ཁྱད་ལས་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༢༠༡༠ ཕྱི་ཟླ་ ༩ ཚེས་ ༦ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་དུ་གནང་བའི་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་གསུང་བཤད།

gtp_summit_1དེ་རིང་ཚོགས་འདུ་འདིར་ཕེབས་པའི་མཁས་དབང་ཌོཀ་ཊར་རཱཇན་ (Dr. Rajan) མཆོག་དང༌། ངའི་ཕྱག་སྦྲེལ་བཀའ་བློན་བསྟན་པ་ལགས། དེ་བཞིན་ཕྱོགས་གང་ས་ནས་ཕེབས་པའི་ཁྱད་ལས་པ་དང་མཁས་དབང་བཅས་ཚང་མ་ལ་ཐོག་མ་ཁྱེད་ཚོ་ད་རིང་འདིར་ཕེབས་ཐུབ་པ་དང༌། ཁྱད་ལས་པའི་རྒྱལ་སྤྱིའི་ཚོགས་ཆེན་གནང་ཐུབ་པ་དེར་ཧ་ཅང་དགའ་པོ་བྱུང༌། བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་ཚང་མ་ལ་དགའ་བསུ་དང༌། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་ལྟ་བཀའ་བློན་བསྟན་པ་ལགས་ཀྱིས་ངོ་སྤྲོད་གནང་བ་བཞིན་བཙན་བྱོལ་བོད་མིའི་ཁྲོད་དེང་སང་ཁྱད་ལས་པ་མང་དག་ཅིག་ཐོན་གྱི་ཡོད་རེད། དེས་ཕན་ཐོགས་ཆེན་པོ་ཡོང་མུས་རེད། སྤྱིར་བཏང་ཨིན་ཇིའི་སྐད་ལ་པོ་རོ་ཕེཤ་ནལ་ (Professional) ཟེར་རྒྱུ་དེ་བོད་སྐད་ལ་སྒྱུར་སྟངས་སྣ་ཚོགས་ཤིག་འདུག དེ་རིང་ཁྱེད་ཚོ་གཞུང་འབྲེལ་གྱི་འགྱུར་དེ་ལ་ཁྱད་ལས་པ་ཞེས་བསྒྱུར་འདུག དེ་ཡག་ཤོས་རེད་བསམ་གྱི་ཡོད། ཨིན་ཇིའི་ཚིག་མང་པོ་ཞིག་སྐད་ཡིག་གཞན་ནང་སླེབས་དུས་འཐོར་འགྲོ་བ་དང༌། དེའི་རྣམ་བཤད་ཀྱི་གོ་བ་ཆ་ཚང་མ་སླེབས་པ་ལྟ་བུ་ཞིག་ཡོད། སྤྱིར་བཏང་ཨིན་ཇིའི་སྐད་ལ་པོ་རོ་ཕེ་ཤན་ (Profession) ཟེར་བ་དང༌། ཨོ་ཀུ་པེ་ཤན་ (Occupation) ཟེར་བའི་ཚིག་གཉིས་ཡོད་པ་དེ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་བརྩི་བའི་སྐབས་ཀྱང་ཡོང་གི་འདུག སྔོན་མ་ང་ཚོ་བོད་པ་ལ་རྒྱ་གར་གྱིས་ཕྱི་བསྐྱོད་ལག་ཁྱེར་སེར་པོ་ཞིག་སྤྲད་ཀྱི་ཡོད། དེའི་ནང་སྒེར་གྱི་ལོ་རྒྱུས་རིང་པོ་ཞིག་བཀང་དགོས། ཕའི་མིང་དང་སྐྱེ་ཡུལ་སོགས་མང་པོ་ཞིག་གི་མཉམ་དུ་པོ་རོ་ཕེ་ཤན་ (Profession) ཟེར་བ་ཞིག་ཡོད་རེད། པོ་རོ་ཕེཤ་ནལ་(Professional) ཡིན་མིན་ལ་མ་ལྟོས་པར་དེའི་ནང་ལས་ཀ་གང་བྱེད་མིན་དེ་མང་ཆེ་བས་བརྒྱང་གི་འདུག དེའི་འཁྲིས་ལ་ཧིནྡིའི་སྐད་ནང་དེ་ལ་བྱབསཱཡ་ (Vyavasaya) ཞེས་བྲིས་ཡོད་རེད། དེ་ནི་ཨིན་སྐད་ཀྱི་བིཛ་ནེས་ (Business) དང༌། པོ་རོ་ཕེ་ཤན། (Profession) ཨོ་ཀུ་པེ་ཤན་ (Occupation) བཅས་གསུམ་ཀ་ལ་འཇུག་གི་རེད། དེང་སང་དྷ་རམ་ས་ལར་མཚོན་ན། དེ་ལ་ཆེད་ལས་པ་ཞེས་པ་ཞིག་དང༌། ཡང་ཁྱད་ལས་པ་ཞེས་པའི་འབྲི་སྟངས་གཉིས་འདུག བོད་ནང་རྒྱ་སྐད་ནས་བསྒྱུར་བའི་འབྲི་སྟངས་དེའི་ནང་ལ་ཆེད་ལས་པ་ཟེར་བ་དེ་མང་བ་འདུག གལ་ཏེ་ཨིས་པེ་ཤ་ལ་ཡི་ཛེ་ཤན་ (Specialization) ལ་བིཤེཥཛྙ་ (Visheshagya) ཟེར་བ་དེ་ནས་ཚུར་བྱས་ན་ཁྱད་ལས་པ་ཟེར་བ་དེ་ཕྲན་བུ་འཇུག་བདེ་བ་ལྟ་བུ་རེད། ངས་ཚིག་གི་རྙོག་ཁྲ་འདི་ཞུ་དགོས་པ་གང་ཡིན་ཞུ་ན། ཁྱེད་ཚོས་ (Global Professional Summit) ཚོགས་ཀྱི་ཡོད་ཅེས་པའི་བརྡ་ཐོ་ང་ལ་འབྱོར་སྐབས་པོ་རོ་ཕེཤ་ནལ་(Professional)ཟེར་བ་དེའི་རྣམ་བཤད་ངོ་མ་དེ་གང་ཡིན་ནམ། ངེས་ཚིག་གི་བཤད་པ་ཞིག་དགོས་པ་དེ་གང་ཡིན་ནམ་བསམས་ནས་ཨིན་ཇིའི་ཚིག་མཛོད་དང༌། ཨིན་ས་ཡི་ཀ་ལོ་པེ་ཌི་ཡ་ Encyclopedia ནང་བལྟས་ཀྱང་དེའི་རྣམ་གྲངས་དཔེར་ན་སྨན་པ་དང༌། ཁྲིམས་རྩོད་པ་སོགས་མ་གཏོགས། སྤྱིར་བཏང་པོ་རོ་ཕེཤ་ནལ་ Professional ཟེར་བའི་ཚིག་གི་རྣམ་བཤད་ཅིག་ཐོབ་མ་སོང༌། འོན་ཀྱང་གཅིག་ཡོད་དགོས་ཀྱི་རེད། ང་ཚོ་བོད་པས་རིགས་གཅིག་རྐང་འཛིན་ཟེར་བ་ཞིག་དང༌། ཁྱད་ལས་པ་ཟེར་བའི་ཚིག་ཅིག་བེད་སྤྱོད་གཏོང་གི་ཡོད། དེ་གཉིས་སྐབས་རེ་པོ་རོ་ཕེ་ཤན་ (Profession) དང་གཅིག་པ་ཆགས་འགྲོ་བ་ལྟ་བུ་ཞིག་འདུག ངས་དོན་དག་རྡོག་རྡོག་གང་ཞུ་འདོད་ཡོད་ཅེ་ན། (Professional) དང་ (Professiona) མ་ཡིན་པ་གཉིས་པོའི་ས་མཚམས་དེ་གང་ནས་གཟུང་དགོས་ཞེས་པ་དེ་རེད། ད་རེས་ཚོགས་འདུ་འདིའི་མགྲོན་ཤོག་གནང་སྐབས་མཚམས་དེ་གང་འདྲ་ཞིག་བཟུང་ཡོད་དམ། དཔེར་ན། མི་འདི་འདྲ་བྱས་པ་ཞིག་ཡིན་ན་དེ་ (Professional) ལ་བརྩི་གི་རེད། དེ་འདྲ་བྱས་པ་ཞིག་ཡིན་ན་དེ་ (Professional) ལ་བརྩི་གི་མ་རེད་ཟེར་བའི་མཚམས་གཅིག་བཟུང་ཡོད་ཀྱི་རེད། མཚམས་དེ་གང་འདྲ་བཟུང་ཡོད་མེད་ངས་ཤེས་མ་སོང༌། གལ་ཏེ་མཚམས་གཅིག་བཟུང་ཡོད་ན་ང་ཚོ་ཨིན་ཇིའི་སྐད་ཡིག་ཡག་པོ་མ་ཤེས་མཁན་དེ་ཚོའི་བསམ་བློའི་གོ་རྟོགས་ནང་ (Professional) ཟེར་བ་དེ་དེ་འདྲ་ཞིག་ལ་ཟེར་གྱི་ཡོད་འདུག་སྙམ་པའི་གོ་བ་རྙེད་རྒྱུ་ཞིག་ཡོང་གི་རེད། ད་གིན་ངས་གོང་དུ་ཞུས་པ་བཞིན་སྔོན་མ་ཡིན་ན་ལག་ཁྱེར་སེར་པོ་འཁྱེར་མཁན་ཚང་མ་ (Professional) ལྟ་བུ་ཞིག་ཆགས་ཡོད་རེད། སོ་སོའི་ (Profession) ཞིག་བྲིས་ཀྱི་ཡོད་རེད། དེ་ལྟར་བྲིས་པ་མ་དག་པ་ཡིན་ན། (Professional) དང་(non-professional) བར་གྱི་མཚམས་དེ་གང་ནས་གཟུང་དགོས་སམ། མདང་དགོང་མོའང་དེ་རང་བསམ་བློ་འཁོར་སོང་ལ། ད་ནངས་འདིར་ཡོང་སྐབས་ཀྱང་དེ་རང་བྱུང༌། གཅིག་བྱས་ན་ (Professional) གྱི་ཚོགས་འདུའི་ནང་ (non-professional) གཅིག་གིས་དབུ་འབྱེད་བྱས་པ་ཡིན་ན་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ་དྲན་སོང༌། དེས་ན་ངས་ས་མཚམས་གང་རེད་ཅེས་ཡང་ཡང་ཞུ་རྒྱུ་དེ་ང་རང་གང་དུ་སླེབས་འདུག་བལྟ་དགོས་བསམས་པ་རེད། དེ་ཞར་བྱུང་གི་གནས་ཚུལ་རེད།
gtp_summit_2ད་ལྟ་བཀའ་བློན་བསྟན་པ་ལགས་ཀྱིས་ངོ་སྤྲོད་ནང་གསུངས་པ་བཞིན་འཇིག་རྟེན་འདིའི་ནང་བོད་མི་རིགས་ནི་ཕྲན་བུ་མི་འདྲ་བའི་མི་རིགས་ཤིག་རེད། དེ་ནི་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་ངོས་ལེན་བྱེད་དགོས་ཀྱི་རེད་བསམ་གྱི་འདུག བོད་ནི་མི་འབོར་དང་སྟོབས་འབྱོར་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་ལ་ཡོད་པ་མ་ཟད། ས་ཆ་མཐོ་ཞིང༌། ལམ་བགྲོད་དཀའ་བ། མཐུན་རྐྱེན་དཀོན་པ་བཅས་ཀྱི་གནས་སྟངས་ནང་བསྡད་མུར་རྣམ་དཔྱོད་ཀྱི་རིགས་རྩལ་དང་མཁས་པའི་བྱ་བ་ཧ་ཅང་རླབས་ཆེན་བྱེད་མཁན་གྱི་མི་གྲངས་ཉུང་བའི་མི་རིགས་ཤིག་རེད། དེར་སྤྱི་ཚོགས་ཀྱི་དཔལ་ཡོན་དུས་རབས་བདུན་པ་ཙམ་ནས་མ་གཏོགས་འགོ་བཙུགས་མེད་པ་ལྟ་བུ་ཞིག་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་དང་ཆབས་ཅིག་ས་ཡ་དྲུག་ལས་མ་བརྒལ་བའི་མི་ཉུང་ཉུང་དེས་དབུས་དང༌། ཤར་ལྷོ་ཨེ་ཤི་ཡའི་ནང་དམག་གི་སྟོབས་ཤུགས་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་འཇིགས་སྣང་དགོས་པ་དང༌། ཁོང་ཚོས་བསྟུན་མཁས་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཏུ་ཡུན་རིང་བསྡད་པ་རེད། སྙན་ངག་པའི་འུད་ལྟ་བུ་བཤད་ན། སྙིང་སྟོབས་དགུ་གྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པས།། སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་ཀྱིས།། འཛམ་གླིང་ས་ཡི་གསུམ་གཉིས་བཟུང་ཞེས་གྲག། སྤྱིར་བཏང་གྲག་ཟེར་བ་དེ་དངོས་གནས་མིན་པའི་སྐད་ཆ་ཞིག་རེད། ལོ། གྲག ཟེར་གསུམ་དེ་བོད་སྐད་ནང་དངོས་གནས་མིན་ནའང་ཡིན་པ་ལྟ་བུ་བརྗོད་དགོས་བྱུང་ན་དེ་ཚོ་བརྗོད་ཀྱི་རེད། སྐབས་དེ་དུས་རྒྱ་ནག་དང་རྒྱ་གར་གྱིས་ཀྱང་འཇིགས་སྣང་དང་འཚེར་སྣང་བྱེད་དགོས་པ་མ་ཟད། རྒྱ་གར་གྱི་ས་ཕྱོགས་མང་པོ་བོད་དམག་གིས་བཟུང་བ་སོགས་ཀྱི་བྱུང་རབས་ཡོད་པའི་སྟོབས་ཤུགས་ཅན་གྱི་མི་རིགས་ཤིག་རེད། བོད་པའི་སྤྱི་ཚོགས་ནང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་དམག་གི་སྟོབས་ཤུགས་དེ་ཤེས་ཡོན་གྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་རེད། དེར་བརྟེན་ངས་ནམ་རྒྱུན་ཐེ་ཚོམ་མེད་པར། བོད་པ་ནང་བཞིན་མཁས་པ་མང་པོ་བྱུང་བ་དང་རྩོམ་ཡིག་མང་པོ་ཡོད་པའི་མི་རིགས་གཞན་དག་ཡོད་མ་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་མི་མང་པོས་དེ་ལ་མོས་མཐུན་བྱེད་ཀྱི་མ་རེད། ཡིན་ནའང་ང་རང་གིས་དེ་རིགས་པའི་སྒྲུབ་བྱེད་དང་བཅས་ཐག་ཆོད་པོའི་ཐོག་ནས་བཤད་ཀྱི་ཡོད། གང་ལགས་ཤེ་ན། མི་འབོར་གྱི་ཆ་ནས་རྟག་ཏུ་ས་ཡ་དྲུག་ལས་མ་བརྒལ་བ་དང༌། དུས་ཚོད་ཀྱི་ཆ་ནས་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་ཙམ་མ་གཏོགས་བྱུང་མེད། རྒྱ་གར་ལྟ་བུ་ཡིན་ན། ལོ་བདུན་སྟོང་ལྷག་ཙམ་གྱི་ཤེས་ཡོན་དང་རྩོམ་རིག་གི་བྱུང་རབས་དང༌། མི་འབོར་དུང་ཕྱུར་བརྒལ་བའི་ལུང་པ་ཞིག་རེད། དེས་ན་མི་འབོར་ས་ཡ་དྲུག་མ་གཏོགས་མེད་ཅིང་ལོ་ཆིག་སྟོང་ལྷག་ཙམ་མ་གཏོགས་ལས་ཀ་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དེས་སྐད་ཡིག་གཞན་ནས་བསྒྱུར་བའི་གཞུང་ལུགས་ཇི་ཙམ་ཡོད་པ་མཐོང་གསལ་རེད། འཇིག་རྟེན་ཁམས་ཀྱི་སྒྱུར་གྱི་བྱུང་རབས་ནང་བོད་པ་བཞིན་གཞན་སུ་ཡང་མེད་པ་དེ་ཚང་མས་ཁས་ལེན་མི་བྱེད་ཀ་མེད་རེད། དེ་ནི་དངོས་སུ་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་པ་ཞིག་རེད། གཞན་གྱི་སྐད་ཡིག་ནས་བསྒྱུར་བ་མ་ཡིན་པར་རང་སྐད་དུ་བརྩམས་པ་ལ་ཆ་བཞག་ན། བླ་མ་རེ་རེའི་གསུང་འབུམ་པོ་ཏི་བརྒྱ་ལྷག་ནས་པོ་ཏི་བཅུ་བཅོ་ལྔའི་བར་ཡོད་པ་ཧ་ཅང་མང༌། དེ་ཚོ་དེང་རབས་ཀྱི་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་ཤ་སྟག་མ་གཏོགས། ཟེར་ལོ་ཐོས་ལོ་ཙམ་བྱས་ནས་བྲིས་པ་ཧ་ལམ་མེད་ཅེས་བཤད་ནའང་འགྲིགས། རྟག་ཏུ་ཚད་མ་རིག་པ་དང་ནང་དོན་རིག་པ་མཉམ་དུ་སྤེལ་བ་ཡིན་སྟབས། རྩོམ་གྱི་སྤུས་ཚད་ལ་བལྟས་ན། བོད་པའི་རྩོམ་ཡིག་གི་སྤུས་ཚད་བཞིན་རྒྱ་གར་གྱི་མཁས་པ་ཚོས་ཀྱང་རེ་གཉིས་ཙམ་མ་གཏོགས། མང་ཆེ་བ་ཞིག་རྗེས་མ་བསྙབས་པ་ལྟ་བུ་ཞིག་ཡོད། དེ་ལྟ་བུའི་ལག་རྗེས་ཡོད་པའི་མི་རིགས་ཤིག་ལ་དངོས་ཡོད་གནས་ཚུལ་ཐོག་ནས་བལྟས་ན། ཡར་ཐོན་ཧ་ཅང་ཆེ་བའི་མི་རིགས་ཤིག་ལ་བརྩི་དགོས། འོན་ཀྱང་ད་ལྟའི་གནས་སྐབས་སུ་མི་རིགས་དེ་ཆགས་འཇིག་གི་སོ་མཚམས་སུ་སླེབས་ཏེ་གནས་ཐུབ་ཀྱི་ཡོད་འགྲོ ཡང་ན་རྩ་མེད་དུ་འགྲོ་བཤད་ཚོད་མ་ཐིག་པ་ཞིག་རེད། དེ་ལྟ་བུ་སླེབས་དགོས་པའང་ཕྱོགས་གཅིག་ནས་རྒྱ་ནག་གི་བཙན་གནོན་དབང་གིས་ཡིན་ཞིང༌། བོད་ནང་གི་བོད་མི་ཚོས་རང་གི་སྲོལ་རྒྱུན་དང༌། རིག་གཞུང༌། སྐད་ཡིག་བཅས་རྒྱུན་འཛིན་བྱེད་རྒྱུ་དེ་སྲོག་ཐོག་ལ་འབབ་པའི་ནག་ཉེས་ཤིག་གི་ངོ་བོར་འགྱུར་བར་བརྟེན། བྱེད་འདོད་ཡོད་ནའང་བྱེད་རྒྱུའི་ཐོབ་ཐང་དང༌། གོ་སྐབས། མཐུན་རྐྱེན་བཅས་མེད། འོན་ཀྱང་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོར་དེ་འདྲའི་འཇིགས་སྣང་གང་ཡང་མེད། འོན་ཀྱང་ང་ཚོ་བོད་པ་རྣམས་དེ་སྔ་ནས་ཨ་བསར་ཚ་པོའི་གྲས་ལ་བརྩིས་འདུག ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་དེང་རབས་ཀྱི་ཤེས་ཡོན་ལ་ཨ་བསར་ཚ་ཐག་ཆོད་ནས་སོ་སོས་འདོད་པ་དང་བླང་གིས་བོད་ཀྱི་ཐུན་མིན་སྲོལ་རྒྱུན་ཉམས་ཆག་བཏང་བའམ། ཡང་ན་དོ་སྣང་མེད་པར་བསྡད་པ་རེད། འོན་ཀྱང་མི་རབས་རྗེས་མ་ཚོས་གང་འདྲ་བྱེད་གྲབས་ཡོད་འགྲོ་ད་ལྟ་བཤད་མི་ཐུབ། ད་ལྟ་ང་ཚོ་བཟང་སྤྱོད་ཀྱི་ཆ་ནས་འགྱུར་བ་གང་འདྲ་ཞིག་འགྲོ་བ་དང༌། སྲོལ་རྒྱུན་གྱི་ཆ་ནས་འགྱུར་བ་གང་འདྲ་ཞིག་འགྲོ་བ་དེ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག ང་ཚོས་རྒྱ་མི་ལ་བོད་མི་རིགས་དེ་རྒྱ་ནག་གི་མི་རིགས་ཆེན་པོའི་ནང་ཕར་སིམ་ནས་མེད་པ་ (Assimilate) བཟོ་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང༌། དེ་ཁྱེད་ཚོའི་བྱེད་སྟངས་སྡུག་ཅག་ཅིག་རེད་ཅེས་རྟག་ཏུ་བརྗོད་མུས་རེད། ཡིན་ནའང་ང་ཚོས་ཇི་ཙམ་ཞིག་སོ་སོའི་གནས་ཡུལ་ལུང་པའི་ནང་དང་བླང་ཐོག་ནས་སིམ་ཡོད་པ་དེར་ཞིབ་འཇུག་ཅིག་གནང་ན། སིམ་པའི་མགྱོགས་ཚད་དེ་ཞན་པོ་བྱུང་མེད་བསམ་གྱི་འདུག སྤྱིར་བཏང་མཐུན་འཇུག་བྱེད་རྒྱུ་དང་རང་གི་ངོས་འཛིན་བརླགས་ནས་སིམ་འགྲོ་རྒྱུ་གཉིས་པོ་དེ་ལོགས་ཀ་རེད། བོད་པ་མཐུན་འཇུག་ (Adjust) བྱེད་རྒྱུར་རྣམ་དཔྱོད་ཆེན་པོ་ཡོད་པ་དེ་སྔ་མོ་ནས་བཤད་མུས་རེད། རྒྱ་གར་དུ་སློབ་གཉེར་ཡོང་སྐབས་ལའང་མི་གཞན་དང་མཉམ་དུ་མཐུན་འཇུག་བྱེད་རྒྱུ་ཞིག་ཡོད་རེད། དེ་འདྲ་མིན་པར་སོ་སོས་རང་གི་ངོས་འཛིན་དེ་དོར་ནས་མི་གཞན་པའི་ངོས་འཛིན་ནང་དང་བླང་གིས་སིམ་འགྲོ་རྒྱུ་དེ་གནས་ཚུལ་ལོགས་ཀ་རེད། ཡིན་ནའང་གནས་ཚུལ་དེ་ཚོ་ཐབས་ཤེས་ཀྱིས་བཀག་ཐུབ་རྒྱུ་ཞིག་ཡོད་དམ་ཞེ་ན། དེ་བཀག་ཐུབ་ཐབས་མེད། དུས་ཀྱི་འགྱུར་བ་དང་བྱུང་རབས་ཀྱི་འགྱུར་བ་དེ་རང་བཞིན་གྱིས་འགྲོ་རྒྱུ་ཞིག་རེད། འོན་ཀྱང་དེའི་ཐོག་གང་བྱེད་ཐུབ་ཅེ་ན། ངོས་འཛིན་བྱེད་ཐུབ་རྒྱུ་དེ་རེད། ངོས་འཛིན་ཐུབ་པ་ཡིན་ན་གདམ་ག་བྱེད་རྒྱུའི་གོ་སྐབས་ཤིག་ལྷག་གི་རེད། ད་ལྟ་ང་ཚོར་དཀའ་ངལ་གང་ཡོད་ཅེ་ན། ངོས་འཛིན་ཐུབ་རྒྱུ་དེ་ཁག་པོ་ཆགས་ཀྱི་ཡོད། སོ་སོས་ཇི་ཙམ་གྱི་སྲོལ་རྒྱུན་དང་རང་གི་ཐུན་མོང་མ་ཡིན་པའི་ངོས་འཛིན་ཉམས་ཆག་གཏོང་གི་ཡོད་པའི་ཚོར་སྣང་དང༌། དེ་ཡང་རྒྱུ་དང་རྐྱེན་གང་འདྲ་ཞིག་གི་དབང་གིས་འགྲོ་བ་དེ་ང་ཚོས་ངོས་འཛིན་བྱེད་ཁག་པོ་དང༌། དེ་ངོས་འཛིན་བྱུང་སྐབས་གང་ཙམ་ཕྱིས་ཚར་བའི་གནས་ཚུལ་དེ་འདྲ་ཡོང་གི་འདུག དེར་བརྟེན་ཁྱད་ལས་པ་ཚོས་དེ་ཚོའི་ཐོག་ངེས་པར་དུ་ཐུགས་སྣང་དང་ངོས་འཛིན་གནང་དགོས་པ་ཞིག་རེད་བསམ་གྱི་འདུག
ང་འདིར་བཀའ་བློན་ཁྲི་པ་དང༌། ཡང་ན་སྒེར་གྱི་ངོས་ནས་གཞོན་སྐྱེས་ཚོ་ལ་འདི་བྱེད་དགོས། འདི་བྱེད་རྒྱུ་མེད་ཅེས་བརྗོད་འདོད་ཁྱོན་ནས་མེད། དེ་བརྗོད་ནས་ཕན་ཐོགས་གང་ཡང་མེད་ལ། དེ་འདྲ་བརྗོད་རྒྱུའི་ཐོབ་ཐང་ཡང་མེད། སོ་སོའི་རང་དབང་རྣམ་དཔྱོད་ཐོག་ནས་ཐག་གཅོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད། རང་དབང་གི་རྣམ་དཔྱོད་ཅིག་མེད་ན་གཞན་ཟེར་གཡམ་རྒྱུག་ཆགས་ཉེན་ཡོད། དེས་ན་རང་དབང་རྣམ་དཔྱོད་ཐོག་ནས་སོ་སོའི་བསམ་བློའི་རང་དབང་དེ་ཕྱིའི་རྐྱེན་གྱི་ནུས་ཤུགས་འོག་མ་ཕྱིན་པར་རང་ཐག་རང་གཅོད་ཀྱི་ནུས་པ་དེ་ཆ་ཚང་ཉར་ཐུབ་པ་བྱུང་ན། དེ་རྗེས་མདུན་ལམ་གང་འདྲ་ཞིག་བདམས་རུང་ནོར་བ་མེད་པ་དང༌། གལ་སྲིད་ནོར་ནའང་འགྱོད་པ་མེད་པ་ཞིག་ཆགས་རྒྱུ་རེད། དེ་མིན་གཞན་ཟེར་གཡམ་རྒྱུག་དང༌། ཨ་བསར་རྐྱང་རྐྱང་གིས་ཕྱིན་ན་ནོར་ཉེན་ཡོད་ལ། རྗེས་སུ་ནོར་བ་དེ་ཤེས་དུས་འགྱོད་པ་སྐྱེ་ཉེན་ཡོད་པ་ཞིག་རེད།
ད་ལྟ་ངས་པོ་རོ་ཕེ་ཤན་ (Profession) ཞེས་ཐེངས་མང་བསྐྱར་ལྡབ་ཡང་ལྡབ་ཀྱིས་དེའི་རྣམ་བཤད་གང་རེད་ཅེས་ཞུ་དགོས་པའི་རྒྱུ་མཚན་གཅིག་གང་ཡིན་ཞེ་ན། ང་ཚོ་བོད་པས་ཁྱད་ལས་པ་ལ་སྲོལ་རྒྱུན་ཐོག་ནས་ལྟ་སྟངས་ཤིག་ཡོད་རེད། བོད་པས་གང་འདྲ་ཞིག་ལ་ཁྱད་ལས་པ་ཞེས་བརྗོད་པ་དང༌། དེའི་མཚན་ཉིད་གང་འདྲ་ཞིག་དགོས་ཞེས་དྲིས་ན། ཁྱད་ལས་པ་མ་ཆགས་སྔོན་དུ་ཐོག་མར་བྱ་བ་གང་ཡིན་ནའང་བྱ་བ་དེའི་སྦྱོར་དངོས་རྗེས་གསུམ་དེ་མཁྱེན་དགོས། སྦྱོར་བ་ནི་ཨིན་སྐད་དུ་པི་རི་པི་རེ་ཤན་ (Preparation) ཞེས་པ་དེ་རེད། དེ་ནི་དང་པོ་གྲ་སྒྲིག་བྱེད་རྒྱུ་དེ་རེད། དངོས་གཞི་ནི་རི་ཡལ་ཨེཀ་ཤན་ (Real action) དེ་རེད། རྗེས་ནི་ཨ་འུཊ་ཀམ་ (Outcome) ཡང་ན་ཨི་ཕེཀ་ཊ་ (Effect) དེ་རེད། ལས་འགོ་མ་བཙུགས་གོང་སྦྱོར་དངོས་རྗེས་གསུམ་གྱི་གནས་ཚུལ་ཆ་ཚང་རྟོགས་པ་ཞིག་དང༌། དེ་ཡང་ཆ་བཞག་པ་མ་ཡིན་པར། སོ་སོས་བརྟག་དཔྱད་བྱས་ནས་ངེས་པ་རྙེད་པ་ཞིག་དགོས། དེང་སང་དེང་རབས་ཀྱི་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་གིས་གང་གནང་གི་ཡོད་ཅེ་ན། མ་ཤེས་གོང་ནས་ཁས་ལེན་པའམ་ཆ་བཞག་ནས་འགྲོ་མཁན་མང་པོ་ཞིག་ཡོད་རེད། ཧིནྡཱིའི་སྐད་ནང་དེ་ལབ་བདེ་པོ་ཞིག་རེད། དེ་ལ་ཇཱན་ནཱ་དང་མཱན་ནཱ་ (Janana aur manana) ཟེར། ཇཱན་ནཱ་གནས་ཚུལ་གཞན་དག་ཅིག་རེད་ལ། མཱན་ནཱ་ཡང་གནས་ཚུལ་གཞན་དག་ཅིག་རེད། ངས་གང་བཤད་པ་དེ་ཁྱེད་ཀྱིས་དེ་རང་ཆ་བཞག་ནས་བྱས་ན་དེ་ཤེས་ཡོད་མ་རེད། ཁས་ལེན་པའམ་དེ་རང་རེད་བསམས་པ་རེད། འཛིན་གྲྭའི་ནང་དགེ་རྒན་གྱིས་བཤད་པ་དང༌། སློབ་དེབ་ནང་གང་བྲིས་པ་དེ་དག་བསྐྱར་རྒྱུ་ཡོད་ན། དེ་ཤེས་པའི་གྲས་སུ་བརྩི་ཡང༌། དེ་ཤེས་པ་མ་རེད། དཔེར་ན་བརྡ་ལན (Information) རུག་རུག་བཟོས་ཏེ་ཀམ་པུ་ཀྲར་(Computer)ནང་བླུགས་ཤིང༌། དེ་ནས་བཏོན་པ་ལྟ་བུ་ཁོའི་བསམ་བློའི་ནང་ཤེས་ཡོན་གང་ཡང་མེད། བརྡ་ལན་མང་པོ་གསོག་འཇོག་བྱས་པ་དེ་དགོས་དུས་བཏོན་རྒྱུ་ཡོད་པ་ལྟ་བུ་ཞིག་བཟོས་ན། མིའི་ཀླད་པ་དང་ཀམ་པུ་ཀྲར་གཉིས་ཧ་ལམ་གཅིག་པ་ཆགས་རྒྱུ་རེད། མི་ཟེར་བ་དེ་གང་འདྲ་ཞིག་དགོས་པ་དང༌། མི་དང་དུད་འགྲོ་གཉིས་ལ་ཁྱད་པར་གང་ཡོད་ཅེ་ན། བརྟག་དཔྱད་བྱེད་རྒྱུ་དང༌། དབྱེ་ཞིབ་བྱེད་རྒྱུ། རྒྱུ་མཚན་བཀོད་རྒྱུ། རིགས་པ་གཏོང་རྒྱུ། རྟགས་བཀོད་རྒྱུའི་ནུས་པ་དེ་མི་ལ་མ་གཏོགས་དུད་འགྲོ་ལ་མེད་པ་ཡིན་སྟབས། མི་དུད་འགྲོ་ལས་ཁྱད་པར་འཕགས་པ་ཡིན་ཟེར་བ་རེད། དེས་ན་གནས་ཚུལ་གང་ཡིན་རུང་རང་སྟོབས་ཀྱིས་ངེས་པ་རྙེད་ནས་ཤེས་པ་ཞིག་ལ་ཁྱད་ལས་པ་ཞེས་བརྗོད་ཆོག དེ་འདྲ་ཁྱད་ལས་པ་དེའི་བྱ་བ་དེས་ཕན་ཐོགས་པ་མ་གཏོགས་གནོད་པ་མི་བྱེད་པ་ཞིག་ཡོང་བ་མ་ཟད། དེ་འདྲའི་བྱ་བ་དེ་རྒྱུན་གནས་ཐུབ་པ་ཞིག་ཀྱང་ཡོང་བའི་ཡིད་ཆེས་བྱེད་ཆོག དེ་འདྲ་མ་བྱུང་ན། ཧོབ་དེ་ཁ་ལ་བལྟས་སྐབས་ཕན་ཐོགས་ཡོད་པ་ལྟ་བུར་མངོན་པའི་བྱ་བ་གཅིག་ཡིན་ནའང་དོན་ལ་རང་ངམ་ཡང་ན་སྤྱི་ཚོགས་ལ་དངོས་སུའམ་བརྒྱུད་ནས་གནོད་པ་དེ་འདྲ་ཡོང་སྲིད། མགོ་ཚོས་པོ་ཡག་པོ་མ་བྱུང་ན། དེ་ནས་རྒྱུན་གནས་མ་ཐུབ་པ་ཡོང་རྒྱུ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལས་ཀ་མང་པོ་ཞིག་རྒྱུན་གནས་མ་ཐུབ་པ་ཆགས་རྒྱུ་དེ་དང་པོ་ནས་སྦྱོར་དངོས་རྗེས་གསུམ་གྱི་རྣམ་གཞག་ཞིབ་ཚགས་པོ་ངེས་པ་རྙེད་པ་མ་ཤེས་པ་དང༌། མ་ཤེས་བཞིན་དུ་ཤེས་སོང་བསམས་ནས་འགོ་བཙུགས་པ་དེ་དག་རྒྱུན་གནས་མ་ཐུབ་པ་ཆགས་ཀྱི་ཡོད། དེར་བརྟེན་ཁྱད་ལས་པའི་བྱ་བ་དེ་འབྲས་བུ་གང་འདྲ་ཞིག་ཡོད་ནའང་འབྲས་བུ་དེ་སྒྲུབ་ཕྱོགས་མ་གཏོགས། དགག་ཕྱོགས་སུ་མ་སོང་བ་ཞིག་དང༌། གང་ཡོང་བ་དེ་རྒྱུན་གནས་ཐུབ་པ་ཡིན་པ། དེ་རང་ངམ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་ཡོང་དགོས་ཀྱི་རེད། སོ་སོའི་འཚོ་བ་བསྐྱལ་རྒྱུ་ཁོ་ནའི་ཆེད་དུ་བྱ་བ་ཞིག་ཧ་ཅང་མཐར་ཁྱོལ་བ་ཤེས་ནའང་དེ་ཁྱད་ལས་པ་ཡིན་མིན་དོགས་པའི་གནས་རེད། གང་ལགས་ཤེ་ན། སོ་སོའི་ལྟོ་གྲོད་ཁོག་གང་བཙལ་རྒྱུ་དང༌། ཉལ་ས་སྟབས་བདེ་པོ་ཞིག་བཟོ་རྒྱུ། ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་སོགས་ནི་བྱ་བྱེའུ་དང༌། སྦྲང་བུ་དང་དུད་འགྲོས་ཀྱང་བྱེད་སྟངས་མི་འདྲ་བའི་ཐོག་ནས་བྱེད་པ་མ་གཏོགས། མི་དང་ཁྱད་པར་གང་ཡང་མེད། མིའི་ཐུན་མོང་མ་ཡིན་པའི་ཁྱད་ལས་དེ་གང་རེད་ཅེ་ན། རང་ལས་གཞན་གཅེས་པ་བྱེད་ཐུབ་པ་དང༌། སྤྱི་ཚོགས་ཀྱི་དོན་དུ་རང་ཉིད་བློས་བཏང་ཐུབ་པ། རང་གི་མི་ཚེ་སྐྱེལ་སྟངས་དེ་གཞན་གྱི་ཐོག་ལྗིད་ཁོག་གམ་རྡོག་ཁྲེས་ལྟ་བུ་མ་ཡིན་པར། མ་མཐའ་ལའང་སོ་སོའི་འཚོ་ཐབས་ཀྱིས་གཞན་གྱི་བདེ་སྐྱིད་ལ་མ་གནོད་པའི་བསམ་སྤྱོད་ཡོད་མཁན་རྣམས་ལ་ང་ཚོས་ཁྱད་ལས་པ་ཞེས་བརྗོད་ཀྱི་རེད། ཁྱད་ལས་དེའི་བརྒྱུད་ནས་ནང་མི་དང༌། སྤྱི་ཚོགས། མི་རིགས། འཇིག་རྟེན་ཁྱོན་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་བདེ་བསྒྲུབ་རྒྱུ་བྱུང་ན་ཁྱད་ལས་པའི་མཚན་ཉིད་ཚང་བ་ཞིག་རེད་བསམ་གྱི་འདུག དེ་འདྲའི་ཁྱད་ལས་པ་ཞིག་ཡོང་བ་ལ་རང་དབང་དགོས་པ་དང༌། དེ་བཞིན་འཇིགས་སྣང་དང་ཐེ་ཚོམ་མེད་པ་ཞིག་ཀྱང་དགོས། རང་དབང་ཡོང་བ་ལ་རང་སྟོབས་ཀྱིས་དཔྱད་པ་བྱེད་རྒྱུའི་རྣམ་འབྱེད་ཤེས་རབ་ཀྱི་རྣམ་དཔྱོད་གཅིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་མེད་ན་མིས་གར་བཤད་འགྲོ་རྒྱུ་ཞིག་རེད། དེ་ལྟ་བུའི་རྣམ་འབྱེད་ཀྱི་ཤེས་རབ་དེས་གང་མཐོང་བའམ་སོ་སོས་དཔྱད་མཐའ་རྙེད་པའི་བདེན་པ་དེ་བཤད་ནུས་པ་དང༌། ལག་ཏུ་བླང་ནུས་པ། བདེན་པ་དེ་དང་མཉམ་དུ་མི་ཚེ་སྐྱེལ་ནུས་པའི་བློ་ཁོག་གཅིག་དགོས་ཀྱི་རེད། མང་པོ་ཞིག་གི་བསམ་བློའི་ནང་འཇིགས་སྣང་ཞིག་ཡོད་ཅིང༌། ངས་དེ་འདྲ་ཞིག་བྱེད་ན་མི་དང་མཐུན་གྱི་མི་འདུག ཁོ་རྦད་དེ་རྗེས་ལུས་ཐེབས་པ་རེད་ཅེས་བཤད་མི་ཡོང་བསམས་པ་དང༌། མི་ཁ་ཤས་ཁོང་ཁྲོ་ཟ་མི་ཡོང་བསམས་པ། སྤྱི་ཚོགས་ནང་ནས་བུད་མི་ཡོང་བསམས་པའི་འཇིགས་སྣང་དབང་གིས་རང་གིས་མཐོང་བའི་བདེན་པ་དེ་བརྗོད་མི་ནུས་པ་དང༌། དཔྱད་མི་ནུས་པ། འཚོ་མི་ནུས་པ་དེ་འདྲ་མང་པོ་ཡོད་རེད། དེ་བཞིན་དོགས་པ་ཡང་ཡོད་རེད། མ་གཞི་འཇིགས་སྣང་དང་དོགས་པ་གཉིས་གཅིག་པ་འདྲ་པོ་རེད། ཡང་ཕྱོགས་གཞན་ཞིག་ནས་རེ་བ་ཞིག་ཀྱང་ཡོད་རེད། གང་ལྟར་རེ་དོགས་གཉིས་པོ་དེ་དེང་རབས་ཀྱི་སྤྱི་ཚོགས་ནང་བཤུ་གཞོག་གཏོང་རྒྱུའི་ལག་ཆ་ཡག་ཤོས་དེ་རེད། ཨིན་སྐད་ནང་དབྱུག་པ་དང་ལ་ཕུག་དམར་པོ་བེད་སྤྱོད་གཏོང་དགོས་ཞེས་པའི་གཏམ་དཔེ་ཞིག་ཡོད་ཅིང༌། བོང་བུ་ལ་ལ་ཕུག་དམར་པོ་བསྟན་ནས་འཁྲིད་རྒྱུ་དང༌། དབྱུག་པ་གཞུས་ནས་འདེད་རྒྱུའི་བསམ་ཚུལ་ཞིག་འདུག དེ་ནི་བོང་བུ་ལ་ཏག་ཏག་འགྲིགས་སྲིད། འོན་ཀྱང་ཁྱད་ལས་པ་རྣམས་ཀྱང་དེ་བཞིན་དུ་ང་ལ་ཕོགས་ཆེན་པོ་ཞིག་རག་གི་རེད་བསམ་པའི་རེ་བ་དང༌། ངས་དེ་འདྲ་མ་བྱེད་ན་རྗེས་མ་དཀའ་ངལ་ཡོང་གི་རེད་བསམས་པའི་འཇིགས་སྣང་གཉིས་ཀྱི་འོག་རང་གིས་དཔྱད་མཐར་རྙེད་པའི་བདེན་པ་དེ་བཞག་ནས་སྤྱི་ཚོགས་དང་གང་མཐུན་མཐུན་འགྲོ་རྒྱུ་ཞིག་ཆགས་ན། དེ་ནི་སྤྱིར་བཏང་ཕལ་པ་ཞིག་རེད་མ་གཏོགས། ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མ་རེད་བསམ་གྱི་འདུག
ངས་ད་ལྟ་ཞུ་རྒྱུ་དེ་དག་ནི་སོ་སོའི་བསམ་ཚུལ་རེད། ཁྱེད་ཚོས་ཁས་ལེན་དགོས་ཞུ་གི་མེད། གང་ལྟར་ང་ཚོའི་མཐོང་སྣང་དེ་འདྲ་ཞིག་ཡོད་རེད། དེང་སང་ང་ཚོ་མང་པོ་ཞིག་གི་བསམ་ཚུལ་ནང་གོ་རྟོགས་དེ་ཡོང་མུས་རེད། དེ་ནི་ལོ་ ༥༡ ཕྱིན་པའི་རྗེས་ལ་ཕྱི་བལྟས་སློག་སྐབས་བོད་པའི་སྤྱི་ཚོགས་ནང་སྔོན་མ་བོད་ནང་ཐོན་པ་བཞིན་མཁས་པ་ཆེན་པོ་མི་འཐོན་པ་དེ་གང་ཡིན་ནམ་ཞེས་པའི་དྲི་བ་དེ་རེད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་དེང་རབས་ཀྱི་སློབ་སྦྱོང་ཡོད་མཁན་དེ་ཚོ་འབྲིང་འབྲིང་(Mediocre) ཞིག་མ་གཏོགས། ཧ་ཅང་མཁས་པ་ཆེན་པོ་ (Genius) ག་ཚོད་ཐོན་ཡོད་དམ། ང་ཚོ་བོད་ལ་ཡོད་སྐབས་འཛིན་གྲྭ་གཅིག་གི་ནང་མི་སུམ་ཅུ་བཞི་བཅུ་ཡོད་ན། དེའི་ནང་ནས་འགྲན་ཟླ་བྲལ་བའི་མཁས་པ་ལྔ་དྲུག་ཅིག་འཐོན་རྒྱུ་ཡིན་པ་བཤད་མ་དགོས། འདིར་སློབ་ཕྲུག་སྟོང་ཕྲག་མང་པོ་ཡོད་རུང་ཚང་མ་གཅིག་པ་འབྲིང་འབྲིང་ཡོང་རྒྱུ་དེ་གང་ནས་ནོར་བ་ཡིན་ནམ། དེའི་ཐོག་ཞིབ་འཇུག་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གཞི་རིམ་ཤེས་ཡོན་ནས་ནོར་ཡོད་ན་མཐོ་རིམ་སློབ་སྦྱོང་ལ་སླེབས་སྐབས་གཟེངས་སུ་ཐོན་པའི་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་འཐོན་རྒྱུ་ཁག་པོ་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་དེའི་ཐོག་ཞིབ་འཇུག་མང་པོ་དང༌། བསམ་བློ་མང་པོ་བཏང་ནས་ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པ་རེད། དེའི་ནང་ཇི་ལྟར་ཁྱད་ལས་པ་འཐོན་ཐུབ་པ་དང༌། ཁྱད་ལས་པ་ཐོན་རྗེས་སྐབས་བབས་ཀྱི་བསྒྲུབ་བྱ་དང་ལས་འགན་གང་ཡིན་པ་བཅས་གསལ་ཡོད་པ་དེ་ཚོའི་ཐོག་ཐུགས་ཞིབ་གནང་ན་ཐུགས་དྲན་གསོ་རྒྱུ་དང་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག
སྤྱིར་བཏང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་མི་འབོར་ཉུང་ཡང༌། རྒྱལ་ཁབ་གང་ས་ནས་ངོས་འཛིན་ཡོད་པའི་ཁྱད་ལས་པ་མང་པོ་ཐོན་ཐུབ་པ་དང༌། དེ་རིང་འདིར་མང་པོ་ཞིག་འཛོམས་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ཡིན་ནའང་དེ་ཙམ་གྱིས་མ་ཚིམས་པ་གནང་དགོས། ཕྱི་ལོ་ ༡༩༥༩ སྔོན་དུ་བོད་ཀྱི་སྤྱི་ཚོགས་ནང་གཞི་རིམ་ཤེས་ཡོན་རྒྱ་ཁྱབ་ལ་མེད་རུང༌། གཞི་རིམ་ཤེས་ཡོན་ལེན་འདོད་ཡོད་མཁན་ཚོར་གོ་སྐབས་མེད་པའང་མ་རེད། གཞི་རིམ་ཤེས་ཡོན་རྒྱ་ཁྱབ་ཏུ་མེད་པ་དང༌། དེང་རབས་ཀྱི་ཤེས་ཡོན་གྱི་མཐུན་རྐྱེན་མེད་པའི་སྐབས་ལ་བོད་པའི་སྤྱི་ཚོགས་ནང་འགྲན་ཟླ་བྲལ་བའི་མཁས་པ་ (Genius) མང་པོ་ཐོན་ཡོད། འོན་ཀྱང་འདས་པའི་ལོ་ ༥༡ རིང་ཇི་ལྟར་འགགས་པ་དང༌། མ་འོངས་པར་ཇི་ལྟར་བསྐྲུན་ཐུབ་མིན་ཐོག་ངེས་པར་དུ་དགོངས་པ་བཞེས་ཏེ་ལས་གཞི་བཟོས་པ་ཡིན་ན་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན།
ད་རེས་ཚོགས་འདུ་འདིའི་མིང་བྱང་ནང་ལའང་དང་པོ་ཞེས་བྲིས་འདུག དེ་ནི་གཉིས་པ་གསུམ་པ་བཞི་པ་ཡོང་རྒྱུ་ཡོད་པའི་རྒྱུ་མཚན་གྱིས་བྲིས་ཡོད་སྙམ། གཅིག་མ་གཏོགས་མེད་ན་དང་པོ་ཟེར་བའི་ཐ་སྙད་དེ་འཇུག་སྟངས་མེད། དེས་ན་རྒྱུན་མཐུད་ཐུབ་པ་དང་རྒྱུན་གནས་ཡོང་བ་ཞིག་ལ་ཚང་མས་དགོངས་པ་བཞེས་ཐུབ་ན་ཡག་པོ་འདུག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། །།