ཕྱི་ལོ་ ༢༠༡༦ ལོའི་ནང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རགས་བསྡུས།
༄༅།། ༢༠༡༦ ཕྱི་ཟླ་ ༡ ཚེས་ ༣༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དིལླཱིའི་རཱཇ་གྷཱཊ་ཉེ་འགྲམ་དུ་གནས་པའི་གཱཾདྷཱི་དརྴན་གྱི་བདེན་པའི་ཨུ་ཚུགས་ཚོགས་ཁང་དུ་རཱམ་ཀཐཱ་འདོན་མཁན་གྲགས་ཅན་མུརཱརཱི་བཱཔཱུ་མཆོག་ནས་བསྐོང་ཚོགས་གནང་བའི་འཛམ་གླིང་ཞི་བདེའི་ཚོགས་ཆེན་དུ་གསུང་བཤད་གནང་།
༢༠༡༦ ཕྱི་ཟླ་ ༢ ཚེས་ ༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་ཨི་ལཱ་ཧཱ་བཱད་ནང་གནས་པའི་བལ་རཱམ་མཐོ་སློབ་ཀྱི་གོ་སྒྲིག་འོག་ནང་ཆོས་དང་རྒྱ་གར་གྱི་ལེགས་བྱང་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་འདུག
༢༠༡༦ ཕྱི་ཟླ་ ༢ ཚེས་ ༡༢ ནས་ ༡༦ བར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མ་སུ་རི་ཉེ་འགྲམ་དུ་གནས་པའི་སིདྡྷ་ཞེས་པའི་བསྟི་གནས་ཁང་དུ་བསམ་ཞིབ་པ་དང་། ཤེས་ཡོན་པ། སྤྱི་ཚོགས་ཞབས་ཞུ་བ་ཁག་གཅིག་ལ་དེང་རབས་དང་། སྲོལ་རྒྱུན། བློ་སྦྱོང་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་དང་བགྲོ་གླེང་བཅས་གནང་འདུག
༢༠༡༦ ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དིལླཱི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་སློབ་དཔོན་ཆེན་པོ་དྷརྨ་པཱལ་གྱི་འབྲི་རྩོམ་གལ་ཆེའི་དཔེ་དེབ་ཐོག་བགྲོ་གླེང་གི་ཚོགས་གཙོ་གནང་སྟེ་གསུང་བཤད་གནང་ཞིང་། བགྲོ་གླེང་ཆ་ཤས་བཞེས་མཁན་ནང་སློབ་དཔོན་ཆེན་པོ་དང་། འབྲི་རྩོམ་པ། ཤེས་ཡོན་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་དང་། དེ་བཞིན་ཟུར་ཉན་གྲས་སུ་མཁས་པའང་མང་པོ་ཕེབས་འདུག དེ་ནི་སྐུ་གཤེགས་སློབ་དཔོན་ཆེན་པོ་དྷརྨ་པཱལ་གྱི་བུ་མོ་སློབ་དཔོན་ཆེན་མོ་གིཏཱ་དྷརྨ་པཱལ་ནས་གོ་སྒྲིག་གནང་བ་ཞིག་རེད།
༢༠༡༦ ཕྱི་ཟླ་ ༢ ཚེས་ ༢༠ ཉིན་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱ་གར་གྱི་ཚོགས་པ་བཞིའི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་ཚེའི་གོ་དོན་དང་མི་ཚེ་དོན་ལྡན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་རྗེས་དྲི་བར་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་མཁས་པ་མང་པོ་ཞིག་ཀྱང་འདུ་འཛོམས་བྱུང་འདུག
༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༡ ནས་ ༢༨ བར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཁྲིད་སྔ་ལོ་སེར་བྱེས་ལྭ་བ་ཁམས་ཚན་དུ་གནང་བའི་འཕྲོས་དེ་ནས་མུ་མཐུད་ནས་བཀའ་ཁྲིད་རྫོགས་པར་བསྐྱངས་རྗེས། དབུ་མ་རིན་ཆེན་ཕྲེང་བ་དང་འབྲེལ་བའི་སྐོར་ཡང་མདོ་ཙམ་གསུངས།
༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་སྔ་དྲོ་གསུང་ཆོས་གོ་སྒྲིག་པ་གཉིས་ནས་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞུས་པ་གྲུབ་འཕྲལ། ཇི་ལྟར་སེར་བྱེས་སློབ་གྲྭའི་ལས་སྣེ་རྣམ་པས་གསོལ་འདེབས་ཞུས་དོན་ལྟར། སློབ་ཕྲུག་རྣམས་ཀྱིས་གཙོས་དོན་གཉེར་ཅན་རྣམས་ལ་སློབ་སྦྱོང་གི་དགོས་དམིགས་ཐོག་གསུང་བཤད་མདོར་བསྡུས་བསྩལ་བ།
༢༠༡༦ ཕྱི་ཟླ་ ༤ ཚེས་༡༢ནས་ ༢༥ བར་ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་ ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་གི་བཀའ་ཁྲིད་རྫོགས་པར་བསྐྱངས།
༢༠༡༦ ཕྱི་ཟླ་ ༤ ཚེས་ ༢༦ ཉིན་སྔ་དྲོ་ཇི་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སེམས་དཔའ་དང་དམ་ཚིག་རྡོ་རྗེའི་རྗེས་གནང་སྩལ་བ་མ་ཟད། དེའི་མཇུག་ཏུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གཞུང་མང་གི་ཞབས་ཞུ་བསྒྲུབས་ཏེ་མི་ལོ་ ༤༠ འཁོར་བར་བཀའ་དྲིན་རྗེས་དྲན་དང་། ཕེབས་སྐྱེལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་ཞུས་ཀྱིས་གསུང་བཤད་ཀྱང་བསྩལ་འདུག དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ལས་ཟུར་ཡོངས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) ཀྱི་ཚོགས་ཁང་ཞིག་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “ང་ཚོའི་འཇིག་རྟེན་གྱི་གནས་སྟངས་དང་ང་ཚོའི་ལས་འགན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འཕྲལ་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་ South Asian Dialogues on Ecological Democracy ཞེས་པའི་ཚོགས་པས་གོ་སྒྲིག་གནང་བ་དང་། སྐབས་དེར་སློབ་དཔོན་དང་། འབྲི་རྩོམ་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ། གསར་འགོད་པ་སོགས་མང་པོ་ཕེབས་འཛོམས་བྱུང་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) ཀྱི་ཚོགས་ཁང་ཞིག་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “དེང་རབས་དང་སྲོན་རྒྱུན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་རྗེས་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཞིང་། དེ་ནི་ Astha Bharati ཞེས་པའི་ཚོགས་པས་ལོ་འཁོར་གསུང་བཤད་འོག་གོ་སྒྲིག་གནང་བ་ཞིག་ཡིན། སྐབས་དེར་སློབ་དཔོན་དང་། འབྲི་རྩོམ་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ། རྒྱ་གར་འཛིན་སྐྱོང་ཞབས་ཞུ་བ་ཟུར་པ་སོགས་མང་པོ་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ནས་ཕེབས་ཐོན་གྱིས་གུ་ཝ་ཧ་ཊིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་འབུམ་བདེ་ལ་དགོན་རྩེའི་མཁན་པོ་དང་། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད། བསྟན་འཛིན་སྒང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་སོགས་ནས་ཕེབས་བསུས་ཀྱིས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་༧ཞབས་སོར་འཁོད་སྐབས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དང་། བོད་མིའི་གཞིས་སྒར་གྱི་ལས་སྣེ་སོགས་མང་པོས་ཕེབས་བསུ་ཞུས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཇི་ལྟར་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་གའི་ས་གནས་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བསྟན་འཛིན་སྒང་ནས་འབུམ་སྡེ་ལ་ཕྱོགས་སུ་ཕེབས་སྐབས་རུ་པ་ས་གནས་ཀྱི་དགོན་པ་ཞིག་ཏུ་མང་ཚོགས་ནས་ཕེབས་བསུ་ཞུས་པ་མ་ཟད། གསོལ་བ་བཏབ་པ་ལྟར་རིན་པོ་ཆེ་མཆོག་ནས་བླང་དོར་གསུང་བཤད་མདོར་བསྡུས་ཤིག་ཀྱང་བསྩལ།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༣ ནས་ ༢༠ བར་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་གའི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་པོའི་བཀའ་ཁྲིད་བསྐྱངས།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་དུ་བཞེངས་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། ཉིན་རྒྱབ་ཏུ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་པོའི་བཀའ་ཁྲིད་མུ་མཐུད་བསྐྱངས།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༡ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་གཙུག་ལག་ཁང་དུ་སྒྲོལ་དཀར་ཚེ་དབང་གནང་བ་དང་། དེ་བཞིན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་དཱ་ཧུང་ཕྱོགས་སུ་ཆིབས་ཞལ་སྒྱུར་བཞིན་པ།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༢ ཉིན་རྒྱབ་ཏུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཱ་ཧུང་དབུས་ཧིམཱལཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་དུ་སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་བཀའ་ལན་ཡང་གནང་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བ་ལུཀ་པོང་ས་ཁུལ་དུ་གནས་པའི་ནང་པ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བླང་དོར་གསུང་བཤད་བཀྲིན་བསྐྱངས་པ།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༨ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དྷ་སར་རྟེན་གཞི་བྱས་པའི་སྟེང་ཤོད་གཉིས་ཀྱི་དཔེ་སྟོན་སློབ་གྲྭའི་དགེ་རྒན་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་བཀའ་ལན་གནང་ཞིང་། སྐབས་དེར་སམ་བྷོ་ཊའི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་དང་། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་སོགས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་”༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོས་མང་གཙོའི་རང་དབང་དང་། ལྷག་དོན་ ༢༠༡༡ ལོར་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་བས། བོད་མི་སྤྱི་དང་དབུ་ཁྲིད་རྣམས་ནས་འགན་ཁུར་ཇི་བྱས་དང་མ་འོངས་པར་བྱེད་ཕྱོགས་སྐོར་”གསུང་བཤད་བསྩལ་རྗེས། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། གསུང་བཤད་འདི་ནི་བོད་ཕྲུག་ཁྱིམ་སྡེ་དང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གསུམ་རིང་༧གོང་ས་མཆོག་གི་གསུང་ཆོས་གོ་སྒྲིག་གནང་ཞོར་དུ་གནང་བ་ཞིག་རེད་འདུག
ཇི་ལྟར་གསོལ་བ་བཏབ་དོན་བཞིན་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷརྨ་ཤཱ་ལཱར་རྟེན་གཞི་བྱས་པའི་ལྷའི་ཞི་བའི་ཚལ་དུ་ཚོགས་ཁང་གསར་པ་དབུ་འབྱེད་དང་རབ་གནས་གནང་བ།
ཇི་ལྟར་གསོལ་བ་བཏབ་དོན་བཞིན་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧཻདརཱ་བཱད་ཡན་ལག་གི་རྒྱ་གར་གྱི་ཚོང་དང་བཟོ་གྲྭའི་སྤྱི་མཐུན་མཉམ་འབྲེལ་གྱི་བུད་མེད་ཚོགས་སྡེའི་ཚོགས་མི་རྣམས་ལ་ནང་ཆོས་སྐོར་གསུང་བཤད་བསྩལ་རྗེས་དྲི་བ་ཁག་ལ་ལན་འདེབས་སོགས་གནང་འདུག
ཇི་ལྟར་ནཱལནྡཱ་ཤིཀྵཱ་ (ནཱལནྡཱ་ཤེས་ཡོན་) ཚོགས་ཆུང་ནས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་བཅུ་ཕྲག་བརྒལ་བ་ནས་ཕེབས་པའི་རྒྱ་གར་བའི་ནང་པ་རྣམས་ལ་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་གསུང་ཆོས་བསྩལ་བ་རྣམས་ཀྱི་སྙིང་དོན་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་འདུག
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དགའ་ལྡན་ཁྲི་ཐོག་ཁང་གི་གཙུག་ལག་ཁང་དུ་རི་བོ་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འཛུགས་མཛད་སྒོའི་ཐོག་ལམ་སྟོན་གསུང་བཤད་རྒྱས་པར་གནང་ཞིང་། སྐབས་དེ་དུས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱིས་ཀྱང་ལམ་སྟོན་བཀའ་སློབ་གནང་བ་མ་ཟད། གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་མཁན་པོ་དང་མཁན་ཚབ། ཕྱག་མཛོད་བཅས་ཕེབས་འདུག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རི་བོ་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འཛུགས་མཛད་སྒོའི་ཐོག་དང་། དེ་བཞིན་ཉིན་རྒྱབ་བཅས་སུ་དགེ་ལུགས་པའི་གདན་ས་ཁག་ལ་དམིགས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེད་གང་ཡིན་ཐོག་གནང་བའི་གསུང་བཤད་ལས་གྲུབ་པའི་གྲོས་གཞི་ཁག་ལས་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༡ ཉིན་རྒྱབ་ནས་ ༡། དགེ་བཤེས་ལྷ་རམས་པ་ཚོས་ནང་ཆོས་ཁྱབ་སྤེལ་དང་སློབ་ཁྲིད་ཡུལ་དུས་དང་མཐུན་པ་ཡོང་ཆེད་དུ་ནང་ཆོས་སློབ་ཁྲིད་དགེ་རྒན་གྱི་འོས་སྦྱོང་དང་། གཞན་ཡང་དེ་འབྲེལ་སྐད་ཡིག་སྦྱོང་བདར་སོགས་ཀྱི་ལས་གཞི་གསར་འཛུགས་ཞུ་ཐབས་སྐོར། ༢། གདན་སའི་སློབ་གཉེར་བ་ཚོའི་ནང་ནས་ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་ཚན་རིག་དང་། དངོས་ཁམས་ཚན་རིག འཕེལ་འགྱུར་རམ་སྐྱེ་ཁམས་ཚན་རིག་སོགས་ལ་དམིགས་བསལ་རིག་གཅིག་རྐང་འཛིན་གནང་ཐོག་དེང་དུས་ཚན་རིག་དང་མཚུངས་བསྡུར་གྱིས་ཉམས་ཞིབ་ཡོང་ཐབས་སྐོར་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོར་གནང་བ་མ་ཟད། ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཧྲིལ་པོར་ ༣། ད་ཡོད་གདན་སའི་སློབ་གཉེར་གྱི་ལས་རིམ་ནང་ཡོད་པའི་ཕར་ཕྱིན་དང་དབུ་མའི་གཞུང་ཚན་ཁག་གི་སློབ་གཉེར་གྱི་ཐོག་བྱམས་ཆོས་སྡེ་ལྔ་དང་རིགས་ཚོགས་དྲུག་ལ་སོགས་པའི་རྒྱ་གཞུང་གལ་ཆེ་ཁག་ལ་ཡང་སློབ་གཉེར་བ་ཚོར་ངེས་པར་རྒྱུས་མངའ་ཡོད་པ་བཟོ་ཐབས་སྐོར། ༤། གདན་སའི་སློབ་གཉེར་བ་ཚོར་ཚན་རིག་སློབ་སྦྱོང་གི་ལས་གཞི་གལ་ཆེན་གྲྭ་ཚང་སོ་སོའི་ཁོངས་སུ་ཚུགས་ནས་ད་ལྟ་ལས་རིམ་གང་ལེགས་འགྲོ་བཞིན་པ་དེ་དག་ཉམས་མེད་རྒྱུན་གནས་ཡོང་ཐབས་སྐོར། ༥། དགེ་ལུགས་སྤྱིའི་སྒྲིག་འཛུགས་ཁག་དང་། གདན་ས་དང་བཤད་སྒྲ་ཁག་ནས་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ལ་འབྲེལ་མཐུད་བྱས་ཏེ་ཕན་ཚུན་སློབ་ཁྲིད་སོགས་ཀྱི་ལས་རིམ་ལ་མཉམ་ཞུགས་ཡོང་ཐབས་སྐོར། ༦། གདན་ས་དང་བཤད་སྒྲ་ཁག་ཏུ་ཧིམཱལཡའི་རི་རྒྱུད་ཀྱི་སློབ་གཉེར་བ་ཚོ་དང་། ཆེན་པོ་ཧོར་གྱི་སློབ་གཉེར་བ། གཞན་ཡང་རྒྱ་གར་དབུས་དང་ལྷོ་སོགས་ནས་སློབ་གཉེར་བ་ཁ་ཤས་ཡོད་པ་ཚོར་ད་ལྟའི་ཆར་མཐུན་རྐྱེན་སྦྱོར་སྟངས་སོགས་ཇི་ཡིན་དང་། སླད་མར་འགྲོ་སྟངས་སྤྱི་མཚུངས་ཡོང་སླད་དུ་དེ་དག་གི་ཐད་ལ་དགེ་ལུགས་སྤྱིའི་སྲིད་བྱུས་གཏན་འབེབས་ཞུ་ཐབས་ཇི་དགེའི་སྐོར་བཅས་ཀྱི་ཐོག་བཀའ་བསྡུར་ཞིབ་ཚགས་གནང་སྟེ། དྭོགས་མ་ཆོད་པ་དང་གསལ་པོ་མ་བྱུང་བའི་རིགས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསལ་བཤད་སོགས་ཀྱང་ཕེབས་ཡོད།
དམིགས་བསལ་ཚོགས་ཆེན་འདིར་གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་མཁན་པོ་དང་མཁན་ཚབ། ཕྱག་མཛོད་བཅས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལས་སྣེ་བཅས་མཉམ་ཞུགས་གནང་འདུག
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་རྒྱབ་ཏུ་དགའ་ལྡན་ཁྲི་ཐོག་ཁང་གི་ཡང་ཐོག་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཐོག་ལམ་སྟོན་གནང་བ།
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་རི་བོ་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ལྷག་མ་ ༧། གདན་ས་དང་བཤད་སྒྲ་ཁག་གི་སློབ་གཉེར་ཡར་རྒྱས་འབྱུང་ཐབས་སུ་ཐབས་ལམ་བསྟེན་འོས་རིགས་གྲོས་བསྡུར་གྱིས་༧གོང་ས་ཆེན་པོར་དེ་ལྟར་ལག་ལེན་ཞུ་འཆར་སྙན་ཐོ་འབུལ་ཕྱོགས་སྐོར། ༨། སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་ཀྱི་ཐད་ལ་དགེ་ལུགས་སྤྱིའི་སྒྲིག་གཞིར་གསལ་བ་བཞིན་ལག་ལེན་དུ་འཁེལ་ཡོད་མེད་དང་། དེའི་ཐད་༧གོང་ས་ཆེན་པོའི་བཀའ་སློབ་ཁག་ལག་ལེན་འཁེལ་ཐབས་ཇི་དགོས། ༩། རིགས་ལམ་སྦྱོང་མཁན་སློབ་མ་སྐྱ་བོ་ཕོ་མོ་ཚོར་རང་མཉམ་གྲྭ་སའི་སློབ་གཉེར་བ་ཚོ་དང་ལྷན་དུ་རྩོད་པར་མཉམ་ཞུགས་ཀྱི་གོ་སྐབས་ཐོབ་ཆེད་དུ་ཁོར་ཡུག་དང་ཆ་རྐྱེན་སྐྲུན་ཐབས་ཇི་དགོས། ༡༠། རི་བོ་དགེ་ལྡན་པའི་སྒྲིག་འཛུགས་བཀོད་འདོམས་ཀྱི་ལྟེ་བ་དགའ་ལྡན་ཁྲི་ཐོག་ཁང་གི་ལས་དོན་ཚགས་སུ་ཚུད་པ་ཡོང་ཐབས་ཇི་དགོས་དང་། དེའི་ལས་བྱེད་པ་ཆེ་ཕྲ་ཡོངས་ཀྱི་རྩ་འཛིན་ཞུ་དགོས་པའི་ལས་བྱེད་པའི་རྩ་འཛིན་ཡིག་ཆ་གཏན་འབེབས་ཇི་དགོས། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤེས་འཇོན་དང་ལྷག་བསམ་ལྡན་པ་ཞིག་འཛུགས་ཐབས་ཇི་དགོས་སྐོར་དང་། ད་ཡོད་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འདི་ཚགས་སུ་ཚུད་པ་དངོས་གནས་ལ་ཚོགས་པའི་ངོ་བོ་དང་དམིགས་ཡུལ་ལས་འགུལ་གང་ཐད་ནས་ཀྱང་རྒྱལ་སྤྱིའི་གནས་བབས་ལྡན་པ་བཟོ་ཐབས་ཇི་དགོས་སྐོར་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་གནང་མཐར་ཕྲན་བུའི་བཟོ་བཅོས་དང་བཅས་གྲོས་ཆོད་ཁག་གཏན་འབེབས་གནང་ཞིང་། དེའི་སྔོན་དུ་དྭོགས་མ་ཆོད་པ་དང་གསལ་པོ་མ་བྱུང་བའི་རིགས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བར་བར་དུ་གསལ་བཤད་སོགས་ཀྱང་གནང་བ་མ་ཟད། མཇུག་བསྡོམས་སུ་གསུང་བཤད་རྒྱས་པ་ཞིག་ཀྱང་གནང་འདུག དེ་བཞིན་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཀྱང་མཇུག་བསྡོམས་སུ་བཀའ་སློབ་བསྩལ་ཡོད།
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༤ ནས་༡༦ བར་ཉིན་གསུམ་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཡང་སྟེང་ཚོགས་ཁང་དུ་འབྲས་སྤུངས་བློ་གསལ་གླིང་གི་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་ཐོག་གི་ཚོགས་འདུར་ཞུགས་ཏེ་ལམ་སྟོན་གསལ་བཤད་སོགས་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་སློབ་ཕེབས་འདུག ཚོགས་འདུར་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་དང་། ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་མཆོག དྷ་ས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག དྷ་ས་མཚན་ཉིད་སློབ་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག དེ་བཞིན་བློ་གླིང་མཁན་རིན་པོ་ཆེ་མཆོག་དང་། ལས་སྣེ་དབུ་ཆོས་གསུམ། བླ་སྤྲུལ་རྣམ་པ། དཔེ་ཁྲིད་དགེ་རྒན་རྣམ་པ། ཁང་ཚན་དགེ་རྒན་རྣམ་པ། ཕྱག་མཛོད་རྣམ་པ་སོགས་ཚོགས་ཕེབས་ཡོད་འདུག
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རབ་གསལ་ཚོགས་ཁང་དུ་ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་ཁང་སོགས་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ད་ལྟའི་འཇིག་རྟེན་གྱི་གནས་སྟངས་ཡ་ང་བ་དང་། དེའི་བྱུང་ཚུལ། དེ་སེལ་ཐབས་བཅས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་ཞིབ་ཚགས་གནང་འདུག
༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ་འདུས་ཚོགས་ལ་སྔ་དྲོ་གཏན་འབེབས་གནང་བའི་འཛིན་སྐྱོང་གི་སྒྲིག་གཞི་དང་། སྔོན་རྩིས་ཀྱི་སྒྲིག་གཞི། གྲོས་འཆར་སོགས་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་འདུག
༢༠༡༦ ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱབ་ཏུ་༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་གསར་པའི་དབུ་འབྱེད་དང་འབྲེལ་རྒྱུད་བླ་མའི་བགྲོ་གླེང་ཆེན་མོ་ཚུགས་པ་དེའི་གཙོ་སྐྱོང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གནང་བ།
༢༠༡༦ ཕྱི་ཟླ་ ༨ ཚེས་ ༡༩ ཉིན་དྷ་སར་སློབ་དཔོན་མཆོག་གི་གཟིམས་ཤག་ཏུ་བློ་བཟང་དབང་རྒྱལ་ལགས་ཀྱིས་ tibetsun.com ཆེད་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བཅར་འདྲི་ཞུས་ཤིང་། བརྗོད་གཞི་ནི་ཉེ་ཆར་རིན་པོ་ཆེས་འོས་བསྡུ་ཆེན་མོའི་ནང་ཆ་ཤས་མི་བཞེས་པའི་རྒྱུ་མཚན་དང་། ཚོགས་ཟུར་དང་བཀའ་ཟུར་རྣམས་ཀྱིས་༧གོང་ས་མཆོག་མཇལ་བཅར་ཞུས་པའི་གནས་ཚུལ། གནས་ཆུང་དང་བརྟན་མའི་བཀའ་ལུང་སྐོར། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐོག་དགོངས་འཆར། དེ་བཞིན་བོད་མི་རྣམས་ཕྱི་རྒྱལ་ཡུལ་མིའི་རང་བཞིན་བཞེས་ན་དགེ་སྐྱོན་སོགས་ཀྱི་ཐོག་ཡིན་འདུག
༢༠༡༦ ཕྱི་ཟླ་ ༩ ཚེས་ ༢ ཉིན་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རིའི་ཏུའུ་ལན་གཙུག་ལག་སློབ་ཁང་གི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་དགེ་སློབ་རྣམས་ལ་ “’འཆི་བ་དང་འཆི་བཞིན་པ་དང་། དེ་བཞིན་མི་ཚེའི་ལྷན་སྐྱེས་ཀྱི་ཆ་ཤས་དེ་དང་འབྲེལ་བ་བདེ་ཐང་འཇོག་གལ་བཅས་ཀྱི་ཐོག་བོད་པའི་ལྟ་ཚུལ་སྐོར་” གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་ཞིང་། དེ་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
༢༠༡༦ ཕྱི་ཟླ་ ༩ ཚེས་ ༦ ཉིན་དྷ་ཤོད་སྤྱི་ཚོགས་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོའི་ཚུལ་དུ་ ‘སྐར་རྩིས་པ་ཕུལ་བྱུང་བྱ་དགའི་མཛད་སྒོར་’ གདན་ཞུས་ཀྱིས་རྒྱ་གར་རྒྱལ་ཡོངས་ནས་ཕེབས་པའི་སྐར་རྩིས་པ་རྣམས་ལ་བྱ་དགའ་བསྩལ་བ་དང་འབྲེལ་བླང་དོར་གསུང་བཤད་གནང་ཞིང་། དེ་ནི་སམསྟ་བྷཱརཏ་ཞེས་པའི་རྒྱལ་ཡོངས་དུས་དེབ་ཀྱིས་གོ་སྒྲིག་གནང་འདུག
༢༠༡༦ ཕྱི་ཟླ་ ༩ ཚེས་ ༧ ཉིན་སྔ་དྲོ་རྒྱ་གར་གྱི་ཚོུད་ ༩།༣༠ ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་བོད་སྐད་ཐོག་བཅར་འདྲི་ཞུ།
༢༠༡༦ ཕྱི་ཟླ་ ༩ ཚེས་ ༡༤ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གཞུང་གི་ཚོང་ལས་སྒྲིག་འཛུགས་ཁོངས་ཁ་པར་ཏར་འཕྲིན་འབྲེལ་ལམ་ BSNL, Dharamshala ལས་ཁུངས་ཨ་མའི་གོ་སྒྲིག་འོག་དེ་གའི་ཚོགས་ཁང་དུ་ཧིན་སྐད་ཉིན་མོ་སྲུང་རྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་ཞུས་ཀྱིས་རྒྱ་གར་བ་ལ་ཧིན་སྐད་གལ་འགངས་ཆེ་སྐོར་གསུང་བཤད་གནང་ཞིང་། སྐབས་དེར་དམིགས་བསལ་སྐུ་མགྲོན་དུ་དྷ་སའི་ DAV Public སློབ་གྲྭའི་སློབ་སྤྱི་སིཀནྡར་ཧཡཱཏ་ཁཱན་དང་། དེ་བཞིན་དྷ་སའི་ BSNL སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་གཞོན་པ་སོགས་དཔོན་རིགས་རྣམས་དང་། ལས་བྱེད་རྣམས་འདུ་འཛོམས་འདུག
༢༠༡༦ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དུད་འགྲོའི་ཆེད་དུ་རྒྱ་གར་ཆིག་བསྒྲིལ་ཞེས་པའི་ལས་འགུལ་གྱི་གོ་སྒྲིག་འོག་ལྷ་ཞི་བདེའི་ཚོགས་ཁང་དུ་དུད་འགྲོའི་བདེ་དོན་ཁྲིམས་འཆར་དགོས་འདུན་དང་དུད་འགྲོར་བཀོལ་ཉེས་ལྡོག་པའི་རྒྱ་ཆེའི་འཛམ་གླིང་ལས་འགུལ་ཉིན་མོ་སྲུང་རྩིའི་ཐོག་གདན་ཞུས་ཀྱིས་ “དུད་འགྲོར་བྱམས་བརྩེ་དང་དུད་འགྲོའི་བདེ་དོན་ཁྲིམས་འཆར་གཏན་འབེབས་ཛ་དྲག་དགོས་གལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
ཇི་ལྟར་སྨན་རྩིས་ཁང་མཐོ་སློབ་ནས་ཞུས་པ་བཞིན་ ༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱའི་བཀའ་ཁྲིད་དབུ་འཛུགས་དང་། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག
༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭར་ཧི་མཱ་ཅལ་གནས་ཁུལ་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་དྲུག་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་རིགས་ལམ་སྦྱོང་བའི་དགོས་དམིགས་དང་ཕན་ཡོན་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་སོགས་གནང་འདུག
༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷ་ཞི་བདེ་ཚོགས་ཁང་དུ་ཤར་ནུབ་འཕྲད་པ་ཞེས་པའི་དྲན་ཤེས་སྨན་གྱི་ཚོགས་ཆེན་ཐོག་ “སྨན་བཅོས་ལག་ལེན་ཧྲིལ་པོའི་ནང་དྲན་ཤེས་དང་། ལུས་སེམས་འབྲེལ་བ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། ཚོགས་ཆེན་དེ་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་། བདེ་ལེགས་སྨན་ཁང་། ནིའུ་ཨོར་ལིན་སིའི་ཨོཤ་ནར་སྨན་ཁང་ཁག ལུ་ཛི་ཡ་ན་མི་སི་སི་པིའི་འཕྲོད་བསྟེན་སྒྲིག་འཛུགས། ལུ་ཛི་ཡ་ན་ཧི་མཱ་ལ་ཡའི་ཚོགས་སྡེ་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་མ་ཟད། གོང་གསལ་ཚོགས་སྡེ་དང་སྨན་ཁང་ཁག་ནས་སྨན་པ་མང་པོ་ཕེབས་འཛོམས་བྱུང་འདུག
༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཕྱི་དྲོ་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་འགྲེམས་སྟོན་གནང་མཁན་སྐུ་ཞབས་མགོན་པོ་རྒྱལ་གྱི་གོ་སྒྲིག་འོག་དྷ་ས་མེཀ་གན་ཉིན་སློབ་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “༧གོང་ས་མཆོག་གི་མཛད་འཕྲིན་སྐྱོང་ཚུལ་དང་འབྲེལ་དེབ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་སྲུང་རྩི་ཞུས་ཤིང་། ཐོག་མར་མཆོད་པ་རྒྱས་པར་བཤམས་པའི་ཐོག ཞལ་འདོན་ཁག་གནང་བ་མ་ཟད། གསོལ་ཇ་འབྲས་བསིལ་འདེགས་འབུལ་གྲུབ་མཚམས། ལྷ་ཚོགས་པས་གསོལ་བ་བཏབ་དོན་བཞིན་རིན་པོ་ཆེ་མཆོག་གིས་ “སྤྱི་ཚོགས་ཞབས་ཞུ་བས་ཀུན་སློང་འཁྱེར་སྟངས་དང་། ལས་དོན་བྱེད་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་བོད་སྐད་དང་དེ་རྗེས་ཨིན་སྐད་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་གྲྭ་ཚང་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་གཞན་ཡང་མི་སྣ་མང་ཙམ་འདུ་འཛོམས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མདྷྱ་པྲདེཤ་མངའ་སྡེ་གཞུང་གི་ལེགས་བྱང་སྡེ་ཚན་དང་པྲཉྫཱ་པྲབཱཧ་ཞེས་པའི་ཚོགས་སྡེ་གཉིས་ཟུང་འབྲེལ་གོ་སྒྲིག་འོག་བྷོཔཱལ་གྱི་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་གི་འདབ་འབྲེལ་ཚོགས་ཁང་ཞིག་ཏུ་སྐྱེ་རྒུའི་དཔྱད་བསྡུར་ (Lokmanthan) ཡུལ་དུས་གནས་སྟངས་ (དེཤ་ཀཱལ་སྠིཏི་) ཞེས་རྒྱལ་ཁབ་དང་པོར་འཇོག་པའི་བསམ་བློ་བ་དང་ཉམས་ལེན་པའི་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་གྱི་མཇུག་བསྡོམས་སུ་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་གནང་ཞིང་། ཚོགས་ཆེན་དེ་ནི་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༢ ནས་ ༡༤ བར་ཚོགས་པ་དང་། སྐབས་དེར་གློག་བརྙན་འཁྲབ་སྟོན་པ་ཨནུཔམ་ཁེར་དང་། ཅནྡྲ་པྲཀཱཤ་དྭིབེདཱི་སོགས་སྐུ་མགྲོན་རྣམ་པ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མངའ་སྡེ་གཞུང་གི་ལེགས་བྱང་བློན་ཆེན། དེ་བཞིན་མངའ་སྡེ་གཞུང་གི་ལེགས་བྱང་སྡེ་ཚན་གྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱིས་མཚོན་གཞུང་ཞབས་རྣམ་པ། གསར་ཤོག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་གྲགས་ཅན། སློབ་དཔོན་ཆེན་པོ། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཆིག་སྟོང་བརྒལ་བ་འདུ་འཛོམས་བྱུང་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྀ་ཤི་ཝེ་ལིའི་ས་གནས་སུ་ཀྲྀཥྞམཱུརྟིའི་ཐེབས་རྩའི་འདུ་འཛོམས་ཐོག་དེང་གི་འཛམ་གླིང་ནང་འགན་ཁུར་གསོན་པོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་ཀྲྀཥྞམཱུརྟིའི་རྗེས་འཇུག་སུམ་བརྒྱ་ཙམ་འདུ་འཛོམས་འདུག
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་བྱམས་བརྩེ་གསོ་སྐྱོང་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་མདྲཱས་དཔལ་འབྱོར་སློབ་གྲྭའི་ཚོགས་ཁང་ཞིག་ཏུ་སྐུ་ཞབས་བསྟན་འཛིན་པྲིཡ་དརྴཱི་དང་ལྷན་དུ་དབེན་ཚོགས་ཤིག་བསྐྱངས་ཤིང་། “རང་ངོ་ཤེས་ཐབས་དང་། ང་ཚོ་ཅིའི་ཕྱིར་མི་འགྱུར་རམ། སྒེར་གྱི་ལས་འགན་” བཅས་ཀྱི་བརྗོད་གཞིའི་ཐོག་གླེང་མོལ་གནང་བ་མ་ཟད། རིན་པོ་ཆེ་མཆོག་དང་། སྐུ་ཞབས་བསྟན་འཛིན་པྲིཡ་དརྴཱི། སྐུ་ཞབས་གུརུ་མཱུརྟཱི་བཅས་ཀྱིས་ “སྟབས་བསྟུན་ཅན་གྱི་འཛམ་གླིང་ལ་སྟབས་བསྟུན་མེད་པའི་བཟང་སྤྱོད་” ཅེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་བགྲོ་གླེང་ཡང་གནང་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་སློབ་གྲྭའི་ཚོགས་ཁང་དུ་སྲོལ་རྒྱུན་དང་དེང་རབས་ཀྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། སྐབས་དེར་བོད་མི་མང་སྤྱི་འཐུས་དང་། ས་གནས་ཀྱི་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་སློབ་སྤྱི། སེར་བྱེས་སློབ་གྲྭའི་དགེ་སློབ། ས་གནས་ཀྱི་སློབ་གྲྭ་གཞན་ཁག་གི་དགེ་སློབ་སོགས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་སློབ་གྲྭའི་ཚོགས་ཁང་དུ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་ཡོངས་ལ་དགེ་སྐྱོན་ཇི་ᨕᩏ་སྐོར་གསུང་བཤད་གནང་ཞིང་། སྐབས་དེར་བོད་མི་མང་སྤྱི་འཐུས་དང་། ས་གནས་ཀྱི་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་སློབ་སྤྱི། སེར་བྱེས་སློབ་གྲྭའི་དགེ་སློབ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ། ས་གནས་ཀྱི་སློབ་གྲྭ་གཞན་ཁག་གི་དགེ་སློབ་སོགས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་སློབ་གྲྭའི་ཚོགས་ཁང་དུ་ཚན་རིག་དང་འཕྲུལ་ལས་ཀྱི་དགོས་འདོད་ཇི་ལྟར་བྱུང་བ་དང་། དེ་ལ་བརྟེན་ནས་སྐྱེ་རྒུའི་འཕྲལ་ཡུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གནོད་ཇི་བྱུང་སྐོར་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། སྐབས་དེར་བོད་མི་མང་སྤྱི་འཐུས་དང་། ས་གནས་ཀྱི་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་སློབ་སྤྱི། སེར་བྱེས་སློབ་གྲྭའི་དགེ་སློབ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ། ས་གནས་ཀྱི་སློབ་གྲྭ་གཞན་ཁག་གི་དགེ་སློབ་སོགས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་ “དེང་དུས་ཤེས་ཡོན་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གལ་ཆེའི་སྐོར་” གསུང་བཤད་གནང་ཞིང་། སྐབས་དེར་བོད་ཁྱིམ་ངེས་སྟོན་པ་དང་སློབ་སྤྱི། དགེ་ལས་རྣམ་པ། བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་པ་ཡན་གྱི་སློབ་གཉེར་བ། དེ་བཞིན་ཉེ་འཁོར་སློབ་གྲྭའི་སློབ་གཉེར་བ་བཅས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་སློབ་གྲྭའི་ཚོགས་ཁང་དུ་ “སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཀྱི་སྐྱོན་ཡོན་སྐོར་དང་། བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ལ་གང་དགེའི་སྐོར་” གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། སྐབས་དེར་བོད་མི་མང་སྤྱི་འཐུས་དང་། ས་གནས་ཀྱི་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་སློབ་སྤྱི། སེར་བྱེས་སློབ་གྲྭའི་དགེ་སློབ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ། ས་གནས་ཀྱི་སློབ་གྲྭ་གཞན་ཁག་གི་དགེ་སློབ་སོགས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོོ་ཆེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་རྣམས་ལ་ “སྤྱི་དམངས་ཀྱི་མངོན་འདོད་འགྲུབ་པ་ལ་སྲི་ཞུ་བ་ཞིག་གི་བསམ་བློ་འཁྱེར་སོ་དང་ལས་དོན་བྱེད་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བར་ལན་འདེབས་བཅས་གནང་འདུག
ཇི་ལྟར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཕྱི་དྲོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་ཡོངས་ལ་ “དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་པའི་ཆ་རྐྱེན་དང་འོས་འགན་” ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནང་བའི་སྒྲ་ལྡན་གསུང་བཤད།
༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་པུ་ཎེ་རུ་ཨེས་ཨེམ་ཇོ་ཤཱི་སྤྱི་ཚོགས་རིང་ལུགས་པའི་ཐེབས་རྩའི་ཚོགས་ཁང་དུ་བདག་ཉིད་ཆེན་པོ་གཱཾདྷཱི་འཁྲུངས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་དྲན་དུ་ “གཱཾདྷཱི་༡༥༠ ལས་འགུལ་” ཞེས་པའི་ལོ་གསུམ་ཧྲིལ་པོ་ལས་འགུལ་སྣ་ཚོགས་སྤེལ་རྒྱུའི་ལས་འགུལ་དབུ་འབྱེད་བསྐྱངས་པ་མ་ཟད། གསུང་བཤད་ཀྱང་གནང་ཞིང་། དེ་ནི་རྒྱ་གར་རྒྱལ་ཡོངས་གཱཾདྷཱི་དང་འབྲེལ་བའི་ཚོགས་པ་ཆེ་ཁག་མཉམ་འདུས་ཀྱི་ལས་འགུལ་ཞིག་ཡིན་པ་དང་། སྐབས་དེར་གཱཾདྷཱིའི་རྗེས་འཇུག་གྲགས་ཆེ་བ་མང་པོ་ཕེབས་འཛོམས་འདུག
༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༧ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ཎེ་རུ་ཨ་གཱ་ཁཱན་རྒྱལ་ཁང་དུ་གནས་གཟིགས་སུ་ཕེབས་ཤིང་། དེ་ནི་བདག་ཉིད་ཆེན་པོ་གཱཾདྷཱི་མཆོག་ཨིན་ཇིའི་སྲིད་གཞུང་གིས་ ༡༩༤༢ ཕྱི་ཟླ་ ༨ ཚེས་ ༩ ནས་ ༡༩༤༤ ཕྱི་ཟླ་ ༥ ཚེས་ ༦ བར་ཟླ་བ་ཉེར་གཅིག་རིང་བཙོན་འཇུག་ཞུ་ས་དེ་ཡིན། དེའི་རིང་གང་ཉིད་ཀྱི་ཆུང་མ་ཀསྟཱུརྦཱ་དང་སྒེར་དྲུང་མཧཱ་དེབ་དེསཱཨཱི་གཉིས་འདས་གྲོངས་སོང་བའི་གནས་དེའང་རེད་འདུག
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ཝརྡཱ་ས་གནས་ཀྱི་སེབཱ་གྲཱམ་དུ་ཕེབས་འབྱོར་གྱིས་གཱཾདྡྷཱིའི་རྗེས་འཇུག་འབུམ་རམས་པ་སུརེནྡྲ་ཀུམཱར་དང་སློབ་དཔོན་ཆེན་པོ་རཱམ་ཅནྡྲ་པྲདྡྷཱན་ལྷན་དུ་བཀའ་མོལ་གནང་བཞིན་པ་དང་། དེ་རྗེས་ཉམས་ཞིབ་སློབ་གཉེར་བ་སྐུ་ཞབས་གྱི་བཅར་འདྲིར་བཀའ་ལན་གནང་།
༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སྔ་དྲོ་ཚོགས་ཐེངས་གཉིས་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཝརྡཱ་ས་གནས་ཀྱི་སེབཱ་གྲཱམ་དུ་རྟེན་གཞི་བྱས་པའི་གཱཾདྡྷཱིའི་ལྟ་གྲུབ་སློབ་གཉེར་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་སློབ་གཉེར་བའི་ཟབ་སྦྱོང་དུ་ “ཅིའི་ཕྱིར་རང་ངོ་ཤེས་དགོས་པ་དང་། དེའི་ཕྱོགས་སུ་གོམ་པ་སྤོ་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་མ་ཟད། དྲི་བར་ལན་འདེབས་བཅས་གནང་ཞིང་། དེར་རྒྱ་གར་གྱི་མངའ་སྡེ་མང་པོ་ནས་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་འདུ་འཛོམས་དང་། ཉེ་འཁོར་གྱི་གཱཾདྡྷཱིའི་ཚོགས་པ་ཆེ་ཁག་གི་མཛད་གཙོ་རྣམ་པའང་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཝརྡཱ་ས་གནས་ཀྱི་སེབཱ་གྲཱམ་དུ་རྟེན་གཞི་བྱས་པའི་གཱཾདྡྷཱིའི་ལྟ་གྲུབ་སློབ་གཉེར་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་སློབ་གཉེར་བའི་ཟབ་སྦྱོང་གི་མཇུག་བསྡོམས་གསུང་བཤད་གནང་འདུག