགེ་རྒན་དང་སྦྱོང་མཁན་གྱི་དགེ་ཕྲུག་ལ་རག་ལས་པ་རེད་མ་གཏོགས། ལོ་ལ་གང་ཡང་རག་ལས་པ་མ་རེད། དགེ་ཕྲུག་རང་ལོ་བདུན་ཅུ་དོན་གྲངས་ཡིན་ན་གཅིག་བྱེད་ན་སྐད་ཡིག་ཤེས་རྒྱུར་ཏན་ཏན་ཁག་པོ་ཡོད་ཀྱི་རེད། དེ་མིན་སྔོན་འགྲོའི་འཛིན་གྲྭ་ནས་མ་བསླབ་ན་ཚད་ལྡན་ཤེས་ཀྱི་མ་རེད་ཟེར་བའི་བསམ་ཚུལ་དེ་ཡང་དག་པ་ཞིག་མ་རེད་ཅེས་ཞུ་རྒྱུ་ཡིན།

ཨིན་ཇིའི་སྐད་ཡིག་དེ་སློབ་ཚན་བསླབ་རྒྱུའི་བརྒྱུད་ལམ་སྐད་ཡིག་ལ་མ་བཞག་ན། རྗེས་སུ་མཐོ་རིམ་སློབ་གྲྭར་འགྲོ་དུས་དཀའ་ངལ་འཕྲད་ཀྱི་རེད་བསམ་པ་དེའང་རྨོངས་དད་རེད། རྨོངས་ཞེན་ཆེན་པོ་འདི་ང་ཚོའི་སྤྱི་ཚོགས་ནང་གཏིང་ཟབ་ཡོད་པ་ཞིག་རེད། འཛིན་གྲྭ་བཅུ་གཉིས་ཐོན་ནས་མཐོ་རིམ་སློབ་གྲྭར་འགྲོ་དུས་ཨིན་སྐད་མཐར་ཕྱིན་སྦྱངས་ནས་འགྲོ་བ་མ་གཏོགས། ཨིན་སྐད་མཐར་ཕྱིན་པ་མ་སྦྱངས་པར་འགྲོ་གི་རེད་ཅེས་ང་ཚོས་བརྗོད་ཀྱི་མེད། གཞི་རིམ་འཛིན་གྲྭ་བཞི་པ་ནས་ཨིན་ཇི་བསླབས་ཏེ་ལོ་དགུའི་རིང་སྐད་ཡིག་གཉིས་པའི་ངོ་བོར་སྦྱངས་ནས་ཚད་ལྡན་མ་ཤེས་མཁན་གྱི་མི་ཞིག་ཐོན་གྱི་ཡོད་ན། སློབ་ཁྲིད་ཀྱི་བརྒྱུད་ལམ་ Medium of instruction བརྗེ་ནའང་དེ་ལས་བཟང་བ་འཐོན་རྒྱུའི་རེ་བ་མེད།

ང་ཚོའི་གནས་ཚང་རྒྱ་གར་ལ་བལྟས་པ་ཡིན་ནའང་། འཛིན་གྲྭ་བཅུ་གཉིས་བར་དུ་མངའ་སྡེ་སོ་སོའི་སྐད་ཡིག་གི་ནང་ནས་སློབ་སྦྱོང་བྱེད་ཀྱི་ཡོད་རེད་མ་གཏོགས། འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་དུ་སློབ་ཁྲིད་ཀྱི་བརྒྱུད་ལམ་དེ་ཨིན་སྐད་ཡིན་པ་དཀོན་པོ་རེད། མི་ཚང་ཆེན་པོ་སྒེར་བཙུགས་སློབ་གྲྭའི་ (Public School) ནང་གཏོང་ཐུབ་མཁན་མང་པོ་ཡོད་པ་དེ་ཚོས་ཨིན་ཇི་སློབ་གྲྭར་གཏོང་གི་ཡོད་ཀྱང་། མཐོ་སློབ་སླེབས་དུས་ཚང་མ་གཅིག་པ་གཅིག་རྐྱང་རེད། ཧ་ལས་ན་སྐད་ཆ་བཤད་སྐབས་བཤད་བཟོ་དོད་དང་མ་དོད་ཀྱི་ཁྱད་པར་ཙམ་མ་གཏོགས། དེ་ལས་གཞན་པའི་ཁྱད་པར་གང་ཡང་མཐོང་གི་མི་འདུག ད་དུང་སོ་སོའི་རང་སྐད་ཐོག་ནས་སློབ་སྦྱོང་བྱེད་མཁན་རྣམས་འབྲི་རྩོམ་གྱི་སྐབས་སུ་ལེགས་པ་མ་གཏོགས། སྡུག་པ་རྩ་བ་ནས་འཐོན་གྱི་མ་རེད། དེང་སང་སྤྱི་ཡོངས་ཀྱི་བཤད་སྟངས་ཤིག་ལ། Public School ནས་འཐོན་མཁན་ནམ་ཨིན་སྐད་བརྒྱུད་ལམ་ནས་འཐོན་མཁན་དེ་ཚོ་ཨིན་སྐད་ཤོད་དུས་རྫིག་པོ་འདྲ་ཞིག་མ་གཏོགས། འབྲི་དུས་སྐབས་སུ་གཞན་ལ་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་ཅེས་ཤོད་ཀྱི་ཡོད།

ཌོཀ་ཊར་རཱཇེནྡྲ་པྲསཱད་ (Dr. Rajendra Prasad) ཁོང་རང་སྐད་ཆ་ཤོད་དུས་འདྲ་ཆགས་པོ་ཡོད་མ་རེད། ནེཧརུ་ (Nehru) དང་གཞན་ཚོས་གད་མོ་བགད་དེ་བིཧཱརཱི་ (Bihari) འདིས་ཨིན་སྐད་ག་འདྲ་རྒྱག་གི་འདུག་ཅེས་བརྗོད་ཀྱི་ཡོད། ཁོང་ཨིན་སྐད་བརྒྱུད་ལམ་ཐོག་ནས་སློབ་སྦྱོང་བྱས་མེད་ཀྱང་། ཨིན་ཇིིའི་ཐོག་རྩོམ་ཡིག་གི་ལག་རྗེས་མང་པོ་བཞག་ཡོད། དེས་ན་ཨིན་ཇི་ཡག་པོ་ཤེས་རྒྱུ་དང་སློབ་སྦྱོང་གི་བརྒྱུད་ལམ་ཨིན་སྐད་ཡིན་པ་གཉིས་ལ་འབྲེལ་བ་གང་ཡང་མེད། དེ་ང་ཚོས་ངེས་པར་དུ་མཁྱེན་དགོས། གལ་ཏེ་སློབ་སྦྱོང་གི་བརྒྱུད་ལམ་དེ་རང་གི་སྐད་ཡིག་བྱེད་མ་ཐུབ་པ་ཡིན་ན་མི་རིགས་དེའི་སྐད་ཡིག་དེ་ག་དུས་ཡིན་ནའང་རང་དབང་དང་ལྡན་པ་དང་ཚད་དང་ལྡན་པ་ཞིག་ཡོང་ཐུབ་ཀྱི་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་གཉིས་ང་ཚོས་གདམ་ག་བྱེད་དགོས་པ་ཞིག་རེད།

ང་ཚོས་སློབ་ཚན་གྱི་འཆར་གཞི་བསྒྲིག་རྒྱུར་ Claude Alvares དང་ཁོང་གི་གྲོགས་པོ་ཚོ་རོགས་ལ་སྒྲིག་གི་ཡོད། Claude Alvares གྱིས་ལོ་མང་ནས་དེའི་ཐོག་ཉམས་ཞིབ་གནང་བ་རེད། ཁོང་གིས་ད་ལྟ་ CBSE གྱི་འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་དུ་བསླབ་རྒྱུའི་ཨིན་ཇིའི་སྐད་ཡིག་གི་སློབ་ཚན་དེ་མང་ན་ཟླ་བ་བརྒྱད་དང་ཉུང་མཐར་ཟླ་བ་དྲུག་ནང་བསླབ་ཟིན་དགོས། སློབ་ཚན་དེ་ང་ཚོས་བསྐྱར་སྒྲིག་ཅིག་བྱེད་པ་ཡིན་ན་འོས་ཤིང་འཚམས་པའི་ལོ་ཚད་ཅན་གྱི་སློབ་ཕྲུག་ཅིག་ལ་ཟླ་བ་དྲུག་གི་ནང་བསླབ་ཐུབ་པ་ངེས་པར་དུ་བཟོ་ཐུབ་ཀྱི་རེད་ཅེས་རྒྱུན་དུ་གསུང་གི་རེད། ང་ཚོས་དགེ་རྒན་དང་། སློབ་སྦྱོང་སྤྲོད་སྟངས། སློབ་ཚན་བཅས་ཀྱི་ཐོག་ནས་སྐད་ཡིག་སྦྱང་རྒྱུ་བཟོ་དགོས་པ་རེད་མ་གཏོགས། སྔོན་འགྲོའི་འཛིན་གྲྭ་ནས་སློབ་དགོས་ཀྱི་ཡོད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་ལམ་སྐད་ཡིག་བྱེད་དགོས་པ་གཉིས་ཀ་ལོག་རྟོག་དང་འཁྲུལ་འཛིན་ལས། དེ་ལ་བདེན་པ་ཡོད་མ་རེད་ཅེས་བཤད་ཀྱི་ཡོད། ཁྱེད་ཚོས་འདི་ངོས་ལེན་གནང་དགོས་ཞེས་ཞུ་གི་མེད། ང་ཚོས་འདི་འདྲ་ཞིག་བཤད་ཀྱི་འདུག་པ་དེ་བདེན་པ་རེད་འདུག་དང་རྫུན་པ་རེད་འདུག་ངེས་པར་དུ་ཚན་རིག་དང་མཐུན་པར་ཞིབ་འཇུག་གནང་རོགས་གནང་ཞུ་གི་ཡོད། ཚན་རིག་དང་མཐུན་པའི་གྲངས་ཀའི་ཐོག་ནས་བརྟག་དཔྱད་ཅིག་གནང་ན་དེའི་ཐོག་ནས་ངེས་པར་དུ་གྲུབ་འབྲས་ཤིག་ཐོན་ཡོང་གི་རེད། དེ་ནས་དངོས་ཡོད་གནས་ཚུལ་དེ་གསལ་པོ་ཆགས་ཀྱི་རེད། འདི་ཞུ་རྒྱུའི་སྤོབས་པ་དང་བློ་ཁོག་བྱེད་ཀྱི་ཡོད།

ཤེས་ཡོན་སྲིད་བྱུས་ལག་ལེན་ལ་བསྟར་ནས་སློབ་ཚན་གྱི་བརྒྱུད་ལམ་རང་སྐད་བྱེད་ན་སློབ་གྲྭའི་ནང་སློབ་འཇུག་བྱེད་མཁན་ཉུང་དུ་འགྲོ་རྒྱུ་དང་། ཕ་མ་ཚོས་ཕྲུ་གུ་སློབ་གྲྭའི་ནང་བཅུག་གི་མ་རེད་ཅེས་དྭོགས་པ་གནང་མཁན་བྱུང་འདུག  གཅིག་བྱས་ན་བདེན་པ་ཡིན་སྲིད། ང་ཚོའི་སྤྱི་ཚོགས་ནང་ཕ་མ་དེ་ཚོའང་ད་ལྟ་ངས་གོང་དུ་ཞུས་པ་བཞིན་རྨོངས་དད་མང་པོ་ཞིག་གི་འོག་ལ་ཀླད་པ་བཀྲུས་ནས་བཞག་ཡོད་པ་ཡིན་དུས་དེ་འདྲ་བསམས་མི་སྲིད་པ་མ་རེད། ལྷག་པར་དུ་དེང་རབས་ཀྱི་ཕ་མ་དེ་ཚོས་ཕྲུ་གུར་སློབ་སྦྱོང་སྤྱོད་རྒྱུའི་དམིགས་ཡུལ་དེའང་དངུལ་བཟོ་རྒྱུ་ཁོ་ནའི་ཆེད་དུ་མ་གཏོགས། མི་རིགས་ཀྱི་ཆེད་དུ་དང་། རིག་གཞུང་གི་ཆེད་དུ། གང་ཟག་བྱེ་བྲག་པའི་རྣམ་དཔྱོད་ཡར་རྒྱས་འགྲོ་རྒྱུའི་ཆེད་དུ་བསམ་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་བཅུག་མཁན་ཉུང་དུ་འགྲོ་སྲིད་པ་རེད་བསམ་གྱི་འདུག

འོན་ཀྱང་གཞུང་གི་འཛིན་སྐྱོང་ཞིག་ཡིན་པའི་ཆ་ནས་ང་ཚོར་ལས་འགན་ག་རེ་འཁྲི་གི་ཡོད་ཅེ་ན། ཕྲུ་གུའི་ཕ་མ་ཚོར་བླང་དོར་གྱི་གནད་མ་ནོར་བ་སྟོན་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། ཕ་མ་ཚོའི་འདོད་པ་ལ་བལྟས་ནས་ཐག་གཅོད་བྱེད་ན། དེ་ནི་ངོ་དགའ་སྤྲེལ་ལད་ཀྱི་ཐག་གཅོད་རེད་མ་གཏོགས། འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ཐག་གཅོད་ཡག་པོ་ཞིག་མ་རེད། Popular decision and good decision གཉིས་ག་དུས་ཡིན་ནའང་ཐ་དད་འགྲོ་གི་རེད།  Good decision མང་ཆེ་བ་ Unpopular decision ཆགས་འགྲོ་གི་ཡོད། Popular decision དེ་བརྒྱ་ཆ་དགུ་བཅུ་ཐམ་པ་ Bad decision ཡིན་པ་དེ་ཧ་ལམ་ཐག་བཅད་ནས་བཤད་ཆོག ང་ཚོའི་ལས་འགན་དེ་ཕ་མ་ཚོ་དགའ་པོ་བཟོ་རྒྱུ་མ་རེད། ཕ་མ་ཚོའི་འདོད་པ་དང་བསྟུན་ནས་འགྲོ་རྒྱུ་དེ་ང་ཚོའི་ལས་འགན་མ་རེད།  དེ་འདྲ་ཡིན་ན་མང་གཙོའི་རིང་ལུགས་དང་འགལ་གྱི་རེད་གསུང་སྲིད། མང་གཙོའི་རིང་ལུགས་ནང་ Public opinion བསྐྲུན་དགོས་པ་ཞིག་རེད། ཚད་དང་ལྡན་པའི་མི་མང་གི་བསམ་ཚུལ་བསྐྲུན་རྒྱུ་དེ་མང་གཙོའི་འགོ་ཁྲིད་ཚོའི་ལས་འགན་གལ་ཆེ་བ་ཞིག་རེད། ཕ་མ་ཚོས་དགའ་པོ་བྱེད་ཀྱི་མེད་ནའང་འཛིན་སྐྱོང་དང་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་གང་ཟག་བྱེ་བྲག་པ་དང་མི་རིགས་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཆེན་པོ་ཡོད་པ་དེ་སྟོན་དགོས་པ་ཞིག་རེད། གལ་ཏེ་ཕ་མ་མང་པོ་ཞིག་གིས་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཀྱང་དེ་ལ་ང་ཚོས་ཞེད་སྣང་དང་སེམས་ཁྲལ་བྱེད་དགོས་པ་གང་ཡང་མེད། ཕ་མ་སོ་སོར་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་ནས་རང་གི་ཕྲུ་གུ་རྒྱ་གར་དང་ཕྱི་རྒྱལ་གྱི་སློབ་གྲྭ་མཐུན་རྐྱེན་ཡག་སར་བཏང་ན་དེ་ལ་ང་ཚོས་བཀག་ཐུབ་ཐབས་མེད། དེ་ཕ་མ་ཚོ་སོ་སོའི་འདོད་མོས་ཐོག་ནས་འགྲོ་རྒྱུ་རེད། འོན་ཀྱང་མི་རིགས་ཤིག་འཛུགས་སྐྲུན་བྱེད་པའི་ཆེད་དུ་ངེས་པར་དུ་ཡང་དག་པའི་ལམ་སྲོལ་ཞིག་ལ་མ་བརྟེན་པར་ཕ་མའི་འདོད་པ་གང་ཡོད་ལ་བཏང་བ་དེ་མང་གཙོའི་སྲིད་གཞུང་ཞིག་གི་ལས་འགན་ཆགས་ཀྱི་ཡོད་མ་རེད་ཅེས་ཞུ་འདོད་བྱུང་།

རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་ཞུས་པའི་རྗེས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་སྐོར་མདོར་བསྡུས་ཤིག་ཞུ་ན། ཤེས་ཡོན་སྲིད་བྱུས་དེ་ལྗགས་ཀློག་ཡག་པོ་གནང་ཡོད་ན་དོན་ཚན་དང་པོ་ནས་དྲུག་པའི་བར་ལྟ་གྲུབ་ཀྱི་རྒྱབ་ལྗོངས་སྐོར་རེད། དོན་ཚན་དང་པོ་ནས་དྲུག་པའི་བར་དུ་ལག་ལེན་བསྟར་རྒྱུ་དེ་བསམ་བློ་འགྱུར་བ་གཏོང་རྒྱུ་དེ་རེད། བསམ་བློའི་ (Mindset) ཐོག་ལ་ལག་ལེན་བསྟར་རྒྱུ་ཞིག་རེད། དེ་འདྲ་ཡིན་ཙང་འཛིན་སྐྱོང་ལ་ཁག་གཞག་རྒྱུ་ཡོད་མ་རེད་ལ། སྤྱི་ཚོགས་ལའང་ཁག་གཞག་རྒྱུ་མེད། དེ་ཐད་ཀར་དགེ་རྒན་རྣམ་པ་ཚོ་དང་འགན་འཛིན་རྣམ་པ་ཚོའི་ཐུགས་ལ་བབས་དང་མ་བབས་ཀྱི་གནས་སྟངས་ཤིག་རེད། དེ་ཉིན་རེའི་འཛིན་གྲྭའི་ནང་གི་ལས་ཀ་ལ་འབྲེལ་བ་ཆགས་ཀྱི་མེད། དེ་ནི་དམིགས་ཡུལ་འཇོག་སྟངས་དང་། ངོས་འཛིན་བྱེད་སྟངས། ལྟ་སྟངས་ཀྱི་གནས་སྟངས་ཤིག་རེད།  དེ་ལག་ལེན་དུ་བསྟར་ཐུབ་ཀྱི་མ་རེད་གསུང་རྒྱུ་དེ་ལྟ་གྲུབ་ཀྱི་འགལ་ཟླ་རེད། དེ་དུས་ལྟ་གྲུབ་གཞན་ཞིག་བཏོན་དགོས་ཀྱི་རེད། ཡང་ན་ད་ལྟ་ཡོད་པའི་ལྟ་གྲུབ་འདི་ལ་རྩོད་གླེང་གནང་དགོས་ཀྱི་ཡོད་རེད། འདིའི་རྒྱབ་ལྗོངས་ལ་རྩོད་གླེང་གནང་དགོས་ཀྱི་ཡོད་རེད། དེ་མེད་ན་ལག་ལེན་ལ་བསྟར་ཐུབ་དང་མ་ཐུབ་ཀྱི་དྲི་བ་སླེབས་ཐབས་མེད། ལག་ལེན་མ་བསྟར་བ་ཡིན་ན་ལག་ལེན་མ་བསྟར་བའི་རྒྱུ་མཚན་དང་། ལྟ་གྲུབ་དེ་ལ་འགལ་ཟླའི་རིག་པའི་གཞུང་ལུགས་བཟོས་པ་ཡིན་ན་དེ་གནས་ཚུལ་ཞིག་རེད། དེ་མིན་ལག་ལེན་བསྟར་རྒྱུར་ཐུགས་འདོད་ཡོད་ན་དེ་བསྟར་ཆོག་ཆོག་ཅིག་རེད།

སྲིད་བྱུས་འདིས་སྤྱིར་བཏང་དམིགས་ཚད་ཧ་ཅང་མཐོ་པོ་བཞག་ཡོད་རུང་། འོན་ཀྱང་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་ཐུབ་དང་མ་ཐུབ་ཀྱི་གནས་ཚུལ་ལའང་བསམ་བློ་མང་པོ་བཏང་ནས་ད་ལྟ་འགོ་བཙུག་ན་བཙུག་ཐུབ་པ་ཞིག་བཟོས་ཡོད། དོན་ཚན་བདུན་པ་མན་ཆད་དངོས་སུ་ལག་ལེན་བསྟར་དགོས་པ་མང་ཆེ་བ་ཞིག་རེད། ཡིན་ནའང་ད་ལྟ་སྒྲོམ་གཞི་ཆ་ཚང་བ་བཞག་ཡོད། སྒྲོམ་གཞི་མེད་པའི་ཤེས་ཡོན་དེ་གལ་ཆེན་པོ་རེད། སྒྲོམ་གཞི་ཡོད་པའི་ཤེས་ཡོན་དང་སྒྲོམ་གཞི་མེད་པའི་ཤེས་ཡོན་གཉིས་ཀྱི་ནང་ནས་སྒྲོམ་གཞི་མེད་པའི་ཤེས་ཡོན་དེ་གལ་ཆེ་བར་བརྩི་དགོས། སྤྱིར་མ་ཤི་བར་དུ་ཤེས་ཡོན་སློབ་སྦྱོང་བྱེད་དགོས་པ་དེ་གནད་དོན་གཅིག་རེད། ཡིན་ནའང་སློབ་གྲྭ་སོ་སོའི་ཉིན་རེའི་ལས་དོན་དང་འབྲེལ་བ་ཆགས་རྒྱུ་དེ་སྒྲོམ་གཞི་ཡོད་པའི་ཤེས་ཡོན་ལམ་སྲོལ་དེ་རེད། སྒྲོམ་གཞི་དེ་ཏག་ཏག་ད་ལྟ་ང་ཚོས་ལག་ལེན་དུ་བསྟར་བཞིན་པའི་སྒྲོམ་གཞིའི་ནང་བཅུག་ཆོག་ཆོག་བཟོས་ཡོད། ད་ལྟ་ང་ཚོས་ལག་ལེན་བསྟར་བཞིན་པའི་སྒྲོམ་གཞིའི་ནང་དུ་བསྡད་ནས་དེའི་རྒྱུགས་སྤྲོད་དང་དེའི་ལག་ཁྱེར་བླངས་ཏེ་འགྲོ་རྒྱུ་ཡིན་ནའང་དེའི་ལམ་ཁ་དེ་གསལ་པོ་ཕྱེ་ནས་བཞག་ཡོད། དེའི་ཐོག་ནས་ཀྱང་ལག་ལེན་བསྟར་འདོད་དང་མ་འདོད་ཀྱི་གནས་ཚུལ་མ་གཏོགས། ལག་ལེན་བསྟར་ཐུབ་དང་མ་ཐུབ་ཀྱི་དྲི་བ་དེ་ཧ་ལམ་མེད། ལག་ལེན་བསྟར་དང་མ་བསྟར་དང་། བསྟར་འདོད་དང་མ་འདོད་ཀྱི་དྲི་བ་དེ་ཏན་ཏན་སླེབས་ཀྱི་རེད། ཐུབ་དང་མ་ཐུབ་ཀྱི་དྲི་བ་དེ་དགེ་རྒན་སོ་སོའི་ཤེས་འཇོན་གྱི་ཐོག་ནས་ཡོང་སྲིད་པ་རེད་མ་གཏོགས། དངོས་ཡོད་ས་གཞིའི་ཐོག་གི་བདེན་དོན་གྱི་གནས་སྟངས་ལ་བལྟས་ན་དེ་ལག་ལེན་བསྟར་མི་ཐུབ་པ་ཧ་ལམ་མེད།

གཞི་རིམ་གྱི་གནས་ཚུལ་འདིའི་ཐོག་ནས་འགྲོ་ན་འཇིན་གྲྭ་དགུ་པ་ནས་བཅུ་གཉིས་བར་ད་ལྟ་རྒྱ་གར་ནང་སྒྲོམ་གཞི་ག་འདྲ་ཞིག་ཏུ་འཛུལ་ནའང་འཛུལ་ཆོག་པ་དང་འཛུལ་ཐུབ་པའི་གནས་སྟངས་ཤིག་ལ་བཞག་ཡོད། དེ་མིན་སོ་སོའི་ལམ་ཁ་ཟུར་དུ་འགྲོ་རྒྱུ་ཡིན་ནའང་དེ་འགྲོ་སའི་ལམ་ཞིག་གཏོད་ཆོག་ཡོད་སྲིད། དེ་ཚོའི་ཐོག་ལ་གཟིགས་སྟངས་དང་དགོངས་པ་བཞེས་ཕྱོགས་དེ་གུ་ཡངས་པོ་གནང་བ་ཡིན་ན་གནང་ཐུབ་པ་ཞིག་རེད་ཅེས་ངས་ད་རེའི་ཚོགས་འདུའི་མཇུག་སྡོམ་གྱི་ཚུལ་དུ་ཞུ་ན་བསམས་པ་བྱུང༌།

ངས་དུས་ཚོད་མང་པོ་བླངས་སོང་བས་དགོངས་འགལ་མེད་པ་ཞུ། ཤེས་རིག་ལས་བྱེད་ཚོས་ད་རེའི་ཚོགས་འདུའི་གོ་སྒྲིག་ཞིབ་ཚགས་ཡག་པོ་གནང་འདུག་པ་དེ་ལ་ལེགས་སོའི་བསྔགས་བརྗོད་ཡོད། དེ་ནས་བཀའ་བློན་དང་དྲུང་ཆེ་ཚང་མ་ལ་བསྔགས་བརྗོད་དང་། ཚོགས་བཅར་བ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།