༈ ཝཱ་ཎ་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ལ་གནང་བའི་གསུང་བཤད།
༄༅།། ཆོས་བརྒྱུད་རྣམས་ཀྱི་མཁན་པོ་རྣམ་པ་དང་། ཁང་ཚན་དགེ་རྒན་རྣམ་པ། ལས་བྱེད་རྣམ་པ། དེ་བཞིན་སློབ་ཕྲུག་རྒན་གཞོན་རྣམ་པ་བཅས་དོ་དགོང་འདིར་འཛོམས་ཤོག་ཅེས་བརྗོད་དགོས་པ་ནི་སྐད་ཆ་གལ་ཆེན་པོ་ཁ་ཤས་གསལ་བཤད་བྱེད་དགོས་འདུག མ་གཞི་ཁྱེད་རང་ཚོའི་མཐའ་མའི་འབྱོར་རྟགས་འགོད་རྒྱུ་དེ་སང་ཉིན་རེད། ཡིན་ནའང་སང་ཉིན་ཚང་མར་ལས་ཀ་མང་པོ་ཡོད་དུས་དོ་དགོང་ཏོག་ཙམ་ལྷོད་པ་ཡོང་གི་རེད་དྲན་བྱུང་། ང་ཚོ་མཉམ་དུ་སྐད་ཆ་ཐེངས་མང་པོ་བྱུང་ཟིན་པ་རེད། ཡིན་ནའང་གལ་པོ་ཆེ་ལ་ནན་ཏན་ཟེར་བའི་དཔེ་ལྟར། ད་ལྟ་ངས་འདིར་བཤད་རྒྱུའི་སྐད་ཆ་དེ་དག་གཅིག་བྱས་ན་ང་མི་སྒེར་ཞིག་གི་བསམ་ཚུལ་རེད། དེ་ལ་མང་པོས་མོས་མཐུན་གནང་མདོག་ཁ་པོ་མ་རེད། ཡིན་ནའང་སོ་སོའི་བསམ་བློ་གཏོང་ཕྱོགས་དེ་རིགས་པ་དང་རྒྱུ་མཚན་ཡོད་པ་ཡིན་བསམ་གྱི་ཡོད། གཅིག་བྱས་ན་ཧམ་པ་ཚ་དྲགས་པ་ཡིན་སྲིད། གཅིག་བྱས་ན་བསམ་བློ་དུས་ཚོད་ཡོལ་ཟིན་པའང་ཡིན་སྲིད། ཡང་གཅིག་བྱས་ན་བསམ་བློ་དུས་ཚོད་སྔ་དྲགས་པའང་ཡིན་སྲིད། ཡིན་ནའང་དེ་ལ་ཁྱེད་རང་ཚོས་མོས་མཐུན་གནང་དགོས་ཞེས་ཞུ་གི་མེད། ང་རང་གི་བསམ་ཚུལ་དེ་འདྲ་ཡོད་ཅེས་གསལ་བཤད་བྱེད་ཀྱི་ཡོད། གསལ་བཤད་བྱེད་དགོས་དོན་གང་རེད་ཅེ་ན། ང་འདིར་ལས་ཀྱི་སྣེ་ལ་གཏོགས་མཁན་ཞིག་ཡིན་དུས་ལོ་ངོ་མང་པོའི་རིང་སློབ་གྲྭ་འདིའི་དོན་དུ་ལས་ཀ་བྱས་པ་རེད། གྲུབ་འབྲས་ཐོན་དང་མ་ཐོན་པའི་ལན་བརྒྱབ་ས་དེ་རྒྱ་གར་གཞུང་དང་། གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་ལ་སྙན་གསན་ཞུ་དགོས་སྨོས་མེད་ཐོག དེ་བཞིན་སློབ་གྲྭ་འདིའི་བདག་པོ་སློབ་ཕྲུག་རྣམས་ལའང་ Answerable (ལན་འདེབས་) དང་ Responsible (འགན་ཡོད་པ)་ཆགས་ཀྱི་ཡོད་རེད། དེས་ན་སློབ་གྲྭའི་ནང་ལ་གནས་ཚུལ་ཡག་ཉེས་ཇི་བྱུང་ནམ་རྒྱུན་ནས་སློབ་ཕྲུག་ཚོ་ལ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ཡང་ཡང་ལེན་གྱི་ཡོད།
འོན་ཀྱང་དེ་ལ་དཀའ་ངལ་གཉིས་ཤིག་ཡོང་གི་འདུག དང་པོ་ནི་ངས་བཤད་པའི་སྐད་ཆ་དང་བསམ་ཚུལ་ལ་སློབ་ཕྲུག་རྣམས་ཀྱིས་གོ་བརྡ་མ་འཕྲོད་པའམ་དོན་གཞན་ལ་གོ་བ་ལེན་པ་དང་། གཉིས་པ་ནི་ངས་གང་བཤད་པ་དེ་དག་སློབ་ཕྲུག་ཚོས་གོ་བ་ཡིན་ནའང་དེ་ལ་མོས་མཐུན་མེད་པའི་གནས་ཚུལ་ཡོང་གི་ཡོད། གལ་ཏེ་ངས་བཤད་པ་དེ་ཇི་བཞིན་གོ་ནས་མོས་མཐུན་མ་གནང་བ་ཡིན་ན་དེ་ལ་སྐྱོན་ཡོད་མ་རེད། འོན་ཀྱང་ངས་གང་བཤད་པ་དེ་ཇི་བཞིན་གོ་བ་ཡིན་རུང་དེ་ལ་འགྲེལ་བཤད་ལོག་པ་བརྒྱབ་ན་དེ་ལ་གོ་བརྡ་མ་འཕྲོད་པ་ཟེར་བ་རེད། དཀའ་ངལ་དེ་གཉིས་ཀྱི་ཐོག་ད་ལྟ་ཕན་ལ་ཉམས་མྱོང་མང་པོ་བྱུང་སོང་། ད་དུང་དེ་གཉིས་ལས་སྡུག་པ་ཞིག་གང་ཡོང་གི་ཡོད་ཅེ་ན། ངས་གང་ཞུས་པ་ལ་དོ་སྣང་ཁྱོན་ནས་མ་བྱས་པའམ་དེ་ལ་དོན་དག་འདུག་གམ་མི་འདུག་རྩ་བ་ནས་མ་བལྟས་པར་བཏང་སྙོམས་སུ་འཇོག་མཁན་གྱི་རིགས་ཤིག་ཀྱང་ཡོད་རེད། དེར་བརྟེན་དོ་དགོང་ངས་འདིར་གང་བཤད་པ་རྣམས་སྐད་འཁོར་ནང་བཅུག་ཤོག་ཅེས་བཤད་ཡོད། དེ་ནི་རྗེས་སུ་ངས་སྔར་གང་བཤད་ཡོད་མེད་ཁུངས་བསྐྱལ་དགོས་པའི་གནས་སྟངས་ཆགས་ན་དགོས་ཀྱི་རེད་མ་གཏོགས། ང་ལ་བཤད་རྒྱུ་ཡོད་དྲགས་ནས་དེར་བཅུག་པ་མ་རེད། དེ་བཞིན་ངས་འདིར་གང་བཤད་རྒྱུའི་སྐད་ཆ་དེ་ཚོ་ཡིག་ཐོག་ཏུའང་ཡོད། ད་ལྟ་ངས་འདིར་གང་བཤད་རྒྱུ་དེ་དག་ཚང་མ་ཐུགས་ལ་ངེས་ཀྱི་མ་རེད། དེ་རིང་འདི་འདྲ་ཞིག་བཤད་སོང་། ང་ཚོས་དེར་བསམ་བློ་གཏོང་དགོས་ཀྱི་འདུག་དགོངས་ན་དགོངས་པ་བཞེས་རྒྱུར་ཕན་ཐོགས་ཀྱི་རེད་བསམས་ནས་ཡིག་ཐོག་ཏུ་བཀོད་ཡོད།
འདིར་བཤད་རྒྱུའི་ནང་དོན་སྙིང་པོ་དེ་གང་རེད་ཅེ་ན། ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་རིམ་སློབ་གྲྭ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་ཧ་ཅང་རྒྱ་ཆེན་པོ་བཞེས་ཏེ། བོད་ཀྱི་རིག་གཞུང་འཛིན་སྐྱོང་བྱ་རྒྱུ་དང་། ས་མཚམས་ཀྱི་རིགས་རྒྱུད་གཅིག་པའི་མི་རིགས་སྔོན་མ་བོད་དུ་སློབ་སྦྱོང་དུ་འགྲོ་མཁན་དེ་དག་ལ་དེང་སང་ཡང་ནང་ཆོས་སློབ་སྦྱོང་གི་གོ་སྐབས་སྤྲད་རྒྱུ། རྒྱ་གར་ནང་ཉམས་ཆག་ཕྱིན་ཟིན་པའི་ནང་པའི་གཞུང་ལུགས་མང་པོ་ད་ལྟ་བོད་སྐད་རྐྱང་པའི་ནང་དུ་ཡོད་པ་དེ་དག་རྒྱ་གར་སྐད་དུ་བསྐྱར་གསོ་ཐུབ་པ་བྱ་རྒྱུ། བོད་ཀྱི་དགོན་སྡེ་ཁག་ནང་གཞུང་ཆེན་མོའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ལམ་སྲོལ་དེ་དག་དེང་སང་དུས་རབས་གསར་པའི་མཐོ་སློབ་ཀྱི་སྒྲོམ་གཞིའི་ནང་བཅུག་ན་འགྲིག་མིན་ཚོད་བལྟ་གནང་རྒྱུ་བཅས་དམིགས་ཡུལ་ཆེན་པོ་བཞི་གཙོ་བོར་གྱུར་པའི་ཐོག་སློབ་གཉེར་ཁང་དེ་བཙུགས་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་སློབ་འདི་བཙུགས་པ་ནས་བཟུང་སློབ་གྲྭ་ཁག་གཞན་དང་མི་འདྲ་བའི་ཐུགས་རེ་ཆེན་པོ་གནང་ནས་སློབ་གཉེར་བ་རྣམས་ལ་བཀའ་སློབ་སྔ་ཕྱི་རིམ་པ་དང་། ཡང་ཡང་ཆིབས་བསྒྱུར་བསྐྱངས་པ་མ་ཟད། ད་ལྟ་ཕན་ལ་དཔལ་འབྱོར་གྱི་ཆ་ནས་རོགས་སྐྱོར་གནང་ཡོད་ལ། དུས་རྒྱུན་དུ་མཐོ་སློབ་གྲྭ་དེའི་ཆེད་དུ་ཐུགས་སྨོན་བདེན་ཚིག་གནང་གི་ཡོད་རེད། དེ་བཞིན་ང་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་ནའང་ཐད་ཀར་བཀའ་སློབ་ཞུ་ཆོག་སོགས་དཔེ་མི་སྲིད་པའི་གཟིགས་སྐྱོང་ཆེན་པོ་གནང་གི་ཡོད། དེ་ཡང་མཐོ་སློབ་འདི་ནས་ད་ལྟའི་བོད་ཀྱི་འཛིན་སྐྱོང་དང་། མ་འོངས་པའི་བོད་ཀྱི་རིག་གཞུང་གི་འཛིན་སྐྱོང་གཉིས་ཀ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་ཆེན་པོ་གནང་བར་བརྟེན། ལས་ཀ་བྱེད་མཁན་ལ་འགན་ཆེན་པོ་ཞིག་འཁྲིས་པ་རེད་ལ། ཁྱེད་རང་ཚོ་སློབ་གཉེར་བྱེད་མཁན་སློབ་ཕྲུག་རྣམས་ལའང་རང་བཞིན་གྱིས་འགན་ཆེན་པོ་ཞིག་འཁྲིས་པ་རེད།
ཡིན་ནའང་ང་ཚོ་ལ་ད་ལྟ་ཕན་ལ་གྲུབ་འབྲས་ཆེན་པོ་གང་བྱུང་ཡོད་ཅེ་ན། སྤྱིར་དེ་ལ་འདོད་པ་མི་མཐུན་པ་མང་པོ་རེད། མི་མང་པོ་ཞིག་གིས་ད་བར་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་ཅེས་གསུང་མཁན་དང་། ཡང་མང་པོ་ཞིག་གིས་གྲུབ་འབྲས་གང་ཡང་བྱུང་མེད་ཅེས་གསུང་མཁན་ཡང་ཡོད། ཡིན་ནའང་ང་རང་གིས་བལྟས་ན་སྔོན་མ་བསམ་བློ་བཏང་བ་བཞིན་གྲུབ་འབྲས་བྱུང་མ་སོང་བསམ་གྱི་ཡོད། འོན་ཀྱང་དེ་ལ་སློབ་ཕྲུག་ཚོས་ཞིབ་འཇུག་གནང་དགོས། དེས་ན་སློབ་ཕྲུག་ཚོས་ཞུ་དག་གཏོང་དགོས་པའི་གནས་ཚུལ་ཆེན་པོ་ཞིག་ཆགས་པ་ཡིན་ཙང་། དོ་དགོང་ཁྱེད་རང་ཚོ་འདིར་སྐད་བཏང་བ་རེད། ཆོས་བརྒྱུད་ཀྱི་དགེ་རྒན་ཚོ་ཡང་དཔང་པོའི་ཚུལ་དུ་ཡོད།
ཕྱི་ལོ་ ༡༩༧༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་འདིར་འགྲོ་དགོས་པའི་བཀའ་གནང་བ་རེད། དེའི་སྔོན་ཕྱི་ལོ་ ༡༩༦༥།༡༩༦༦ ཙམ་ལ་སློབ་གྲྭ་འདིའི་འཆར་གཞི་བཟོ་སྐབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཡང་ཡང་དྷརྨ་ཤཱལཱར་བཀའ་འགུགས་ཀྱིས་སློབ་གྲྭ་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན། ཁྱེད་རང་གི་ངོས་ནས་ཀླད་པ་ཇི་ཙམ་དཀྲུག་རྒྱུ་ཡོད་ནའང་དཀྲུག་ཤོག་ཨང་ཞེས་བཀའ་གནང་མྱོང་ཡོད། སྐབས་དེར་དགེ་སློང་ཇགདཱིཤ་ཀཱཤྱཔ་ (Bhikshu Jagdish Kashyap) དང་། སྐུ་ངོ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། ང་བཅས་གསུམ་པོ་དྷརྨ་ཤཱལཱའི་རྒྱ་གར་གཞུང་གི་མགྲོན་ཁང་ (Circuit house) ནང་ཚོགས་ནས་སློབ་གྲྭ་འདིའི་ཐོག་མའི་འཆར་གཞི་བཏིང་བ་རེད། གང་ལྟར་ང་ནི་སློབ་གྲྭ་འདིའི་ཐོག་མའི་འཆར་གཞི་སྒྲིག་པའི་སྐབས་ནས་འབྲེལ་བ་ཡོད་པ་ཞིག་རེད། དེ་ནས་སློབ་གྲྭ་དངོས་སུ་ཚུགས་ནས་ལོ་གསུམ་གྱི་རྗེས་སུ་ཅནྡྲ་མཎི་བསྐྱར་ཞིབ་ཚོགས་ཆུང་ (Chandra Mani Review Committee) ཟེར་བ་གྲགས་ཅན་དེ་ཝཱ་རཱ་ཎ་སཱིར་ཚོགས་སྐབས་ཀྱང་ང་ཌལ་ཧཽ་ཇཱི་ (Dalhousie) ནས་བཀའ་འགུགས་གནང་སོང་། སྐུ་ངོ་ཀུན་བདེ་གླིང་ཡང་ཡོད། ཚོགས་འདུ་ཉིན་གཅིག་སཾསྐྲྀཏ་གཙུག་ལག་སློབ་གཉེར་ཁང་ (Sanskrit University) དང་། ཉིན་གཉིས་པ་སཱར་ནཱཐ་ལ་ཚོགས་སོང་། དེ་རྗེས་ཅནྡྲ་མཎི་བསྐྱར་ཞིབ་ཚོགས་ཆུང་གི་རྒྱབ་གཉེར་ (Recommendation) བཞིན་ལག་ལེན་བསྟར་རྒྱུའི་ཆེད་དུ་ང་ཌལ་ཧཽ་ཇཱི་ནས་ཝཱ་རཱ་ཎ་སཱིར་འགྲོ་དགོས་པའི་བཀའ་ཕེབས་པ་རེད། གང་ལྟར་ཕྱི་ལོ་ ༡༩༧༡ ནས་ད་བར་ཁྱོན་ལོ་ངོ་ ༡༦ ཙམ་རིང་འདིར་འཁྲིལ་ཐག་ལྟ་བུ་འཁོར་ནས་ལྷག་པ་རེད། ད་ལྟ་ཕྱི་བལྟས་ཤིག་བྱེད་སྐབས་མི་ཚེའི་དུས་ཚོད་བཟང་ཤོས་དེ་རྗོགས་ཚར་འདུག མི་ཚེའི་ནང་ལས་ཀ་ཤུགས་ཆེ་ཤོས་བྱེད་ཐུབ་པའི་དུས་ཚོད་ནི་ལོ་ན་སུམ་ཅུ་སོ་གྲངས་ནས་བཞི་བཅུ་དང་ལྔ་བཅུའི་བར་ཡིན་པ་དང་། དེ་ནས་མར་འབབ་རྒྱུའི་དུས་ཚོད་ཡིན། ད་ཆ་མི་ཚེའི་རྒུད་མཐའ་ལ་སླེབས་སྐབས་ངས་གང་འདྲ་བྱས་ཡོད་མེད་ལ་ཕྱི་བལྟས་ཤིག་བྱེད་སྐབས་བསྟན་རྒྱུ་ཁྱོན་ནས་མེད་པ་ཞིག་ཆགས་འདུག སྐབས་རེ་བསམ་བློའི་ནང་སྔོན་མ་ནས་ངས་དེའི་ཚབ་ཏུ་ཉམས་ཞིབ་དང་འབྲི་རྩོམ་སོགས་བྱས་ཡོད་ན་ཧ་ལམ་མང་པོ་མ་བྱུང་ནའང་པོ་ཏི་ལྔ་དྲུག་བདུན་བརྒྱད་ཅིག་བསྟན་རྒྱུ་ཡོད་པ་ཆགས་ཀྱི་རེད། དེར་བརྟེན་དགེ་འདུན་ཆོས་འཕེལ་གྱིས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི།། ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས།། སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ།། ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད།། ཅེས་པ་ལྟར་རེད། དེས་ན་ལག་རྗེས་ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད་པ་ལ་དུས་ཚོད་ཡག་ཤོས་དང་། དུས་ཚོད་རིང་ཤོས་དེ་འདིར་བཏང་ཚར་བ་རེད། དཔེར་ན་རི་དྭགས་སྨིག་སྒྱུའི་རྗེས་སུ་རྒྱུག་པ་བཞིན་ཕར་ཙམ་འགྲོ་དུས་ཕར་ཙམ་ཡོད་པ་ལྟ་བུ་འདི་ལོ་ལས་རྗེས་ལོར་ལེགས་པ་མེད་འགྲོ་དྲན་ནས་ཕར་ཕར་འགྲོ་དུས་གྲུབ་འབྲས་ཐོན་རྒྱུ་དེའང་ཕར་ཕར་འགྲོ་བ་མ་གཏོགས། ང་ཚོས་འབད་རྩོལ་བྱས་པབཞིན་གྲུབ་འབྲས་ཚུར་ཡོང་རྒྱུ་མེད་པ་ཞིག་ཆགས་པ་རེད། དེ་ལྟར་སྨིག་སྒྱུའི་རྗེས་སུ་རྒྱུགས་པ་ནང་བཞིན་ཆགས་དུས་མཚམས་རེ་རྦད་དེ་ཕྱིས་དྲགས་མེད་དམ་སྙམ་པའང་ཡོང་གི་འདུག སྤྱིར་འཁོར་བའི་ཕུན་ཚོགས་གང་འདྲ་ཞིག་ཡིན་ནའང་མཐར་རྒུད་པས་མ་བསྡུས་པ་ཞིག་མེད་ཀྱང་། ཞབས་འདེགས་ཞུ་རྒྱུ་རྒྱུན་རིང་དྲགས་ན་མཐའ་མ་མིང་ངན་པ་ཞིག་འཁྱེར་ནས་བཞག་དགོས་བྱུང་ན། སྤྱིར་བཏང་འཁོར་བའི་ཆོས་ལ་སྙིང་པོ་མེད་པ་ཡིན་ནའང་། འཁོར་བ་ཀུན་རྫོབ་ཀྱི་རྣམ་གཞག་གི་ནང་འཇིག་རྟེན་པ་རྣམས་བསྡད་དགོས་པ་ཡིན་ཙང་། སྙིང་པོ་མེད་པའི་ནང་ནས་སྙིང་པོ་ཞིག་བལྟ་དགོས་ཀྱི་ཡོད། འོན་ཀྱང་འདིར་ནི་སྙིང་པོ་མེད་པའི་ནང་ནས་སྙིང་པོ་མེད་པའི་གནས་ཚུལ་ཞིག་ཆགས་པར་བརྟེན། སྐབས་རེ་ཚོར་བ་མི་བདེ་བ་ཞིག་ཡོང་གི་འདུག
ང་ཐོག་མར་འདིར་སླེབས་པའི་སྐབས་སུ་ལས་ཀ་བྱེད་ཆོག་ཆོག་རྩ་བ་ནས་མི་འདུག ཐོག་མར་སཾསྐྲྀཏ་གཙུག་ལག་སློབ་ཁང་ (Sanskrit University) གི་སྲིད་དོན་ནང་ཚུད་པ་དང་། དེ་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གི་དཀའ་ངལ། དེའི་སྟེང་བྲམ་ཟེའི་སྲིད་དོན་རྙོག་དྲྭ་ཚ་པོ་ཞིག་གི་ནང་ཚུད་པ་སོང་ཙང་ལམ་སེང་གྲུབ་འབྲས་ཐོན་རྒྱུ་ཕར་བཞག། སློབ་གྲྭ་མགོ་བཙུག་རྒྱུའང་ཁག་པོ་ཆགས་པ་རེད། དེ་དུས་རྙོག་དྲྭ་ཡོད་པའི་སྐབས་ཀྱི་སློབ་ཕྲུག་ད་ལྟ་དགེ་རྒན་དང་ལས་བྱེད་ཀྱི་གྲས་སུ་རེ་ཟུང་ཡོད་ན་མ་གཏོགས་སློབ་ཕྲུག་གི་གྲས་སུ་ཧ་ལམ་མེད། ད་ལྟ་ཨཱཅཱརྱ་ལོ་རིམ་གསུམ་པ་འཐོན་མཁན་དེ་ཚོའང་ང་ཚོ་སཱར་ནཱཐ་ལ་སྤོས་ཚར་བའི་རྗེས་སུ་སླེབས་པ་མ་གཏོགས། སཾསྐྲྀཏ་གཙུག་ལག་སློབ་ཁང་དུ་འཛིན་གྲྭ་ཚོགས་མྱོང་མཁན་ད་ལྟ་ང་ཚོའི་སློབ་ཕྲུག་གི་ནང་དུ་རྦད་དེ་རྫོགས་ཚར་འདུག དེར་བརྟེན་ཕྱི་ལོ་ ༡༩༧༡ ནས་ ༡༩༧༧ བར་ཁྱོན་ལོ་བདུན་ཏག་ཏག་ཆུད་ཟོས་ཕྱིན་པ་དང་། དེ་ནི་དོན་མེད་དཀའ་ངལ་ནང་ལྷུང་བ་ཙམ་མ་གཏོགས། དེ་ལ་དགོས་པ་གང་ཡང་བྱུང་མེད། མཐར་ཧ་ཅང་འུ་ཐུག་ནས་ཕྱི་ལོ་ ༡༩༧༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་མཐུ་ལས་ཌི་པི་ཡཱདཝ་ཚོགས་ཚོགས་ཆུང་ (D. P. Yadav Committee) གི་སྙན་ཞུ་དང་མཐུན་པར་རྒྱ་གར་གཞུང་གིས་བཙན་དབང་གིས་མཐོ་སློབ་འདི་སཾསྐྲྀཏ་གཙུག་ལག་སློབ་གཉེར་ཁང་ (Sanskrit University) ནས་འཕྲོགས་པ་ལྟ་བུ་གནང་བ་རེད། དེ་ནས་བཟུང་སྟེ་ང་ཚོར་ལས་ཀ་བྱེད་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་རག་པ་རེད། ག་དུས་ཡིན་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་མི་ཆད་པར་བཀའ་སློབ་གནང་རྒྱུ་དང་། ང་ཚོའི་ལྷན་ཚོགས་ཀྱི་ཁྲི་པ་ལ་ཌོག་ཊར་ཀཔིལཱ་ཝཱཏྶཡཱཡན་ (Dr. Kapila Vatsyayan) ལས་དང་སྨོན་ལམ་གྱིས་འཛོམས་པ། རྒྱ་གར་གཞུང་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་ཕོངས་པ་མེད་པར་རག་རྒྱུ་བཅས་གསུམ་འཛོམས་ལྟ་བུ་བྱུང་ཙང་། ཕྱི་ལོ་ ༡༩༧༧ ཚུན་ཆད་ནས་ ༡༩༨༧ བར་ལོ་ངོ་བཅུའི་རིང་སློབ་གྲྭ་འདིའི་ནང་འཛུགས་བསྐྲུན་བྱ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་ཐོབ་པ་རེད།
ལོ་བཅུའི་སྔོན་དུ་ང་ཚོས་སློབ་གྲྭ་འདི་འཛུགས་སྐྲུན་བྱ་རྒྱུའི་བསམ་བློ་བཏང་བ་རེད། ཕྱི་ལོ་ ༡༩༧༨།༡༩༧༩།༡༩༨༠ བཅས་སུ་འཆར་གཞི་བཏིང་སྐབས་ང་ཚོའི་བསམ་བློའི་ནང་རྨི་ལམ་ལྟ་བུ་ཧ་ཅང་འདྲ་ཆགས་པོ་ཡོད་རེད། སྐབས་དེར་ཁང་པ་དང་དཔེ་མཛོད་སོགས་ཀྱི་མཐུན་རྐྱེན་འཛོམས་ན་སློབ་སྦྱོང་དང་ཉམས་ཞིབ་ཐོག་ཧ་ཅང་ཡར་རྒྱས་ཡོང་བའི་རེ་བ་བཅངས་ཡོད། དེ་དུས་མཐུན་རྐྱེན་མི་འདང་བར་བརྟེན་ལས་ཀ་མང་པོ་ཞིག་འགག་བསྡད་ཡོད། དཔེར་ན། ཉམས་ཞིབ་ཅིག་བྱེད་དགོས་སྙམ་ནའང་དཔེ་དེབ་མི་རག་པ་སོགས་ཐ་ན་ཚོགས་འདུ་ཞིག་ཚོགས་ནའང་བསྡད་ས་ཏན་ཏན་ཞིག་མེད། སློབ་ཕྲུག་ཚོ་དུས་ཚོད་མང་པོ་ལམ་ཁར་བསྐྱལ་དགོས་པ་དང་། འཛིན་གྲྭ་ཚོགས་སའང་ཡག་པོ་ཞིག་མེད་ལ། སློབ་ཕྲུག་གི་བསྡད་སའི་མཐུན་རྐྱེན་ཡང་ཡག་པོ་མེད། དེ་དག་ནི་སློབ་སྦྱོང་གི་འགལ་རྐྱེན་ཡིན་པ་དང་། གལ་ཏེ་འགལ་རྐྱེན་དེ་དག་བསལ་ནས་མཐུན་རྐྱེན་དེ་དག་བསྐྲུན་ཐུབ་ན་སློབ་སྦྱོང་ཐོག་ཡར་རྒྱས་ཆེན་པོ་འགྲོ་བའི་བསམ་ཚུལ་དང་རྨི་ལམ་བཏང་ཡོད་ཀྱང་། ད་ནི་བསམ་བློ་དེ་ཚོ་ནོར་འཁྲུལ་དང་། ལོག་པ། རྨི་ལམ་ལྟ་བུ་ཆགས་ཡོད། ཕྱིའི་མཐུན་རྐྱེན་སྐོར་ང་ཚོས་སྔོན་མ་བསམ་བློ་བཏང་བའི་ནང་ནས་ཧ་ལམ་བརྒྱ་ཆ་བརྒྱ་བསྒྲུབས་ཐུབ་མེད་ནའང་བརྒྱ་ཆ་བདུན་ཅུའམ་དོན་ལྔ་ཙམ་ཞིག་བསྒྲུབས་ཐུབ་པ་བྱུང་ཡོད། ད་ལྟའི་སློབ་ཕྲུག་གི་གྲུབ་འབྲས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། སྔོན་མ་བསམ་བློ་བཏང་བ་དང་རེ་བ་བརྒྱབས་པ་བཞིན་ཧ་ལམ་བྱུང་མེད། དེས་ན་སྔོན་མ་འཆར་གཞི་བསྒྲིགས་པ་ལ་དེ་རིང་ཕར་ཕྱི་བལྟས་ཤིག་བྱེད་སྐབས་སྔོན་མའི་འཆར་གཞི་དེ་ལས་ཆུང་ཙམ་བཟོས་ཡོད་ན་ཏག་ཏག་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རྒྱལ་ཁབ་སྐྱོ་པོ་ཞིག་གི་མཐུན་རྐྱེན་ང་ཚོས་བེད་སྤྱོད་བྱས་པ་དེ་བག་མེད་ལོངས་སྤྱོད་བྱས་པ་དང་། དཀོར་མ་འཇུས་པ་ལྟ་བུ་ཆགས་ཀྱི་ཡོད་རེད། མཐུན་རྐྱེན་བཏང་བ་བཞིན་གྲུབ་འབྲས་ཤིག་བྱུང་མེད། འོན་ཀྱང་གྲུབ་འབྲས་བྱུང་ཡོད་ཟེར་མཁན་ཡང་མང་པོ་རེད། རྒྱ་གར་གཞུང་གི་དཔོན་རིགས་ཚོའི་ནང་དུའང་དེ་བཞིན་བསམ་མཁན་ཡོད་རེད། ཁོང་ཚོས་ང་ཚོའི་སློབ་གྲྭ་འདི་བཟང་སྤྱོད་ཅན་གྱི་མཐོ་སློབ་ཅིག་ཡིན་ཟེར་མཁན་ཡང་ཡོད། ཡིན་ནའང་ཁོང་ཚོས་སློབ་གྲྭའི་ནང་གི་གནས་ཚུལ་དེ་མཐོང་ཐུབ་ཀྱི་མེད། ཁོང་ཚོས་ཁང་པ་སྙིང་རྗེ་པོ་དང་། སློབ་ཕྲུག་ཚོ་སྲ་ཐག་ཐག་འཛོམས་ཆོག་ཡོད་པ། སྐད་ཅོར་མི་རྒྱག་མཁན་ཞིག་ཏུ་མཐོང་གི་ཡོད། དེས་ན་ངས་བཤད་པ་དེ་དག་དོན་ལ་གནས་ཡོད་ན་ང་ཚོའི་གནས་སྟངས་དེ་ཐབས་སྐྱོ་པོ་རེད། ངས་སྡུག་པོ་རེད་ཅེས་བཤད་པའི་སྐབས་སུ་དེ་ལའང་དཀའ་ངལ་ལྟ་བུ་གཉིས་རེད། ང་ལ་ཆ་མཚོན་ན་རྟགས་དོན་བཙལ་ནས་སློབ་གྲྭ་དེ་སྡུག་པོ་ཆགས་འདུག་ཅེས་སྐད་རྒྱག་གི་ཡོད་ཀྱང་། གལ་ཏེ་སློབ་ཕྲུག་ནང་ནས་ཡག་པོ་མེད་པ་དེ་གང་རེད་ཅེས་བརྗོད་ན། སློབ་ཕྲུག་རེ་རེ་བཞིན་ངའི་འཁྲིས་ལ་སླེབས་ནས་སྐད་ཆ་བཤད་པ་དང་འབྲེལ་བ་བྱེད་པའི་སྐབས་སུ་ཚང་མ་འགྲིག་པ་དང་ཡིན་མདོག་ཁ་པོ་ཤ་སྟག་རེད། གང་ལྟར་ཡོན་ཏན་ཆེ་ཙམ་ཆུང་ཙམ་དང་། རིག་པ་ཡག་ཙམ་ཞན་ཙམ་ཕྲན་བུ་ཡོད་རེད་མ་གཏོགས། ང་ལ་ཐད་ཀར་རྒྱག་འདྲེ་རྒྱག་མཁན་དང་ཁ་ལན་སློག་མཁན་ཡོང་གི་མེད། ངས་དངོས་སུ་དེ་འདྲ་བྱོས་ཞེས་བཤད་ན། ལག་ལེན་ལ་མ་བསྟར་བ་ཡིན་ནའང་ལམ་སེང་ངས་བྱེད་ཀྱི་མིན་ཞེས་ཁ་ལན་སློག་མཁན་ནི་མེད། དེ་ལ་བལྟས་ན་ཁ་ལ་ཉན་མདོག་ཁ་པོ་དང་། དངོས་སུ་དེས་འདི་བྱས་མ་སོང་ཞེས་རྟགས་དོན་བཙལ་ན་རྙེད་ཁག་པོ་རེད། དེར་བརྟེན་ང་དང་སློབ་ཕྲུག་དབར་གྱི་སྒེར་གྱི་འབྲེལ་བ་ (Personal Relation) ལ་ཆ་མཚོན་ན་ཞུ་དགོས་དོན་མེད་པ་ལྟ་བུ་རེད། སྔོན་མ་སློབ་གྲྭ་ཐོན་ཟིན་པའི་སློབ་ཕྲུག་ཡིན་ནའང་རེད། ད་ལྟ་འདིར་ཡོད་པའི་སློབ་ཕྲུག་ཡིན་ནའང་རེད། ཁྱེད་རང་ཚོའི་ངོས་ནས་ང་ལ་བརྩི་མཐོང་དང་གུས་ཞབས་བྱེད་ཀྱི་ཡོད་པ་ལྟ་བུ་ཡོད་རེད། དེས་ན་ངས་དེས་འདི་འགྲིག་མ་སོང་ཞེས་ལབ་རྒྱུ་མེད་མཁན་ལྟ་བུ་ཆགས་ཀྱི་འདུག ཡིན་ནའང་དེས་ཚང་མ་འགྲིག་ཡོད་དམ་ཞེ་ན། དེ་ནི་འགྲིག་ཡོད་མ་རེད།
འོ་ན་མ་འགྲིག་པའི་གནས་སྟངས་གང་དང་གང་བྱུང་ཡོད་ཅེ་ན། དེ་ལ་སློབ་ཕྲུག་གི་ངོས་ནས་མི་འགྲིག་པའི་གནས་ཚུལ་དང་། ང་ཚོ་འཛིན་སྐྱོང་ནང་སྡོད་མཁན་ཚོས་མ་འགྲིག་པ་བཅས་ཡོད་རེད། བརྒྱ་ཆ་བརྒྱ་ཐམ་པ་སློབ་ཕྲུག་གི་ངོས་ནས་འགྲིག་ཡོད་མ་རེད་ཅེས་ངས་ལབ་ཀྱི་མེད། ང་ཚོའི་ངོས་ནས་མ་འགྲིག་པའང་ཡོང་གི་ཡོད་ལ། ཁྱེད་ཚོའི་ངོས་ནས་མ་འགྲིག་པའང་ཡོང་གི་ཡོད། དེས་ན་མ་འགྲིག་པ་དེ་དག་རེ་རེ་ནས་གྲངས་ཀ་བརྒྱབ་མི་ཐུབ་ཀྱང་། ཆེ་ལོངས་ཙམ་བསྡུས་ནས་ས་བཅད་བཀྲམ་ན་དེ་ལ་སྡེ་ཚན་ཁག་ཁ་ཤས་ཤིག་ཡོང་གི་འདུག དེའི་ནང་ནས་དང་པོ་གང་རེད་ཅེ་ན། རྩ་བའི་སློབ་ཕྲུག་མང་ཆེ་བ་ཡིན་མདོག་ཁ་པོ་ཡོད་རེད། དེའི་ནང་སྤྱོད་པ་ངན་པ་བྱེད་མཁན་གྱི་སློབ་ཕྲུག་ཀྱང་ཉུང་ཉུང་རེད། སྤྱིར་བཏང་ནས་སྤྱོད་པ་ཧ་ཅང་སྡུག་ཅག་བྱེད་མཁན་གྱི་སློབ་ཕྲུག་ཉུང་ཉུང་དེ་མངོན་གསལ་ཧ་ཅང་དོད་པོ་ཡོད་རེད། སྒྲིག་ལམ་ཡག་པོ་མ་འཁྱེར་མཁན་གྱི་སློབ་ཕྲུག་ག་ཚོད་ཡོད་ཅེས་འདྲི་ན། ཕལ་ཆེར་བརྒྱ་ཆ་གཉིས་གསུམ་ཙམ་མ་གཏོགས་མེད་ཀྱང་། བརྒྱ་ཆ་གཉིས་གསུམ་ཡོད་པ་དེས་སློབ་གྲྭ་ཡོངས་རྫོགས་ཀྱི་མཚན་བརྫིས་ཐུབ་པ་ཡོང་གི་ཡོད། དེའི་ནང་ནས་ཡ་མཚན་ཤོས་ཤིག་ནི་སྤྱིར་སྒྲིག་ལམ་དང་ཀུན་སྤྱོད་ཡག་པོ་འཁྱེར་མཁན་གྱི་སློབ་ཕྲུག་དེ་མང་བ་དང་། སྒྲིག་ལམ་དང་ཀུན་སྤྱོད་ཡག་པོ་མ་འཁྱེར་མཁན་གྱི་སློབ་ཕྲུག་གི་གྲངས་ཉུང་བ་ཡོད་ཀྱང་། སློབ་ཕྲུག་མང་བ་དེས་ཀུན་སྤྱོད་ཡག་པོ་མ་འཁྱེར་མཁན་ལ་ཕར་ཟིལ་གྱིས་གནོན་མ་ཐུབ་པར་སྡུག་ཅག་བྱེད་མཁན་ཉུང་ཉུང་དེས་ཡག་པོ་བྱེད་མཁན་མང་བ་དེའི་མཚན་བརྫིས་ཀྱི་ཡོད། དེར་བརྟེན་སྒྲིག་ལམ་མ་འཁྱེར་མཁན་དང་སློབ་སྦྱོང་མ་བྱེད་མཁན་གྱི་སློབ་ཕྲུག་རེ་ཟུང་ཡོད་པ་དེས་རྩ་བའི་སྤྱི་ཡོངས་ཀྱི་སློབ་གྲྭའི་མིང་དེ་ནག་པོ་བཟོ་རྒྱུ་དང་། སློབ་གྲྭའི་ཆེ་མཐོང་དེ་རྦད་དེ་བརླག་རྒྱུ་ཞིག་བཟོས་པའི་སྐབས་སུ་ང་ཚོས་ཡག་པོ་བྱེད་མཁན་ཚོའི་ནུས་པར་ཡང་ཡིད་ཆེས་བརླགས་འགྲོ་གི་ཡོད། དེ་ནི་ཇི་ལྟར་བརླག་གི་ཡོད་ཅེ་ན། ཡག་པོ་བྱེད་མཁན་དེ་ཚོ་མངོན་གསལ་དོད་པོ་ཡོད་མ་རེད། ཡག་པོ་མ་བྱེད་མཁན་དེ་ཚོ་ཧ་ཅང་མངོན་གསལ་དོད་པ་ཆགས་ཀྱི་ཡོད། དེས་ན་ང་ཚོའི་རྩ་བའི་གཞི་རིམ་གྱི་གནས་སྟངས་ལ་ཡག་པོ་བྱེད་མཁན་ཚོའི་ནུས་པ་དེ་ཡོངས་སུ་མ་རྫོགས་པའི་རྣམ་པ་ཞིག་ཐོན་གྱི་ཡོད། ཡག་པོ་བྱེད་མཁན་ཚོའི་ནུས་པ་དེ་ཆ་ཚང་ཞིག་སྨིན་ཡོད་ན། ཡག་པོ་བྱེད་མཁན་བཅུའི་ནང་ཡག་པོ་མི་བྱེད་མཁན་གཅིག་ཡོད་ན་དེ་ནི་རྩིས་མེད་དང་མཐོང་མེད་པ་ལྟ་བུ་འགྲོ་དགོས་ཀྱི་ཡོད་ཀྱང་། དེ་འགྲོ་ཐུབ་ཀྱི་ཡོད་མ་རེད། དེ་གནས་ཚུལ་གཅིག་རེད།
གནས་ཚུལ་གཉིས་པ་ནི་དེ་ལས་ཀྱང་སེམས་ཁྲལ་ཆེ་བ་ཞིག་རེད། དེ་ནི་ང་ཚོའི་སློབ་གྲྭ་འདི་ཆེད་མངགས་ཀྱིས་ནང་པའི་རིག་གཞུང་དང་། བོད་ཀྱི་སྐད་ཡིག སཾསྐྲྀཏའི་སྐད་ཡིག་བཅས་ཀྱི་དོན་དུ་དམིགས་སུ་བཀར་ནས་བཙུགས་པ་ཞིག་རེད་མ་གཏོགས། འདིར་ཨིན་ཇི་དང་། ཚན་རིག དེང་རབས་ཀྱི་རིག་གནས་གསར་པ་སྦྱོང་བར་སྐད་གཏོང་གི་མེད། ཨིན་ཇི་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་། དེ་བཞིན་སྲིད་དོན་དང་ཚན་རིག་སོགས་ཀྱི་ཐོག་རྣམ་དཔྱོད་འདོན་མཁན་ཡིན་ན། དེང་སང་རྒྱ་གར་གྱི་ནང་གཙུག་ལག་སློབ་ཁང་ (University) བརྒྱ་དང་བཞི་བཅུ་ཞེ་བདུན་ནམ་ཞེ་བརྒྱད་ཡོད་པ་དེ་དག་ནང་འགྲོ་དགོས་མ་གཏོགས། ང་ཚོའི་སློབ་གྲྭ་འདི་འདྲ་ཞིག་གི་ནང་ཡོང་དགོས་དོན་མེད། འདིར་ང་ཚོས་དམིགས་སུ་བཀར་ནས་ག་རེ་བྱེད་ཀྱི་ཡོད་ཅེ་ན། ནང་དོན་རིག་པ་དེ་གཙོ་བོ་དང་། དེ་ལ་མཁོ་བའི་བོད་ཀྱི་སྐད་ཡིག་དང་། པཱ་ལིའི་སྐད་ཡིག ལེགས་སྦྱར་གྱི་སྐད་ཡིག་སོགས་བཀའ་བསྟན་གྱི་སྐད་ཡིག་རྣམས་ (Canonical languages) འདིར་དམིགས་བསལ་གྱིས་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད། དེ་ནི་ང་ཚོས་ཡང་ཡང་གསལ་བཤད་བྱེད་ཀྱི་ཡོད་ལ། ཁྱེད་རང་ཚོའི་ངོས་ནས་ཀྱང་དང་པོ་འདིར་འཛུལ་བའི་སྐབས་སུ་ཀུན་སློང་མེད་ནའང་། ད་གཟོད་འདིར་བྱེད་རྒྱུ་དེ་འདྲ་ཞིག་ཡིན་པར་བསམས་ནས་སློབ་ཚན་དེ་ཚོའི་ཐོག་དོ་སྣང་དང་ཞེན་པ་ཡོད་དགོས་པ་ཞིག་ཡིན་རུང་། སློབ་གྲྭ་འདིའི་ནང་ཡོད་པ་དེ་ཚོ་ཚང་མས་དུས་ཚོད་བསྐྱལ་བ་ལྟ་བུ་མ་གཏོགས། ནང་དོན་རིག་པའམ་གཞུང་ལུགས་ཆེན་པོ་དང་། སཾསྐྲྀཏའི་སྐད་ཡིག བོད་ཀྱི་སྐད་ཡིག་གི་ཐོག་སེམས་ཀྱི་གཏིང་ནས་མི་ཚེ་གཅིག་གཏོང་བའི་བསམ་བློ་ཡོད་པ་དེ་བརྒྱ་ཆ་གཅིག་གཉིས་ཙམ་ཡང་མཐོང་རྒྱུ་ཁག་པོ་ཆགས་ཡོད། གལ་ཏེ་ངས་བརྒྱ་ཆ་བརྒྱ་ཐམ་པ་དེ་འདྲ་དགོས་ཞེས་བཤད་ན་དྲང་པོ་མ་རེད། ཡིན་ནའང་མི་བརྒྱ་ཐམ་པའི་ནང་ནས་ལྔ། དྲུག བདུན། བརྒྱད། བཅུ་ཙམ་ཡང་མ་ཐོན་པ་དངོས་གནས་ཡ་མཚན་པོ་རེད། དེ་འདྲ་མ་ཐོན་པ་དེ་ཇི་ལྟར་ཆགས་པ་རེད་ཅེ་ན། ང་ཚོས་དམིགས་ཡུལ་བཞག་རྒྱུ་དང་ཁྱེད་རང་ཚོས་བསམ་བློ་འཁྱེར་རྒྱུ་གཉིས་ཀྱི་བར་ལ་ཏག་ཏག་ཁྱོན་ནས་བསྡད་ཀྱི་མེད། ཁྱེད་རང་ཚོས་དམིགས་ཡུལ་ཞིག་འཁྱེར་ནས་འདིར་ཡོང་རྒྱུ་དེ་དང་། འདིར་ཡོད་པའི་ཁེ་ཕན་བླང་རྒྱུ་གཉིས་རྩ་བ་ནས་མཚུངས་པ་ཞིག་ཡོང་གི་མེད། དེར་བརྟེན་སྐབས་རེ་ང་ཚོའི་བསམ་བློའི་ནང་འདིར་ཡོང་མཁན་ཚོ་དམིགས་ཡུལ་འཁྱེར་ནས་ཡོང་མཁན་ཞིག་མིན་པའི་དྭོགས་པ་ཡོང་གི་ཡོད། དེ་ཡང་ཁོང་ཚོས་དམིགས་ཡུལ་གང་ཡང་འཁྱེར་མེད་པ་འདྲ། འདིར་དུས་ཚོད་བསྐྱལ་རྒྱུ་དང་། ཡང་ན་འདི་ནས་ཐོན་ནས་ལས་ཀ་རག་རྒྱུ་ཙམ་ཞིག་ཡིན་པ་འདྲ། དེས་ན་ངས་འདིར་ ལས་ཀ་འཚོལ་མཁན་ (Job Seeker) དང་དུས་ཚོད་སྐྱེལ་མཁན་ (Time Passer) ཞེས་ཡི་གེ་འདིའི་ནང་ལའང་ཚིག་དེ་འདྲ་ཞིག་བེད་སྤྱོད་བྱས་ཡོད། གཅིག་བྱས་ན་ཁ་ཤས་ལ་དེ་ཕོག་པོ་འདྲ་བྱུང་སྲིད་པ་རེད། གལ་སྲིད་དེ་ཕོག་པ་ཡིན་ནའང་གང་ཡང་བྱེད་ཐབས་མེད། ངས་དེ་འདྲ་ཞིག་མཐོང་གི་ཡོད་རེད། དངོས་གནས་འདིའི་དམིགས་ཡུལ་དང་མཐུན་པར་ཡོང་མཁན་ཞིག་ཡིན་ན། ཏན་ཏན་འདིའི་དམིགས་ཡུལ་ལ་ཡོད་པའི་སློབ་ཚན་དེ་དག་ལ་འཇོན་ན་མི་འཇོན་ནའང་དོ་སྣང་དང་དགའ་ཞེན་བྱེད་དགོས་ཀྱི་ཡོད་པའི་གནས་སྟངས་ཤིག་རེད། འདིའི་ནང་ཡོད་པའི་སློབ་ཚན་དེ་དག་ལ་དོ་སྣང་དང་དགའ་ཞེན་མེད་ན་འདིར་ཤི་འཐམ་རོ་འཐམ་བྱས་ནས་བསྡད་མི་དགོས་པ་ཞིག་རེད། དེ་གཉིས་རྦད་དེ་འགལ་བ་རེད། འདིའི་ནང་ཡོད་པའི་སློབ་ཚན་དེ་དག་ལ་སྤྲོ་སྣང་དང་དགའ་སྣང་ཡོད་ནའང་དེའི་ཐད་ལས་ཀ་བྱེད་བསམ་པའི་འདུན་པ་ཞིག་ཡོད་མ་རེད། གལ་ཏེ་འདི་ནས་རྒྱུག་ཅེས་ལབ་ན། ངུས་ནས་དགའ་ཨེ་འདུག་སོགས་བྱས་ནས་འདིར་བསྡད་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད་ལ། འདིར་ཞེན་ཆགས་ཡོད་པ་འདྲ་པོ་བྱེད་ཀྱི་རེད། འོན་ཀྱང་འདིར་ཡོད་པའི་ཁེ་ཕན་དེ་ཚོར་འབྲེལ་བ་ཁྱོན་ནས་མེད་པ་འདྲ་པོ་བྱེད་ཀྱི་རེད། བྱས་ཙང་གནས་ཚུལ་དེ་འདྲ་ཆགས་དུས་ང་ཚོ་བོད་པའི་གཏམ་དཔེར། དཀྱུས་གཞན་དུ་བསྟན་ནས་རྟ་གཞན་དུ་རྒྱུག་པ་ཞེས་པ་དེ་ང་ཚོའི་སློབ་ཕྲུག་ཚོ་ཆགས་རྒྱུའི་ཉེན་ཁ་འདུག་བསམ་པ་ཞིག་མཐོང་གི་ཡོད་རེད། དེ་ཉེན་ཁ་ཆེན་པོ་ཞིག་དང་གནས་ཚུལ་གཉིས་པ་དེ་རེད།
གནས་ཚུལ་གསུམ་པ་ནི་ང་ཚོས་ད་ལྟ་ཕན་ཆད་འབད་རྩོལ་ག་ཚོད་ཅིག་བྱས་ནའང་སློབ་གྲྭ་འདིའི་སྒྲིག་འཛུགས་ཡག་པོ་ཞིག་རྩ་བ་ནས་བཟོ་ཐུབ་ཀྱི་ཡོད་མ་རེད། འདིའི་ནང་གི་མི་དེ་དག་ཡ་རབས་སྤྱོད་བཟང་དང་ཚུལ་ཁྲིམས་ཚད་དང་ལྡན་པ་ཞིག་རྩ་བ་ནས་བཟོ་ཐུབ་ཀྱི་ཡོད་མ་རེད། སྒྲིག་འཛུགས་ཡག་པོ་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་དགོས་ཀྱི་ཡོད་ཅེ་ན། དེ་ནི་གང་ཟག་སོ་སོའི་ངོས་ནས་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་པའི་གཏམ་དཔེར། ཁྲིམས་རང་འཁུར་སྡོམ་པ་རང་བསྲུང་ཟེར་བ་བཞིན་གང་ཟག་སོ་སོའི་ངོས་ནས་ངས་བྱེད་ཆོག་པ་འདི་དང་བྱེད་མི་ཆོག་པ་འདི་ཡིན་བསམས་ནས་ཚར་གཅིག་ཐག་བཅད་པ་ཡིན་ན། དེ་དང་དེ་བྱེད་ཆོག་པ་ཡིན། འདི་དང་འདི་བྱེད་མི་ཆོག་པ་ཡིན་ཞེས་སློབ་ཕྲུག་ཚང་མས་དེ་ག་རང་ཡིན་ཤག་བྱེད་དགོས་ཀྱི་ཡོད་ཀྱང་དེ་ཡོང་གི་ཡོད་མ་རེད། ད་ལྟ་སྒྲིག་འཛུགས་གང་ཡོད་པ་དེ་ཁང་ཚན་དགེ་རྒན་དང་། སློབ་གྲྭའི་ལས་བྱེད། འཛིན་སྐྱོང་པ་དེ་ཚོ་ཚང་མས་ཞེད་སྣང་བསྐུལ་ནས། སློབ་ཡོན་བཅད་ན་དགའ་གི་འདུག་གམ། ཚོགས་གཏམ་བཏང་ན་དྲག་གི་འདུག ཆད་པ་བཏང་ན་དྲག་གི་འདུག རྒྱུགས་སྤྲོད་ནས་ཕུད་ན་དྲག་གི་འདུག་སོགས་བལྟས་ནས་མནན་བསྡད་པ་ཞིག་རེད་མ་གཏོགས། ཁྱེད་རང་ཚོ་རང་དབང་བྱས་ནས་བཏང་བ་ཡིན་ན། གཞན་པ་ཕར་བཞག་ནས་ང་ཚོས་རང་སྦྱོང་གི་སྐབས་སུ་དགོང་དྲོ་ཁང་ཚན་ནང་ཏག་ཏག་བསྡད་རྒྱུའི་སྒྲིག་ལམ་དེ་ཏོག་ཙམ་ལྷོད་གཡེང་གཏོང་བའི་སྐབས་སུ་སློབ་ཕྲུག་ཚོས་གནང་སྟངས་དེ་གང་འདྲ་ཡོང་གི་འདུག དཔེར་ན། རང་སྦྱོང་བྱེད་རྒྱུ་དེ་ཀིལོམིཊར་ (Kilometer) མང་པོའི་ཐག་རིང་པོ་ཞིག་ལ་ཕྱིན་ནས་མཚན་མོ་ཡག་པ་ཞིག་ཡོང་གི་ཡོད་དམ། ཡང་ཉིན་མའི་གུང་ལ་ཉལ་ནས་མཚན་མོ་ཡག་པ་ཡོང་གི་ཡོད་པ་ཞིག་ཚན་རིག་ཐོག་ནས་བཤད་ཐུབ་ཀྱི་མེད་ལ། ང་ཚོས་བལྟས་ནའང་ཡོང་རྒྱུ་མེད། དགོང་དྲོ་ཕྱིས་པོ་ལ་ཕྱི་རུ་འགྲོ་ཆོག་གི་མ་རེད་ཅེས་པའི་སྒྲིག་ལམ་ཞིག་ཡོད་དུས་སྒྲིག་ལམ་དེའི་ནང་གནས་མི་དགོས་པའི་རང་མདོག་དེ་ཇི་ལྟར་སྟོན་གྱི་ཡོད་ཅེ་ན། དགོང་དྲོ་རྒྱལ་སྒོ་བརྒྱབས་དུས་སྒོའི་སྒང་ལ་འཛེགས་ན་དགའ་གི་འདུག་གམ། ཡང་ན་ལྕགས་རིའི་འོག་ནས་འཛུལ་ན་དྲག་གི་འདུག གང་ལྟར་ཁྲིམས་མེད་ལུགས་མེད་བྱེད་རྒྱུར་དགའ་ཞེན་ངང་གིས་ཡོང་གི་ཡོད་རེད། དེ་དང་ཕྱོགས་མཚུངས་ང་ཚོའི་ཚུལ་ཁྲིམས་ཀྱི་གནས་སྟངས་ (Morality) དེའང་རྩ་བ་ཉིད་ནས་ཡག་པོ་ཞིག་ཡོང་གི་མེད། བཟང་སྤྱོད་ཀྱི་གནས་སྟངས་ཡག་པོ་ཡོང་མི་ཐུབ་པའི་གནས་ཚུལ་དེ་ལས་སླ་པོའི་ངང་ནས་བཤད་ན། སཾསྐྲྀཏ་གཙུག་ལག་སློབ་ཁང་ (Sanskrit University) ནང་བསྡད་པ་དང་། བྱང་ཆུབ་ཆེན་པོའི་ཚོགས་ (Maha Bodhi Society) པའི་ནང་རྒྱུགས་སྤྲོད་བཏང་བའི་ལོ་ལྔ་དྲུག་གི་རིང་ཧ་ལམ་ང་ཚོའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ཐམ་པས་བཟང་སྤྱོད་ཀྱི་བསམ་ཚུལ་དེ་བརླགས་པ་ལྟ་བུ་ཆགས་འདུག དེ་ནས་ཡང་བསྐྱར་གསོ་ཐབས་ Rebuild ལ་ལོ་མང་པོ་ཞིག་གི་རིང་ད་བར་འབད་རྩོལ་བྱས་ནའང་རྒྱུགས་སྤྲོད་དེ་འདྲ་ཞིག་རྩ་བ་ནས་བྱུང་མྱོང་མེད། དངོས་གནས་སློབ་ཕྲུག་གཅིག་གིས་ཀྱང་ཚུལ་དང་མི་མཐུན་པ་བྱས་པ་བྱུང་མེད་ཅེས་ད་ལྟ་ཕན་ལ་གོ་རྒྱུ་མེད། ཕུད་པ་དང་ཉེས་པ་བཏང་བ་ཡིན་ཙང་ཞེད་སྣང་གི་སྒོ་ནས་ཕྲན་བུ་ཉུང་དུ་འགྲོ་གི་ཡོད་ཀྱང་རྩ་མེད་བཟོ་ཐུབ་ཡོད་མ་རེད། དེའི་ཐོག་ཏུ་ང་ཚོའིི་སློབ་གྲྭ་འདིར་ནང་པའི་ཆོས་བསླབ་ཀྱི་ཡོད་པ་རེད། འོན་ཀྱང་རྩ་བའི་མིའི་བཟང་སྤྱོད་ཀྱི་གནས་སྟངས་དེ་ཁྱོན་ནས་ཡར་རྒྱས་མ་ཕྱིན་པ་ནི་གནས་ཚུལ་དེ་འདྲའི་ཐོག་ནས་མཚོན་ཐུབ་ཀྱི་ཡོད་རེད།
དེ་ཚོ་ཚང་མའི་ཐོག་ལ་ད་དུང་ཡང་གནད་འགག་ཆེ་བའི་དོན་དག་བཞི་པ་ནི་སློབ་སྦྱོང་ལ་དོ་སྣང་མེད་པ་དེ་རེད། སློབ་སྦྱོང་གི་ཐོག་ལ་སློབ་ཕྲུག་བརྒྱ་ཆ་གཉིས་གསུམ་གྱིས་ཀྱང་དོ་སྣང་བྱེད་ཀྱི་ཡོད་མ་རེད། སློབ་སྦྱོང་གི་ཐོག་ལ་དོ་སྣང་མེད་པ་དེ་ཇི་ལྟར་སྟོན་གྱི་ཡོད་ཅེ་ན། ཕྱོགས་གཅིག་ནས་བསམ་བློ་བཏང་ན་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གཙོ་བོ་ནི་འཛིན་གྲྭའི་ནང་རེད། སློབ་ཕྲུག་ཚོས་ལོ་གཅིག་ལ་ཉིན་སུམ་བརྒྱ་དྲུག་ཅུའི་སློབ་ཡོན་ལེན་གྱི་ཡོད་རེད། འཛིན་གྲྭ་ཚོགས་རྒྱུ་དེ་དགེ་རྒན་ཡག་པ་ཚོས་འདི་ལོ་མང་ཤོས་ལ་ཚོགས་ཐེངས་ ༡༣༩ བླངས་འདུག ཕྱི་ལོ་ ༡༩༨༦ དང་ ༡༩༨༧ གྱི་ནང་ལ་འཛིན་གྲྭའི་ཚོགས་ཐེངས་ ༡༣༩ ལས་མང་བ་གཏན་ནས་བྱུང་མི་འདུག སྐབས་རེ་བརྒྱ་དང་བཞི་བཅུ་ཞེ་གྲངས་བྱུང་ཡོད་ཀྱང་། ད་བར་བརྒྱ་དང་ལྔ་བཅུ་ལོན་པ་ཕལ་ཆེར་བྱུང་མ་མྱོང་བ་ཞིག་རེད། དེ་འདྲའི་ཉིན་མ་ཉུང་ཉུང་ཞིག་གི་རིང་འཛིན་གྲྭ་ཚོགས་ཀྱི་ཡོད་རེད། དེའི་ནང་ནས་སློབ་ཕྲུག་ཚོའི་ནང་འཛིན་གྲྭའི་འགྲིགས་རྟགས་བརྒྱ་ཆ་བདུན་ཅུ་དོན་ལྔ་མ་ལོན་པ་ཇི་ལྟ་ཇི་སྙེད་ཅིག་ཡོང་གི་ཡོད་རེད། ང་ཚོས་ཧ་ཅང་གུ་ཡངས་པོས་ནད་དགོངས་ཞུ་མཁན་ཚོ་ལ་ནད་དགོངས་གཏོང་བ་དང་། ལས་དོན་ཆེད་དགོངས་པ་ཞུ་མཁན་ལ་ལས་དོན་དགོངས་པ་སྤྲོད་ཀྱི་ཡོད་རེད། ཆག་ཡང་འདི་ཙམ་གཏོང་གི་ཡོད་ཀྱང་། ལོ་ལྟར་འགྲིགས་རྟགས་བརྒྱ་ཆ་བདུན་ཅུ་དོན་ལྔ་མ་ལོན་པའི་སློབ་ཕྲུག་བཞི་ཙམ་ལྔ་ཙམ་ཡོང་གི་ཡོད་རེད། དོན་གཉེར་ཕྲན་བུ་ཞིག་ཡོད་ན་འཛིན་གྲྭའི་ནང་ཏན་ཏན་འགྲོ་མཁན་ཞིག་དགོས་རེད། གལ་ཏེ་དོན་གཉེར་དེ་ཙམ་མེད་པར་ཡིག་རྒྱུགས་ཁོ་ནའི་ཆེད་ཡིན་ནའང་འཛིན་གྲྭའི་ནང་འགྲོ་དགོས་པ་ཞིག་ཡོད་ཀྱང་། འཛིན་གྲྭའི་ནང་འགྲོ་རྒྱུ་དེ་ཁུར་གྱི་འདུ་ཤེས་བཞག་ནས་དེ་ལ་ཧ་ཅང་སུན་སྣང་བྱེད་རྒྱུ་དེ་སློབ་སྦྱོང་དང་རྒྱབ་འགལ་ཇི་ཙམ་ཕྱིན་ཡོད་མིན་དེའི་ཐོག་ནས་ཤེས་ཐུབ། དེ་དང་ཕྱོགས་མཚུངས་སློབ་སྦྱོང་ཡར་རྒྱས་ཀྱི་དོན་དུ་དགེ་རྒན་གྱིས་དགོངས་འཆར་གང་གནང་བ་དང་། སློབ་ཕྲུག་གིས་དགོངས་འཆར་གང་གནང་བ་རྣམས་གཞི་རྩར་བཟུང་སྟེ་འབྲི་རྩོམ་འགྲན་བསྡུར་དང་གསུང་བཤད་འགྲན་བསྡུར་སོགས་ཀྱི་གོ་སྒྲིག་བྱེད་ཀྱི་ཡོད་རེད། ཡིན་ནའང་འགྲན་བསྡུར་དེ་ཚོའི་ནང་ཆ་ཤས་ལེན་མཁན་ཉུང་ཉུང་ལ་བརྟེན་སྐབས་རེ་ཕར་འགྱངས་དང་སྐབས་རེ་མེད་པ་བཟོ་དགོས་པའང་འཁེལ་གྱི་ཡོད། དེས་ན་འདི་ལོ་ནས་ང་ཚོས་འགྲན་བསྡུར་དེ་ཚོ་བཞག་དང་མ་བཞག་ལའང་དྭོགས་པ་ཟ་དགོས་པའི་གནས་སྟངས་ཤིག་རེད། གལ་ལྟར་སློབ་ཕྲུག་ཚོས་དེ་ཚོ་ལ་ཧ་ཅང་སྣང་མེད་བཏང་ནས་དོ་སྣང་སྤྲོད་མཁན་ཡོད་མ་རེད། སློབ་ཕྲུག་གིས་སློབ་སྦྱོང་ཐོག་དོ་སྣང་དང་བརྩོན་པ་ཇི་ཙམ་ཡོད་མེད་དེའི་ཐོག་ནས་ཤེས་ཐུབ་པ་ཞིག་རེད།
འདིར་ཡོད་སློབ་ཕྲུག་ཚང་མ་ཕྱི་ནས་བལྟས་ན་འདྲ་ཆགས་པོ་ཡོད་ཀྱང་། ནང་དོན་དུ་དངོས་གནས་སེམས་པ་སྐྱིད་པོ་དང་བློ་ཁ་ཚིམས་པ་ཞིག་ཡོང་གི་ཡོད་དམ་ཞེ་ན། དེ་ནི་ཡོང་གི་ཡོད་བཟོ་མི་འདུག ལྷག་པར་དུ་བར་ལམ་ངས་དོ་སྣང་བྱེད་པའི་སྐབས་སུ་ཉམས་སྣང་ཡོང་རྒྱུ་ཞིག་ལ། ང་ཏོག་ཙམ་བྲེལ་བ་ཚ་པོ་ཡིན་དུས་སློབ་ཕྲུག་ཚོ་དང་དུས་རྒྱུན་དུ་འབྲེལ་བ་བྱེད་རྒྱུ་དེ་ཁག་པོ་ཞིག་ཆགས་ཀྱི་ཡོད་རེད། དེས་ན་སློབ་སྤྱི་དང་སློབ་ཕྲུག་དབར་གྱི་འབྲེལ་བ་ (Communication) དེ་ཡག་པོ་ཞིག་བཞག་མ་ཐུབ་པ་རེད། དེ་བཞིན་དགེ་རྒན་དང་སློབ་ཕྲུག་དབར་ལའང་འབྲེལ་བ་དེ་ཡག་པོ་ཞིག་བཞག་མ་ཐུབ་པར་བརྟེན། སློབ་ཕྲུག་མང་པོ་ཞིག་གི་བསམ་བློའི་ནང་སོ་སོའི་སྒེར་གྱི་དཀའ་ངལ་དང་བློ་ཁ་མ་ཁེངས་པའི་གནས་ཚུལ་ཡོད་བཟོ་འདུག དེ་ནི་སློབ་གྲྭ་སྤྱིའི་གནས་སྟངས་ཡིན་ནའང་རེད། སྒེར་གྱི་གནས་སྟངས་ཡིན་ནའང་རེད། ཁ་ཤས་ནི་སྒེར་གྱི་དཀའ་ངལ་དེ་དག་སེལ་བའི་དོན་དུ་རོགས་རམ་མ་བྱུང་བ་དང་། དེ་བཞིན་ནང་གི་དཀའ་ངལ་དེ་དག་མངོན་པར་གསལ་བར་བྱེད་ས་རྩ་བ་ནས་མ་བྱུང་བས་ཧ་ཅང་གནོན་པ་ལྟ་བུ་འདུག དེ་ནི་གང་མཚམས་ཤིག་ནས་ཕྱི་ལ་འཐོན་དུས་སྒྲིག་ལམ་མེད་པའི་མི་ལྟ་བུ་ཆགས་རྒྱུ་རེད། གང་ལྟར་སོ་སོའི་དཀའ་ངལ་དེ་དག་དང་། ནང་གི་བསམ་བློ་དེ་དག་ཚུལ་མཐུན་དང་ཡང་དག་པའི་སྒོ་ནས་བཤད་ས་རྩ་བ་ནས་མ་རག་པར་བརྟེན། སེམས་མ་རངས་པའི་གནས་ཚུལ་མང་པོ་ཞིག་བྱུང་བ་དང་། དེ་དག་ལ་ཐབས་ལམ་རྩ་བ་ནས་མ་རྙེད་པའི་སྐབས་སུ་སློབ་སྦྱོང་ལ་དོ་སྣང་ཆུང་དུ་འགྲོ་བ་དང་། ཡང་ན་ཡ་མེད་བཙོངས་ནས་སྒྲིག་ལམ་རྩ་བ་ནས་མ་འཁྱེར་བའམ་སློབ་གྲྭ་གཡུགས་ནས་འགྲོ་རྒྱུ་མ་གཏོགས་མེད། དེས་ན་སོ་སོའི་སེམས་ཀྱི་ནང་བློ་ཁ་མ་ཁེངས་པའི་རིགས་ལ་ཡིན་ལུགས་ཚུལ་མཐུན་གྱི་སྒོ་ནས་དཀའ་ངལ་སེལ་ཐུབ་མཁན་གྱི་གང་ཟག་ལ་འབྲེལ་བ་མ་བྱས་པར། སོ་སོས་དཀའ་ངལ་སེལ་མ་ཤེས་པ་མ་ཟད། གཞན་ནས་ཀྱང་རོགས་པ་བྱེད་མཁན་ཡག་པོ་མ་བྱུང་བ་དེ་འདྲ་བྱུང་ན་ཐབས་སྐྱོ་པོ་རེད། སློབ་ཕྲུག་བདེ་དོན་ལྷན་ཚོགས་ (Students Welfare Committee) ལ་ཆ་མཚོན་ན། ཐོག་མར་བཙུགས་པའི་སྐབས་སུ་སློབ་ཕྲུག་གི་བསམ་ཚུལ་དེ་འཛིན་སྐྱོང་ལས་བྱེད་ཀྱི་བར་དུ་བསྐྱལ་རྒྱུའི་ཁ་པར་ (Telephone) ལྟ་བུ་དེ་ཡིན་པ་རེད། དེ་ནི་སློབ་ཕྲུག་གི་བསམ་ཚུལ་དེ་དག་རྣམ་པ་ངན་པ་མ་ཆགས་པའི་གོང་ནས་སྒྲིག་ལམ་དང་མཐུན་པར་སློབ་ཕྲུག་གི་སྐད་ (Voice) དེ་བརྒྱུད་རིམ་ (Channelize) ཚད་ལྡན་ཞིག་ཡོང་བའི་ཆེད་དུ་བཙུགས་པ་ཡིན་རུང་། ལོ་མང་པོ་ཕྱིན་པའི་སྐབས་སུ་དེང་སང་སློབ་ཕྲུག་བདེ་དོན་ལྷན་ཚོགས་དེ་ཡང་སྒྲིག་འཛུགས་སུ་ཆགས་ (Institutionalise) ནས་ལོ་གཅིག་གི་རིང་འཆར་ཅན་གྱི་ཚོགས་མི་རྣམས་བསྐོས་པའི་རྗེས་སུ་ལས་ཀའང་གྲངས་ཀ་ཐེབས་ཤིང་། དཔེར་ན། ཤེས་ཡོན་ལྟ་སྐོར་ལ་འཁྲིད་རྒྱུ་དང་། འགྲན་བསྡུར་གོ་སྒྲིག་བྱ་རྒྱུ། མེ་འཁོར་གྱི་ཕྱེད་བཅག་གོ་སྒྲིག་སོགས་ཀྱི་ལས་ཀའི་ནང་ཐིམས་ནས་དེས་སློབ་ཕྲུག་དང་འཛིན་སྐྱོང་གི་བར་ལ་བསམ་ཚུལ་གྱི་འབྲེལ་བ་མཐུད་རྒྱུ་དེ་ཧ་ལམ་བྱེད་མ་ཐུབ་པ་ཆགས་འདུག དེ་བཞིན་ཆོས་བརྒྱུད་སོ་སོའི་དགེ་རྒན་དེ་དག་ཀྱང་ལོ་རེ་ནས་ལོ་རེར་སོ་སོའི་སློབ་ཕྲུག་དང་འབྲེལ་ལམ་ཉུང་དུ་ཕྱིན་ནས་ད་ཆ་ཧ་ལམ་ཆོས་བརྒྱུད་སོ་སོའི་དགེ་རྒན་གྱིས་གཅིག་བྱས་ན་ཆོས་བརྒྱུད་སོ་སོའི་དུས་ཆེན་ཙམ་དང་འདས་མཆོད་ཙམ་ལ་མ་གཏོགས་མཉམ་དུ་འཛོམས་ཐུབ་ཀྱི་ཨེ་ཡོད། ཡང་ན་སློབ་ཕྲུག་འཛུལ་ཞུགས་ཀྱི་སྐབས་སུ་ང་ཚོར་ཉུང་དྲགས་སོང་། ཁོང་ཚོར་མང་དྲགས་སོང་ཞེས་རྩོད་པ་བརྒྱབ་རྒྱུ་ཙམ་མ་གཏོགས། རྒྱུན་ལྡན་གྱི་འབྲེལ་བ་དེ་ཧ་ཅང་ཇེ་ཉུང་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་ཡན་ཆད་ཞུས་པ་རྣམས་སློབ་ཕྲུག་ཚོའི་དཀའ་ངལ་དང་མ་བྱུང་བ་དེ་དག་རེད།
ང་ཚོ་འཛིན་སྐྱོང་གི་ངོས་ནས་ཀྱང་དཀའ་ངལ་དང་མ་བྱུང་བ་མང་པོ་ཞིག་ཡོད་རེད། ཁྱེད་རང་ཚོ་ལ་བཤད་དུ་བཅུག་ན་ང་ལས་མང་བ་བཤད་རྒྱུ་ཡོད་ཀྱི་རེད། ང་ཚོས་འཐུས་ཤོར་ཕྱིན་པ་མང་པོ་ཡོད་པའི་ནང་ནས་གནད་འགག་ཆེ་བ་ཁ་ཤས་འདིར་བཤད་དགོས་བསམ་པ་དེ་ཚོ་ཐོ་བརྒྱབས་ཡོད། དེའི་ནང་ནས་དཀའ་ངལ་ཆེ་ཤོས་ཤིག་ནི། སློབ་ཕྲུག་དང་འབྲེལ་བ་ཡོད་པའི་འཛིན་སྐྱོང་གི་ངོས་ནས་བྱེད་མ་ཐུབ་པ་དང་པོ་དེ་འཕྲོད་བསྟེན་གྱི་སྐོར་རེད། རྩ་བའི་སློབ་སྦྱོང་གི་མཐུན་རྐྱེན་མང་པོ་ང་ཚོས་བསྐྲུན་ཡོད་ཀྱང་། སློབ་ཕྲུག་གི་གཟུགས་པོའི་འཕྲོད་བསྟེན་གྱི་ཐོག་ང་ཚོ་འཛིན་སྐྱོང་གི་ངོས་ནས་ཡག་པོ་རྩ་བ་ནས་བྱས་ཐུབ་ཡོད་མ་རེད། ང་ཚོས་བྱེད་འདོད་ཡོད་ཀྱང་བྱེད་ཐུབ་ཀྱི་མེད། དེ་ནི་ཁྱེད་ཚོའི་བསོད་ནམས་ཡིན་ནམ་ཡང་ན་ང་ཚོའི་བསོད་ནམས་ཡིན་བཤད་ཤེས་ཀྱི་མི་འདུག གང་ལྟར་ད་ལྟ་ཕན་ལ་འཕྲོད་བསྟེན་གྱི་ལས་ཀ་དེ་དག་ཡག་པོ་ཞིག་ཁྱོན་ནས་བྱུང་མེད།
གཉིས་པ་ལྟོ་ཚང་ལྟ་རྟོག་ཚོགས་ཆུང་ (Mess Management Committee) གི་རུང་ཁང་གི་ལས་ཀ་དེ་རེད། ཐབས་ཤེས་ཇི་ཙམ་བྱས་ནའང་རུང་ཁང་གི་ལས་ཀ་དེ་འདི་ལོ་ཡིན་ན་བཤད་རྒྱུ་ལྷག་མེད། ཧ་ཅང་ཡག་པོ་དང་བློ་ཁ་ཚིམས་པ་བྱུང་སོང་ཞེས་པ་ད་ལྟ་བར་དུ་བྱུང་མེད།
གསུམ་པ་རྩ་བའི་སྒྲིག་འཛུགས་ཀྱི་གནས་སྟངས་དེ་རེད། འཕྲོད་བསྟེན་གྱི་དོན་དུ་སྨན་ཉོ་རྒྱུ་སོགས་ལ་འགྲོ་སོང་མང་པོ་ཞིག་གཏོང་གི་ཡོད་རེད། འོན་ཀྱང་སྨན་དེ་དག་ནད་ཐོག་ལ་སྨིན་པ་ཞིག་ཧ་ཅང་ཡོང་ཁག་པོ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་སྨན་ཁང་ཆུང་ངུའི་དེའི་ནང་ཞོར་ལྕོགས་ཀྱི་སྨན་པ་ (Part Time Medical Officer) གཅིག་དང་། གཏན་འཇགས་ཀྱི་སྨན་གཡོག་ (Full Time Compounder) གཅིག་གི་ས་མིག་ཡོད་རུང་། འདས་པའི་ལོ་བཅུའམ་བཅུ་གཉིས་རིང་སྟོང་པ་ལྷག་ཡོད། ད་ལྟ་ཕན་ལ་རྩ་བ་ནས་བཀང་ཐུབ་ཡོད་མ་རེད། སྐབས་རེ་མི་རག་གི་ཡོད་མ་རེད། སྐབས་རེ་འགྲོ་ལུགས་ཐོག་ནས་འགགས་པ་རེད། དེའི་ཐོག་ལ་སློབ་ཕྲུག་ཚོས་ང་ཚོར་རོགས་བྱེད་ཐུབ་ཀྱི་མེད་ལ། ང་ཚོས་ཀྱང་བསམ་པ་ནང་བཞིན་ཞིག་བྱེད་ཐུབ་ཀྱི་ཡོད་མ་རེད། དཔེར་ན་གློ་ནད་ (TB) ནད་པ་ནི་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་གི་ཡོད་རེད། གལ་སྲིད་ཇེ་མང་དུ་ཕྱིན་མེད་ནའང་སྔ་ལོ་ཡོད་པ་དེ་རང་བསྡད་པའི་གནས་སྟངས་ཤིག་རེད། ཕལ་ཆེར་ལོ་ལྟར་གཅིག་པ་ལྟ་བུ་རེད། གཞན་ཁྲུས་ཁང་དང་ཉལ་ཁང་སོགས་ཀྱི་མཐུན་རྐྱེན་དེ་ཚོ་སྔོན་མ་དང་བསྡུར་ན་དྲག་ཏུ་ཕྱིན་ཡོད་རེད། གཙང་སྦྲ་དེ་ཚོའང་ཕྲན་བུའི་དྲག་ཏུ་ཕྱིན་ཡོད་རེད། ཡིན་ནའང་ནད་དེ་དག་རྩ་མེད་དུ་གཏོང་ཐུབ་ཡོད་མ་རེད། འགྲོ་སོང་ཇི་ཙམ་བཏང་བ་དེ་དང་རུང་ཁང་ནང་ཁ་ལག་གང་རག་པ་གཉིས་ཀྱི་བར་ལ་ཁྱད་པར་ཡོད་མ་རེད། ཁྱེད་ཚོས་དངུལ་ག་ཚོད་བསྡུ་བ་དེ་དང་ཁ་ལག་རག་རྒྱུ་གཉིས་པོའི་བར་ལ་བཅུ་དགུ་ཉི་ཤུའི་ཁྱད་པར་ཡོད་ན་མ་གཏོགས་བཅུ་དང་ཉི་ཤུའི་ཁྱད་པར་ཡོད་མ་རེད། ཡིན་ནའང་ང་ཚོའི་བསམ་ཚུལ་ལ་ཁ་ལག་བཟོ་སྟངས་དང་འདུ་འགོད་བྱེད་སྟངས། རུང་ཁང་ནང་སྡོད་མཁན་དང་མ་བྱན་དེ་ཚོ་ཡག་པོ་བྱུང་ན། ཕལ་ཆེར་ད་ལྟའི་འགྲོ་སོང་གཏོང་སྟངས་ལ་བལྟས་ན་ད་ལྟའི་གནས་སྟངས་ལས་དྲག་པ་ཞིག་ཏན་ཏན་བཟོ་རྒྱུ་ཡོད་རེད་དྲན་གྱི་ཡོད་ཀྱང་དེ་བཟོ་ཐུབ་ཀྱི་ཡོད་མ་རེད། ལྟོ་ཚང་བཏང་འཛིན་བྱེད་མཁན་ (Mess Manager) ཡན་ཆད་ནས་ཡག་པོ་ཞིག་རག་གི་ཡོད་མ་རེད། Mess Manager གྱི་ས་མིག་ཅིག་བཟོས་ཡོད་ཀྱང་མི་རག་གི་ཡོད་མེད་ད་དུང་ཡང་ཏན་ཏན་ཞིག་མེད། གལ་ཏེ་མི་ཞིག་རག་པ་ཡིན་ནའང་ཁོས་ལས་ཀ་ཡག་ཉེས་གང་འདྲ་ཞིག་བྱེད་ཀྱི་ཡོད་མེད་ལོ་ནས་ལོ་དང་ཟླ་བ་ནས་ཟླ་བ་བསྟུད་ནས་བྱེད་དགོས་པ་ཡིན་ཙང་། མགོ་སྟོད་ལ་ཡག་པོ་ཞིག་བྱས་ནའང་དུས་རྟག་ཏུ་ཡག་པོ་བྱེད་མིན་ཐེ་ཚོམས་རེད། དེ་གཉིས་ཀ་དངོས་གནས་བྱས་ན་འཛིན་སྐྱོང་རྐྱང་པའི་ལས་ཀ་མ་རེད། དེ་ནི་སློབ་ཕྲུག་དང་འཛིན་སྐྱོང་གཉིས་ཀའི་བར་དུ་ཡོད་པའི་ལས་འགན་ཞིག་རེད།
སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་སྒྲིག་འཛུགས་དེའི་མགོ་ཁྲིད་ཀྱིས་ཕན་གནོད་ཧ་ཅང་མེད་པ་ཞིག་དགོས་ཀྱི་ཡོད། གང་ལྟར་མགོ་ལ་སྡོད་མཁན་གྱི་མི་དེ་ཡོད་ནའང་འགྲིག་མཁན་དང་། མེད་ནའང་འགྲིག་མཁན་ཞིག་དགོས་ཀྱི་ཡོད། འོག་གི་མི་དེ་ཚོ་ཡིན་ནའང་སོ་སོའི་ལས་འགན་སྲ་ཐག་ཐག་བྱེད་མཁན་ཞིག་དགོས། རིགས་བདག་ (Vice Chancellor) ཟླ་བ་ཁ་ཤས་རིང་ཕྱི་ལ་ཕྱིན་ནའང་། གཙུག་ལག་སློབ་ཁང་ (University) གི་ལས་ཀ་ལ་འཐུས་ཤོར་དང་འགག་རྒྱུ་གང་ཡང་མེད། མགོ་ལ་སྡོད་མཁན་གྱི་མི་དེ་ཧ་ལམ་འགྱིག་གི་ཐེལ་ཙེ་ (Rubber Stamp) དང་མིང་ཙམ་གྱི་འགན་འཛིན་ (Figure Head) ལྟ་བུ་ཆགས་དགོས་པའི་གནས་ཚུལ་རེད། ལས་ཀ་ཚང་མ་སྡེ་ཚན་ (Department) སོ་སོའི་འགན་འཛིན་ (Head) ཡིན་ནའང་རེད། གང་ལྟར་སྡེ་ཚན་སོ་སོའི་ནང་ཚར་དགོས་པའི་གནས་ཚུལ་ཞིག་ཆགས་དགོས་ཀྱི་ཡོད་ཀྱང་། ང་རང་གི་བྱེད་སྟངས་མི་འགྲིག་པ་ཡིན་ནམ། ཡང་ན་ག་རེ་མ་འགྲིག་པ་ཡིན་ནམ། ང་ཚོ་ལོ་བཅོ་ལྔ་བཅུ་དྲུག་ཅིག་འདིར་ཕྱིན་ཡང་སློབ་གྲྭའི་ལས་དོན་མང་ཆེ་བ་མི་གཅིག་གི་གཡས་གཡོན་ལ་འཁྲིལ་ཐག་འཁོར་ནས་མི་གཅིག་པུ་དེ་ཝཱརཱཎསཱི་ལ་མེད་ན་ལས་དོན་མང་པོ་ཞིག་འགག་འགྲོ་བ་དང་། ཡང་ན་ཆ་ཚང་མི་ཡོང་བ་ཞིག་ཆགས་འདུག དཔེར་ན། མི་གཅིག་པུ་དེ་གློ་བུར་དུ་བརྗེ་པོ་ཐེབས་པ་དང་ལས་ཀ་བཞག་པའི་གནས་ཚུལ་ཞིག་བྱུང་ན། ད་ལྟ་ནང་བཞིན་འཛིན་སྐྱོང་དེ་ཏག་ཏག་མུ་མཐུད་ནས་འགྲོ་ཐུབ་ཀྱི་རེད་དམ་ཟེར་ན། དེ་ཧ་ཅང་ལབ་ཁག་པོ་ཞིག་རེད། དེ་ནི་ཏན་ཏན་མི་གཅིག་བརྗེ་པོ་ཐེབས་པ་ཡིན་ན་སློབ་གྲྭའི་འཛིན་སྐྱོང་ཆ་ཚང་བརྗེ་པོ་ཐེབས་རྒྱུ་དང་འགྱུར་བ་ཞིག་ཕྱིན་མི་ཡོང་ངམ་བསམ་པའི་དྭོགས་པ་ཟ་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། དེ་ནི་ང་ཚོའི་སློབ་གྲྭའི་འཛིན་སྐྱོང་གི་ཞན་ཆ་ཆེ་ཤོས་རེད།
ངས་ད་ལྟ་མདོར་བསྡུས་ནས་སློབ་ཕྲུག་ཚོའི་ནང་ཡོད་པའི་དཀའ་ངལ་དེ་དག་དང་། འཛིན་སྐྱོང་གི་ནང་ཡོད་པའི་སྐྱོན་དེ་དག་ཞུས་པ་རེད། དེ་དག་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་ཞིག་དང་། དེ་དག་ལ་ངེས་པར་དུ་ཐབས་ལམ་ཞིག་བཙལ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཀྱང་། ངས་བསམ་བློ་བཏང་བ་ཡིན་ཡང་ཐབས་ཤེས་འདི་རེད་ཅེས་པ་ཞིག་གང་ཡང་རྙེད་མ་བྱུང་། ཁ་སང་སློབ་དཔོན་རྣམ་པའི་ལྷན་དུ་རིམ་པས་ཚོགས་འདུ་ཚོགས་ནས་རྩ་བའི་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་དང་། སློབ་ཕྲུག་གི་མཐུན་རྐྱེན་ལ་སོགས་པའི་རྩ་བའི་བསམ་བློའི་གནས་སྟངས་དང་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ཚང་ཡག་ཏུ་གཏོང་ཆེད་གནས་ཚུལ་གང་འདྲ་ཞིག་ཡོང་གི་ཡོད་དམ་བསམས་ནས་མང་པོ་ཞིག་ཞུས་པ་ཡིན། གང་ལྟར་དགེ་རྒན་ཚོ་དང་ཚང་མ་ལ་འབྲེལ་བ་ཞུས་ནས་གྲོས་བསྡུར་མང་པོ་བྱས་པ་རེད། ཡིན་ནའང་དཀའ་ངལ་དེ་དག་ལ་སེལ་ཐབས་འདི་རེད་ཅེས་ཏག་ཏག་ཁ་བརྒྱབ་པ་ལྟ་བུ་ད་ལྟ་ཕན་ཆད་ཁྱོན་ནས་བྱུང་མ་སོང་། འོན་ཀྱང་དགོངས་འཆར་ཕན་ཐོགས་ཡོད་པ་དེ་འདྲ་མང་པོ་བྱུང་བ་རེད། དེའི་གནས་ཚུལ་དང་དཀའ་ངལ་དེ་དག་ཁྱེད་རང་ཚོ་ལ་བཤད་དགོས་པའི་རྒྱུ་མཚན་དེ་རེད།
མདོར་བསྡུས་ནས་བཤད་ན། ངས་སྐབས་དེར་རྒྱ་གར་གཞུང་ལ་དངུལ་སྤྲད་ན་ལས་ཀ་བྱེད་ཐུབ་ཀྱི་རེད་ཅེས་བཤད་པ་རེད། འོན་ཀྱང་ད་ལྟ་བལྟས་ན་རྦད་དེ་སྐྱག་རྫུན་ལ་ཕྱིན་པ་ལྟ་བུ་རེད། རྒྱ་གར་གཞུང་གིས་དངུལ་ང་ཚོས་སྤྲད་ཡོད། ཁྱེད་རང་གིས་བྱེད་ཐུབ་སོང་ངམ་ཞེས་འདྲི་ན། ངས་ཞུ་དག་ཅིག་གཏོང་བའི་སྐབས་སུ་སློབ་གྲྭའི་ཁང་པ་གཅིག་ཀྱང་ངའི་བསམ་བློའི་ནང་ཡོད་པ་བཞིན་བྱུང་ཡོད་མ་རེད། ཁང་མིག་གཅིག་ཀྱང་ངའི་བསམ་བློ་དང་མཐུན་པ་ཞིག་བསྟན་རྒྱུ་ཡོད་མ་རེད། སློབ་གྲྭའི་འཛིན་ཆས་ལྟ་བུ་ལ་ཆ་མཚོན་ནའང་སྣ་ཁ་གཅིག་ཁྱེད་རང་གི་བསམ་བློ་བཏང་བ་དང་གཅིག་པ་ཆགས་འདུག་གམ་ཞེ་ན། དེ་ཚོ་ཕར་བཞག ཐ་ན་ཞབས་སྟེགས་གཅིག་ལ་མཚོན་ནའང་ཆ་ཚང་བ་ཞིག་བྱུང་ཡོད་མ་རེད། ལྡུམ་རྭ་ལ་ཆ་མཚོན་ནའང་སྔོན་མ་ང་རང་གི་བསམ་བློའི་ནང་ཡོད་པ་ནང་བཞིན་བྱུང་ཡོད་མ་རེད། མེ་ཏོག་ལ་ཆ་བཞག་ནའང་ངའི་འཆར་སྣང་ལ་ཡོད་པ་ནང་བཞིན་ཞིག་ཤར་ཡོད་མ་རེད། དེ་བཞིན་གཙང་སྦྲ་ལ་བསམ་བློ་བཏང་བ་ཡིན་ནའང་རྦད་དེ་རྩ་བ་ཉིད་ནས་ཀྱང་བྱུང་ཡོད་མ་རེད། སློབ་ཕྲུག་གི་སློབ་སྦྱོང་གི་གནས་ཚད་ལ་བསམ་བློ་བཏང་ནའང་བྱུང་ཡོད་མ་རེད་ལ། ལས་བྱེད་ལ་མཚོན་ནའང་གང་ཡང་བྱུང་ཡོད་མ་རེད། གཞན་པ་ཕར་བཞག ང་རང་གི་ལས་ཀ་བྱེད་སྟངས་ལ་བསམ་བློ་བཏང་བ་ཡིན་ནའང་། དུས་ཚོད་གང་མང་མང་དང་དཀའ་ལས་གང་ཐུབ་ཐུབ་ཅིག་རྒྱག་གི་ཡོད་རེད། རང་དོན་མེད་པ་ལྟ་བུ་བྱེད་ཀྱི་ཡོད་རེད་དེ། ཁྱེད་རང་གིས་དཀའ་ལས་བརྒྱབས་པ་དེ་ལ་བློ་ཁ་ཚིམ་གྱི་འདུག་གམ་ཞེ་ན། དེ་ཡོང་གི་ཡོད་མ་རེད། ག་དུས་ཡིན་ནའང་དེ་ལས་མང་ཙམ་དང་དེ་ལས་དྲག་ཙམ་ཞིག་བྱེད་རྒྱུ་ཡོད་ཀྱང་། དེ་རིང་གནས་ཚུལ་འདི་འདྲ་ཞིག་བརྟེན་ནས་བྱུང་མ་སོང་། སང་ཉིན་གནངས་ཉིན་འདི་ལྟར་བྱེད་ན་གང་འདྲ་འདུག་ཅེས་དེ་ལྟ་བུའི་ནང་དུས་ཚོད་འགྲོ་བ་དང་། གང་མཚམས་ཤིག་ནས་ཉིན་གང་པོ་མི་དང་སྐད་ཆ་བཤད་རྒྱུ་དང་། ཚོགས་འདུ་འཚོགས་རྒྱུ་སོགས་ལ་དུས་ཚོད་འགྲོ་རྒྱུ་མ་གཏོགས། ལས་ཀ་རྡོག་རྡོག་བསྟན་རྒྱུ་ཡོད་པ་དེ་ཉུང་ཉུང་ཡིན་དུས་ང་རང་གི་ལས་ཀ་བྱེད་སྟངས་དེ་ལ་ང་རང་བློ་ཁ་ཁེངས་པ་ཞིག་ཡོང་གིི་ཡོད་མ་རེད། དེས་ན་འདས་པའི་ལོ་བཅུ་གཅིག་བཅུ་གཉིས་ཙམ་གྱི་ནང་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ནང་དངོས་གནས་དྲང་གནས་འདི་ལ་སྐྱོན་ཁྱོན་ནས་མེད། ང་རང་གིས་བསམས་པ་བཞིན་བྱུང་བ་ཞིག་ཏག་ཏག་བསྟན་རྒྱུ་ཡོད་དམ་ཞེ་ན། གཅིག་ཀྱང་བསྟན་རྒྱུ་ཡོད་མ་རེད། མི་མང་པོས་ཁྱེད་རང་འདོད་པ་ཆེ་དྲགས་པ་རེད། ནང་འགྲིགས་ (Compromise) བྱེད་དགོས་རེད། དེ་མ་གཏོགས་འགྲོ་ས་ཞིག་ཡོད་མ་རེད་ཅེས་བཤད་མཁན་ཡོང་གི་འདུག སྐབས་རེ་ཁྲོམ་ལ་ཅ་ལག་ཉོ་རུ་འགྲོ་བའི་སྐབས་སུ་ཉིན་གང་ཁྲོམ་ལ་སྐོར་བ་བརྒྱབས་ཀྱང་སོ་སོའི་འདོད་པ་ལ་ཡོད་པ་གཅིག་ཀྱང་མ་རག་ནས་སང་ཉིན་དེར་མི་གཞན་ཞིག་བཏང་ནས་ད་ཁྱོད་ཀྱིས་མིག་བཙུམས་ནས་ཉོས་ཤོག ཉོས་ཚར་སོང་ན་ངས་སྐྱོན་བརྗོད་བྱས་པ་ལ་བཟོད་པ་བྱེད་དགོས་རེད། ཡག་པོ་ཉོས་འདུག་ཟེར་བ་ཞིག་ཏན་ཏན་ངས་ལབ་ཐུབ་ཀྱི་མ་རེད་ཅེས་བཤད་དགོས་པ་ཡོང་གི་འདུག གང་ལྟར་ཡོལ་བ་ཞིག་ཉོ་དགོས་བྱུང་ནའང་རེད། འཛིན་ཆས་ཤིག་ཉོ་དགོས་བྱུང་ནའང་རེད། ས་གདན་ཞིག་ཉོ་དགོས་བྱུང་ནའང་རེད། ཚང་མ་ངའི་བསམ་བློའི་ནང་ཡོད་པའི་སྤུས་ཚད་དེ་རག་གི་རེད་དམ་ཟེར་ན། ཕལ་ཆེར་ཝཱརཱཎསཱིའི་ཁྲོམ་ནས་རག་རྒྱུ་ཡོད་མ་རེད། གཞན་པ་ཕར་ཞོག ཝཱརཱཎསཱིའི་ཁྲོམ་ནས་ཡོལ་བ་འཚེམ་མཁན་གྱི་འཚེམ་བུ་བ་ཡང་རག་གི་ཡོད་མ་རེད། གང་ལྟར་གནས་ཚུལ་དེ་འདྲ་ཞིག་ཆགས་དུས་རེ་ཐག་ཆད་པ་ (Frustration) ཡོང་ས་རེད་དམ་མ་རེད། གལ་ཏེ་ཕྱིའི་གནས་ཚུལ་དེ་ཚོ་ལ་ཡི་མུག་བྱུང་རུང་། མིའི་སྤུས་ཚད་ཀྱི་ཐོག་ནས་ཕྲན་བུ་བློ་ཁ་ཁེངས་པ་ཞིག་བྱུང་ནའང་གཟི་བརྗིད་ཡོང་རྒྱུ་ཞིག་རེད། འོན་ཀྱང་དེ་ཡང་མེད། གང་ལྟར་སྣོད་ཀྱི་དངོས་པོ་དང་བཅུད་ཀྱི་སེམས་ཅན་གཉིས་ཀ་ནས་མེད་པ་ཆགས་ཡོང་དུས་སྐབས་རེ་འུ་ཐུག་ (Shake) ཡོང་གི་འདུག ཡིན་ནའང་ལས་ཀ་མ་བྱས་པར་བསྡད་ཐབས་ཡོད་མ་རེད། གང་དུ་ཡིན་ནའང་གཅིག་ལ་ནང་འགྲིགས་ (Compromise) བྱེད་དགོས་པ་ཆགས་ཀྱི་ཡོད་རེད། ད་ལྟ་གནས་སྐབས་ཤིག་གི་རིང་མུ་མཐུད་ནས་སློབ་གྲྭ་འདིའི་ནང་ལ་ཞབས་འདེགས་ཞུ་དགོས་པའི་གནས་ཚུལ་བྱུང་བ་ཡིན་ན། རྗེས་ལོ་ང་ཚོ་ཚུར་འཛོམས་ནས་ལོ་དུས་གསར་པ་དེའི་ནང་གཞི་རིམ་གྱི་འགྱུར་བ་ (Substantial Change) ཞིག་གཏོང་དགོས་མིན་ནམ་དྲན་བསྡད་ཡོད། དེ་ནི་དེ་རིང་ཁྱེད་རང་ཚོར་ལན་བསྐྱལ་དགོས་པའི་གནས་ཚུལ་གཅིག་ཡིན།
དེ་རིང་གཅིག་ནས་འདས་པའི་ལོ་རྒྱུས་ཀྱི་ཐོག་སྨྲེ་སྔགས་འདོན་རྒྱུ་དང་། གཉིས་པ་ང་ཚོའི་བསམ་བློའི་ནང་ཡོད་པའི་འཆར་གཞི་དེ་དག་ཁྱེད་རང་ཚོར་སྨོས་ཙམ་བྱས་ན་བསམས་བྱུང་། ང་ཚོས་འགྱུར་བ་གཏོང་རྒྱུ་མང་པོ་ཞིག་བསམ་བློ་གཏོང་གི་ཡོད། འགྱུར་བ་གཏོང་རྒྱུ་དེའི་ནང་ག་རེ་ག་རེ་ཡོད་རེད་ཅེ་ན། སློབ་ཕྲུག་འཛུལ་ཞུགས་བྱེད་ཕྱོགས་ཐད་འགྱུར་བ་ཞིག་གཏོང་དགོས་མིན་ནམ་བསམ་བསྡད་ཡོད། དེ་ནས་སློབ་སྦྱོང་གི་སློབ་ཚན་ཐད་འགྱུར་བ་ཏོག་ཙམ་གཏོང་དགོས་ཀྱི་ཡོད་པ་ལྟ་བུ་མཐོང་གི་འདུག དཔེར་ན། སློབ་ཚན་ལ་ཆ་བཞག་ན། ཕལ་ཆེར་ང་ཚོས་མ་འོངས་པ་ལ་ 10+2+3 གྱི་གནས་ཚུལ་འཁྱེར་ཡོང་དགོས་རྒྱུ་དེ་རྗེས་ལོ་ནས་འཁྱེར་ཐུབ་པ་ཡིན་ན། ལོ་འདིའི་ནང་ངོ་སྤྲོད་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། 10+2+3 ཟེར་བ་ནི་ཤཱསྟྲཱི་ལོ་གསུམ། ཨཱཅཱརྱ་ལོ་གཉིས། མདྷྱམཱ་ལོ་བཞི་བཅས་ཀྱི་ནང་དབྱེ་བ་ཕྱེ་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་རེད། དེ་ནས་སློབ་ཕྲུག་གསར་པ་འཇུག་སྟངས་ལ་ཆ་བཞག་ནའང་དེའི་སྒྲིག་འཛུགས་ཀྱང་དམ་ཙམ་བཟོ་དགོས་རྒྱུ་དང་། དེའི་ནང་སྔོན་མ་ལོ་མཐའ་མ་ཞིག་ཡོད་ཀྱང་། ད་ནི་ཡ་མཐའ་དེ་མེད་པ་ལྟ་བུ་བཟོས་ཡོད་རེད། དེས་ན་འཛུལ་ཞུགས་སྒྲིག་གཞིའི་ (Admission Rule) ནང་ལ་མ་མཐའི་ལོ་དེ་རེད། ཡ་མཐའི་ལོ་འདི་རེད་ཅེས་གསལ་པོ་འཁོད་པ་ཞིག་མེད། ད་ལྟ་ལམ་སེང་འཛུལ་ཞུགས་སྒྲིག་གཞི་ལ་འགྱུར་བ་གཏོང་མི་ཐུབ། ཡིན་ནའང་ད་ལོ་ནས་ཡར་བཅུག་པའི་སྐབས་སུ་ཡ་མཐའི་ལོ་མཚམས་དང་། མ་མཐའི་ལོ་མཚམས་བཞག་དགོས་ཀྱི་ཨེ་ཡོད་བསམ་པ་ཞིག་དྲན་གྱི་འདུག དེ་ད་ལྟ་སྐད་ཆ་བྱེད་རྒྱུ་ཡིན། ཡར་བཅུག་རྒྱུའི་དུས་ཚོད་དེའང་སློབ་ཕྲུག་ཚང་མ་ཡར་འཛོམས་ཡོང་དུས་མཉམ་དུ་བྱེད་རྒྱུ་ཡིན། དེས་ན་ད་ལོ་ཕྱི་ཟླ་ ༨ ཚེས་ ༢༠ ནས་འཛུལ་ཞུགས་ (Admission) རྦད་དེ་མཚམས་གཅད་རྒྱུའི་ཐག་བཅད་ཟིན་པ་རེད། སློབ་ཕྲུག་ཚང་མས་དེ་མཁྱེན་དགོས་ཀྱི་རེད། ཕྱི་ཟླ་ ༦ ཚེས་ ༢༠ བར་འགེངས་ཤོག་བསྐྱལ་རྒྱུའི་དུས་ཚོད་མཐའ་མ་དང་། ཕྱི་ཟླ་ ༧ ཚེས་ ༢༠ འཛུལ་ཞུགས་ཀྱི་དུས་ཚོད་མཐའ་མ་དེ་རེད། ཕྱི་ཟླ་དྲུག་པའི་ནང་ལ་འགེངས་ཤོག་ཆ་ཚང་འབྱོར་ན། ང་ཚོས་འདི་ཚུད་སོང་། འདི་ཚུད་མ་སོང་ཞེས་ཕར་ལན་གཏོང་གི་རེད། ཚུར་འཛོམས་པའི་སྐབས་སུ་ཚུད་མཁན་དེ་དག་མ་གཏོགས་ཡོང་དགོས་ཀྱི་མེད། དེ་མིན་དུས་ཚོད་འགྱངས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག རྩ་བའི་སློབ་ཚན་འཇོག་སྟངས་དང་། སློབ་སྦྱོང་སྤྲོད་སྟངས། དེ་ནས་རྒྱུགས་སྤྲོད་ལེན་སྟངས་ཐད་འགྱུར་བ་ཆེན་པོ་ཞིག་གཏང་ན་མ་གཏོགས། ད་ལྟ་ནང་བཞིན་མི་གཅིག་གི་རྒྱབ་ལ་མི་གཅིག་གིས་དབྱུག་པ་འཁྱེར་ནས་སྲུང་དགོས་པའི་གནས་ཚུལ་དེ་ག་ཚོད་ཀྱི་བར་དུ་ཁུངས་འཁྱོལ་གྱི་ཡོད་པ་རྩ་བ་ཉིད་ནས་ཧ་གོ་གི་མི་འདུག ད་ལྟའི་རྒྱུགས་སྤྲོད་ནི་རླུང་རྟ་རྒྱུགས་ནས་འགྲོ་བ་དང་། སྟབས་ཡག་ལོད་ཀྱི་ཆ་ནས་འགྲོ་གི་ཡོད་རེད། སློབ་ཕྲུག་ཚོས་ག་རེ་ཤེས་འདུག་ལྟ་ཐུབ་རྒྱུ་དེ་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད། དེར་བརྟེན་སློབ་ཁྲིད་ (Teaching) དང་རྒྱུགས་ཞིབ་ (Evaluation) མཉམ་དུ་འགྲོ་ཐུབ་པའི་ཐོག་བསམ་བློ་གཏོང་གི་ཡོད་རེད།
མཐུན་རྐྱེན་གྱི་ཆ་ནས་བསྒྱུར་བཅོས་གཏོང་རྒྱུ་དེ་ཁག་པོ་རེད། སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ངོས་ནས་ག་དུས་ཡིན་ནའང་འགྱུར་བ་གཏོང་དགོས་པའི་དོན་དག་གཙོ་བོ་ནི་སློབ་ཡོན་སྤར་རྒྱུ་དེ་རེད། འོན་ཀྱང་རྒྱ་གར་གཞུང་གིས་ཕྲན་བུ་མ་གཏོགས། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་ཤུགས་ཆེན་པོ་ཞིག་སྤར་རྒྱུ་ཁག་པོ་ཆགས་ཀྱི་ཡོད་རེད། ཡིན་ནའང་ན་ནིང་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱིས་སྙན་ཞུ་བཏང་བར་བརྟེན་ཁ་སྔོན་ང་ཚོས་ཕྲན་བུ་ཞིག་སྤར་རྒྱུའི་གྲོས་ཆོད་བཞག་ཡོད་རེད། རྩ་བའི་སློབ་གྲྭའི་གནས་བབས་ (Status) ལ་འགྱུར་བ་ཕྱིན་ན། དེའི་ནང་ནས་ག་ལེར་མང་པོ་ཞིག་གི་ཐོག་ནས་འགྱུར་བ་གཏོང་དགོས་པའི་གནས་ཚུལ་གཅིག་ཆགས་ཀྱི་མེད་དམ་བསམ་པ་དྲན་གྱི་ཡོད། ང་ཚོས་ག་ཚོད་འགྱུར་བ་བཏང་བ་ཡིན་ནའང་སློབ་ཕྲུག་ཁྱེད་རང་ཚོས་སོ་སོའི་བསམ་བློ་ལ་ཡར་རྒྱས་མ་བཏང་བ་ཡིན་ན། ང་ཚོར་བྱེད་རྒྱུ་གང་ཡང་ཡོད་མ་རེད།
ད་རེས་ངའི་བསམ་བློའི་ནང་གི་ཚོར་བ་གང་ཡོད་ཆ་ཚང་ད་ལྟ་གསལ་པོ་ཁྱེད་རང་ཚོར་ལབ་པ་རེད། ཁྱེད་རང་ཚོས་དེའི་ཐོག་ལ་ཕྲན་བུ་དགོངས་པ་བཞེས་ནས་དང་པོ་དེར་ངས་བགྲངས་པའི་སྐྱོན་དེ་དག་འདུག་ན་སོ་སོས་གཞན་ལ་མ་བཤད་པར། ཚུར་ཁ་ནང་དུ་བསློགས་ནས་སོ་སོ་ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་གནང་ན་ཡག་པོ་ཞེ་དྲགས་རེད། ང་རང་ལ་སྐྱོན་དེ་འདུག་གམ་མི་འདུག་བལྟས་ནས། མི་འདུག་ན་དགའ་བ་སྒོམ། འདུག་ན་སྐྱོན་དེ་དག་མ་འོངས་པ་ལ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས། དེ་ལྟར་གང་ཟག་རེ་རེ་རེ་རེའི་ངོས་ནས་འགྱུར་བ་ཞིག་བཏང་བ་ཡིན་ན། གང་ཟག་རེ་རེ་རེ་རེ་ནས་ཚོགས་པ་ལ་འགྱུར་བ་འགྲོ་ཐུབ་པའི་གནས་ཚུལ་ཞིག་ཆགས་ཀྱི་རེད། དེར་བརྟེན་སྒྲིག་ལམ་དང་། དོན་གཉེར། བརྩོན་འགྲུས། སློབ་སྦྱོང་། འཛིན་གྲྭ་འགྲིམ་སྟངས་བཅས་གང་གི་ཆ་ནས་ཀྱང་སོ་སོ་ཡག་ཏུ་གཏོང་རྒྱུ་ལ་ཐབས་ཤེས་ཤིག་ངེས་པར་དུ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་དེ་དང་པོ་ཡིན། འབོད་སྐུལ་ཞུ་རྒྱུ་གཉིས་པ་ནི། ད་ལྟ་ངས་ལབ་པ་བཞིན་ང་ཚོའི་བར་ལ་ཐག་རིང་པོ་ཞིག་མིན་པར། ཁྱེད་རང་ཚོར་སྒེར་གྱི་བསམ་ཚུལ་དང་དཀའ་ངལ་ག་རེ་ཡོད་པ་དེ་དག་སྦུག་སྲུབ་དོག་ནས་མ་བསྡད་པར། དཀའ་ངལ་བྱུང་བའི་སྐབས་ལ་ཡིན་ནའང་རེད། བསམ་ཚུལ་བྱུང་བའི་སྐབས་ལ་ཡིན་ནའང་རེད། ང་ཚོ་དང་འབྲེལ་ལམ་བྱེད་ཐུབ་པ་ཡིན་ན་དེ་ཡག་པོ་ཞེ་དྲགས་ཡོད་རེད། ངས་སློབ་ཕྲུག་རེ་རེའི་འགྲམ་ལ་ཕྱིན་ནས་སྐད་ཆ་ཉན་རྒྱུ་དང་བགྲོ་གླེང་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོ་འབྲེལ་ལམ་བྱེད་རྒྱུའི་གོ་སྐབས་ཡག་ཤོས་དེ་སློབ་ཕྲུག་བདེ་དོན་ལྷན་ཚོགས་བརྒྱུད་ནས་ཁྱེད་རང་ཚོ་སྤྱི་དང་སྒེར་གྱི་གནས་ཚུལ་མང་པོ་ཞིག་འབྲེལ་ལམ་བྱེད་ཐུབ་རྒྱུའི་ཐབས་ཤེས་ཡོང་གི་རེད། དེ་མིན་ཁྱེད་རང་ཚོས་ཡི་གེ་བྲིས་ནས་བཏང་ནའང་འགྲིག་གི་རེད། དེས་ན་ཡི་གེ་བྲིས་ནས་བཏང་བའི་སྐབས་སུ་ཡིན་ནའང་རེད། སྐད་ཆ་བཤད་པའི་སྐབས་སུ་ཡིན་ནའང་རེད། མི་གཅིག་གི་བརྒྱུད་ནས་ལབ་པ་ཡིན་ནའང་རེད། གནས་ཚུལ་དེ་གསལ་པོ་མ་ཆགས་ཀྱི་བར་དུ་སྐྱོན་འཛུགས་དང་། ཁོང་ཁྲོ་ཟ་བ། ཚིག་རྩུབ་པོ་བེད་སྤྱོད་གཏོང་རྒྱུ་སོགས་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། གནས་ཚུལ་གསལ་པོ་ཆགས་པའི་སྐབས་སུ་ནོར་འཁྲུལ་དེའང་གསལ་པོ་ཆགས་རྒྱུ་རེད། དང་པོ་གནས་ཚུལ་དེ་དག་ལ་ཞིབ་འཇུག་བྱེད་རྒྱུ་དང་རྭ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་ཙང་། སྒྲིག་ལམ་དང་ལྡན་པ་དང་ཡ་རབས་ཀྱི་སྤྱོད་ཚུལ་གྱི་ཐོག་ནས་འབྲེལ་ལམ་བྱེད་དགོས་རྒྱུ་དང་གསལ་བཤད་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་སློབ་གྲྭ་འདིའི་ནང་བསྡད་པའི་སྐབས་སུ་ཡིན་ནའང་རེད། ཕྱི་ལ་ཕྱིན་པའི་སྐབས་སུ་ཡིན་ནའང་རེད། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ལ་བྱེད་སྟངས་དེ་རང་རེད། དེ་ཙམ་མ་ཡིན་པར་ད་ལྟའི་དཀའ་ངལ་དེ་དག་སེལ་བའི་ཐབས་ཤེས་ག་རེ་འདུག ང་ཚོའི་བསམ་བློའི་ནང་མ་འཁོར་བ་ཁྱེད་རང་ཚོའི་བསམ་བློའི་ནང་འཁོར་བ་དེ་འདྲ་ཡོང་སྲིད་ཀྱི་རེད། ལྷག་པར་དུའང་ང་ཚོའི་དཀའ་ངལ་ཆེ་ཤོས་དེ་སློབ་ཕྲུག་མང་པོ་ཞིག་དང་གཤིབ་རྒྱུའི་གོ་སྐབས་མེད་པ་དང་། འཛིན་གྲྭའི་ནང་ལའང་འགྲོ་ཐུབ་ཀྱི་མེད། སློབ་ཕྲུག་དང་མ་གཤིབས་པ་ཡིན་ཙང་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད་མ་རེད། དེས་ན་ཁྱེད་རང་ཚོའི་བསམ་ཚུལ་དང་རྩ་བའི་སློབ་གྲྭ་སྤྱིའི་གནས་ཚུལ་གྱི་ཐོག་ལ་དགོངས་འཆར་གང་གནང་རྒྱུ་ཡོད་པ་དེ་དག་སྐད་ཆ་བཤད་ནས་ལབ་ནའང་འགྲིག་གི་རེད། ང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བའི་སྐབས་ལའང་རེད། མི་གཞན་གྱིས་གོ་མི་རུང་བ་རྣམས་གསང་བའི་ཐོག་ནས་བཤད་ནའང་འགྲིག་གི་རེད། ཡི་གེ་གཏང་ཡོང་ནའང་འགྲིག་གི་རེད། གལ་ཏེ་ངོ་ཚ་དང་འཚེར་སྣང་ཞེད་སྣང་སོགས་ཡོད་ན། མིང་མེད་པའི་ཡི་གེ་གཏང་ཡོང་ནའང་འགྲིག་གི་རེད། འོན་ཀྱང་མིང་མེད་པའི་ཡི་གེའི་ཐོག་ལ་ང་ཚོས་ཧ་ཅང་གི་ལག་ལེན་དོན་འཁེལ་ (Action) བྱེད་རྒྱུ་ཁག་པོ་རེད། ཡིན་ནའང་དོན་དག་ཅིག་ཧ་གོ་ཐུབ་ཀྱི་རེད། དེ་འདྲའི་བསམ་ཚུལ་གཅིག་ཡོད་པ་རེད་བསམ་པའི་གནས་ཚུལ་ངོ་སྤྲོད་བྱེད་རྒྱུའི་ཐབས་ལམ་གཅིག་ལ་ཆགས་ཐུབ་ཀྱི་རེད། འབྲེལ་ལམ་བྱེད་རྒྱུའི་ཐབས་ལམ་གང་འདྲ་ཞིག་ཡོད་ནའང་དེ་བེད་སྤྱོད་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་འདྲ་མ་བྱས་པར་སོ་སོ་སྦུག་སྲུབ་དོག་ནས་བསྡད་ན་སོ་སོ་ལའང་མི་ཕན། སློབ་གྲྭ་ལའང་མི་ཕན། གང་མཚམས་ཤིག་ནས་ཐང་ཆད་འགྲོ་རྒྱུ་དེ་ནི་ཕྱོགས་གཉིས་ཀར་གྱོང་རག་རྒྱུ་ཞིག་རེད།
ད་ལྟ་འདིར་བཤད་པ་དེ་དག་བྲེལ་བ་ཚ་པོ་ཞིག་གི་ནང་བཤད་པ་རེད། གང་ལ་ཞེ་ན། ཁ་སང་ཁེ་ཉིན་ཧ་ཅང་བྲེལ་བ་ཚ་པོ་ཞིག་གི་ནང་ལ་བསྡད་པ་ཡིན་ཙང་ངའི་བསམ་བློ་དེ་དག་བང་འགྲིག་པོ་ཞིག་བྱུང་མ་སོང་ཡང་། དེ་དག་གལ་ཆེན་པོ་ཤ་སྟག་ཡིན། དེས་ན་དེ་དག་དེ་རིང་འདིར་ཡིག་ཐོག་ཏུ་བཀོད་ནས་པར་བརྒྱབས་ནས་ཡོད་རེད། དེ་ཚང་མ་ལ་བཀྲམ་དགོས་རྒྱུ་ཞིག་ཡིན་པ་མཐོང་གི་མི་འདུག བསམ་བློ་གཏོང་རྒྱུར་འདོད་པ་ཡོད་མཁན་གྱིས་ཡི་གེ་དེ་བཞེས་ན་འགྲིག་གི་རེད། དེ་ནི་སྒོའི་ཕྱི་ལ་བཀྲམ་རྒྱུའི་ཆེད་དུ་ཉར་ནས་སྡོད་ཅེས་ལབ་ཡོད། དེ་ཀློག་རྒྱུ་ལ་འདོད་པ་མེད་པ་དང་བསམ་བློ་གཏོང་རྒྱུ་ལ་འདོད་པ་མེད་ན། ཤོག་བུ་དེ་འཁྱེར་ནས་འཕྲོ་བརླག་རེད། ཕར་ཙམ་དེ་ལ་དབྲལ་ནས་གཡུགས་བཞག་ན་སང་ཉིན་གད་པ་ཚོ་ལའང་དཀའ་ལས་རེད། དེ་ནི་ལས་ཀ་འཕར་མ་རེད། ད་ལྟ་ངས་བཤད་པ་དེ་དག་ལ་ཕྲན་བུའི་དོ་སྣང་ཡོད་པ་དང་། དེའི་ཐོག་ལ་དགོངས་པ་བཞེས་རྒྱུ་དང་ཐེར་འདོན་བྱེད་འདོད་ཡོད་པ་དེ་དག་གིས་ཤོག་བུ་དེ་བཞེས་རོགས་གནང་། ཤོག་བུ་དེ་བཞེས་ནས་ཀློག་རོགས་གནང་། ཀློག་ཚར་ན་མེར་བསྲེག་གཏོང་བ་མ་གཏོགས་དེ་དབྲལ་ནས་ལྡུམ་རྭ་དེ་དག་བཙོག་པ་མ་བཟོ་རོགས་གནང་། ང་ཚོའི་ལྡུམ་རྭའི་ནང་དཀའ་ལས་ཆེ་ཤོས་དེ་ཤོག་སྙིགས་སྒྲུག་མ་ཚར་བར་བསྡད་དགོས་རྒྱུ་དེ་རེད། ད་ལྟ་ངས་ལབ་པ་དེ་དག་ཁ་ཟིན་སྣ་ཟིན་བྱས་ནས་ཡིག་ཐོག་ལ་བཀོད་ཡོད། ཡིག་ཐོག་ལ་བཀོད་དགོས་པ་དེ་ཡང་གང་རེད་ཅེ་ན། འདིར་ཁ་ནས་བཤད་པ་ཙམ་གྱིས་ཚང་མའི་བློ་ལ་ངེས་ཀྱི་མ་རེད། འདི་ནས་ཕྱི་ལ་འཐོན་དུས་འཐོར་འགྲོ་གི་རེད། དེས་ན་ཁྱེད་རང་ཚོས་དགོངས་པ་བཞེས་རྒྱུའི་དོན་དང་། གོ་བརྡ་སྤྲོད་རྒྱུའི་དོན་དུ་ངས་ཡིག་ཐོག་ཏུ་འབྲི་རུ་བཅུག་པ་རེད། དེ་ནི་ལས་བྱེད་པ་ཚོས་དཀའ་ལས་བརྒྱབས་པ་དང་། ལྕགས་པར་བརྒྱབས་པ། དེ་ནས་སྣུམ་པར་བཏོན་པ། དེང་སང་སྣུམ་པར་བཏོན་རྒྱུའང་རིན་གོང་ཆུང་ཆུང་མ་རེད། གང་ལྟར་ཚང་མ་བསྡོམས་ན་འགྲོ་སོང་མང་པོ་ཞིག་ཕྱིན་ཡོད་རེད། དེ་འདྲ་བྱེད་རྒྱུ་དེའང་ཏོག་ཙམ་ཕན་ཐོགས་ན་བསམས་ནས་བྱེད་ཀྱི་ཡོད་རེད་མ་གཏོགས། བྱེད་རྒྱུ་མ་རྙེད་ནས་བྱེད་ཀྱི་ཡོད་མ་རེད། ང་ཚོས་མི་དང་མི་ཐུག་ནས་སྐད་ཆ་བཤད་དེ་་ཡི་གེ་དེ་སྤྲད་ན་ཕན་ཐོགས་འདྲ་ཡོང་གི་རེད་བསམས་ནས་ཡི་གེ་སྤྲོད་ཀྱི་ཡོད་རེད། དེ་ནི་དོན་དག་གཅིག་རེད། དོན་དག་གཉིས་པ་ནི་ཁྱེད་རང་ཚོ་གུང་གསེང་ལ་ཕྱིན་ནས་ཚུར་ལོག་རྒྱུ་དེར་ལོ་ལྟར་་རྙོག་ཁྲ་ཡོང་གི་ཡོད་རེད། དེས་ན་ད་རིང་ལམ་སྟོན་དེ་དག་ཚང་མ་ཡིག་ཐོག་ལ་བཀོད་ནས་ཁང་ཚན་དགེ་རྒན་ཚོའི་ཕྱག་ཏུ་ཡོད། སློབ་ཕྲུག་ཚང་མས་བཞེས་དགོས་ཀྱི་རེད། དོན་དག་གསུམ་པ་ནི་དོ་དགོང་འདིར་འཛོམས་པ་དེས་སང་ཉིན་འབྱོར་ཐོའི་གོ་ཆོད་ཀྱི་ཡོད་མ་རེད། སང་ཉིན་འཆར་ཅན་གྱི་འབྱོར་ཐོ་ལེན་དགོས་ཀྱི་རེད། སང་ཉིན་ཉིན་དགུང་རྒྱབ་ནས་གུང་གསེང་མགོ་ཚུགས་ཀྱི་ཡོད་རེད། དེ་ནས་ཉི་མ་དྲུག་ཅུ་རེ་དྲུག་རྫོགས་རྗེས་ཕྱི་ཟླ་ ༧ ཚེས་ ༢༦།༢༧ གང་རུང་ལ་ཚུར་འཛོམས་རྒྱུ་རེད། སྐབས་དེར་ཚུར་ལོག་མི་ཕེབས་མཁན་གྱི་རིགས་གཅིག་ཀྱང་ཡོད་ཀྱི་རེད། དེའི་ནང་ལ་ཡག་དྲགས་ནས་ཚུར་མི་ཕེབས་མཁན་གྱི་རིགས་གཅིག་དང་། ཡང་ཁ་ཤས་ཚུར་ཡོང་རྒྱུ་ལ་རེ་བ་མེད་པའང་ཡོད་སྲིད་ཀྱི་རེད། ཚུར་མི་ཕེབས་མཁན་དེ་དག་ལ་ག་ལེར་ཕེབས་རོགས་གནང་ཞེས་ཞུ་རྒྱུ་དང་། ཚུར་ཡོང་མཁན་གྱི་རིགས་དེ་དག་ལ་དུས་ཚོད་ཏག་ཏག་ལ་ཡོང་རྒྱུ་དང་། གུང་གསེང་གི་དུས་ཚོད་དེ་དག་ཡག་པོ་བྱས་ནས་བེད་སྤྱོད་གཏང་རྒྱུ་དང་། གུང་གསེང་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཡོད། སང་ཉིན་འདིར་འབྱོར་ཐོ་རྒྱག་པའི་སྐབས་སུ་སློབ་ཕྲུག་ཚང་མ་འཛོམས་དགོས་ཀྱི་རེད་མ་གཏོགས། འབྱོར་ཐོའི་སྐབས་ཆད་རྟགས་ཐེབས་པ་ཡིན་ན་དེ་ལ་སྐུ་ངལ་ཡོང་གི་རེད། དེ་བཞིན་རྗེས་སུ་ཚུར་འཛོམས་ནས་འབྱོར་ཐོ་བརྒྱབ་པའི་སྐབས་སུའང་ཏག་ཏག་སླེབས་པ་ཞིག་དགོས་ཀྱི་རེད། ད་དེ་ག་རང་ཡིན། ད་རིང་རྒྱུན་རིང་པོ་ཞིག་གི་བར་དུ་ཁྱེད་རང་ཚོ་ལ་ངས་གཅིག་བཤད་ཀྱིན་བསྡད་པ་རེད། ཚང་མས་དོ་སྣང་བྱས་ནས་གསན་པ་དེ་ལ་ཐུགས་རྗེ་ཆེ། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ཅེས་གསུངས།། །།
(ཕྱི་ལོ་ ༡༩༨༧ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་དགེ་ལས་སློབ་གཉེར་བ་ཡོངས་ལ་སློབ་ཁང་འདིའི་དམིགས་ཡུལ་དང་། སྒྲིག་ཁྲིམས། སློབ་ཚན་འཇོག་སྟངས། རྒྱུགས་སྤྲོད་ལེན་སྟངས་སོགས་ཀྱི་སྐོར་གནང་བའི་གསུང་བཤད་དེ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་འཁོར་བའི་འཁྲུངས་ཚེས་སྲུང་རྩིའི་སྐབས་སུ་དཔར་སྐྲུན་བྱས་པའི་དཔེ་དེབ་ལས་བླངས་པ་དེ་ལ་ཞུ་སྒྲིག་ཕྲན་བུ་ཞུས།)