ཕྱི་ལོ་ ༢༠༡༥ ལོའི་ནང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རགས་བསྡུས།
༤༦། ༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོར་སེར་བྱེས་འབྲིང་རིམ་སློབ་གྲྭས་གསོལ་བ་བཏབ་པ་བཞིན༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་ཚོམས་ཆེན་ཡང་ཐོག་ཏུ་དཔལ་ཛེ་ཏ་རི་ལས་བརྒྱུད་པའི་མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། འཇམ་དཔལ་མཚན་བརྗོད་དང་གང་བློ་མའི་ལྗགས་ལུང་བཅས་སྩལ་གནང་མཛད།
༤༥། ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་ཕེབས་འབྱོར་གྱིས། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་རྒྱས་པར་བསྐྱངས་བ་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོའི་དམ་གཟིགས་ཞིབ་གནང་།
༤༤། ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༢༧ ནས་༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༨ བར་་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་དགའ་འབྲས་གཉིས་སུ་གྲྭ་ཤག་བཅས་གསར་པ་སྒོ་འབྱེད་དང་། རྗེ་ཙོང་ཁ་པས་མཛད་པའི་ཡོན་ཏན་གཞིར་གྱུར་མ་དང་། དབུ་མ་རྩ་བ་ཤེས་རབ། རྟེན་འབྲེལ་བསྟོད་པ་སོགས་འཆད་ཁྲིད་སོགས་འཆད་ཁྲིད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། ནང་བསྟན་རིག་པའི་གཞུང་ལུགས་ལ་སྦྱང་ན་ཕན་འབྲས་ཅི་ཙམ་ཡོད་མེད་ཐོག་གསུང་བཤད་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་རེད།
༤༣། ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་དམིགས་བསལ་སྐུ་མགྲོན་ལ་གདན་ཞུས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གལ་ཆེའི་ལམ་སྟོན་གནང་།
༤༢། ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཨ་རིའི་མངའ་སྡེ་ལུ་ཛི་ཡ་ན་དང་མི་སི་སི་པི་འཕྲོད་བསྟེན་ཁང་ (Louisiana-Mississippi Hospice and Palliative Care Organization) ཞིག་གི་འཛིན་སྐྱོང་ངེས་སྟོན་པ་སློབ་དཔོན་ཆེན་པོ་ཇེ་མི་བོ་ཌེ་རེཀས་ (Prof. Jamey Boudreaux) མཆོག་དང་། ཨོཤ་ནར་གསོ་རིག་ཁང་ (Ochsner Medical Center) སོགས་ཀྱི་སྨན་པ་ཆེ་གྲས། སྨན་གཡོག འཕྲོད་ལས་པ་སོགས་མི་གྲངས་བཅིུས་ཙམ་ལ་ནང་ཆོས་ནང་འཆི་བའི་སྟ་གོན་དང་། འཆི་བའི་བརྒྱུད་རིམ། ཤི་ཟིན་པའི་ཉམས་མྱོང་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་།
༤༡། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་སྔ་དྲོ་ཀིརྟི་གཞན་ཕན་ཞི་བདེ་ཚོགས་ཁང་དུ་ཀུན་སྤྱོད་དུས་དེབ་ཞལ་དབྱེ་མཛད་སྒོ་ཞིག་ཚོགས་ཤིང་། སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་དབྱེ་གནང་བ་མ་ཟད། ཀུན་སྤྱོད་དུས་དེབ་ཀྱང་ཞལ་དབྱེ། གལ་ཆེའི་གསུང་བཤད་བཅས་གནང་ཡོད་པ་རེད།
༤༠། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྔ་དྲོ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོ་ཐོག རིག་ལམ་སློབ་གཉེར་བྱེད་པའི་དགོས་པ་དང་གལ་ཆེ་རང་བཞིན་སྐོར་བཀའ་སློབ་དང་གསུང་བཤད་གནང་ཞིབ་རྒྱས་གནང་།
༣༩། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སྔ་དྲོར་རྒྱ་གར་ལྷོ་སྤྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོར་བསྲུང་བརྩི་ཞུ་སླད་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཉིན་གཉིས་རིང་གསུང་བཤད་གནང་།
༣༨། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་རབ་གསལ་ཚོགས་ཁང་དུ་ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་རྣམས་ཀྱི་ལྷན་དུ་བགྲོ་གླེང་ལས་རིམ་དུ་མཉམ་ཞུགས་ཀྱིས་རིན་པོ་ཆེས་གསུང་བཤད་མདོར་བསྡུས་ཤིག་གནང་།
༣༧། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༡ ཉིན་དེ་རྗེས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་བ་བཏབ་པ་བཞིན་ཕེབས་བསྐྱོད་ཀྱིས་རྒྱལ་སྲས་སྤྲུལ་སྐུ་རྣམས་ལ་ལམ་སྟོན་གསུང་བཤད་དང་དྲི་བར་ལན་འདེབས། ཕྱི་དྲོ་སྤྲུལ་སྐུ་རྣམ་པའི་ལྷན་དུ་བླ་མ་མཆོད་པའི་ཚོགས་ཕུལ་བ་བཅས་གནང་འདུག
༣༦། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༡ སྔ་དྲོ་བློ་གླིང་མི་ཉག་ཁམས་ཚན་དུ་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཁམས་ཚན་གྱི་འདུས་མང་ཡོངས་ལ་སྤྱིར་བསླབ་པ་སློབ་གཉེར་གལ་ཆེ་ཚུལ་དང་། ལྷག་པར་དུ་སྙིགས་མ་ལྔ་བདོའི་དུས་ངན་འདི་ལྟ་བུའི་ནང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པ་སློབ་གཉེར་གནང་རྒྱུ་བྱུང་བ་ཇི་ཙམ་སྐལ་བ་དང་ལྡན་པ་ཡིན་ཚུལ། གོ་སྐབས་དེ་ཆུད་ཟོས་སུ་མི་གཏོང་བ་དགོས་ཚུལ་སོགས་བླང་དོར་གསུང་བཤད་གནང་འདུག
༣༤། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ཕྱི་དྲོ་ཚོུད་ ༧།༡༥ ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུས་མང་ཡོངས་ལ་འདས་པའི་ཉིན་གསུམ་རིང་ཚོགས་པའི་མ་འོངས་འཛིན་སྐྱོང་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་འདུའི་ནང་བྱུང་བའི་འཛིན་སྐྱོང་ཚགས་ཚུད་དང་རྒྱུན་གནས་ཡོང་ཐབས་ཆེད་འཛིན་སྐྱོང་གི་སྒྲོམ་གཞི་རགས་ཟིན་ཞིག་བཟོས་པ་དེའི་རྒྱབ་ལྗོངས་དང་། དེའི་དགོས་པ། དེའི་ནང་དོན་སོགས་ཀྱི་ཐོག་གསུང་བཤད་རྒྱས་པར་གནང་འདུག
༣༣། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཚོགས་འདུ་དབུ་འཛུགས་ཀྱིས་གྲྭ་ཚང་གི་འཛིན་སྐྱོང་ཚགས་ཚུད་དང་རྒྱུན་གནས་ཡོང་ཐབས་ཆེད་འཛིན་སྐྱོང་གི་སྒྲོམ་གཞི་རགས་ཟིན་དེ་སྤྱན་འབུལ་གྱིས་འགྲེལ་བརྗོད་རྒྱས་པར་གནང་།
༣༢། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༧ ཕྱི་དྲོ་རྒྱ་གར་ལྷ་ཕྱོགས་མོན་གོར་དུ་ཕེབས་འབྱོར་གྱིས་ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༨ ཉིན་སྔ་དྲོ་ཚོུད་བརྒྱད་པའི་ཐོག་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་མ་འོངས་འཛིན་སྐྱོང་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་འདུའི་ཐོག་མཉམ་ཞུགས་གནང་།
༣༡། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༣༠ ཉིན་མུ་མཐུད་དེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རི་ཀེ་ལི་ཕོར་ནི་ཡའི་རིཅ་མན་ཌ་ས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་ “བདེན་བཞིའི་སྐོར་” གསུང་བཤད་དང་། དྲི་བ་དྲིས་ལན་གནང།
༣༠། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བྱང་ཀེལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་རྣམས་ལ་ “རང་གི་རྩ་ཆེའི་སྐད་ཡིག་ལེགས་བྱང་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་སླད་ལས་འགན་ཇི་ཡོད། ལྷག་པར་དུ་ཨ་རིའི་ནང་འཚར་ལོངས་བྱུང་བའི་ན་གཞོན་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཡོད་པར་ཁོང་ཚོར་དམིགས་བསལ་གྱི་བཀའ་སློབ་ལམ་སྟོན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་།
༢༩། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༨ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རི་ཀེ་ལི་ཕོར་ནི་ཡའི་རིཅ་མན་ཌ་ས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་ “བདེན་བཞིའི་སྐོར་” གསུང་བཤད་དང་། དྲི་བ་དྲིས་ལན་གནང་།
༢༨། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་མང་ཚོགས་ལ་ “སྤྱིར་བཙན་བྱོལ་དང་། ཁྱད་པར་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་གལ་གནད་དང་། བོད་མི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་བཞིན་པའི་ཀླན་ཀ་གཞན་ཁག་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་།
༢༧། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཤི་ཀ་གོར་རྟེན་གཞི་བྱས་པའི་གྲགས་ཅན་གྱི་སྒྱུ་རྩལ་ཁང་ (Art Institute) དུ་གཟིགས་སྐོར་དང་། ཚེས་ ༢༤ ཉིན་སྔ་དྲོ་ཤི་ཀ་གོ་གཙུག་ལག་སློབ་ཁང་གི་ནང་པའི་སྡེ་ཚན་དུ་ “དེང་རབས་སྔོན་དང་། དེང་རབས་ནང་པའི་ཤེས་ཡོན་ལམ་སྲོལ” ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་འདུག
༢༦། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་མང་ཚོགས་ལ་ “སྤྱིར་བཙན་བྱོལ་དང་། ཁྱད་པར་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་གལ་གནད་དང་། བོད་མི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་བཞིན་པའི་ཀླན་ཀ་གཞན་ཁག་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་མ་ཟད། ཚོགས་པ་དང་སྒེར་ཁག་ལ་ལམ་སྟོན་དང་མཇལ་ཁའང་གནང་འདུག
༢༥། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་རྩེ་དཔེ་མཛོད་ཁང་དུ་ནིའུ་ཡོག་ཁུལ་གནས་པའི་བོད་མི་ཤེས་ཡོན་པ་རྣམས་ལ་ “བོད་རིག་པའི་བྱུང་རབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་།
༢༤། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༨ དང་ ༡༩ ཉིན་ཨ་རི་བོས་ཊོན་དུ་བཞུགས་རིང་ཀུ་རུ་ཀུ་ལ་ནང་པའི་ཆོས་ཚོགས་སུ་ “ནང་ཆོས་ཉམས་ལེན་གྱི་ཕན་ཡོན་” དང་། སོ་མར་ཝིལ་ཚོགས་ཁང་དུ་ “བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་” བཅས་སོ་སོར་གསུང་བཤད་དང་། དེ་བཞིན་བཅར་འདྲི་ཁག མཇལ་ཁ་བཅས་གནང་འདུག
༢༣། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༧ ཉིན་སྔ་དྲོ་ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་རྣམ་རྒྱལ་ཤཱསྟྲཱི་ལགས་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ “༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་གསུམ་” གྱི་ཐོག་བཅར་འདྲིར་ལན་འདེབས་གནང་།
༢༢། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་མང་ཚོགས་ལ་ “དབུ་མའི་ལམ་གྱི་སྲིད་བྱུས་དང་དོལ་རྒྱལ་སྐོར་” གསུང་བཤད་གནང་འདུག
༢༡། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རི་ནིའུ་ཡོག་ཏུ་ཡེ་ཤུའི་ཆོས་སྡེ་ཞིག་ཏུ་མང་ཚོགས་ལ་ “ཉིན་རེའི་མི་ཚེའི་ནང་བློ་སྦྱོང་དང་སྙིང་རྗེ་ལག་ལེན་གནང་ཐབས་” ཐོག་གསུང་བཤད་གནང་ཞིང་། དེ་ནི་བོད་ཀྱི་ཐེབས་རྩ་དང་ཡེ་ཤུའི་ཆོས་སྡེ་གྲགས་ཅན་ St. John the Divine ཐུན་མོང་ནས་གོ་སྒྲིག་གནང་བ་དང་། མང་ཚོགས་གསུང་བཤད་དེའི་གཙོ་སྐྱོང་དེ་གའི་ཆོས་དཔོན་ Dr. James A. Kowalski ནས་གནང་འདུག
༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཨ་རི་ནིའུ་ཡོག་ཏུ་ཧིམཱལཡའི་རྒན་རབས་ལས་འཆར་གྱི་གོ་སྒྲིག་འོག་ཧིམཱལཡའི་རྒན་རབས་རྣམས་ལ་མི་ཚེ་དོན་ལྡན་དང་འཆི་བ་དོན་ལྡན་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བསྩལ་འདུག
༢༠། ༢༠༡༥ ཕྱི་ཟླ་ ༤ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སའི་སེར་ཀོང་ཁང་པར་ (Serkong House, Dharamsala) ཨ་རིའི་ཀེ་ལི་ཕོར་ནི་ཡ་ (California, USA) ནས་ཕེབས་པའི་མ་འོན་ཊ་མེ་ཌོ་ན་སློབ་གྲྭའི་ (Mount Madonna School) སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ཡང་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་། སེམས་ངོ་འཕྲོད་ཐབས། ད་ལྟའི་ཤེས་ཡོན་ལམ་སྲོལ། བཟང་སྤྱོད། ཆོས་དང་ཚན་རིག་མཉམ་བསྐྱོད་ཐུབ་ཐབས། ཆོས་ཀྱིས་འགལ་ཟླ་བཟོ་མིན། ད་ལྟའི་བོད་ཀྱི་གནས་སྟངས་སོགས་བརྗོད་གཞི་འདྲ་མིན་ཐོག་དྲི་བ་ཕུལ་བ་མ་ཟད། ད་རིང་གི་བགྲོ་གླེང་སྐོར་ལ་སློབ་ཕྲུག་སོ་སོས་བསམ་ཚུལ་ཡང་གསུངས་ཡོད་པ་རེད།
༡༩། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླྰིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལེགས་བྱང་སློབ་གཉེར་ཁང་ (International Centre for Cultural Studies) གི་གོ་སྒྲིག་འོག་ཅམནལཱལ་ཇཱི་རྗེས་དྲན་གསུང་བཤད་ཐེངས་བརྒྱད་པའི་གསུང་བཤད་གནང་མཁན་དུ་གདན་འདྲེན་ཞུས་པ་བཞིན། “ནུབ་ཕྱོགས་སུ་མངོན་དུ་འགྱུར་བཞིན་པའི་ལེགས་བྱང་གི་དཀའ་རྙོག་དང་འཇིག་རྟེན་གྱི་བླ་མའི་ཚུལ་དུ་རྒྱ་གར་གྱི་བྱེད་སྒོ་” (Emerging cultural crises in the west and India’s role as the world Guru) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
༡༨། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་གོ་སྒྲིག་འོག་ “རྒྱ་གར་བའི་དགོངས་ཚུལ་ནང་མི་རིགས་རིང་ལུགས་ཧྲིལ་པོ་” (Integral humanism in Indian thought) ཞེས་པའི་ཉིན་གསུམ་གྱི་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུའི་ (National seminar) དབུ་འབྱེད་ཉིན་ལྷག་པའི་རིགས་བདག་ (Chancellor) གི་ཚུལ་དུ་མཉམ་ཞུགས་གནང་སྟེ། སངས་རྒྱས་པ་དང་གཅེར་བུ་པ་གཉིས་འཇིག་རྟེན་གྱི་བྱེད་པ་པོ་མེད་པ་དང་འཚེ་བ་མེད་པ་ཡིན་ལུགས་དང་། མི་ཙམ་མིན་པར་སེམས་ཅན་ཐམས་ཅད་ལ་མཉམ་པར་ལྟ་དགོས་ཚུལ། མི་ཡིན་ནའང་ཕྱོགས་ཡོངས་ཀྱི་ཡར་རྒྱས་དགོས་ཚུལ། འཇིག་རྟེན་གྱི་ཀླན་ཀ་ཆེན་པོ་ལྔའི་སྐོར། མི་མཉམ་པའམ་དོ་མི་མཉམ་པ་ཆེ་ཁག་སྐོར་སོགས་གསུངས།
༡༧། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཡུ་ནི་སེཕ་ (Unicef) གྱི་མཐུན་འགྱུར་འོག་སྤནྡན་ (Spandan) ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གོ་སྒྲིག་འོག་སཱཾཅཱི་ (Sanchi) རུ་བསྐོང་ཚོགས་གནང་བའི་ “གཙང་སྦྲའི་ཐོག་ཆོས་ལུགས་ཕན་ཚུན་བགྲོ་གླེང་” (Inter-religious dialogue on sanitation) དུ་ཚོགས་ཞུགས་གནང་སྟེ། ལུས་ངག་ཡིད་གསུམ་གའི་གཙང་སྦྲ་གལ་ཆེ་ཚུལ་དང་། ནང་པའི་གཞུང་ལུགས་ནང་གཙང་སྦྲའི་སྐོར་ཧ་ཅང་རྒྱས་པོ་ཡོད་ཚུལ། ལྷག་པར་དུ་འདུལ་བའི་ནང་གསང་སྤྱོད་དང་ཁྲུས་ཁང་། ཆུའི་ཡུར་བ། གཙང་སྦྲ་བྱེད་ལུགས་བྱེད་སྟངས་བཅས་ཇི་ལྟར་དགོས་མིན་སོགས་ཞིབ་ཕྲ་གསུངས།
༡༦། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༡༨ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (International Buddhist Confederation) ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་དིལླཱིར་བསྐོང་ཚོགས་གནང་བའི་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བར་འདུལ་བའི་ཐོག་བགྲོ་གླེང་ (Theravada-Mahayana Dialogue on Vinaya) དུ་ཞུགས་གནང་མཛད།
༡༥། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༧ ཉིན་ནས་བདུན་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཇམ་དཔལ་མཚན་བརྗོད་རྩ་བ་དང་། ༧རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དེའི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ་བཅས་ཀྱི་བཀའ་ཁྲིད་གནང་།
༡༤། ༢༠༡༥ ཕྱི་ཟླ་ ༣ ཚེས་ ༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཉིན་གསུམ་རིང་གི་བགྲོ་གླེང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་བགྲོ་གླེང་ཚུགས་ཕྱོགས་སོགས་ཀྱི་ལམ་སྟོན་གནང་།
༡༣། ༢༠༡༥ ཕྱི་ཟླ་ ༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལོ་འཁོར་གསར་པའི་སློབ་གྲྭ་མགོ་འཛུགས་ཀྱི་ཉིན་མོར་དེ་གའི་དགེ་རྒན་དང་ལས་བྱེད་རྣམས་ལ་ “བཟང་སྤྱོད་ཀྱི་ཀུན་སློང་དང་། ལྷག་བསམ་གྱི་མཁོ་གནད། དགེ་སློབ་དབར་གྱི་འབྲེལ་ལམ་དང་གཅེས་སྐྱོང་། ནང་ཁུལ་གྱི་དམ་ཚིག་བསྲུང་རྒྱུའི་དགེ་མཚན་དང་དགོས་པ་བཅས་བཀའ་སློབ་གནང་།
༡༢། ༢༠༡༥ ཕྱི་ཟླ་ ༢ ཚེས་ ༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་དིལླཱིར་ཨིན་ཌི་ཡ་ཧེ་བི་ཊེཊ་སེན་ཊར་ (India Habitat Centre, New Delhi) དུ་དཔལ་སྤུངས་ (Mount of Excellence) ཞེས་པའི་གློག་བརྙན་གྱི་དབུ་འབྱེད་མཛད་སྒོར་ཞུགས་པ་མ་ཟད། དཔལ་སྤུངས་ཤེས་རབ་གླིང་དང་དེས་ནང་ཆོས་ལ་བསྡུ་ཆ་གང་ཕུལ་ཐོག་གསུང་བཤད་གནང་།
༡༡། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༣༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་མགོན་དབུ་བཞུགས་ཐོག་རྒྱ་གར་ཨུ་ཊར་མངའ་སྡེའི་ནང་སང་ཀི་ས་སངས་རྒྱས་ལྷ་འབབ་གནས་སུ་མཆོད་འབུལ་སྨོམ་ལམ་དང་རྒྱ་གར་གྱི་ནང་པ་ཆོས་ཞུ་བ་རྣམས་ལ་ཆོས་ཀྱི་ཚིགས་སུ་བཅད་པའི་གསུང་ཆོས་ཉིན་དང་པོ་གྲུབ་མཚམས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ནང་ཆོས་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་གནང་།
༡༠། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱིར་རྟེན་གཞི་བྱས་པའི་གཱཾདྷཱི་ཞི་བདེ་ཐེབས་རྩ་ཁང་ (Gandhi Peace Foundation) དུ་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ (Tibetan Support Groups in India) གི་དབུས་ཚོགས་ (Core Group) ཀྱི་གོ་སྒྲིག་འོག་སྐུ་གཤེགས་ཀེ་བི་བཀྴི་ (K. B. Bakshi) མཆོག་རྗེས་དྲན་དང་མྱ་ངན་ཚོགས་འདུར་ཕེབས་པ་མ་ཟད། རྗེས་དྲན་གསུང་བཤད་ཀྱང་གནང་ཡོད།
༩། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ཕྱི་དྲོ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨ་རིའི་ཕོརོས་སྦག་ཨི་སི་ཊེཊ་གཙུག་ལག་སློབ་གཉེར་ཁང་ (Frostburg State University, Maryland, USA) གི་དགེ་སློབ་རྣམས་ལ་ནང་ཆོས་དང་འཚེ་མེད་ཞི་བའི་སྐོར་གསུངས།
༨། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༨ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱིར་འཚེ་མེད་འདེམས་ཀ་ཐེབས་རྩ་ཁང་ (Foundation for Non-violent Alternatives) གི་མགོན་སྐྱབས་དང་ཡིད་ཆེས་དགེ་རྩ་བའི་ལོ་འཁོར་ཚོགས་འདུ་ཐེངས་བདུན་པར་ (Seventh Annual Meeting of Patrons and Trustees) མགོན་སྐྱབས་ (Patron) ཀྱི་ཚུལ་དུ་མཉམ་ཞུགས་ཀྱིས་དགོས་ངེས་ཀྱི་ལམ་སྟོན་ཡང་གནང་།
༧། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་དིལླཱིར་ལ་དྭགས་ཀྱི་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་ཁང་ (Mahabodhi International Meditation Centre, Ladakh) གི་གོ་སྒྲིག་འོག་ “སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩི་” (Mahakaruna Day Celebration) ཞེས་པར་ཕེབས་ཏེ་ཕྱག་རྟགས་བསྩལ་བ་མ་ཟད། སྙིང་རྗེ་དང་། ཚད་མེད་སྙིང་རྗེ། སྙིང་རྗེ་ཆེན་པོ་བཅས་སོགས་ཀྱི་ཐོག་གསུང་བཤད་ཀྱང་གནང་།
༦། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་དུ་དུས་ཐུང་ནང་ཆོས་སློབ་སྦྱོང་གི་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་ཕེབས།
༥། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སཱཾཅཱི་མཆོད་རྟེན་ལ་མཆོད་མཇལ་དུ་ཕེབས་ཏེ་ཞབས་སྐོར་དང་ཞལ་འདོན་གནང་།
༤། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷག་པའི་རིགས་བདག་ (Chancellor) གི་ཚུལ་དུ་སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་དུས་ཐུང་སློབ་གཉེར་དབུ་འཛུགས་ཉིན་མོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་།
༣། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཏྟ་པུར་ (Duttpur) དུ་ཚོགས་བཞིན་པའི་སློབ་དཔོན་རིགས་ (Acharyakul) ཞེས་པའི་ཚོགས་སྡེའི་ལོ་གསུམ་རེའི་རྒྱལ་ཡོངས་ཚོགས་ཆེན་ཐོག་གསུང་བཤད་གནང་སྟེ། འགྲོ་བ་མི་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་སྨྲ་བརྗོད་དང་རྣམ་དཔྱོད་ཡིན་ཚུལ། དེའི་ཆེད་ཤེས་ཡོན་དགོས་ཚུལ། ཤེས་ཡོན་གྱི་གོ་དོན་ངོ་མ་གང་ཡིན། དེའི་ཐོག་སློབ་དཔོན་རྣམས་གལ་ཆེ་ཚུལ། སློབ་དཔོན་རྣམས་བསླབ་པ་གསུམ་ལྡན་དགོས་ཚུལ། ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་རྣམས་ཉེན་ཁ་ཆེ་ཚུལ། དེ་ལ་སློབ་དཔོན་རིགས་ཀྱི་ལས་འགན་ཆེ་རུ་འགྲོ་ཚུལ། བོད་ཀྱི་གནས་སྟངས་སྐོར། དེ་ནས་དྲི་བ་རྣམས་ལ་ལན་འདེབས་གནད་སྨིན་དང་། མཐར་སློབ་དཔོན་རིགས་ཀྱི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
༢། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བདག་ཉིད་ཆེན་པོ་གཱཾདྷཱིའི་སེབཱ་གྲཱམ་བསྟི་གནས་སུ་ (Sevagram Ashram) མང་ཚོགས་ལ་ “བོད་རང་སྐྱོང་འཐབ་རྩོད་ཐོག་འཚེ་མེད་ཞི་བའི་ཐབས་ལམ་ (Reflections on non-violence as means of struggle for Autonomous Tibet) ཞེས་པའི་བརྗོད་གཞིའི་ཐོག་ཧིན་སྐད་ནང་གསུང་བཤད་གནང་།
༡། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཝརྡྷཱ་ལ་རྟེན་གཞི་བྱས་པའི་གཱནྡཱིའི་ལྟ་གྲུབ་སློབ་གཉེར་ཁང་དུ་ཚན་རིག་དང་ནང་དོན་རིག་པ་ཞེས་པའི་ཟབ་སྦྱོང་དབུ་འབྱེད་གནང་བ་དང་ཆབས་ཅིག་ནང་པའི་ལྟ་ཚུལ་ཐོག་ནས་དེའི་ཐོག་ཐུན་གསུམ་རིང་གསུང་བཤད་གནང་།