དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གཉིས་པར་གནང་བའི་གསུང་བཤད།

༄༅།། དབུ་མའི་ལམ་གྱི་མི་མང་གི་ལས་འགུལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཕེབས་པའི་མཆོག་ཏུ་བཀུར་བར་འོས་པ་ྋདཔལ་ལྡན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཆོག་དང༌། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུ་ཁྲིད་རྣམ་པ། སྤྱི་འཐུས་ལས་ཟུར་རྣམ་པ། གཞན་ཡང་འདིར་ཚོགས་ཕེབས་ཚང་མ་ལ། བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དུས་ཚོད་ཐུང་ངུ་ཞིག་གི་ནང་རྣམ་པ་ཚོས་ལས་འགུལ་རྣམ་གྲངས་མང་པོ་ཞིག་སྤེལ་ཐུབ་པ་དང༌། དམིགས་བསལ་གྱིས་མང་ཚོགས་ལའང་ཕན་རླབས་ཆེན་པོ་བྱུང་ཐུབ་པ་ནི་རྗེས་སུ་ཡི་རངས་ཀྱི་གནས་རེད།

རྣམ་པ་ཚོས་ལོ་གཅིག་སྔོན་ཐོག་མར་འགོ་འཛུགས་གནང་སྐབས། ང་ཚོའི་བསམ་ཚུལ་ལ་འདི་ལྟ་བུའི་ལས་འགུལ་མང་པོ་ཞིག་དང་ཤུགས་ནུས་ཐོན་པ་གནང་ཐུབ་པ་ཡོང་གི་རེད་བསམས་པའི་ཚོད་དཔག་ཐུབ་མེད། ཡིན་ནའང་ཁྱེད་ཚོས་རང་དོན་རང་གཅེས་ཀྱིས་སྐུ་ངལ་བསྐྱོན་ནས་གཞུང་དང་སྒྲིག་འཛུགས་གཞན་གྱི་ཐོག་བསྙེས་བརྒྱབས་ནས་མ་བཞུགས་པར། སོ་སོའི་ལས་འགན་དེ་སོ་སོས་བསྒྲུབ་དགོས་རྒྱུ་ཡིན་པ་དེ་གསལ་པོ་མཁྱེན་པའི་ཐོག་ནས་མི་མང་རང་གི་ལས་འགུལ་གྱི་ངོ་བོར་གནང་བ་དང༌། ད་ལྟ་འདིར་ལས་བསྡོམས་སྙན་སྒྲོན་གནང་སྐབས་སུའང་གནས་ཚུལ་མང་པོ་ཞིག་ང་ཚོས་དེ་རིང་གཞི་ནས་གསར་པ་ཤེས་པ་མ་གཏོགས་སྐེ་མཚམས་ལ་ཤེས་ཐུབ་པ་བྱུང་མེད་རུང༌། གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་འདུག་པས་རྗེས་སུ་ཡི་རངས་ཡོད། མ་འོངས་པ་ལ་དེ་ལས་ལྷག་པ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།

ད་རིང་ང་ལ་དོན་ཚན་གསུམ་གྱི་ཐོག་སྐད་ཆ་བཤད་དགོས་ཞེས་བཀའ་གནང་འདུག དང་པོ། དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ། གཉིས་པ། མི་མང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས། གསུམ་པ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཚུལ་སྐོར་བཅས་རེད་འདུག

ད་རིང་ང་ལ་དུས་ཚོད་རིང་པོ་གཏང་རྒྱུའི་གོ་སྐབས་མེད། ཁྱུག་ཙམ་རྗེས་འདི་ནས་དགོངས་པ་ཞུ་དགོས་ཀྱི་ཡོད། དེར་བརྟེན་གསུམ་ཀའི་ཐོག་ས་བཅད་མ་སྟོང་ཙམ་ཞུ་རྒྱུ་ཡིན། སྤྱིར་བཏང་ཚང་མ་དབུ་མའི་ལམ་གྱི་ལས་འགུལ་ལ་ཞུགས་ཡོད་ཙང་མ་མཁྱེན་པ་ཡོད་རྒྱུ་མ་རེད། ད་རིང་ངས་གསལ་བཤད་ཞུ་དགོས་པའི་གནས་ཚུལ་མང་པོ་ཞིག་གོང་དུ་བཀུར་འོས་ཚོགས་གཙོ་མཆོག་ནས་བཀའ་གནང་གྲུབ་སོང༌། དེར་བརྟེན་ངས་བསྐྱར་ལྡབ་ཞུ་དགོས་མ་མཆིས།

དང་པོ་དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ་དེ་ཧ་ཅང་གསལ་པོ་རེད་བསམ་གྱི་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་འདྲ་ཞིག་འཛིན་པ་གནང་རྒྱུའི་དགོངས་པ་བཞེས་སྐབས། དམིགས་ཡུལ་གལ་ཆེ་ཤོས་དང་འདོར་དུ་མི་རུང་བ་དེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་ཐབས་བྱེད་རྒྱུ་དེ་རེད་བསམ་གྱི་ཡོད། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་བཟུང་སྟེ། བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གོ་སྐབས་ཉུང་ཉུང་མ་གཏོགས་བྱུང་མེད། སོག་པོ་གོང་མས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བོད་ཆོལ་ཁ་གསུམ་གྱི་མངའ་དབང་འབུལ་སྐབས། ཆོལ་གསུམ་ཡོངས་རྫོགས་ཀྱི་བཀའ་མོལ་ཞིག་གསུངས་ཡོད་ཀྱང༌། དོན་དམ་ཆབ་སྲིད་འཛིན་སྐྱོང་ཐོག་ཆོལ་གསུམ་ཡོངས་སུ་རྫོགས་པ་ལ་ས་སྐྱའི་མངའ་དབང་གིས་ཡག་པོ་ཁྱབ་ཐུབ་པའི་དུས་ཚོད་ཐུང་ཐུང་རེད། དེ་ནས་ས་སྐྱའི་མངའ་དབང་ཉམས་ཉེས་ཕྱིན་རྗེས་ཕག་གྲུ་དང་རིན་སྤུངས་སོགས་ཀྱི་སྐབས་སུ་དེ་བས་ཀྱང་མ་ཁྱབ་པར་མཐའ་མཚམས་རྣམས་ལྷག་པ་རེད། དེ་ནས་བརྒྱ་ཕྲག་བཅུ་བདུན་པའི་ནང་བསྐྱར་དུ་དགའ་ལྡན་ཕོ་བྲང་གི་གཞུང་འཛུགས་སྐབས་གུ་ཤྲི་ཁཱང་གིས་སྤྱིར་བཏང་བོད་ས་ཡོངས་རྫོགས་ལ་དབང་བསྒྱུར་གྱིས་ྋརྒྱལ་དབང་ལྔ་པར་ཕུལ་ཡང༌། གུ་ཤྲི་ཁཱང་གི་ཆབ་སྲིད་དེའང་བོད་ཀྱི་མཐའ་མཚམས་ཡོངས་རྫོགས་ལ་ཁྱབ་པ་བྱུང་མེད། གླང་དར་རྗེས་བོད་སིལ་བུར་ཐོར་བ་ནས་བཟུང་བོད་རིགས་ཡོངས་རྫོགས་གཅིག་གྱུར་མ་བྱུང་བ་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་གཉིས་ཀྱི་ཞན་ཆ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག དེས་ན་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་མི་རིགས་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གལ་གནད་ཆེན་པོ་ཡིན་ཙང༌། ྋསྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་རྒྱུའི་དགོངས་བཞེས་གནང་བ་དེ་རླབས་ཆེན་ཞིག་རེད་ལ། དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་ཞིག་ཀྱང་རེད་བསམ་གྱི་ཡོད།

དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ་གཞན་གང་རེད་ཅེ་ན། དེང་སང་འཛམ་གླིང་ནང་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་དེ་ཉམས་དམས་སུ་འགྲོ་བའི་སྐབས་རེད། དཔེར་ན་དམག་ཆེན་དང་པོ་དང་གཉིས་པའི་གོང་དུ་ཡིན་ན། ནུབ་ཕྱོགས་སུ་མི་རིགས་གཅིག་ལ་རྒྱལ་ཁབ་གཅིག་དགོས་པའི་བསམ་ཚུལ་དེ་ཧ་ཅང་ཤུགས་ཆེན་པོ་རེད། སྲིད་དོན་ཚན་རིག་ནང་Nation-State Theory ཞེས་Nation ཞིག་ཡིན་ན་State ཞིག་དགོས་ཀྱི་རེད་ཅེས་Nation-State Theory དེ་རྩ་ཆེན་པོ་བརྩིས་པ་རེད། འོན་ཀྱང་མི་རིགས་ཡོངས་རྫོགས་ལ་རྒྱལ་ཁབ་གཅིག་ཡོད་པའི་ཁྱབ་པ་དེ་འཛམ་གླིང་ནང་ནམ་ཡང་བྱུང་མེད། ད་ལྟའི་གནས་སྐབས་སུ་ཡོ་རོབ་ཀྱི་རྒྱལ་ཁབ་ཧ་ཅང་མང་པོ་ཞིག་ག་ལེར་སོ་སོའི་རང་བཙན་གྱི་ཐོབ་ཐང་དེ་ཚོ་དྭང་བླངས་བློས་བཏང་གིས་ཚུར་རུག་རུག་ཆགས་ཡོང་བའི་སྐབས་ཤིག་ལ་འཁེལ་ཡོད། སྤྱིར་བཏང་གོ་ལ་གཅིག་གྱུར་གྱི་གནས་བབ་འདིའི་འོག་རྒྱལ་ཁབ་སོ་སོའི་རང་བཙན་མངའ་དབང་ཟེར་བ་དེ་མིང་ཙམ་མ་གཏོགས་ཧ་ལམ་མེད། གལ་སྲིད་ང་ཚོས་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་དེ་དམ་འཛིན་གྱིས་བསྡད་ན། དེ་བསྡད་ཐུབ་པའང་ཧ་ཅང་ཁག་པོ་རེད། ལྷག་པར་དུ་ཁྱིམ་མཚེས་ལ་དོ་མི་མཉམ་པའི་སྟོབས་ཆེན་རྒྱལ་ཁབ་དེ་འདྲ་ཡོད་ན། ཞི་བདེ་བརྟན་ལྷིང་ཡོང་རྒྱུ་དེ་བས་ཀྱང་དཀའ། རྒྱ་གར་དབྱིན་ཇིས་བཟུང་སྐབས། དབྱིན་ཇིས་བོད་ལ་མངའ་དབང་བསྒྱུར་ན་བསྒྱུར་མི་ཐུབ་པ་རྩ་བ་ནས་མེད། ཕྱི་ལོ་༡༩༠༤ ལ་དབྱིན་ཇིས་དམག་བརྒྱབས་ནས་བོད་ས་ཡོངས་རྫོགས་མངའ་དབང་བསྒྱུར་ཐུབ་པའི་བཟོ་འདྲ་ཞིག་བྱུང་ཡོད། འོན་ཀྱང་ཁོ་རང་ཚོས་འདོད་པ་དྭང་བླངས་ཀྱིས་ཕྱིར་འཐེན་བྱས་པ་མ་གཏོགས། བོད་པའི་ངོས་ནས་ཕུད་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད་ལ། སོག་པོ་དང་རྒྱ་ནག་གིས་རོགས་བྱས་ནས་དབྱིན་ཇི་ཕུད་ཐུབ་རྒྱུའང་རེ་བ་མེད་པ་རེད། དབྱིན་ཇི་ཕྱིར་འཐེན་བྱེད་དགོས་པའང་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་མ་ཐུག་པའི་ཆེད་དུ་བར་གནས་ཀྱི་རྒྱལ་ཁབ་ལ་བོད་དེ་བཞག་ཐུབ་པ་དེས་རེད།

འོན་ཀྱང་བོད་ལ་ཕྱི་འབྲེལ་གྱི་དབང་ཆ་ཚང་མ་མ་སྤྲད་པ་སོགས་གང་བྱུང་བྱས་པའི་ལོ་རྒྱུས་ཤིག་ཡོད་མུས་རེད། མ་འོངས་པ་ལ་ང་ཚོ་མི་འབོར་དང༌། དམག་ཤུགས། སྟོབས་འབྱོར་གང་ཐད་ནས་ང་ཚོ་དང་དོ་མི་མཉམ་པའི་རྒྱལ་ཁབ་གཉིས་ཀྱི་བར་མངའ་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་བྱས་ནས་བསྡད་རྒྱུ་དེ་ཧ་ཅང་ཁག་པོ་དང༌། གང་ལྟར་མིང་བཏགས་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཞན་པ་ཞིག་གི་གནོན་ཤུགས་འོག་ལ་འགྲོ་རྒྱུ་དེ་ཧ་ཅང་གསལ་པོ་རེད། རྒྱལ་ཁབ་ཆེན་པོའི་བར་དུ་ཡོད་པའི་རྒྱལ་ཁབ་ཆུང་ངུ་ཚོའི་ད་ལྟའི་གནས་བབ་ལ་བལྟས་ནའང་མཐོང་ཐུབ་པ་ཞིག་རེད། དེར་བརྟེན་དབུ་མའི་ལམ་དེ་ཞི་བདེ་མཉམ་གནས་ཡོང་བའི་ཆེད་དུའང་དམིགས་གནང་བ་ཞིག་རེད། དེ་བཞིན་ད་ལྟའི་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པ་ཡིན་ནའང་དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ་དེ་ཧ་ཅང་གསལ་པོ་རེད་བསམ་གྱི་ཡོད། དེའི་སྐོར་དེ་འདྲ་ཞིག་གིས་འགྲིགས་པ་བྱ་རྒྱུ་ཡིན།

གཉིས་པ་མི་མང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་ཟེར་བ་དེ་གལ་གནད་ཆེ་བའི་དྲི་བ་ཞིག་རེད། མང་ཚོགས་ཀྱི་བསམ་བློའི་ནང་ཆབ་སྲིད་ཀྱི་ལྟ་གྲུབ་ཚད་ལྡན་ཞིག་ཡོད་དགོས་པ་དེ་ཧ་ཅང་གལ་ཆེ་ཞིང༌། མི་རིགས་གང་འདྲ་ཞིག་ཡིན་ནའང་མི་རིགས་དེའི་ཆབ་སྲིད་ཡག་པོ་ཡོང་དང་མ་ཡོང་མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་དང༌། ཆབ་སྲིད་ཀྱི་བསམ་བློ་འཁྱེར་སྟངས་ལ་རག་ལུས་པ་ཞིག་རེད། ད་ལྟ་ང་ཚོའི་བཙན་བྱོལ་དང་གཞིས་བཞུགས་བོད་མི་ཚོའི་བར་ལ་བསྡུར་ན། ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་དེ་བོད་ནང་ལ་ཡོད་པའི་ཤེས་ཡོན་པ་ཚོ་མཐོ་བ་ཞིག་ཏུ་མཐོང་གི་འདུག བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་ཕྱོགས་གཅིག་ནས་རང་དབང་ཡོད་ཙང༌། ཆབ་སྲིད་ཐོག་དོ་སྣང་དེ་ཙམ་ཡོང་གི་ཨེ་ཡོད་བསམ་གྱི་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་མེད་ཀྱི་སྡེ་ཚན་མང་པོ་ཞིག་དབྱེ་རྒྱུ་ཡོད་རེད། དཔེར་ན། ཁོང་ཚོ་རང་བཙན་རྩོད་མཁན་རེད་ཟེར་བ་དང༌། ཁོང་ཚོ་དབུ་མའི་ལམ་ལ་འགྲོ་མཁན་རེད་ཟེར་བ་ལྟ་བུ་རེད། རང་བཙན་རྩོད་མཁན་ཞིག་ཡིན་རུང༌། སེམས་ཀྱི་ཚོར་བའི་ནང་ལ་རང་བཙན་ཟེར་བའི་ཚིག་དེ་སྙན་པོ་ཞིག་ཡོད་ཙང༌། དེའི་རྗེས་སུ་འགྲོ་བ་མ་གཏོགས། མ་འོངས་པའི་རང་བཙན་གྱི་བོད་དེ་གང་འདྲ་ཞིག་དགོས་པ་དང༌། དེ་སྒྲུབ་པའི་ཐབས་ལམ་བཅས་བསམ་བློའི་ནང་གསལ་པོ་མེད་པ་ཞིག་མཐོང་གི་འདུག

དེ་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་གསུང་མཁན་ཚོས་ཀྱང༌། མ་འོངས་པའི་བོད་ལ་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་ཡོང་བ་དང༌། དེ་བྱུང་ན་བོད་མིའི་མངོན་འདོད་བསྒྲུབ་ཐུབ་པ། བརྟན་ལྷིང་གནས་ཐུབ་པ། མི་རིགས་ཀྱི་དགོས་མཁོ་བསྒྲུབ་ཐུབ་པ་དེ་ཚོ་གསལ་པོ་མེད་པར། ྋརྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་དབུ་མའི་ལམ་ཕྱག་བཞེས་གནང་གི་ཡོད་ཙང༌། དབུ་མའི་ལམ་ཡག་པོ་རེད་ཟེར་བ་མ་གཏོགས། དབུ་མའི་ལམ་གྱི་ངོས་ནས་མ་འོངས་པའི་བསྒྲུབ་བྱ་དེ་གང་ཡིན་པ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་གང་འདྲ་ཡིན་པ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་གསལ་པོ་མཁྱེན་མཁན་དཀོན་པོ་མིན་འགྲོ་བསམ་གྱི་འདུག དེར་བརྟེན་དབུ་མའི་ལམ་ལ་དགའ་མོས་ཡོད་མཁན་གྱི་མི་ཚང་མས་ད་ལྟའི་གནས་སྐབས་ལ་དབུ་མའི་ལམ་གྱི་མཐར་ཐུག་གི་བསྒྲུབ་བྱ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་གང་ཡིན་པ་དེ་གསལ་པོ་མཁྱེན་པར་བྱེད་རྒྱུ་དེ་མི་མང་གི་ངོས་ནས་དབུ་མའི་ལམ་ལ་འགན་ཁུར་ཞུ་ཕྱོགས་གཙོ་བོ་དེ་རེད་བསམ་གྱི་འདུག དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་གསུངས་པ་ཡིན་ནའང༌། རྒྱབ་སྐྱོར་བྱེད་པའི་ལམ་དང༌། མཐར་ཐུག་གི་དམིགས་ཡུལ་བཅས་གང་ཡིན་པ་གསལ་པོ་མེད་ན། ཚིག་ཙམ་གྱི་རྒྱབ་སྐྱོར་རེད། དེས་ན་འགན་ཁུར་ཞུ་ཕྱོགས་གཙོ་བོ་དེ་དབུ་མའི་ལམ་མཁྱེན་པ་དང་དེའི་ཐོག་ཡིད་ཆེས་གཉིས་ཀ་དགོས་ཤིང༌། གང་ལྟར་དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ཆ་ཚང་མཁྱེན་པ་ཞིག་དང༌། དེའི་ཐོག་ལ་དངོས་གནས་ཐབས་ལམ་དེ་ཡག་ཤོས་ཤིག་རེད་འདུག་བསམས་པའི་ཡིད་ཆེས་ཡོད་པ་ཞིག་དགོས་ཀྱི་རེད། ཡིད་ཆེས་དེ་ཡང་བཀའ་བཏང་བ་དང་བཙན་དབང་གིས་བཟོ་ཐབས་མེད། རིགས་པ་བཏང་ནས་བཟོ་དགོས་ཀྱི་ཡོད། མི་ཟེར་བ་དེ་རིགས་པའི་རྗེས་འབྲང་ཞིག་རེད། སོ་སོས་བརྟག་དཔྱད་དང་རིགས་པ་བཏང་རྗེས་དེ་ཡག་ཤོས་རེད་འདུག་བསམ་པའི་ངེས་པ་རྙེད་པ་ཞིག་དང༌། མི་གཞན་ལའང་ངེས་པ་རྙེད་པའི་ཐབས་ལམ་བསྟན་ཐུབ་པ་ཞིག་དགོས་ཀྱི་རེད། དེ་ལྟར་ཐུབ་ན་ལས་འགན་དེ་འགྲུབ་པ་རེད།

སོ་སོ་ལ་ངེས་པ་མ་རྙེད་བཞིན་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་ན་དེ་རྨོངས་དད་རེད། ཆོས་ལ་རྨོངས་དད་ཟེར་བ་ཞིག་ཡོད་རེད། དེང་སང་ཚན་རིག་པས་ཀྱང་རྨོངས་དད་སྤེལ་གྱི་ཡོད། སོ་སོའི་བསམ་བློའི་ནང་ངེས་པ་མ་རྙེད་པར། མི་མང་པོ་དེར་འགྲོ་བ་རེད་ཟེར་བ་དང༌། ཡང་ན་ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཟེར་ན་དེ་རྨོངས་དད་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་མེད། ཆོས་ལའང་རྨོངས་དད་ཀྱིས་ཕན་ཐོགས་གང་ཡང་མེད་རུང༌། མཚམས་རེ་རྨོངས་དད་རང་གི་ཐོག་ནས་ཆོས་ལ་དད་པ་ཙམ་འཇུག་རྒྱུ་ཡོད་རེད། དེས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་དེ་ངེས་པར་དུ་རྒྱུ་མཚན་མཐོང་བའི་ཐོག་ནས་ངེས་པ་རྙེད་པ་བྱེད་རྒྱུ་དེ་ཐབས་ལམ་ཡག་ཤོས་རེད་བསམ་གྱི་འདུག

དེ་དང་ཆབས་ཅིག་ང་ཚོ་མང་གཙོའི་རིང་ལུགས་ཡག་དག་པ་ཞིག་གི་ནང་འགྲོ་རྒྱུ་དེ་བོད་མིའི་དམིགས་བསལ་གྱི་ལྷག་བསམ་སེམས་བསྐྱེད་དམ་དམ་བཅའ་གཅིག་རེད། དེས་ན་དབུ་མའི་ལམ་ལ་དད་མོས་མེད་པ་ཚོའི་མཉམ་དུའང་ང་ཚོ་མཉམ་མཐུན་གྱིས་གནས་ཐུབ་པ་ཞིག་དང༌། བསམ་ཚུལ་གཞན་པ་འཁྱེར་མཁན་ཚོ་ལའང་གུས་ཞབས་དང་བརྩེ་གདུང་བྱེད་ཐུབ་པ་ཞིག་དགོས་རྒྱུ་དེ་མང་གཙོའི་འགྲོ་སྟངས་གལ་ཆེ་ཤོས་ཤིག་རེད། དཔེར་ན་དབུ་མའི་ལམ་ལ་ཡིད་ཆེས་མི་བྱེད་མཁན་དེ་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་མཐོང་ཆུང་དང༌། རྩིས་མེད། ཡང་ན་དགྲ་ཡི་འདུ་ཤེས་བཟུང་བ་ཡིན་ན། དབུ་མའི་ལམ་ལ་དང་འདོད་བྱེད་མཁན་གྱི་མི་ཚོར་དགའ་པོ་མི་ཡོང་བ་བཞིན། དབུ་མའི་ལམ་ལས་གཞན་པའི་ཆབ་སྲིད་ཀྱི་ལྟ་བ་འཛིན་མཁན་དེ་ཚོར་ཆབ་སྲིད་ཀྱི་ལྟ་བ་འཛིན་པའི་ཐོབ་ཐང་ཡོད་པ་མ་ཟད། ཁོང་ཚོའི་ཐོབ་ཐང་དང་བསམ་ཚུལ་ལ་ང་ཚོས་མཐོང་བཞག་ཐུབ་པ་དང་གུས་བརྩི་བྱེད་ཐུབ་དགོས་པ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་འགན་ཁུར་ཞུ་ཕྱོགས་ཤིག་རེད་བསམ་གྱི་འདུག དེ་མིན་མང་གཙོའི་སྤྱི་ཚོགས་ནང་མེ་ཏོག་བརྒྱ་མཉམ་ཤར་ཟེར་བ་ལྟ་བུའི་ལྟ་གྲུབ་འདྲ་མིན་མང་པོ་མཉམ་དུ་ཚོགས་ཐུབ་ཐབས་མེད། ལྟ་གྲུབ་གཅིག་གིས་ལྟ་གྲུབ་གཞན་ལ་གནོན་ཤུགས་སྤྲད་པའི་བཟོ་འདྲ་ཆགས་ན། དེ་མང་གཙོའི་འགྲོ་སྟངས་ཆགས་ཀྱི་མེད། ཡང་གནོན་ཤུགས་སྤྲོད་རྒྱུ་ཡོད་མ་རེད་ཟེར་དུས། རྒྱུ་མཚན་བཤད་རྒྱུ་ཡོད་མ་རེད་ཅེས་ཟེར་གྱི་མེད། སོ་སོའི་ལངས་ཕྱོགས་དེ་གང་ཐུབ་ཀྱིས་རིགས་པ་དང་རྒྱུ་མཚན་ཐོག་ནས་ཡང་དག་པར་བསྒྲུབ་ཐུབ་པ་ཞིག་དགོས་ཀྱི་རེད། དེ་བསྒྲུབ་པ་ལ་ཐོག་མ་རང་ཉིད་ལ་ངེས་པ་རྙེད་པ་ཞིག་དང༌། དེ་ནས་མི་གཞན་ལའང་བསྒྲུབ་ཐུབ་པ་ཞིག་དགོས་ཀྱི་རེད། འོན་ཀྱང་སྒྲུབ་པའི་སྐབས་སུ་མི་གཞན་གྱིས་དེ་ལ་ངོས་ལེན་དང་ཡིད་ཆེས་མ་གནང་རུང༌། ང་ཚོས་མི་དེ་ལ་མཐོང་དང་བརྩི་འཇོག་བཞག་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

ད་ལྟ་ང་ཚོ་མང་ཚོགས་ཀྱི་སྤྱི་ཚོགས་གསར་པའི་ནང་ལ་སླེབས་པར་བརྟེན། མང་གཙོའི་ལེགས་བྱང་ལ་གོམས་པ་ཞེ་དྲགས་མེད་ཅིང༌། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་ལངས་ཕྱོགས་མཁྲེགས་པོ་བཟུང་སྐབས། དེའི་དབང་གིས་གང་ཟག་སྒེར་ལའང་མ་མཐུན་པ་དང་འཁོན་འཛིན་གྱི་གནས་ཚུལ་བྱུང་ན། དེ་ཆབ་སྲིད་ཀྱི་ཐོག་མའི་འགྲོ་སྟངས་དང་མ་མཐུན་པ་རེད། དེས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་དེ་རང་ཉིད་ཀྱིས་ཤེས་པར་བྱེད་རྒྱུ་དང༌། རིགས་པ་ཡང་དག་གིས་བསྒྲུབས་ནས་གཞན་ལ་ཤེས་པར་བཟོ་ཐུབ་པ། དེའི་ཐོག་ནས་མི་གང་མང་གིས་རྒྱབ་སྐྱོར་འཐོབ་ཐབས་བྱེད་པ། དེ་བཞིན་རང་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་དེ་ཚོའི་མཉམ་དུའང་མཐུན་ལམ་ཡག་པོ་ཞིག་གི་ཐོག་ནས་གཅིག་གིས་གཅིག་ལ་བརྩི་མཐོང་དང་མཉམ་གནས་ཐུབ་པ་གནང་རྒྱུ་དེ་རེད།

མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་ལངས་ཕྱོགས་ལ་གཟིགས་ནས་གཏན་ལ་ཕབ་པ་ལྟ་བུ་ཞིག་ཡིན་པ་གསུང་གི་འདུག བསམ་ཚུལ་དེ་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་རེད། ཏེང་ཞའོ་ཕིང་གིས་བཀའ་མོལ་ཞུ་རྒྱུའི་གྲོས་འགོ་བཏོན་སྐབས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐག་གཅོད་དང་གྲ་སྒྲིག་གནང་ནས་ལོ་མང་པོ་ཕྱིན་ཟིན། རྒྱ་མི་དང་འབྲེལ་བ་བྱུང་རྗེས་སྲིད་བྱུས་དེ་དགོངས་པ་འཁོར་བ་ལྟ་བུ་ཞིག་བསམས་ན་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཡར་རྒྱས་འགྲོ་སྟངས་ཀྱི་བྱུང་རབས་གསལ་པོ་མ་མཁྱེན་པའི་རྟགས་རེད། ང་ཚོས་༡༩༥༩ ཕྱི་ཟླ་༤ ཚེས་༡༧ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དང་བོད་རང་བཙན་བསྐྱར་གསོའི་ལས་འགུལ་འགོ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་བ་རེད། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་འདྲ་མཉམ་ཐོག་ནས་མིན་པར་བཙན་འོག་ཏུ་བཞག་པ་དེ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་པ་དེ་མའོ་ཙེ་ཏུང་རང་གིས་ཀྱང་ཁས་ལེན་བྱས་ཡོད་ཅིང༌། ྋརྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་ལ་ཡོད་པའི་བོད་གཞུང་གི་དབང་འཛིན་པ་ཚོས་ཉན་འདོད་རྩ་ནས་མ་བྱས་ཀྱང་མ་ཉན་ཐབས་མེད་ང་ཚོས་བཟོས་པ་རེད་ཅེས་པ་དེ་མའོ་ཡི་གསུང་རྩོམ་ནང་ལ་ཡོད་མུས་རེད། དེས་ན་རྒྱུ་མཚན་དང་པོ་དེ་རེད།

གཉིས་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་རེ་རེ་ནས་བསམ་བཞིན་དུ་བརྡལ་བཤིག་བཏང་བའི་གནས་ཚུལ་དེ་གཉིས་བཀོད་ནས་ང་ཚོས་རྩིས་མེད་བཏང་བ་རེད། དེ་རྗེས་རང་བཙན་བསྐྱར་གསོ་བྱེད་རྒྱུའི་གསལ་བསྒྲགས་དེ་གནང་བ་རེད། དེ་ནས་དྲུག་ཅུ་རེ་ལྔ་རེ་དྲུག་ནས་ྋསྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་དགོངས་པ་བཞེས་རྒྱུ་འགོ་འཛུགས་གནང་ཡོད་རེད་བསམ་གྱི་ཡོད། ང་ལ་བཀའ་གནང་རྒྱུ་དེ་༦༨ ལོར་རེད། དེ་དུས་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་གསུང་གི་མེད། རང་བཙན་རྩོད་པ་དང་རང་སྐྱོང་རྩོད་པ་གཉིས་བར་གྱི་ཁྱད་པར་ཞིག་རེད། དབུ་མའི་ལམ་ཟེར་བའི་ཐ་སྙད་དེ་རྗེས་སུ་བཏགས་པ་ཞིག་རེད། ཕྱི་ལོ་༧༤ ལོར་སྐབས་དེ་དུས་ཀྱི་བཀའ་ཤག་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་སོགས་དང་བཀའ་བསྡུར་གནང་སྟེ་ནང་དོན་གྱི་བང་རིམ་བསྒྲིགས་པ་དང་ཐག་ཆོད་གནང་བ་ཡིན་ཞེས་ྋསྐྱབས་མགོན་རིན་པོ་ཆེས་གསུང་བཤད་སྔ་རྗེས་ནང་འཁོད་ཡོད། ད་ལྟའི་གནས་སྐབས་ལ་གསར་འགོད་པ་དེ་ཚོས་ང་ཚོ་ལ་དྲི་བ་དེ་འདྲ་གནང་གི་འདུག་ལ། བོད་པ་རང་གི་ནང་དུའང་དྲི་བ་དེ་འདྲ་ཡོང་གི་འདུག་ཅིང༌། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་དེ་ཚོའི་བྱེད་སྟངས་འདི་ལ་བལྟས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བྱབ་ག་རེ་ཡོད་རེད་ཟེར་བ་སོགས་བཤད་ཀྱི་ཡོད་འདུག

གལ་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཀྱི་སྐད་ཆ་བཤད་སྟངས་དང་བསམ་བློ་འཁྱེར་སྟངས་ལ་བལྟས་ནས་བཟོས་ཡོད་ན། ཁོང་ཚོའི་བསམ་བློ་འཁྱེར་སྟངས་ལ་བལྟས་ནས་ང་ཚོའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་བསྐྱར་ཞིབ་དགོས་པ་ཡོང་སྲིད། འོན་ཀྱང་དེ་འདྲ་རྩ་བ་ནས་མ་རེད། གཉིས་སྨན་ཟེར་བ་དེ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་དང་བོད་ཀྱི་འགོ་ཁྲིད་ཁ་ཤས་ལ་ཕན་པའི་སྐད་ཆ་མིན་ཞིང༌། དེ་ནི་གཙོ་བོ་རྒྱ་ནག་མི་མང་དང་བོད་མི་མང་གཉིས་ཀྱི་ཕུགས་རྒྱང་རིང་བའི་ཁེ་ཕན་ལ་གཟིགས་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད། དེར་བརྟེན་དེའི་ཐོག་འགན་ཁུར་གནང་མཁན་ཚོའི་དགོངས་པ་བཞེས་ཕྱོགས་ཀྱང་དེ་འདྲ་ཞིག་དགོས་ཀྱི་རེད་བསམ་གྱི་འདུག

གསུམ་པ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྐོར་དེ་རེད། བསམ་འཆར་དེ་བོད་ཡིག་དང༌། རྒྱ་ཡིག དབྱིན་ཡིག་བཅས་ནང་ཡོད་པས། ཀློག་ན་ཧ་ཅང་གསལ་བར་བརྟེན། ངས་བསྐྱར་དུ་འགྲེལ་བཤད་རྒྱག་དགོས་དོན་མི་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་བེད་སྤྱོད་གཏོང་བཞིན་པའི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ཁྲིམས་གཉིས་ཡོད་རེད། དེ་གཉིས་ཀྱི་དོན་ཚན་སོ་སོའི་ནང་ནས་དྲངས་ནས་ང་ཚོས་བཤད་ཀྱི་ཡོད་རེད། གོང་དུ་ྋདཔལ་ལྡན་ཚོགས་གཙོ་མཆོག་གིས་སི་ཏྲ་སི་སྦག་གི་གསུང་བཤད་ནས་ད་བར་བྱུང་རིམ་འགྱུར་བ་ཕྱིན་པ་དེ་དག་དང༌། བྱུང་རིམ་དེ་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་གཞི་བཟུང་སོང་བ་རྣམས་བཀའ་གནང་གྲུབ་པར་བརྟེན། བསྐྱར་དུ་ཞུ་རྒྱུ་མིན། ད་རེས་ང་ཚོས་སྤྲད་པའི་བསམ་འཆར་གྱི་ནང་ལ་ས་བཅད་བདུན་ཡོད་རེད།

ས་བཅད་དང་པོ་ངོ་སྤྲོད་དེ་རེད། དེ་ནི་འདས་པའི་གྲོས་མོལ་གྱི་སྐབས་ལ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་གཙོ་བོ་གང་ཡིན་པ་དེ་ངོ་སྤྲོད་བྱས་ཡོད། ཁོང་ཚོས་ྋསྐྱབས་མགོན་རིན་པོ་ཆེས་སྐབས་རེ་མིང་དོན་མཚུངས་པའི་རང་སྐྱོང་དང༌། སྐབས་རེ་ཆོས་དང་རིག་གཞུང་གི་རང་སྐྱོང༌། ཡང་སྐབས་རེ་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་ཞེས་བཀའ་གནང་གི་འདུག དེ་བཞིན་བཀའ་བློན་ཁྲི་པས་མཚམས་ཤིག་ལ་སྤྱིར་བཏང་གི་རང་སྐྱོང་ཞེས་བེད་སྤྱོད་གཏོང་གི་འདུག དེས་ན་མིང་དོན་མཚུངས་པ་དང༌། དོན་དམ་པའི་རང་སྐྱོང་དགོས་གསུངས་པ་དེ་གསལ་པོ་ཞིག་བཀའ་གནང་དགོས་ཞེས་བཤད་ཙང༌། ད་ལྟའི་ཡིག་ཆ་འདི་གནང་བ་རེད།

ས་བཅད་གཉིས་པ་ནི་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་ཞེས་པ་དེ་རེད། དེ་ནི་ང་ཚོས་ཤུགས་རྒྱག་ཡུལ་གཙོ་བོ་དེ་ཡིན་ཞིང༌། ང་ཚོས་རང་སྐྱོང་རྩོད་རྒྱུའང་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་དགོས་པ་དང་གཅིག་གྱུར་དགོས་པ་དེ་རེད། ད་ལྟའི་གནས་སྐབས་ལ་བོད་དེ་དུམ་བུ་བཅུ་གཅིག་ལ་བགོས་ཡོད། དེ་གལ་གནད་ཆེ་ཤོས་ཡིན་སྟབས་དོན་ཚན་གཉིས་པར་བཞག་པ་རེད།

ས་བཅད་གསུམ་པ་ནི་བོད་མིའི་མངོན་འདོད་དེ་རེད། དེ་ནི་ངེས་པར་དུ་ཁ་བྲལ་ལ་འགྲོ་དགོས་པའམ། ཡང་ན་རྒྱལ་ཁབ་རང་བཙན་བྱེད་དགོས་པའི་ཆབ་སྲིད་ཀྱི་མངོན་འདོད་ཅིག་མིན་པར། བོད་མིའི་མངོན་འདོད་ངོ་མ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ནང་དོན་རིག་པའི་སྲོལ་རྒྱུན་བཅས་འཛིན་སྐྱོང་བྱེད་རྒྱུ་དེ་རེད། དེས་ན་བོད་མིའི་མངོན་འདོད་དང༌། དེ་སྒྲུབ་པའི་ཐབས་ཤེས་སོགས་ས་བཅད་གསུམ་པའི་ནང་ཞིབ་ཚགས་པོས་བཀོད་ཡོད།

ས་བཅད་བཞི་པ་ནི་རང་སྐྱོང་གང་འདྲ་བྱེད་དགོས་པ་དེ་རེད། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་བོད་མིའི་གཞི་རྩའི་དགོས་མཁོ་གང་དང་གང་གི་ཐོག་ནས་རང་སྲིད་རང་སྐྱོང་བྱེད་རྒྱུ་ཡོད་པ་དེ་ཚོ་རེད། དེའི་ནང་དོན་ཚན་བཅུ་གཅིག་ཡོད་ཅིང༌། དོན་ཚན་དང་པོ་དེ་སྐད་ཡིག་རེད། དོན་ཚན་གཉིས་པ་དེ་ལེགས་བྱང་རེད། དོན་ཚན་གསུམ་པ་དེ་ཆོས་ལུགས་ཀྱི་སྐོར་རེད། དོན་ཚན་བཞི་པ་དེ་ཤེས་ཡོན་རེད། དོན་ཚན་ལྔ་པ་དེ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་རེད། དོན་ཚན་དྲུག་པ་དེ་རང་བྱུང་གི་འཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས་སྐོར་རེད། དེ་ནི་དཔལ་འབྱོར་གྱི་ཐོག་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཅིང༌། ད་ལྟ་རང་བྱུང་ཐོན་སྐྱེད་གང་ཡོད་པ་དེ་དབུས་གཞུང་གིས་ཆ་ཚང་བདག་བཟུང་བྱེད་པ་མ་གཏོགས་ས་གནས་ནས་ཐེ་གཏོགས་བྱེད་རྒྱུའི་དབང་ཆ་མེད། དོན་ཚན་བདུན་པ་དེ་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྐོར་རེད། དོན་ཚན་བརྒྱད་པ་དེ་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་སྐོར་རེད།

དོན་ཚན་དགུ་པ་དེ་མང་ཚོགས་ཀྱི་བདེ་འཇགས་སྐོར་རེད། དོན་ཚན་བཅུ་པ་དེ་ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་སྐོར་རེད། ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་ནི་རང་སྐྱོང་ལྗོངས་ཀྱི་ས་གནས་སུ་ཕྱི་མི་གང་འདྲ་བྱས་ནས་ཡོང་གི་རེད། རང་སྐྱོང་ལྗོངས་ཀྱི་མི་དེ་ཕྱི་ལ་གང་འདྲ་བྱས་ནས་འགྲོ་བ་རེད་བཅས་ཀྱི་ཁྲིམས་རེད། མི་འབོར་སྤོ་ཤུགས་གང་བྱུང་མི་ཡོང་བའི་ཆེད་ཕྱོགས་མི་དོ་དམ་བྱེད་ཕྱོགས་ཤིག་ཡོད་ཅིང༌། དེ་ནི་ང་ཚོས་གང་བྱུང་བཟོས་པ་ཞིག་མིན་པར་རང་སྐྱོང་གི་ཐོབ་ཐང་ནང་ཡོད་པ་མ་ཟད། རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་བཅུ་པའི་ནང་གསལ་པོ་བཀོད་ཡོད་པ་དེ་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་པ་དེ་དོན་ཚན་བཅུ་པའི་ནང་གསལ་ཡོད། དོན་ཚན་བཅུ་གཅིག་པ་དེ་རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌། སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་རྒྱུའི་སྐོར་རེད། གཞུང་འབྲེལ་གྱི་གཞུང་ཚབ་གཏོང་ལེན་གྱི་ཆབ་སྲིད་ཀྱི་འབྲེལ་བ་མ་གཏོགས། རང་སྐྱོང་གི་སྡེ་ཚན་དེ་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀའི་ནང་དབུས་གཞུང་ལ་བརྒྱུད་མི་དགོས་པར་ཐད་ཀར་ཆོག་རྒྱུའི་ཆ་རྐྱེན་ཡོད་རེད། ཆ་རྐྱེན་དེ་དག་ལག་ལེན་ལ་བསྟར་དགོས་རྒྱུའི་སྐོར་དེ་བཤད་ཡོད། དེའི་དོན་ཚན་བཅུ་གཅིག་དེ་ཚོ་དྲངས་དུས། དབུས་གཞུང་ལ་ག་རེ་ལྷག་ཡོད་ཅེ་ན། རྒྱལ་སྲུང་དང་ཕྱི་འབྲེལ་གཉིས་པོ་དེ་རེད། སི་ཏྲ་སི་སྦག་གི་གསུང་བཤད་ནང་ལ་རྒྱལ་སྲུང་དང་ཕྱི་འབྲེལ་གཉིས་དབུས་གཞུང་གི་འོག་ཡིན་ཞེས་གསུངས་ཡོད་པ་ལྟ་བུ་རེད།

ས་བཅད་ལྔ་པ་ནི་བོད་རིགས་ཡོངས་རྫོགས་ལ་འཛིན་སྐྱོང་གཅིག་དགོས་ཀྱི་ཡོད་པ་དེ་རེད། ས་བཅད་གཉིས་པའི་ནང་བཤད་པ་དེ་མི་རིགས་གཅིག་གྱུར་ལ་རྩ་འཛིན་བྱ་དགོས་པ་དེ་རེད། དེར་བརྟེན་འདིའི་ནང་རང་སྐྱོང་དོན་ཚན་བཅུ་གཅིག་ལག་ལེན་དུ་བསྟར་རྒྱུའི་འཛིན་སྐྱོང་དེ་གཅིག་དགོས་ཞེས་བཤད་པ་རེད།

ས་བཅད་དྲུག་པ་ནི་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞིའི་སྐོར་དེ་རེད། རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དང་མི་འགལ་བ་ཇི་ལྟར་བྱེད་དགོས་པ་དེ་རེད། བཅའ་ཁྲིམས་བཞིན་ཕྱིན་ན་རྩ་ཁྲིམས་དང་འགལ་བ་དང༌། རྩ་ཁྲིམས་བཞིན་སོང་ན་བཅའ་ཁྲིམས་ནང་དེའི་ཆ་རྐྱེན་མེད་པ་སོགས་རྩ་ཁྲིམས་དང་བཅའ་ཁྲིམས་དབར་ལ་ནང་འགལ་འགྲོ་བ་དེ་དག་ཇི་ལྟར་སེལ་དགོས་པ་དང༌། ང་ཚོས་ལག་ལེན་ཆ་ཚང་ཇི་ལྟར་བསྟར་དགོས་པ་དེའི་སྐོར་བཤད་ཡོད།

ས་བཅད་བདུན་པ་ནི་དེ་ཚོའི་སྐོར་ལ་ང་ཚོ་མུ་མཐུད་ནས་སྐད་ཆ་བཤད་སྟངས་ཇི་ལྟར་ཡིན་པ་དེའི་སྐོར་རེད། དེས་ན་ད་ལྟའི་ཡིག་ཆ་འདི་ཧ་ཅང་ཆ་ཚང་པོ་ཞིག་རེད། འདིའི་ནང་མ་འདུས་པའི་དོན་ཚན་གང་ཡང་མེད་པ་ལྟ་བུ་རེད། ཡིག་ཆ་འདི་ལྗགས་ཀློག་གནང་ན་གསལ་པོ་མཁྱེན་གྱི་རེད། ད་དུས་ཚོད་རྫོགས་ལ་ཉེ་འདུག

མཐའ་བསྡོམས་སུ་ཁྱེད་ཚོ་རང་འགུལ་གྱི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་འདོད་དང༌། མང་ཚོགས་སུ་ཁྱབ་སྤེལ་བྱེད་རྒྱུའི་མངོན་འདོད་ཐོག་ནས་ཕྱག་ལས་གནང་བ་ཚང་མ་རྗེས་སུ་ཡི་རངས་ཀྱི་གནས་རེད། ཧ་ཅང་ཡག་པོ་འདུག མ་འོངས་པ་ལ་ཡང་མུ་མཐུད་ནས་གནང་རོགས་གནང༌། ཡིན་ནའང་དེ་གནང་སྐབས་མང་ཚོགས་རང་གི་ལས་འགུལ་གྱི་ངོ་བོ་མ་གཏོགས། གཞུང་གིས་གནོན་ཤུགས་དང་བརྒྱུད་སྐུལ་མ་ཡིན་པའི་རྣམ་པ་དེ་གསལ་པོ་བསྟན་དགོས་པའང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། རྒྱ་མིའི་ངོས་ནས་བལྟས་པ་ཡིན་ན་ཚང་མ་གཞུང་གི་ཡིན་པའི་བཟོ་འདྲ་མཐོང་གི་ཡོད། དཔེར་ན་གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་ཚོའང་གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་གསལ་པོ་མེད་པ་མང་པོ་ཡོང་གི་འདུག དེའང་མང་གཙོའི་འགྲོ་སྟངས་ལྟར་ན་ཏག་ཏག་ཅིག་བསྡད་ཀྱི་མེད། གཞུང་དང་ལངས་ཕྱོགས་མི་མཐུན་པ་དེ་ཚོས་གསལ་པོར་ང་ཚོ་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཡིན། གཞུང་དང་ཆབ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཡིན་ཞེས་གསལ་པོ་བཟོ་དགོས་མ་གཏོགས། ཚང་མ་སྦུག་ཏུ་གཅིག་པ་ཡིན་པའི་བཟོ་འདྲ་འཐོན་ན། མང་གཙོའི་ལྟ་གྲུབ་དང་མཐུན་གྱི་མེད་ལ། ཕྱོགས་མང་པོ་ཞིག་ནས་ཡ་རབས་བཟང་སྤྱོད་དང་ཡང་མ་མཐུན་པ་ཆགས་འགྲོ་རྒྱུ་རེད། དེར་བརྟེན་ཁྱེད་རང་ཚོའི་ལས་འགུལ་དེའང་རང་འགུལ་གྱི་ལས་ཀ་ཞིག་རེད། དེ་རང་འགུལ་ཐོག་ནས་ཡིན་པ་མངོན་གསལ་དོད་པོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

ཕྱི་ལོ་༢༠༠༩ ཟླ་༤ ཚེས་༧ ཉིན་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གཉིས་པར་གནང་བའི་གསུང་བཤད།