ྋགོང་ས་ྋསྐྱབས་མགོན་ཆེན་པོས་བསྐྱངས་དང་སྐྱོང་བཞིན་པའི་བླ་ན་མེད་པའི་མཛད་ཆེན་རྣམ་གསུམ་མམ།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་༢༠༠༩ ཕྱི་ཟླ་༩ ཚེས་༢༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བསྐྱངས་དང་སྐྱོང་བཞིན་པའི་བླ་ན་མེད་པའི་མཛད་ཆེན་རྣམ་གསུམ་མམ་ཐུགས་བསྐྱེད་རྣམ་གསུམ་དང་འབྲེལ་བའི་ཐོག་དུས་རབས་ཉེར་གཅིག་པའི་ནང་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཐོག་གནང་བའི་གསུང་བཤད།
༄༅།། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམ་པ་ཚོར་ཐོག་མར་འཚམས་འདྲི་དང༌། གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་ད་ལྟ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་མཆོག་ནས་གསུངས་པ་ལྟར། དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་གསུམ་དང་འབྲེལ་བའི་དུས་རབས་ཉེར་གཅིག་པའི་ནང་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཐོག་ནས་གཏམ་བཤད་བྱེད་རྒྱུ་དེ་རེད། རྣམ་རྒྱལ་གྲྭ་ཚང་ནི་སྐུ་བཅར་གྲྭ་ཚང་ཞེས་སྔར་བོད་དུ་ཡོད་དུས་ནས་ཡོངས་གྲགས་རེད། དེས་ན་རྒྱལ་བ་རིན་པོ་ཆེའི་སྐུ་བཅར་སྐུའི་བ་སྤུའི་ཁུང་བུའི་གྲས་སུ་བརྩིས་ཏེ་སྔར་ང་ཚོ་བོད་དུ་ཡོད་སྐབས་ནས་ཚང་མས་སྲི་ཞུ་གུས་འདུད་དང་སྐྱབས་གནས་གཙོ་བོར་གཟུང་རྒྱུའི་གྲྭ་ཚང་ཞིག་ཆགས་ཡོད།
ཕྱི་ལོ་༡༩༥༩ ལོའི་དུས་ཟིང་གི་རྗེས་སུ་ཐོག་མར་བཞུགས་སྒར་རྡ་སར་འབྱོར་སྐབས་གྲྭ་ཚང་གི་སྐུ་ཞབས་ཉུང་ཤས་ལས་མེད་ཅིང༌། སྐབས་དེར་ས྄ཝརྒཨཱཤྲམ་ལ་གསོལ་ཚོགས་འཚོགས་པའི་སྐབས་སུ་གཟིམ་ཆུང་དབུས་མའི་ནང་ཚང་མ་ཤོང་ཙམ་ཡོད། དེ་རྗེས་མུ་མཐུད་ཡར་རྒྱས་སུ་སོང་སྟེ་ད་ཆ་དགེ་འདུན་འདུས་ཚོགས་ཧ་ཅང་ཆེན་པོ་དང༌། སྔར་ནས་ཕྱག་རྒྱུན་དུ་ཡོད་པའི་ཆོ་ག་ཕྱག་ལེན་གྱིས་མཚོན་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་ཞབས་ཀྱི་ཞུ་སྒོ་རྣམས་ཧ་ཅང་ཚགས་ཚུད་གནང་ཐུབ་པར་རྗེས་སུ་ཡི་རངས་ཡོད།
ལྷག་པར་དུ་བར་ལམ་ཞིག་ནས་ཤེས་ཡོན་གྱི་ཐོག་ལ་ཐུགས་སྣང་བཞེས་ཏེ་གཞུང་ཆེན་དང་མཚན་ཉིད་སོགས་ལ་གསན་བཞེས་གནང་འགོ་ཚུགས་ཡོད། དེ་ནི་དེ་སྔ་བོད་དུ་ཡོད་སྐབས་མེད་པར་བཙན་བྱོལ་དུ་གསར་གཏོད་གནང་བ་ལྟ་བུ་ཞིག་རེད། དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རླབས་ཆེན་གྱི་ཕན་ཐོགས་དང༌། མ་འོངས་པར་ཡང་བསྟན་པ་དང་ཆབ་སྲིད་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་བའི་གཞི་རྩ་ཞིག་ཆགས་ཡོད། དེས་ན་བཙན་བྱོལ་བོད་གཞུང་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་གྲྭ་ཚང་གི་སྐུ་ཞབས་མི་རེ་ངོ་རེ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ལྷག་པར་འདས་པའི་ལོ་ངོ་ལྔ་བཅུའི་རིང་གྲྭ་ཚང་ནང་ཐུགས་མཐུན་ཁྲིམས་གཙང་བྱུང་བ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་གྱུར་འདུག་སྙམ།
ཁྱེད་ཚོས་མཁྱེན་གསལ་བཞིན་ྋརྒྱལ་བ་སྐུ་ཕྲེང་གསུམ་པ་སོག་ཡུལ་དུ་ཕེབས་པའི་ལོ་༡༧༥༤ ནས་བརྩི་ན་རྣམ་རྒྱལ་གྲྭ་ཚང་འདི་སྐུ་བཅར་གྲྭ་ཚང་ཆགས་ནས་ལོ་༤༣༥ ཙམ་འགྲོ་ཞིང༌། ཕན་བདེ་ལེགས་བཤད་གླིང་ཞེས་པའི་མཚན་ནི་དེ་སྔ་ནས་ཡོད་མུས་རེད། ྋརྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་སྐབས་ཆིབས་ཞབས་སུ་དགེ་འདུན་པ་ཉུང་ཤས་ཤིག་འཁྲིད་གནང་མཛད་པ་དེ་རྣམས་ཀྱིས་རྣམ་རྒྱལ་ཚེ་ཆོག་མ་རྒྱུན་འདོན་གནང་བར་བརྟེན། རྣམ་རྒྱལ་གྲྭ་ཚང་ཞེས་པའི་མཚན་དེ་བྱུང༌།
ང་ཚོ་བོད་དང་རྒྱ་གར་གྱི་གནས་སྟངས་ཐོག་ནས་ལོ་༤༣༥ ཞེས་བརྗོད་སྐབས་དུས་ཡུན་དེ་ཙམ་རིང་པོ་མིན་པ་ཞིག་ཚོར་ཡང༌། ཨ་རི་ལྟ་བུར་མཚོན་ན་ལོ་སུམ་བརྒྱ་བཞི་བརྒྱ་རེད་ཅེས་བརྗོད་སྐབས་དེ་ནི་ཧ་ལམ་བྱུང་རབས་ཀྱི་སྔོན་དུ་ཡིན་པ་ལྟ་བུ་ཞིག་ཏུ་བརྩི་གི་ཡོད། དེས་ན་དུས་ཡུན་ཧ་ཅང་རིང་པོའི་བྱུང་རབས་ཡོད་པ་ཞིག་དང༌། དེ་ཡང་རྒྱུད་པ་བར་མ་ཆད་པར་གནས་པའི་གྲྭ་ཚང་ཞིག་ཡིན་སྟབས། དེ་ལ་གཟི་བརྗིད་དང་བྱིན་རླབས་ཀྱི་མཚན་ཁ་ཆེན་པོ་ཞིག་ཡོད་པ་བཤད་མ་དགོས།
དེ་རིང་གི་བརྗོད་གཞི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་གསུམ་དང་འབྲེལ་བའི་དུས་རབས་ཉེར་གཅིག་ནང་སྐུ་བཅར་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཞེས་པའི་བརྗོད་གཞི་བཞག་པ་དེ་ནི་སྤྱིར་བཏང་ཁྱེད་ཚོས་ང་ཚོ་ལ་ཚུར་གསུང་དགོས་པ་ལྟ་བུ་ཞིག་རེད། གང་ཡིན་ཞེ་ན། སྐུ་བཅར་གྲྭ་ཚང་ནི་རྟག་ཏུ་ཕོ་བྲང་གི་འདབས་ཆགས་སུ་བཞུགས་མུས་དང༌། བཞུགས་སྒར་རྡ་སར་ཡིན་ཚེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་ཆོས་དང༌། བཀའ་སློབ་ལམ་སྟོན་ཡོད་ཚད་ལ་མཉམ་བཅར་གནང་རྒྱུ་དང༌། ཆོས་དང་ཟང་ཟིང་ལ་མཉམ་སྤྱོད་གནང་རྒྱུའི་སྐལ་བཟང་ཡོད་པའི་གྲྭ་ཚང་ཞིག་རེད།
ཕྱིའི་རྒྱལ་ཁབ་དང༌། རྒྱ་གར་གྱི་ས་གནས་ཁག་ཏུ་ྋགོང་ས་མཆོག་གི་གསུང་ཆོས་ཕལ་མོ་ཆེའི་གསུང་ཞབས་སུ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ཕེབས་ཀྱི་ཡོད། ལྷག་པར་དུས་འཁོར་དབང་ཆེན་ལྟ་བུར་མཚོན་ན་གྲྭ་ཚང་གི་གསུང་ཞབས་མེད་པར་གནང་ཐབས་མེད་པ་ཞིག་རེད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་གི་རྒྱུན་མང་ཤོས་དེ་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ཐོབ་ཡོད་ཅིང༌། ཧ་ལམ་སངས་རྒྱས་ཞལ་བཞུགས་སྐབས་སུ་ཀུན་དགའ་བོ་དང་མཚུངས་པ་ལྟ་བུ་རེད་ཅེས་ཞུས་ནའང་མ་འགྲིགས་པ་མེད་སྙམ།
ཕྱོགས་གཞན་ཞིག་ནས་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་དང༌། མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པ། རྣམ་གྲངས་མི་འདྲ་བ་མཐའ་ལས་འདས་པ་ཞིག་ཡིན་སྟབས། ང་ལྟ་བུ་ཞིག་གིས་ཆ་ཚང་དགོངས་པ་ལོན་པ་ཧ་ཅང་ཁག་པོ་རེད། སྤྱིར་བཏང་ང་རྒྱ་གར་དུ་སླེབས་པ་ནས་བཟུང་བོད་གཞུང་མང་གི་ལས་དོན་སྒྲུབ་པའི་ཁུལ་རེད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་གསུང་ཆོས་ཉུང་ངུ་ལས་ཐོབ་མེད། ཕྱི་ལོ་༡༩༥༩ དང་༡༩༦༠ ནང་རྡ་སར་བསྡད་སྐབས་གསུང་ཆོས་མང་པོ་དེ་ཙམ་གནང་གི་མེད་རུང༌། གང་གནང་བ་རྣམས་ཐོབ་ཡོད། དེ་བཞིན་དེ་སྔ་བོད་དུ་ྋགོང་ས་མཆོག་གི་གསུང་ཆོས་ཆེ་ཆུང་ཚང་མ་ཐོབ་ཡོད། དེ་རྗེས་རྡ་ས་ནས་ཕྱི་ལ་ཐོན་པ་ནས་བཟུང་ྋགོང་ས་མཆོག་གི་གསུང་ཆོས་ཧ་ཅང་ཆེ་ཁག་རེ་ཟུང་ཙམ་ལས་མང་ཆེ་བར་བཅར་ཐུབ་མེད། འདས་པའི་ལོ་ངོ་བརྒྱད་རིང་རྡ་སར་གཏན་འཇགས་བསྡད་ཁུལ་ཡིན་ནའང་གསང་བ་རྒྱ་ཅན་གྱི་བཀའ་དབང་དེ་མ་གཏོགས་ཞུས་ཐུབ་མེད།
དེས་ན་རྒྱལ་བ་རིན་པོ་ཆེའི་མཛད་ཆེན་རྣམས་ཀྱི་སྐོར་ལ་ངས་བཤད་ཁུལ་བྱེད་ན་ནོར་འཁྲུལ་ཡོང་སྲིད། འོན་ཀྱང་ཀུན་དགའ་བོས་བདེ་བཞིན་གཤེགས་པ་ལས་གསུམ་ཆ་གཅིག་ཙམ་ཐད་ཀར་ཐོས་ཀྱང༌། གསུམ་ཆ་གཉིས་ཙམ་ཉན་ཐོས་གཞན་དང་གཞན་བརྒྱུད་ནས་ཐོས་པ་རེད་ཅེས་བརྗོད་སྲོལ་ཡོད་པ་ལྟར། གཞན་དང་གཞན་བརྒྱུད་ནས་དཔེར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྗགས་རྩོམ་དང༌། སྒྲ་འཛིན་འཁོར་ཐག་ལྟ་བུ་ཕྲན་བུ་ཉན་ཡོད་ལ། དེ་མིན་དངོས་སུ་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་ཀྱང་ཕྲན་བུ་རེ་ཐོབ་ཡོད། འོན་ཀྱང་རྒྱལ་བ་རིན་པོ་ཆེའི་དགོངས་པ་ཇི་མ་ཇི་བཞིན་འདི་རེད་ཅེས་ངས་ཞུ་ཐུབ་ཐབས་མེད།
ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ངས་གང་འདྲ་ཞིག་ཚོར་བ་དང༌། རྟོགས་པ། ང་རང་གི་བསམ་ཚོད་ལ་དགོངས་པ་འདི་འདྲ་ཞིག་མིན་ནམ་སྙམ་པ་དེ་དག་ཁྱེད་ཚོའི་མཉམ་དུ་ཐུན་མོང་དུ་བྱེད་ན་ཉེས་པ་ཨེ་ཡོད་བསམ་གྱི་འདུག གཅིག་བྱས་ན་ངས་གོ་བ་ནོར་ནས་བརྒྱབ་སྲིད། ཡང་གཅིག་བྱས་ན་ངས་གོ་བ་ཏག་ཏག་ཐེབས་པའང་སྲིད། དེས་ན་ད་ལྟ་ངས་གང་ཞུས་པ་རྣམས་ནི་ང་རང་གི་བསམ་ཚུལ་དང་གོ་ཚུལ་ཡིན་ཞིང༌། དེ་ནི་ྋརྒྱལ་བ་རིན་པོ་ཆེའི་དགོངས་པའང་ཡིན་སྲིད་ལ། ཡང་རྒྱལ་བ་རིན་པོ་ཆེའི་དགོངས་པ་མ་རྟོགས་པ་ཡང་ཡིན་སྲིད། དེ་ཐོག་མ་ནས་མཁྱེན་པ་གནང་དགོས་ཞེས་ཞུ་རྒྱུ་ཡིན།
སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་བཟུང་ནས་ད་བར་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་སྤྲུལ་ལམ་བཀོད་པ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང༌། མཁས་དབང༌། གྲུབ་ཐོབ། གཏེར་སྟོན། ཐ་ན་བྱ་དང་རི་དྭགས། གཟིངས་དང་ཟམ་པ་ཚུན་ཆད་ཀྱི་རྣམ་པར་གང་ལ་གང་འདུལ་གྱི་རོལ་པ་མཐའ་ཡས་པ་ཞིག་བཞེས་ཡོད་པ་བཤད་ཀྱི་ཡོད་ལ། ལྷག་པར་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་བཞིའི་ནང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་སྟེ་ད་བར་གསུམ་ལྡན་ངུར་སྨྲིག་འཛིན་པའི་གཟུགས་སུ་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱི་རྣམ་པར་བྱོན་ནས་ད་ལྟ་སྐུ་ཕྲེང་བཅུ་བཞི་པ་བྱོན་ཟིན། སྐུ་ཕྲེང་བཅུ་བཞི་པོ་དེའི་ནང་ནས་སྐུ་ཕྲེང་དགུ་པ་དང༌། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་བཅས་སྐུ་ན་ཆུང་ངུ་ནས་དགོངས་པ་གཞན་དོན་དུ་གཤེགས་པ་ཡིན་སྟབས། དེ་ཙམ་གྱི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་བྱུང་མེད་པ་ལས། དེ་འཕྲོས་ཀྱི་སྐུ་ཕྲེང་བཅུ་པོ་རྣམས་བསྟན་པ་དང༌། ཆབ་སྲིད། བོད་འབངས་སྤྱིའི་དོན་ལ་ཐུགས་བསྐྱེད་མཛད་འཕྲིན་ནམ་མཁའ་དང་མཉམ་པ་བསྐྱངས་པའི་ཉེར་ལེན་ལས་ད་ཆ་བོད་གངས་ཅན་གྱི་ལྗོངས་འཇིག་རྟེན་འདིའི་ཐོག་ཆོས་དང་རིག་གཞུང་ལེགས་བྱང་བཟང་པོའི་འབྱུང་ཁུངས་ལྟ་བུ་ཞིག་ཏུ་བརྩི། དེས་ན་ང་ཚོས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་དགོས། དེ་ལྟར་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་ནང་ནས་རླབས་ཆེན་གྱི་མཛད་པ་མཐའ་ཡས་པ་དང༌། གདུལ་བྱ་ཧ་ཅང་མང་པོ་སྐྱོང་བ། དེ་བཞིན་འཇིག་རྟེན་གྱི་ཡུལ་གྲུ་ཧ་ཅང་མང་པོའི་ནང་ཞབས་ཀྱིས་བཅག་མཁན་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་མ་གཏོགས་བྱུང་མེད།
ཕྱི་ལོ་༡༩༥༢ ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་ངས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ཞལ་མཇལ་ཐོབ་སོང༌། ྋརྒྱལ་དབང་འདིའི་སྐུ་མདུན་ནས་ཆོས་མཇལ་ཐོག་མ་དེ་ཡང་སྐྱེས་རབས་སོ་བཞི་པའི་ནང་རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་དེ་ཞུ་རྒྱུ་བྱུང༌། སྐབས་དེར་ྋགོང་ས་མཆོག་དགུང་ལོ་༡༦ རེད། ང་རང་སྐབས་དེར་ལོ་བཅུ་གསུམ་བཅུ་བཞི་ཞིག་ཡིན། དེ་ནས་ད་བར་གསུང་གི་བདུད་རྩི་ཞུ་རྒྱུའི་གོ་སྐབས་བྱུང༌།
ཕྱི་ལོ་༡༩༥༢ ལོའི་སྟོན་ཁར་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་འབྲས་སྤུངས་སྒོ་མང་ནང་ལམ་རིམ་གྱི་གསུང་ཆོས་རྒྱས་པ་ཞིག་གནང་ཞིང༌། དེ་གྲོལ་བའི་ཉིན་མོ་དེར་སེམས་བསྐྱེད་ཀྱི་ཆོ་ག་དང་བཅས་བསྔོ་བ་དང་སྦྲགས་ཏེ་བཀའ་སློབ་རྒྱས་པོ་ཞིག་གནང་བའི་སྐབས་སུ་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་དང༌། ྋརྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། ྋརྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོ་བཅས་གསུམ་བསྡོམས་པ་ལས་མཛད་འཕྲིན་དང་སྐུ་ཡོན་རྒྱས་པ་ཞིག་ཕེབས་རྒྱུར་ཐེ་ཚོམ་མི་དགོས་ཞེས་བཀའ་གནང་སོང༌།
དེ་ནས་ཞལ་ཤོབ་དང་སྦྲགས་ང་སྡེ་པ་གཞུང་གི་ལྟོ་གཟན་པ་ཞིག་ཡིན་སྟབས། སྤྲེལ་ལད་བཤད་པ་རེད་མ་དྲན་ཨང༌། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་རྒྱབ་འཁྱོག་ན་ྋརྒྱལ་དབང་སྐུ་ཕྲེང་འདི་ཉིད་སྔར་མ་བྱུང་བའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་སྐྱེས་བུ་དམ་པ་ཁྱད་པར་བ་ཞིག་འབྱོན་ངེས་པ་ཡིན། ཚང་མས་གསོལ་བ་སྨོན་ལམ་འདེབས་དགོས། སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་ཞེས་བཀའ་ཕེབས་སོང༌། སྐབས་དེར་ང་རང་ཕྲུ་གུ་ཆུང་ཆུང་གི་བསམ་བློའི་ནང་ྋརྒྱལ་བ་སྐུ་ཕྲེང་དང་པོ་དང༌། ལྔ་པ། བདུན་པ་བཅས་ནི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་མཁས་པའི་མཛད་པ་རྒྱས་ཤོས་རྣམས་ཡིན་པས་དེ་གསུམ་བསྡོམས་པ་ནི་གང་འདྲ་ཡིན་ནམ། དེ་ནི་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་རེད་དྲན་མྱོང༌། ད་ལྟ་ཕྱིར་བལྟས་སློག་སྐབས་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་གསུངས་པ་དེ་དངོས་གནས་ངེས་པ་དོན་གྱི་གསུང་རྗེན་པ་ཞིག་རེད་འདུག་སྙམ་པ་ཡང་ཡང་ཡོང་གི་ཡོད།
དེ་ལྟ་བུའི་མཛད་པ་འཕྲིན་ལས་སྐྱོང་བའི་སྐུ་ཕྲེང་བཅུ་བཞི་པའི་རླབས་ཆེན་གྱི་མཛད་ཆེན་གསུམ་ཞེས་པ་ཞིག་ཁྱེད་ཚོས་ངོས་འཛིན་གནང་ཡོད་ཅིང༌། དེ་ནི་སྐུ་མདུན་ནས་ནམ་རྒྱུན་དམིགས་བསལ་ཐུགས་བསྐྱེད་ཀྱི་སྐོར་ལ་བཀའ་གནང་སྐབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཐུགས་བསྐྱེད་དང་པོ་དང༌། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་ཡོང་བའི་འབད་བརྩོན་གནང་རྒྱུ་དེ་ཐུགས་བསྐྱེད་དམ་བཅའ་གཉིས་པ། བོད་མི་ཞིག་དང་བོད་པའི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་སྐྱེ་འགྲོའི་བདེ་ཐབས། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་བྱ་རྒྱུ་སོགས་ཀྱི་ཐོག་ལ་ཐུགས་འགན་བཞེས་རྒྱུ་ཐུགས་བསྐྱེད་གསུམ་པ་དེ་ཡིན་ཞེས་བཀའ་གནང་གི་ཡོད།
དེ་ལ་ཁྱེད་ཚོས་མཛད་ཆེན་གསུམ་ཞེས་ངོས་འཛིན་གནང་ནས་ད་ལན་ང་ལ་གཏམ་བཤད་ཞུ་རྒྱུའི་བརྗོད་གཞིར་བཞག་འདུག དེ་ནི་ཁྱེད་ཚོས་གོ་བ་ལེན་སྟངས་དང༌། འདེམས་སྒྲུག་བྱེད་སྟངས་དེ་ཧ་ཅང་ཡག་པོ་བྱུང་འདུག་བསམ་གྱི་ཡོད། མཛད་ཆེན་གསུམ་པོ་དེ་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡན་ཆད་ཀྱིས་ཞལ་གསལ་པོ་མ་གསུངས་པ་དང༌། ཕྱག་ལེན་དུ་བསྟར་མ་ཐུབ་པའི་འཕྲིན་ལས་ཀྱི་ཆ་ཤས་སམ། ཡང་ན་སྐུ་ཕྲེང་བཅུ་བཞི་པ་རང་ཉིད་ཀྱིས་གསར་གཏོད་གནང་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་རེད་སྙམ།
ཕྱོགས་གཞན་ཞིག་ནས་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡན་ཆད་ཀྱིས་བོད་དང༌། སོག་པོ། རྒྱ་ནག་བཅས་དེ་ཙམ་གྱི་སྐྱེ་འགྲོའི་བདེ་ཐབས་མ་གཏོགས། འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་དངོས་སུ་མཛད་འཕྲིན་བསྐྱང་རྒྱུའི་གོ་སྐབས་བྱུང་མེད། དེ་ནི་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་སྟབས། མཛད་ཆེན་གསུམ་པོ་འདི་ཡང་དེ་དང་དེ་བཞིན་ཆགས་ཡོད་ཅིང༌། ཁྱེད་ཚོས་ངོས་འཛིན་གནང་ཐུབ་པ་དེ་གང་ལེགས་བྱུང་འདུག
ང་ཚོ་བོད་པའི་སྤྱི་ཚོགས་ནང་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་མཛད་པ་འཕྲིན་ལས་འདི་དག་ལ་དམིགས་བསལ་དོ་སྣང་བྱས་ཏེ་སློབ་སྦྱོང་དང་ཉམས་ཞིབ་གནང་མཁན་ཕྲན་བུ་ཉུང་བ་རེད། ཧ་ལམ་གྲོང་པའི་བླ་མ་ལྟ་བུ་རྒྱུན་དུ་མཇལ་ཆོག་ཆོག་དང༌། ཉན་ཆོག་ཆོག་ཡོད་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་དཀོན་པའི་འདུ་ཤེས་དེ་ཙམ་མེད། དཀོན་པའི་འདུ་ཤེས་མེད་ན་དེ་ལ་གཅེས་པའི་འདུ་ཤེས་ཡོང་དཀའ། ལེགས་སྦྱར་གྱི་སྐད་དུ་དཀོན་མཆོག་ཅེས་པའི་ཚིག་ནང་དཀོན་པའི་དོན་དངོས་སུ་མེད་ཀྱང༌། དོན་དུ་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། ཞེས་སོགས་ཀྱི་ཚིག་ནས་དྲངས་ཏེ་བོད་སྐད་ཀྱི་སྐྱབས་གནས་ལ་དཀོན་མཆོག་ཅེས་དཀོན་པའི་ཚིག་དེ་སྦྱར་ཡོད། དེ་སྦྱར་དགོས་པའི་རྒྱུ་མཚན་ནི་དཀོན་མཆོག་ལ་དཀོན་པའི་འདུ་ཤེས་སྐྱེ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དེའི་དབང་གིས་རེད། དཀོན་པའི་འདུ་ཤེས་མེད་ན་དེ་ལ་མཆོག་གི་འདུ་ཤེས་དང༌། གཅེས་འཛིན་གྱི་འདུ་ཤེས་ཡོང་དཀའ། དེས་ན་བོད་མི་རྣམས་ལ་ྋརྒྱལ་བ་རིན་པོ་ཆེའི་མཇལ་ཁ་དང་གསུང་ཆོས་ཞུ་རྒྱུ་བཅས་ལ་དཀོན་པའི་འདུ་ཤེས་མེད་པ་མ་ཟད། ནུབ་ཕྱོགས་པ་བཞིན་དེ་ཙམ་གྱི་དོ་སྣང་བྱེད་མཁན་ཡང་མེད་པ་ལྟ་བུ་ཞིག་འདུག
ད་ལྟ་ཕན་ལ་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ཡིག་ཐོག་ཏུ་ཕབ་སྟེ་འགྲེམས་སྤེལ་བྱེད་མཁན་ནུབ་ཕྱོགས་ཀྱི་མགོ་སེར་བ་ཤ་སྟག་རེད། བོད་པའི་ནང་ནས་དམིགས་བཀར་རིགས་གཅིག་རྐང་འཛིན་ཐོག་ནས་ྋསྐྱབས་མགོན་པོ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་དང༌། མཛད་པ་འཕྲིན་ལས་ལ་དོ་སྣང་བྱེད་མཁན་དཀོན་པོ་རེད། དེ་ལྟ་བུའི་གནས་སྐབས་སུ་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་གཞོན་གྲས་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་མཛད་ཆེན་གསུམ་གྱི་སྐོར་ལ་ཐུགས་སྣང་གནང་བ་དེ་ལ་དངོས་གནས་ང་ཧ་ཅང་དགའ་པོ་བྱུང༌། ཁྱེད་ཚོས་ཏན་ཏན་ཐུགས་སྣང་གནང་གི་ཡོད་པར་བརྟེན། དེའི་ཐོག་ལ་སེམས་ཁྲལ་བྱེད་དགོས་པ་མི་འདུག་སྙམ་པའི་གདེང་སྤོབས་རྙེད་སོང༌། དེའི་དབང་གིས་དེ་རིང་ལས་བྲེལ་ཡོད་མེད་ལ་མ་ལྟོས་པར་ཆེ་བཞག་ཆུང་བསྐྱུར་གྱིས་ཁྱེད་ཚོ་མཇལ་ན་ཡག་པོ་ཡོང་ས་རེད་དྲན་བྱུང༌།
སྐུ་མདུན་གྱིས་མང་ཆེ་བར་ཐུགས་བསྐྱེད་དམ་བཅའ་གསུམ་ཞེས་བཀའ་གནང་གི་ཡོད། ཡང་ལོ་ཤས་སྔོན་ནམ་ཐོག་མའི་སྐབས་སུ་ཐུགས་བསྐྱེད་དམ་བཅའ་བཞི་ཞེས་པ་ཞིག་ཀྱང་བཀའ་གནང་ཡོད། སྤྱིར་བཏང་གསུམ་གྱི་ནང་དུ་བཞི་པ་དེ་མ་འདུས་པ་མེད། བཞི་བཀའ་གནང་སྐབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང༌། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་གྱི་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། ནང་པ་ཞིག་ཡིན་པའི་ཆ་ནས་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང༌། ནང་པའི་ཆོས་བརྒྱུད་ནང་ཕན་ཚུན་ལ་གོ་རྟོགས་དང་མཐུན་འབྲེལ་ཡར་རྒྱས་གཏོང་རྒྱུ། བོད་པའི་དབུ་ཁྲིད་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་བཅས་རེད། དེ་ལྟར་བཀའ་སློབ་རྙིང་པ་མང་པོའི་ནང་ཕྱིར་བལྟས་གནང་ན་བཞི་བཀའ་གནང་བའི་གོ་སྐབས་མང་པོ་བྱུང་ཡོད། འོན་ཀྱང་བར་ལམ་ཞིག་ནས་ནང་པ་དང་ཆོས་ལུགས་གཉིས་པོ་གཅིག་བསྒྲིལ་གྱིས་དོན་ཚན་གསུམ་གྱི་བཀའ་མོལ་དེ་མང་བ་གནང་བ་ལྟ་བུ་ཞིག་འདུག དེ་ལྟར་ཐུགས་བསྐྱེད་དམ་བཅའ་གསུམ་ནི་ྋརྒྱལ་བ་རིན་པོ་ཆེའི་སྔོན་མེད་ཀྱི་མཛད་འཕྲིན་དམིགས་བསལ་གསར་གཏོད་ཀྱི་རྣམ་པ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག དེང་སང་འཇིག་རྟེན་འདིར་ཚན་རིག་དང་སྒྱུ་རྩལ་སོགས་སུ་སྔར་མ་གྲགས་པའི་གསར་གཏོད་བྱེད་ན་དེ་ལ་གསར་གཏོད་དང༌། ངོ་མ་སོགས་ཀྱི་ཁྱད་ཆོས་མང་པོ་སྦྱར་ནས་རྩ་ཆེན་པོ་བརྩི་བ་རེད། ང་ཚོས་རྩ་ཆེན་པོ་ལ་རྩ་ཆེན་པོ་ཡིན་པ་ངོས་ཟིན་དགོས་པ་དང༌། དེའི་རིན་ཐང་ཚོད་དཔག་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
ྋགོང་ས་མཆོག་གི་མཛད་ཆེན་གསུམ་མམ་ཐུགས་བསྐྱེད་དམ་བཅའ་གསུམ་པོའི་ཡོང་སྟངས་སམ། དེའི་རྒྱབ་ལྗོངས། ཡང་ན་དེའི་དགོས་མཁོ་ཇི་ལྟར་ཆགས་པ་རེད་ཅེ་ན། སངས་རྒྱས་རང་རང་འཇིག་རྟེན་དུ་བྱོན་སྐབས་གདུལ་བྱ་འདྲེན་ཚུལ་མི་འདྲ་བ་དང༌། ཆོས་ཀྱི་འཁོར་ལོ་སྐོར་སྟངས་མི་འདྲ་བ་ཇི་སྙེད་ཅིག་ཡོང་གི་ཡོད། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ནི་སྐབས་དེ་དང་དེའི་སྤྱི་ཚོགས་སམ་གདུལ་བྱའི་ཁོར་ཡུག་དང་གནས་བབ་མི་འདྲ་བའི་དབང་གིས་རེད། ད་ལྟའི་མཛད་ཆེན་གསུམ་པོ་འདི་ཡང་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་འཇིག་རྟེན་སྤྱིའི་འགྲོ་བ་མིའི་གནས་བབ་དང༌། དངོས་ཡོད་སྡུག་བསྔལ་གྱི་གནས་སྟངས་ལ་གཟིགས་ནས་བྱུང་བ་ཞིག་རེད་ཅེས་ཞུས་ན་མ་འགྲིགས་པ་མེད།
ང་ཚོ་ནང་པས་དེང་སྐབས་སྙིགས་མ་ལྔ་བདོའི་དུས་ཚོད་རེད་ཅེས་བརྗོད་ཀྱི་ཡོད། དེ་ནི་དུས་ཚོད་ཀྱི་ནང་ནས་སྐྱོ་ཤོས་དེ་རེད། སྤྱིར་ནང་པ་དང་དེང་རབས་ནུབ་ཕྱོགས་པས་འཇིག་རྟེན་ལ་ལྟ་སྟངས་གཉིས་མི་འདྲ་ཞིང༌། ང་ཚོ་ནང་པ་དང་ཤར་ཕྱོགས་པ་རྣམས་ཀྱིས་འཇིག་རྟེན་འདི་ཐོག་མར་ཆགས་སྐབས་བསྐལ་པ་རྫོགས་ལྡན་དང༌། བསྐལ་པ་གསུམ་ལྡན། བསྐལ་པ་གཉིས་ལྡན། དེ་ནས་རྩོད་ལྡན་བཅས་རིམ་པར་བྱུང་ཞིང༌། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྐབས་འདིར་སྙིགས་མ་ལྔ་བདོའི་དུས་ཞེས་དེང་སྐབས་དུས་ཚོད་སྡུག་ཤོས་ལྟ་བུ་ཞིག་ཏུ་བརྩི་བ་རེད།རྫོགས་ལྡན་གྱི་དུས་སུ་མི་རྣམས་རང་བཞིན་གྱིས་ཆོས་ལ་སྤྱོད་པ་ལས་ཆོས་མ་ཡིན་པའི་བྱ་བ་གང་ཡང་མི་བྱེད་ཅིང༌། ཆོས་མ་ཡིན་པའི་བྱ་བ་གཅིག་འཇིག་རྟེན་དུ་བྱུང་སྐབས་བསྐལ་པ་དེ་རྫོགས་ལྡན་མིན་པར་གསུམ་ལྡན་དུ་འགྱུར་བ་དང༌། ཆོས་མ་ཡིན་པའི་བྱ་བ་གཉིས་བྱུང་སྐབས་གཉིས་ལྡན། ཆོས་མ་ཡིན་པའི་སྡིག་པ་མི་དགེ་བའི་ལས་ཚང་མ་བྱུང་སྐབས་རྩོད་ལྡན་གྱི་དུས་ཞེས་བརྗོད་ཀྱི་ཡོད། དེ་ནི་ནང་པའི་ལྟ་སྟངས་ཡིན་ལ། ནང་པ་ལས་གཞན་པའི་རྒྱ་གར་གྱི་ཆོས་བརྒྱུད་གཞན་དག་གི་ལྟ་སྟངས་ཀྱང་དེ་རང་ཡིན། དེས་ན་ད་ལྟའི་དུས་ཚོད་ནི་གཉན་འཕྲང་ཅན་དང༌། ཛ་དྲག་གི་བསྐལ་པ་ངན་པ་ཞིག་ལ་བརྩི་བ་ཡིན།
འོན་ཀྱང་ནུབ་ཕྱོགས་པ་དང་དེང་རབས་པ་རྣམས་ཀྱིས་སྔར་གྱི་མི་རྣམས་ཀྱིས་གང་ཡང་མི་ཤེས་པ་དང༌། གང་འཚམས་ནས་རྡོ་དང་ལྕགས་རིགས་ཀྱི་ལག་ཆ་རིམ་བཞིན་བེད་སྤྱོད་བྱེད་པ། ཐོག་མར་རྐང་ལག་བཞི་པོ་ས་ལ་བཙུགས་ནས་འགྲོ་བ་དང༌། རིམ་བཞིན་ཡར་ལངས་ནས་ད་ལྟ་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་རྩེ་མོར་སོན་ནས་མི་རྣམས་བསམ་བློ་ཡག་ཤོས་དང༌། རིག་པ་བཟང་ཤོས་ཀྱི་སྐབས་སུ་སླེབས་པ་ཞིག་ལ་བརྩི་གི་ཡོད། དེ་ནི་འཇིག་རྟེན་གྱི་ལྟ་ཚུལ་མི་འདྲ་བ་ཞིག་ཡིན་པ་ལས། ང་ཚོ་རྡོའི་དུས་རབས་ནས་ཡར་རྒྱས་ཕྱིན་ཏེ་མེ་ཤུགས་འཕུར་མདེལ་གྱི་དུས་རབས་ལ་སླེབས་པའམ། ཡང་ན་བསྐལ་པ་རྫོགས་ལྡན་ནས་མར་ཉམས་ཏེ་རྩོད་ལྡན་དུ་སླེབས་པ་གང་ཡིན་རུང༌། ད་ལྟ་འཛམ་གླིང་གི་མི་རྣམས་སྐྱིད་པོ་དང༌། བག་ཕེབས་པོ་ཞིག་མེད་པ་ནི་འགྲེལ་བརྗོད་མི་དགོས་པར་ཚང་མའི་མཐོང་ཆོས་སུ་ཡོད་པ་དེ་རེད།
ང་ཚོ་ནང་པས་སྙིགས་མ་ལྔ་ནི་སེམས་ཅན་སྙིགས་མ་དང༌། དུས་སྙིགས་མ། ཉོན་མོངས་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིགས་མ་བཅས་ལ་བརྗོད། ྋགོང་ས་ྋམཆོག་གིས་དེ་ལ་བསྡོམས་གནང་སྟངས་ཅུང་ཟད་མི་འདྲ་ཞིང༌། ད་ལྟའི་སའི་གོ་ལ་འདིའི་ཐོག་ཡོད་པའི་མི་རྣམས་ཀླན་ཀ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་ཅེས་གསུང་གི་ཡོད། ཀླན་ཀ་ལྔ་ནི་སྙིགས་མ་ལྔའི་གསུང་སྟངས་གསར་པ་ལྟ་བུ་ཞིག་རེད། ད་ལྟ་ང་ཚོ་ཀླན་ཀའམ་ཉེན་ཁ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་པའི་དབང་གིས་མི་རྣམས་ཧ་ཅང་སྡུག་བསྔལ་གྱིས་མནར་བ་དང༌། ཧ་ལམ་ས་ཡི་གོ་ལ་འདི་ཆགས་འཇིག་གི་སོ་མཚམས་སུ་སླེབས་པ་ལྟ་བུ་ཞིག་ཏུ་གཟིགས་ཀྱི་ཡོད། དེ་ཡང་དངོས་ཡོད་གནས་ཚུལ་ཡིན་པ་ལས། སྙན་ངག་མཁན་གྱིས་སྒྲོ་བཏགས་པ་ལྟ་བུ་ཞིག་ནམ་ཡང་མིན།
དེའི་ནང་གི་ཀླན་ཀའམ་དཀའ་ངལ་དང་པོ་ནི། ཚད་ལས་བརྒལ་བའི་མི་འབོར་འཕེལ་བ་དེ་རེད། མི་འབོར་མཐའ་མེད་འཕེལ་བའི་དབང་གིས་དགོས་མཁོའི་མཐུན་རྐྱེན་ཇི་ཙམ་ཡོད་ཀྱང་མ་འདང་བར་རྟག་ཏུ་དབུལ་ཕོངས་ཀྱི་སྡུག་བསྔལ་དང༌། མི་འདང་བའི་སྡུག་བསྔལ་ཡོད་མུས་རེད། དགོས་མཁོའི་མཐུན་རྐྱེན་ཇི་ཙམ་བསྐྲུན་ཡང༌། མཐུན་རྐྱེན་དེའི་ཡར་རྒྱས་ཀྱི་མགྱོགས་ཚད་དང༌། མི་འབོར་འཕེལ་རྒྱས་ཀྱི་མགྱོགས་ཚད་གཉིས་དོ་མཉམ་གྱི་མེད། ང་ཚོ་རྒྱ་གར་དུ་ལོ་ངོ་ལྔ་བཅུ་ཐམ་པ་ཕྱིན་པ་རེད། ལོ་ངོ་ལྔ་བཅུའི་དུས་ཚོད་ལ་ཕྱིར་བལྟས་བྱེད་ན། སྤྱིར་རྒྱ་གར་ལ་མཐུན་རྐྱེན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རུང༌། དེས་མི་འབོར་འཕེལ་རྒྱས་ཕྱིན་པ་དང་མཉམ་གྱི་མེད། དེས་ན་ད་ལྟའང་མ་འདང་ཤིག་ཤིག་ངང་གནས་ཡོད།
མེ་འཁོར་གསར་པ་ཇི་ཙམ་བཟོས་ཀྱང་འཚང་ཁ་ཆུང་དུ་གཏན་ནས་འགྲོ་གི་མེད། སྔར་ཕྱི་ལོ་༡༩༦༠ ལོར་མེག་ལོར་དུ་ཉིན་གཅིག་ལ་རླངས་འཁོར་ཆེ་བ་ཡོང་མཁན་ཐེངས་གཉིས་ལས་མེད། དེ་ཡང་མང་ཆེ་བ་སྟོང་པ་རེད། རྡ་ཤོད་ཁྲོམ་ནས་ཡོང་མཁན་རྣམས་དགོང་དྲོ་ཆུ་ཚོད་ལྔ་པའི་སྣུམ་འཁོར་ནང་ཡོང་གི་རེད། དེར་པད་ལྔ་བཅུ་རེ་སྤྲོད་དགོས། སྐབས་དེར་ང་ཚོ་མང་ཆེ་བས་པད་ལྔ་བཅུ་སྤྲོད་མི་དགོས་པ་གཙོ་འདོན་གྱིས་གོམ་པ་བརྒྱབས་ནས་ཡོང་རྒྱུར་དགའ་བ་བྱེད་ཀྱི་རེད། ད་ལྟ་སྣུམ་འཁོར་ཆེ་ཆུང་གྲངས་མེད་ཡོད་ཀྱང༌། ཚང་མ་འཚང་ཁ་ཤིག་ཤིག་ལས་སྟོང་པ་ཡོང་མཁན་ཧ་ལམ་མེད། དེས་ན་མི་འབོར་འཕེལ་རྒྱས་འདི་ང་ཚོའི་ཀླན་ཀའམ་སྡུག་བསྔལ་གཅིག་ཡིན།
ཀླན་ཀ་གཉིས་པ་ནི་དཔལ་འབྱོར་འདྲ་མཉམ་མེད་པ་དེ་རེད། ཕྱུག་པོ་རྣམས་ཧ་ལས་པའི་ཕྱུག་པོ་དང༌། དབུལ་ཕོངས་རྣམས་དབུལ་ཐག་ཆོད་ནས་དབུལ་ཕྱུག་གཉིས་ཀྱི་བར་ཁྱད་ལྡབ་མང་པོ་ཕྱིན་པའི་དབང་གིས་ས་ཁུལ་དང༌། ལྗོངས། རྒྱལ་ཁབ་སོགས་མང་པོའི་ནང་འཁོན་འཛིན་དང༌། འཁྲུག་རྩོད། དམག་འཁྲུག་སོགས་ཡང་ཡང་ཡོང་གི་ཡོད། རྒྱ་གར་ལྟ་བུར་མཚོན་ནའང༌། ཕྱུག་པོ་རྣམས་ནི་ཚད་ལས་བརྒལ་བའི་ཕྱུག་པོ་ཆགས་ཏེ་འཛམ་གླིང་ནང་གི་ཕྱུག་བདག་ཨང་གསུམ་པ་དང་བཞི་པར་སོན་པ་མང་པོ་ཡོད་ལ། ཡང་འགའ་ཞིག་དབུལ་ཐག་ཆོད་ནས་ལྟོགས་ཤི་དང་འཁྱག་ཤི་ཐེབས་མཁན། དེ་བཞིན་ཚ་བས་ཤི་མཁན་བརྒྱ་ཕྲག་མང་པོ་ལོ་ལྟར་ཡོང་གི་ཡོད། དེ་ལྟར་དབུལ་ཕྱུག་གི་བར་ཁྱད་དེ་ཡང་དཔལ་འབྱོར་གྱི་ལམ་སྲོལ་གྱི་ཐོག་ནས་བཤུ་གཞོག་དབང་གིས་ཡོང་གི་ཡོད་སྟབས། དེ་ནི་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་མིའི་རིགས་ཀྱི་ཀླན་ཀའམ་སྡུག་བསྔལ་ཆེ་ཤོས་གཉིས་པ་དེ་ཡིན།
ཀླན་ཀ་གསུམ་པ་ནི་མངོན་སུམ་གྱི་འཚེ་བ་དེ་རེད། ད་ལྟ་གོང་དུ་དཔལ་འབྱོར་གྱི་བཤུ་གཞོག་སྐོར་ཞུས་པ་རྣམས་ནི་སྒྲོམ་གཞིའི་འཚེ་བ་ཞེས་པ་དེ་ཡིན། མངོན་སུམ་གྱི་འཚེ་བ་ཞེས་པ་ནི་མེ་མདའ་བརྒྱབས་ནས་བསད་པ་དང༌། དམག་བརྒྱབས་ནས་བསད་པ། དེ་བཞིན་རྡུང་བ་དང༌། རྐུན་ཇག འཇིགས་སྐུལ་རིང་ལུགས་སོགས་སྣ་ཚོགས་དབང་གིས་བྱུང་བ་རེད། མི་སུའང་ས་གནས་གང་དུ་སོང་ཡང་ཉེན་ཁ་མེད་པའི་ཚོར་སྣང་ཡོང་མི་ཐུབ་པར་རྟག་ཏུ་འཇིགས་སྣང་ཐོག་ནས་འགྲོ་དགོས་ཤིང༌། ཁྱེད་ཚོ་གནམ་གྲུའི་ནང་ཕེབས་མྱོང་བ་ཚོས་མཁྱེན་གྱི་རེད། མཚོན་ཆ་མེད་དམ་སྙམ་ནས་ཞྭ་མོ་དང་རྐང་ལྷམ་ཕུད་བཅུག་པ་དང༌། སྐེ་རགས་བཤིག་བཅུག་པ་སོགས་འཇིགས་སྣང་ཇི་ཙམ་མི་འདུག་གམ།
གཞན་ཡང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམག་འཁྲུག་ལྟ་བུར་མཚོན་ན། ཝི་ཏི་ནམ་གྱི་དམག་དང༌། ཨི་རག་གི་དམག ཨབ་གྷ་ནི་སི་ཐན་གྱི་དམག་སོགས་འཛམ་གླིང་ཐོག་གསལ་བསྒྲགས་བྱས་པ་དང་མ་བྱས་པ་གང་ཡིན་རུང་དམག་མེད་པའི་དུས་སྐབས་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀྱི་སྐབས་སུ་བསད་རྨས་བྱུང་བའི་མིའི་གྲངས་འབོར་ལས་དམག་ཆེན་གཉིས་པ་ཚར་ནས་ད་བར་དམག་གི་འོག་ཏུ་ཤི་བའི་གྲངས་འབོར་ལྡབ་བཞིས་མང་བ་བྱུང་ཡོད་ཚུལ་བཤད་ཀྱི་འདུག དེ་ནི་ང་ཚོའི་སྡུག་བསྔལ་ལམ། ཀླན་ཀ ཡང་ན་གདོང་ལེན་བྱེད་དགོས་པའི་ཞན་ཆ་ཆེ་ཤོས་གསུམ་པ་དེ་རེད།
ཀླན་ཀ་བཞི་པ་ནི་ཁོར་ཡུག་ཉམས་ཆག་དེ་རེད། ང་ཚོའི་དྲན་ཐོག་དེ་རང་ལ་ཁོར་ཡུག་ཉམས་ཆག་ཇི་ཙམ་ཕྱིན་ཡོད་པ་ཤེས་གསལ་རེད། འགྲོ་བ་མི་དང་ཐ་ན་སྲོག་ཆགས་འབུ་སྲིན་ཡན་ཆད་ནས་ཆེ་བ་གླང་ཆེན་བར་གྱི་སྲོག་ལྡན་ཚང་མའི་སྲོག་འཚོ་བ་ལ་མེད་དུ་མི་རུང་བའི་དགོས་མཁོ་ནི་འཐུང་རྒྱུའི་ཆུ་གཙང་མ་དང༌། དབུགས་འབྱུང་རྔུབ་ཀྱི་རླུང་གཙང་མ་དེ་རེད། ཁ་ལག་མེད་པར་ཉིན་གྲངས་སུམ་ཅུ་སོ་གྲངས་བསྡད་ཐུབ་པ་དང༌། ཆུ་མེད་པར་ཆུ་ཚོད་སུམ་ཅུ་སོ་གྲངས་དང༌། དབུགས་མ་རྔུབ་པར་སྐར་མ་བཞི་ཙམ་ལས་བསྡད་མི་ཐུབ། ད་ལྟ་ང་ཚོར་འཐུང་རྒྱུའི་ཆུ་གཙང་མ་རག་གི་མེད་ལ། དེ་བཞིན་དབྱུགས་འབྱུང་རྔུབ་ཆེད་རླུང་གཙང་མ་ཡང་རག་གི་མེད། དཔེར་ན། གྲོང་ཁྱེར་ཆེ་ཁག་ནང་མི་མང་པོས་ཁ་རས་གྱོན་པ་དང༌། ཡང་ན་ལག་ཕྱིས་ཀྱིས་བཀབ་ནས་འགྲོ་བ་མཐོང་རྒྱུ་ཡོད། དངོས་གནས་བྱས་ན་ས་ཆུ་མེ་རླུང་བཅས་ཀྱི་འབྱུང་བ་རྣམས་ནི་སུས་ཀྱང་བདག་ཏུ་མ་བཟུང་བར་གང་ནས་ཀྱང་རག་རྒྱུ་ཡོད་པ་ཞིག་ཡིན་དགོས། འོན་ཀྱང་ཆུ་ཉོས་ཏེ་མཉམ་དུ་འཁྱེར་དགོས་ཀྱི་ཡོད། ད་ལྟའི་གནས་སྟངས་མུ་མཐུད་ཕྱིན་ན་ཉིན་ཞིག་དབུགས་གཏོང་རྒྱུ་དེ་ཡང་ཤེལ་དམ་ནང་བླུགས་ནས་མཉམ་འཁྱེར་དགོས་པའི་དུས་ཚོད་ཅིག་ཤར་མི་སྲིད་པ་མིན།
དེ་ལྟར་ཁོར་ཡུག་ལ་ཉམས་ཆག་ཧ་ཅང་ཤུགས་ཆེ་འགྲོ་བར་བརྟེན། ས་ཡི་གོ་ལའི་ཚ་དྲོད་ཀྱང་ཤུགས་ཆེ་འཕར་ཞིང༌། ཉེ་ཆར་གནམ་ཐང་དུ་བོད་ཀྱི་མཚོ་མ་ཕམ་དང་སྟོད་གངས་རིན་པོ་ཆེར་རྟག་ཏུ་གནས་མཇལ་འགྲོ་མཁན་གྱི་རྒྱ་གར་བའི་བླ་མ་ཞིག་ཡོད་པ་དེ་ཐུག་བྱུང༌། ཁོང་ཕྱི་ལོ་༡༩༤༦།༡༩༤༧ ཙམ་ལ་མཚོ་མ་ཕམ་ལ་འགྲོ་བའི་སྐབས་དང༌། ད་ལྟ་མཚོ་མ་ཕམ་ལ་འགྲོ་བའི་སྐབས་གཉིས་བསྡུར་ན། ད་ལྟ་མཚོ་མ་ཕམ་དེ་ཀི་ལོ་མི་ཊར་གཅིག་དང་ཕྱེད་ཙམ་ཆུང་དུ་ཕྱིན་འདུག་ཅེས་གསུངས་སོང༌། ཀི་ལོ་མི་ཊར་གཅིག་དང་ཕྱེད་ནི་ཧ་ཅང་རིང་པོ་རེད། ས་ཡི་གོ་ལའི་ཚ་དྲོད་དེ་ཙམ་ཤུགས་ཆེ་རུ་འགྲོ་གི་ཡོད། དེ་ནི་ད་ལྟའི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་གདོང་ལེན་བྱེད་དགོས་པའི་འཇིགས་པ་ཆེན་པོ་བཞི་པ་དེ་རེད།
མཐའ་མ་སྙིགས་མ་ལྔ་པ་ནི། ཆོས་ལུགས་ཕན་ཚུན་གྱི་འཐེན་འཁྱེར་དེ་རེད། སྤྱིར་བཏང་ཆོས་ལུགས་ཀྱི་འཐེན་འཁྱེར་ཞེས་པ་དེ་ཡོང་ཤེས་ཐབས་མེད། ཆོས་ལ་དད་པ་ཡོད་པ་དང་ཆོས་པ་ངོ་མ་ཞིག་ཡིན་ན། ཆོས་ལུགས་གཞན་ལ་བརྩི་མེད་དང་སྣང་ཆུང་རྩ་བ་ནས་བྱེད་མི་ཤེས་པ་ལྟ་བུ་ཞིག་རེད། འོན་ཀྱང་ཆོས་ཉམས་ནས་ཆོས་ཀྱི་མིང་དང་དེའི་སྒྲིག་འཛུགས་རྣམས་ལྷག་ཡོད་པའི་དབང་གིས་ཆོས་ལུགས་ཀྱི་འཐེན་འཁྱེར་བྱུང་ཞིང༌། དེ་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་དང༌། མཐའ་མ་རྒྱལ་ཁབ་ཁ་བྲལ་དུ་འགྲོ་བ་ཚུན་ཆད་ཡོང་གི་ཡོད། དཔེར་ན་རྒྱ་གར་ལ་མཚོན་ན། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་རྒྱ་གར་འཕགས་པའི་ཡུལ་ཞེས་པ་དེ་ཡུལ་ལུང་གཅིག་རང་རེད། དུས་རབས་ཉི་ཤུ་པའི་ནང་དབྱིན་ཇིས་དབང་སྒྱུར་བྱེད་སྐབས་ཧིན་དྷུ་དང་ཁ་ཆེའི་ཆོས་ལུགས་པ་ཆོས་ཀྱི་མིང་འཁྱེར་ཞིང་ཆོས་ལ་དད་པ་མེད་མཁན་དང༌། ཆོས་ཉམས་ལེན་མི་བྱེད་མཁན་གྱི་མི་རྣམས་བེད་སྤྱོད་བཏང་ནས་མཐར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཙམ་མ་ཟད། དེ་རྗེས་བྷང་ལ་དྷེ་ཤི་བཅས་གསུམ་ཁ་བྲལ་དུ་ཕྱིན་པ་རེད། དེ་དག་ཚང་མ་ཆོས་ལུགས་ཀྱི་མཐུན་ལམ་ཡག་པོ་མ་བྱུང་བར་ཆོས་ལུགས་ཀྱི་མིང་ཐོག་ནས་འཐེན་འཁྱེར་ཤུགས་ཆེ་བྱུང་བའི་དབང་གིས་བྱུང་བ་ཞིག་རེད། དེ་ནི་ང་ཚོའི་དུས་རབས་འདིའི་མི་རྣམས་ཀྱིས་གདོང་ལེན་བྱེད་དགོས་པའི་སྡུག་བསྔལ་ལམ་ཀླན་ཀ་ལྔ་པ་དེ་རེད།
དེ་ལྟ་བུའི་ཀླན་ཀ་ལྔ་པོ་རེ་རེའི་ནང་ས་ཡི་གོ་ལ་འདི་ཆ་ཚང་རྩ་མེད་དུ་གཏོང་བའི་ནུས་པ་ཡོད་པ་ཤ་སྟག་རེད། ང་ཚོས་དེ་ལྟ་བུའི་འཇིགས་པའམ་ཀླན་ཀ་ལྔ་ལ་ད་ལྟ་གདོང་ལེན་བྱེད་དགོས་ཀྱི་ཡོད། དེ་ལྟ་བུའི་འཇིགས་པ་ཆེན་པོ་ལྔ་ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་ནང་སླེབས་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་གམ་ཞེ་ན། ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་མི་རྣམས་ལའང་འདོད་ཆགས་དང༌། ཞེ་སྡང༌། ང་རྒྱལ། ཁོང་ཁྲོ་བཅས་ཡོད་པ་ཤ་སྟག་རེད། འདོད་ཁམས་སུ་སྐྱེས་ཕྱིན་ཆད་ཉོན་མོངས་སྤངས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པ་ཞིག་ཡིན་ན་མ་གཏོགས། སྐྱེ་བོ་ཕལ་པ་འཁོར་བ་པ་ལ་ཉོན་མོངས་མངོན་གྱུར་ཡོད་པ་གཞིར་བཞག་རེད། འོན་ཀྱང་གནའ་སྔ་མོ་ད་ལྟ་བཞིན་ཛ་དྲག་གི་གནས་སྟངས་དེ་མེད། ལྷག་པར་བསྐལ་པ་རྫོགས་ལྡན་ནས་མར་བརྩི་མཁན་རྣམས་ཀྱིས་དེ་དུས་དེ་བས་ཀྱང་མི་འདོད། ད་ལྟ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་བབ་ཉམས་ཆག་ཕྱིན་པ་ཡིན་སྟབས། དཀའ་ངལ་དེ་དག་ཚང་མ་བྱུང་བ་རེད། དེ་ཡང་མི་རྣམས་རང་འདོད་དང༌། འདོད་རྔམས། འགྲན་བསྡུར་བཅས་ཆེ་རུ་ཕྱིན་པ་མ་ཟད། ལྷག་པར་དཔལ་འབྱོར་གྱི་འདོད་རྔམས་ཇེ་ཆེར་སོང་བའི་དབང་གིས་གོང་གི་ཀླན་ཀ་ལྔ་པོ་རྣམས་བྱུང་བ་རེད་བསམ་གྱི་ཡོད།
དེས་ན་གོང་དུ་ཞུས་པའི་འཇིགས་པ་ལྔ་པོ་དེ་མེད་པ་བཟོ་དགོས་ན། ཐོག་མར་འགྲོ་བ་མིའི་རིན་ཐང་ཉམས་གསོ་དང༌། གཉིས་པ་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་ཡར་རྒྱས་གཏོང་དགོས། དེ་གཉིས་ནི་ད་ལྟའི་རྒུད་ཚོགས་མཐའ་དག་གི་རྩ་བ་ལྟ་བུ་དེ་རེད། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བཟང་སྤྱོད་ཡར་རྒྱས་མ་ཕྱིན་ན། ད་ལྟའི་དཀའ་ངལ་རྣམས་གཏན་དུ་སེལ་མི་ཐུབ། འགྲོ་བ་མིའི་བཟང་སྤྱོད་རྣམས་ཉམས་ཆག་ཇི་ལྟར་ཕྱིན་པ་རེད་དམ་ཞེ་ན། གནའ་སྔ་མོའི་དུས་སུ་ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་ཡིན་ཡང༌། མི་རྣམས་བསམ་བློ་གཏོང་ཚུལ་གཅིག་མཚུངས་ལྟ་བུ་ཞིག་རེད། མིའི་བསམ་བློའི་ནང་ཆོས་ཀྱི་ནུས་པ་ཤུགས་ཆེན་པོ་ཡོད། སྐྱེས་བུའི་འདོད་དོན་གྲངས་འདྲེན་བྱེད་སྐབས་བཞི་ལ་བརྩི་གི་རེད། དེ་ཡང་ཚེ་འདིའི་འདོད་དོན་ནི་འདོད་པའི་བདེ་བ་ལ་ལོངས་སུ་སྤྱོད་རྒྱུ་དང༌། འདོད་པའི་བདེ་བ་ལ་ལོངས་སུ་སྤྱོད་པའི་རྒྱུ་ཆའམ་མཐུན་རྐྱེན་ནི་དཔལ་འབྱོར་རམ་ནོར་དེ་རེད། དེས་ན་ནོར་དང་འདོད་པ་གཉིས་ནི་གནས་སྐབས་ཀྱི་སྐྱེས་བུའི་མངོན་འདོད་རེད། ནོར་དང་འདོད་པ་གཉིས་ཀ་མི་རྟག་པ་ཡིན་སྟབས་སྡུག་བསྔལ་གྱི་རང་བཞིན་རེད། གཏན་དུ་བདེ་བ་ཞིག་དགོས་ན་འཆིང་བ་ལས་འགྲོལ་བའི་ཐར་པ་དེ་དགོས། ཐར་པ་སྒྲུབ་པའི་ཐབས་ནི་ཆོས་དེ་རེད། དེས་ན་ནོར་དང་འདོད་པ། ཆོས་དང་ཐར་པ་ཞེས་ཆོས་ལ་བརྟེན་ནས་ཐར་པ་བསྒྲུབ་རྒྱུ་དང༌། ནོར་ལ་བརྟེན་ནས་འདོད་བདེ་བསྒྲུབ་རྒྱུ་བཅས་ནི་མིའི་མཐར་ཐུག་དང་གནས་སྐབས་ཀྱི་འདོད་དོན་བཞི་པོ་དེ་རེད། སྐྱེས་བུའི་མངོན་འདོད་བཞི་ཞེས་པ་ནི་གནའ་སྔ་མོ་ནས་རྒྱ་གར་གྱི་བཤད་སྲོལ་ཞིག་རེད། ནང་པའི་སྔོན་དུ་བྱུང་བའི་ཆོས་ལུགས་དག་གིས་ཀྱང་སྐྱེས་བུའི་འདོད་དོན་བཞི་ཞེས་ང་ཚོ་དང་གཅིག་མཚུངས་བཤད་ཀྱི་རེད། ནང་པའི་གཞུང་ལུགས་སྤྱི་དང༌། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སུ་སྐྱེས་བུའི་མངོན་འདོད་བཞི་ནས་དབུ་བཙུགས་ཏེ་དེ་དག་ཇི་ལྟར་བསྒྲུབ་དགོས་མིན་རྣམས་གསུངས་ཡོད།
བར་ལམ་ཞིག་ནས་ཆོས་ལུགས་ཀྱི་ནུས་པ་རིམ་གྱིས་ཉམས་དམས་སུ་ཕྱིན་པ་རེད། དེ་ཡང་ཆོས་ལུགས་ཀྱི་ནུས་པ་ཉམས་ཞེས་པ་ནི། དངོས་གནས་ཆོས་གཤའ་མ་བྱེད་མཁན་ནམ། ཆོས་ཀྱི་ནང་དོན་ཤེས་མཁན། ཡང་ན་ཆོས་ཉམས་ལེན་བྱེད་མཁན་ཇེ་ཉུང་དུ་འགྲོ་བའི་སྐབས་སུ་སྨན་དུག་ཏུ་འགྱུར་བ་ལྟར་ཆོས་དེ་ཡང་གཞན་ལ་བཤུ་གཞོག་དང་མགོ་སྐོར་གཏོང་རྒྱུའི་ཡན་ལག་ཅིག་ཏུ་ཆགས་པར་བརྟེན། གང་འཚམས་ནས་ནུབ་ཕྱོགས་ཀྱི་ལུང་པའི་ནང་དུ་ཆོས་དང་འཇིག་རྟེན་གྱི་དབྱེ་བ་ཐ་དད་ཕྱེ་དགོས་བྱུང་བ་རེད། གང་ལགས་ཤེ་ན། སྲིད་དབང་འཛིན་མཁན་གྱི་དབང་འཛིན་པ་རྒྱལ་པོའམ། བློན་པོ་ལ་སོགས་པ་ཚང་མས་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱིས་བཤད་པ་ཇི་བཞིན་བྱས་ཏེ་ཆོས་དང་ཆབ་སྲིད་གཉིས་པོ་མཉམ་བསྲེས་ཤུགས་ཆེ་བཏང་བའི་དབང་གིས་མི་མང་ལ་བཤུ་གཞོག་དང་དཀའ་ངལ་ཆེན་པོ་བྱུང་བ་ཡིན་སྟབས། ཆོས་དང་ཆབ་སྲིད་གཉིས་ཐ་དད་བཟོ་དགོས་ཞེས་པའི་བསམ་ཚུལ་དེ་བྱུང་སྟེ་ནུབ་ཕྱོགས་སུ་ཆོས་མེད་རིང་ལུགས་ཞེས་པའི་ཆབ་སྲིད་ཀྱི་གནས་སྟངས་དེ་བྱུང་བ་རེད། དབྱིན་སྐད་དུ་སེ་ཀུ་ལ་རི་ཛེམ་(Secularism) ཞེས་པ་དེ་རེད། དེ་བོད་སྐད་དུ་ཆོས་མེད་རིང་ལུགས་དང༌། ཆོས་འགལ་རིང་ལུགས། ཆོས་ལུགས་རིས་མེད་བཅས་བརྗོད་ཚུལ་མི་འདྲ་བ་གསུམ་རེད། དེ་ལྟར་ཡོང་དགོས་དོན་ཡང་དབྱིན་སྐད་དུ་སེ་ཀུ་ལ་རི་ཛེམ་ལ་བཤད་སྟངས་མི་འདྲ་བ་གསུམ་ཡོད་ཅིང༌། དཔེར་ན། ཀོལ་མར་ཁེ་སེ་ལ་སོགས་པ་རྣམས་ཀྱིས་སེ་ཀུ་ལ་རི་ཛེམ་ལ་འགྲེལ་བཤད་བྱེད་སྐབས་ཆོས་དེ་དུག་ལྟ་བུ་ཞིག་རེད། དེས་ན་ཆོས་དེ་རྩ་བ་ནས་མེད་པ་བཟོ་དགོས་ཞེས་བརྗོད་སྐབས་ཆོས་འགོག་རིང་ལུགས་པ་ལྟ་བུ་ཞིག་ལ་གོ ཆོས་དེ་ཆབ་སྲིད་ནང་དགོས་མཁོ་མེད། འོན་ཀྱང་མི་སྒེར་གྱིས་བེད་སྤྱོད་བྱེད་རྒྱུར་བཞག་ན་འགྲིག་ཅེས་པ་དེ་ཆོས་མེད་རིང་ལུགས་ལྟ་བུ་ཞིག་རེད། དེ་ལས་ཅུང་ཟད་དྲག་ཏུ་ཕྱིན་པའི་སྐབས་སུ་ཆོས་དང་ཆབ་སྲིད་ཐ་དད་ཡིན་ནའང༌། ཆབ་སྲིད་པ་དག་གིས་ཆོས་ལུགས་ལ་དབྱེ་བ་གང་ཡང་མི་ཕྱེ་ཞིང༌། ཆོས་ལུགས་རིས་སུ་མེད་པ་ལ་བརྩི་མཐོང་བྱེད་ཀྱི་རེད་ཅེས་པ་དེ་ལས་ཆོས་ལུགས་རིས་མེད་དེ་བྱུང་བ་རེད།
དེས་ན་སེ་ཀུ་ལ་རི་ཛེམ་ཞེས་པའི་ཚིག་གཅིག་ལ་ནུབ་ཕྱོགས་པས་བཤད་པ་རྒྱག་སྟངས་དང་ལག་ལེན་བསྟར་སྟངས་མི་འདྲ་བ་གསུམ་བྱུང་བའི་དབང་གིས་བོད་སྐད་དུའང་སྒྱུར་ལུགས་མི་འདྲ་བ་གསུམ་རེད། དེ་ལྟར་བྱུང་བའི་དབང་གིས་གང་ཆགས་ཡོད་ཅེ་ན། མི་རྣམས་ཚེ་འདིའི་བདེ་སྐྱིད་བསྒྲུབ་ཆེད་ཆབ་སྲིད་ཀྱི་ལས་དོན་རྣམས་ཆོས་དང་མ་འདྲེས་པ་དང༌། ཆོས་ཀྱིས་ཤུགས་གནོན་མ་ཐེབས་པའི་འབད་བརྩོན་བྱས་ཏེ་ཆོས་ཀྱི་བསམ་ཚུལ་ཆབ་སྲིད་ནས་ཐ་དད་འགྲོ་སྐབས་ཆབ་སྲིད་ནང་ཆོས་ཀྱི་དབང་སྒྱུར་གཏན་ནས་མེད་ཅིང༌། ཆབ་སྲིད་ཅེས་པ་དེའི་ནང་སྤྱི་ཚོགས་དང་དཔལ་འབྱོར། ཁྲིམས་དང་སྲིད་དབང་ཚང་མ་ཚུད་ཡོད། དེས་ན་གང་བྱུང་ཡང་འགྲིག་པའི་བསམ་ཚུལ་ཞིག་ཡོད་སྟབས། སོ་སོའི་མངོན་འདོད་དམ་སོ་སོའི་འདོད་པ་དེ་སྒྲུབ་ཐུབ་ན་མི་གཞན་ལ་བཤུ་གཞོག་དང༌། བཙན་འཕྲོག གཉའ་གནོན་བྱས་ཀྱང་སྐྱོན་མེད་པའི་བསམ་ཚུལ་དེ་ཡོང་གི་ཡོད། ཐོག་མར་ཡོང་སྟངས་དེ་ལྟར་རེད། དེའི་དབང་གིས་སྤྱི་ཚོགས་ཀྱི་ཚུལ་ཁྲིམས་དེ་ཧ་ཅང་ཉམས་དམས་སུ་ཕྱིན་པ་རེད།
དེ་ལྟར་སྤྱི་ཚོགས་ཀྱི་ཚུལ་ཁྲིམས་དམའ་རུ་ཕྱིན་པ་དང་མཉམ་དུ་གནས་ཚུལ་གཞན་ཞིག་ཀྱང་བྱུང་ཡོད་ཅིང༌། དེ་ནི་ལོ་ངོ་ཉིས་བརྒྱ་ལྔ་བཅུའི་གོང་དུ་ནུབ་ཕྱོགས་སུ་འཕྲུལ་ལས་ཀྱི་གསར་བརྗེ་ཞེས་པ་དེ་བྱུང་བ་རེད། ལུང་པ་ཚང་མ་འཕྲུལ་ལས་ཅན་དུ་བསྒྱུར་ཏེ་བཟོ་གྲྭ་ཧ་ཅང་ཆེན་པོ་དེ་འདྲ་བཙུགས་པ་ལ་བརྟེན། མིའི་དགོས་མཁོ་རྣམས་ལས་སླ་པོའི་ཐོག་ནས་རག་ཐུབ་པ་མ་ཟད། དེང་རབས་ཀྱི་ཚན་རིག་དང༌། དེང་རབས་ཀྱི་འཕྲུལ་ལས་ཡར་རྒྱས་ཤུགས་ཆེ་ཕྱིན་པར་བརྟེན། མིའི་དགོས་མཁོའི་མཐུན་རྐྱེན་རྣམས་དགོས་མཁོ་ལས་ལྷག་པ་ཞིག་སྐྲུན་པ་དང་ཐོན་སྐྱེད་བྱེད་ཀྱི་ཡོད། དཔེར་ན། སྔར་གྱོན་གོས་ཤིག་ཡིན་ན་མིའི་ལག་པས་འཐག་པར་བརྟེན། དབྱར་ཁ་དང་དགུན་ཁ་བཅས་ལ་བརྗེ་ལེན་བྱེད་རྒྱུའི་གྱོན་གོས་གསུམ་བཞི་འདང་ཙམ་མ་གཏོགས། མི་རེར་གོས་ཐུང་སོགས་བརྒྱ་ཙམ་ཉར་རྒྱུའི་མཐུན་རྐྱེན་མེད། གང་ལྟར་མིའི་དགོས་མཁོ་དང་མཐུན་རྐྱེན་གྱི་ཐོན་སྐྱེད་གཉིས་འདྲ་མཚུངས་ཤིག་ཏུ་གནས་པ་རེད། དེ་གཉིས་འདྲ་མཚུངས་ཡོད་སྐབས་སྤྱི་ཚོགས་ནང་ཧ་ཅང་བརྟན་ལྷིང་ཡོད། མི་སུ་ཡང་ཐོན་སྐྱེད་མ་བྱས་པར་ལག་པས་ལག་པ་ཟིན་ནས་བསྡད་ཐབས་མེད། དེས་ན་ཐོན་སྐྱེད་བྱས་པ་དེ་དགོས་མཁོ་དང་འཚམས་པ་ཞིག་ཡིན་སྟབས། དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་ལྷག་མ་ཡོང་རྒྱུ་གང་ཡང་མེད། དགོས་མཁོ་དང་ཐོན་སྐྱེད་གཉིས་ཆ་མཉམ་བསྡད་སྐབས་དཔལ་འབྱོར་གྱི་གནས་སྟངས་དེ་བརྟན་ལྷིང་གནས་པ་མ་ཟད། སྤྱི་ཚོགས་ཀྱི་གནས་སྟངས་ཀྱང་བརྟན་ལྷིང་གནས་རྒྱུ་རེད། ཧ་ལས་པའི་འཕར་ཆག་འགྲོ་རྒྱུ་གང་ཡང་མེད།
དཔེར་ན། སྔ་ལོ་འཛམ་གླིང་ནང་དཔལ་འབྱོར་གྱི་ཉམས་རྒུད་ཕྱིན་པ་རེད་ཅེས་བརྗོད་སྐབས་མི་ཚང་མ་འཇིགས་སྣང་བྱེད་ཀྱི་ཡོད། ཡང་སྐབས་རེ་ད་ལོ་བརྒྱ་ཆ་བཅུ་གཉིས་འཕར་བ་རེད། བཅུ་དྲུག་འཕར་བ་རེད་ཅེས་བརྗོད་སྐབས་ཚང་མ་ཧ་ལས་ལས་ལྟ་བུ་བྱེད་ཀྱི་ཡོད། འོན་ཀྱང་གནའ་སྔ་མོ་དེ་ལྟར་ཡོང་ཐབས་མེད་ཅིང༌། ཐིག་ལྟ་བུ་ཞིག་འཐེན་ན་ཐད་ཀར་བསྡད་ཀྱི་རེད། དེ་འདྲ་སོང་ཙང་མིའི་བསམ་བློའི་ནང་དེ་ཙམ་གྱི་འདོད་རྔམས་དང༌། གཅིག་གིས་གཅིག་ལ་སྐེ་གཅོད་པའི་འགྲན་རྩོད་ལྟ་བུ་དེ་དུས་ཧ་ལམ་ཡོང་གི་མེད། གོང་དུ་ཞུས་པ་ལྟར་འཕྲུལ་ལས་ཀྱི་གསར་བརྗེ་བྱུང་སྐབས་མིའི་དགོས་མཁོ་ལས་ཧ་ཅང་མང་བ་ཞིག་ཐོན་སྐྱེད་བྱེད་ཅིང༌། ལྷམ་གྱོན་མཁན་མི་བརྒྱ་ཡོད་ན། བཟོ་གྲྭ་ནས་ལྷམ་སྟོང་ཕྲག་ཐོན་སྐྱེད་བྱེད་ཀྱི་ཡོད། མི་བརྒྱ་ཐམ་པས་ལྷམ་གྱོན་ཟིན་མཚམས་ལྷག་མ་ལྷམ་དགུ་བརྒྱ་དེ་ལ་འགྲོ་སྟངས་ཤིག་བཟོ་དགོས་པར་བརྟེན། དེ་དག་བཙོང་སའི་ཁྲོམ་རྭ་ཞིག་གི་བསམ་བློ་འཁོར་བ་རེད། དེ་ལ་ཁོང་ཚོས་ལས་སླ་ཤོས་དེ་མིའི་བསམ་བློའི་ནང་ཡོད་པའི་འདོད་རྔམས་བཤུ་གཞོག་གཏོང་རྒྱུ་དེ་མཐོང་བ་རེད། འདོད་རྔམས་ཤུགས་ཆེ་རུ་གཏང་ཐུབ་ན། ལྷམ་གཅིག་གིས་མི་འདང་བར་གཉིས་དང༌། གཉིས་ཀྱིས་ཀྱང་མི་འདང་བར་གསུམ་དགོས་འདུག་བསམ་པ་དེ་ཡོང་རྒྱུ་རེད། དེ་བྱུང་ན་བཟོ་གྲྭ་ནས་བཟོས་པའི་ལྷམ་ལྷག་མ་དགུ་བརྒྱ་པོ་རྣམས་བཙོང་ཐུབ་རྒྱུ་རེད། དེ་ལྟར་ཁོང་ཚོས་མིའི་འདོད་རྔམས་ལ་བཤུ་གཞོག་གཏོང་འགོ་ཚུགས་པ་ཙམ་མ་ཟད། མིའི་འདོད་རྔམས་ལ་བཤུ་གཞོག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་མཚུངས་བསྡུར་དང༌། འགྲན་བསྡུར་བྱེད་རྒྱུ་གཉིས་མཐོང་བ་རེད། དེ་ཡང་མཚུངས་བསྡུར་དང་འགྲན་བསྡུར་བྱེད་རྒྱུའི་གཤིས་ཀ་དེ་ཕྲུ་གུ་ཆུང་ངུའི་སྐབས་ནས་ཡོང་ཞིང༌། ཕྲུ་གུ་ཁ་གྲག་ཤེས་མ་ཤེས་སྐབས་ནས་གཞན་དག་དང་མཚུངས་བསྡུར་བྱེད་སྟངས་བསླབས་ཏེ། དཔེར་ན། གྲོང་པའི་ཕྲུ་གུ་དེ་ག་འདྲ་ཡག་པོ་འགྲོ་གི་མི་འདུག་གམ། གཙང་མ་ག་འདྲ་མི་འདུག་གམ། སྐད་ཆ་ཡག་པོ་གང་འདྲ་བཤད་ཀྱི་མི་འདུག་གམ། ཁྱེད་རང་ད་ལྟ་ཡང་ཁ་གྲག་ཐུབ་ཀྱི་མི་འདུག
ཡག་པོ་འགྲོ་ཐུབ་ཀྱི་མི་འདུག་ཅེས་བརྗོད་དེ་རང་གི་ངོས་འཛིན་དེ་བརྗེད་དུ་བཅུག་ནས་གཞན་ལ་བལྟ་རྒྱུ་དེ་བསླབས་པ་དང༌། དེ་ལྟར་གང་འཚམས་འགྲོ་སྐབས་གཞན་དང་འགྲན་བསྡུར་བྱ་རྒྱུ་དེ་ལོབས་པ་ཡིན། གཞན་དང་མཚུངས་བསྡུར་དང་འགྲན་བསྡུར་བྱེད་སྐབས། དཔེར་ན། མི་གཞན་ལ་ལྷམ་ཆ་གཉིས་ཡོད་ན། སོ་སོ་ལ་ལྷམ་ཆ་གཉིས་དགོས་མིན་བསམ་བློ་མི་གཏོང་བར། ཁོ་ལ་ཆ་གཉིས་ཡོད་ན། སོ་སོ་ལ་ཆ་གསུམ་དགོས་ཀྱི་རེད་བསམ་པ་དང༌། ཁོ་ལས་ང་སྔོན་ལ་འགྲོ་དགོས་བསམ་པ་ཡོང་གི་ཡོད། དེ་བཞིན་དེང་སྐབས་ཁྲུས་ཁང་དང༌། འཆམ་འཆམ། ལས་ཁུངས། རྩེད་མོ་སོགས་སུ་གྱོན་རྒྱུའི་ལྷམ་ཐ་དད་དགོས་པ་དེ་དག་དགོས་མཁོ་གང་ཡང་མིན་པར་བག་མེད་ལོངས་སྤྱོད་ཀྱི་བསམ་བློ་དེ་ལ་བརྟེན་ནས་བྱུང་བ་རེད། ཡང་མི་ཚང་ཞིག་ལ་སྣུམ་འཁོར་གཅིག་ཡོད་ན། དེས་འགྲིགས་ངེས་ཡོད་ཀྱང༌། ཁྱོ་ག་ལས་ཁུངས་དང༌། སྐྱེས་དམན་ཁྲོམ་དུ་འགྲོ་དགོས་པས་སྣུམ་འཁོར་གཉིས་མེད་ན་དུས་ཚོད་འགོར་གྱི་འདུག་སྙམ་ནས་སྣུམ་འཁོར་གཉིས་ཉོས་པ་དང༌། ཡང་ཕྲུ་གུ་འཚར་ལོངས་བྱུང་སྟེ་ཁོ་ལའང་སྣུམ་འཁོར་གཅིག་དགོས་ཤིང༌། སྣུམ་འཁོར་བཞག་ས་ཡོད་མེད་དང༌། ཁོར་ཡུག་གི་གནས་བབ་ལ་མ་ལྟོས་པར། གང་ལྟར་འགྲོ་བ་མིའི་བསམ་བློའི་ནང་ཡོད་པའི་འདོད་རྔམས་དང༌། འགྲན་སེམས། ཕྲག་དོག་སོགས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཆེད་མངགས་གོང་འཕེལ་དུ་བཏང་བ་ལས་བྱུང་བར་བརྟེན། ད་ལྟ་ངས་ཞུས་པའི་གནས་ཚུལ་ཚང་མ་ཡོང་གི་ཡོད།
གལ་ཏེ་འགྲོ་བ་མི་རྣམས་སྙིགས་མ་ལྔའམ་འཇིགས་པ་ཆེན་པོ་ལྔ་ལས་སྐྱོབ་དགོས་ན། དེ་ལ་མེད་དུ་མི་རུང་བ་ནི་མིའི་བཟང་སྤྱོད་དམ་མིའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་དེ་རེད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མཛད་ཆེན་དང་པོར་འགྲོ་བ་མིའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་དེ་ཕྱག་བཞེས་གནང་གི་ཡོད། དབྱིན་སྐད་དུ། པོར་མོ་ཤན་ཨོཕ་ཧུ་མེན་ཝེ་ལུས་(Promotion of human values) ཞེས་པ་དེ་རེད། ཝེ་ལུས་(Values) ཞེས་པ་བོད་སྐད་དུ་རིན་ཐང་ཞེས་པ་དེ་རེད། དེ་ནི་ནུབ་ཕྱོགས་པའི་སྐད་ཆ་ཤོད་སྟངས་ཤིག་རེད། སྤྱི་ཚོགས་གང་ཡིན་ཡང་སོ་སོའི་ལེགས་བྱང་དང་བསྟུན་ནས་སྐད་ཆ་བཤད་སྟངས་ཀྱང་མི་འདྲ་བ་རེ་ཡོད། ནུབ་ཕྱོགས་པས་ཡག་ཉེས་ཚང་མར་རིན་ཐང་ཞིག་ཏུ་བརྩིས་ནས་གོང་བརྒྱབ་ཀྱི་རེད། ནུབ་ཕྱོགས་པ་རྣམས་གཞི་རིམ་གྱི་ཆ་ནས་ཚོང་པ་ཡིན་སྟབས་ཚང་མར་རིན་གོང་རྒྱག་པའི་གཤིས་ཀ་ཞིག་ཡོད་ཅིང༌། དེ་ལ་མིའི་བཟང་སྤྱོད་དང༌། མིའི་ཚུལ་ཁྲིམས་ཞེས་པའི་ཚིག་དེ་མི་བརྗོད་པར་མིའི་རིན་ཐང་ཞེས་བརྗོད་ཀྱི་ཡོད། དེས་ན་རིན་ཐང་ལ་སྐབས་འདིར་གོང་ཚད་ཀྱི་རིན་ཐང་དེ་མིན་པར་བཟང་སྤྱོད་ཀྱི་གནས་སྟངས་ལ་གོ་དགོས། དེས་ན་འགྲོ་བ་མིའི་ལུས་ངག་གི་སྤྱོད་ལམ་ནང་ཚུལ་ཁྲིམས་དང་ལྡན་པའི་བཟང་པོའི་སྤྱོད་པ་ཞིག་སླེབས་དགོས་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད།
བཟང་སྤྱོད་དམ་མིའི་རིན་ཐང་དེ་ཇི་ལྟར་སླེབས་དགོས་ཤེ་ན། བྱུང་ན་རང་ལས་གཞན་གཙོ་ཆེ་བའི་བསམ་པ་ཞིག་དགོས་ཤིང༌། དཔེར་ན། མི་ལྟོགས་པ་གཉིས་ལས་གཅིག་ལ་བག་ལེབ་གཅིག་ཐོབ་ཚེ། རང་གིས་མི་ཟ་བར་ལྟོགས་པ་གཞན་དེར་སྤྲོད་པའི་རང་ལས་གཞན་གཅེས་པར་འཛིན་པའི་བློ་ཡོད་ན་འགྲོ་བ་མིའི་རིན་ཐང་ཡག་ཤོས་དེ་རེད།
དེ་ལྟར་མ་བྱུང་ཡང་རང་དང་གཞན་མཉམ་པ་ཞིག་དགོས་ཀྱི་རེད། ལྟོགས་པ་དེས་རང་གིས་བག་ལེབ་ཆ་ཚང་མི་ཟ་བར་ཕྱེད་ཀ་ལྟོགས་པ་གཞན་དེར་བགོ་བཤའ་རྒྱག་པའི་བསམ་ཚུལ་ཞིག་བྱུང་ན། འགྲོ་བ་མིའི་སྤྱི་ཚོགས་སུ་ཡོད་པའི་དཀའ་ངལ་དེ་རྣམས་རང་བཞིན་གྱིས་ག་ལེར་མེད་པ་ཆགས་འགྲོ་ངེས། དེས་ན་གོང་དུ་ཞུས་པའི་གནས་ཚུལ་ཚང་མ་རང་གཙོ་བོར་འཛིན་པ་དང༌། རང་དོན་ཡིད་བྱེད་ཀྱི་བློ་འབའ་ཞིག་ལས་བྱུང༌། རང་ལས་གཞན་གཙོ་བོར་འཛིན་པ་དང༌། དེ་ལྟར་མ་བྱུང་རུང་རང་གཞན་མཉམ་པའི་བསམ་བློ་ཞིག་བསྐྲུན་རྒྱུ་ནི་འགྲོ་བ་མིའི་རིན་ཐང་ངམ་བཟང་སྤྱོད་གོང་འཐོར་གཏོང་རྒྱུའི་གོམ་པ་དང་པོ་དེ་རེད།
དེའི་དོན་དུ་ད་ལྟ་ཕན་ལ་སྟོན་པ་དང་བླ་མ་སུས་ཀྱང་མ་གསུངས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གདམས་ངག་གསར་པ་གཉིས་གནང་ཡོད། དེ་དག་ཁྱེད་ཚོས་མཁྱེན་གྱི་ཡོད་ཤག་རེད། དེ་ངོས་འཛིན་གནང་དགོས། གདམས་ངག་གསར་པ་དང་པོ་ནི། ཆོས་མེད་དམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་རེད། ད་ལྟ་ཕན་ལ་བཟང་སྤྱོད་ག་འདྲ་ཞིག་ཡིན་ཡང༌། ཆོས་དང་མཉམ་དུ་སྦྱར་ནས་བཤད་རྒྱུའམ། ཡང་ན་ཆོས་ལུགས་ཤིག་ནས་བཤད་པའི་བཟང་སྤྱོད་མ་གཏོགས། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན། དེ་ལ་བཟང་སྤྱོད་དགོས་ཀྱི་མེད་པ་ལྟ་བུ་ཞིག་ཡོད། གང་ལྟར་ཆོས་ལ་དད་པ་མེད་མཁན་གྱིས་བཟང་སྤྱོད་ཀྱི་བསླབ་བྱ་བླང་རྒྱུའི་འབྱུང་ཁུངས་མེད་པ་ལྟ་བུ་ཞིག་རེད། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་མེད་ཀྱི་བཟང་སྤྱོད་དེ་བཀའ་གནང་གི་ཡོད། དེ་ནི་དབྱིན་སྐད་དུ་སེ་ཀུ་ལར་ཨེ་ཐིཀ་ས་(Secular ethics) ཞེས་པ་དེ་རེད། སྐབས་རེ་དེ་ལ་སེ་ཀུ་ལར་ཝེ་ལུས་(Secular values) ཞེས་ཀྱང་བེད་སྤྱོད་གནང་གི་ཡོད། སེ་ཀུ་ལར་ཨེ་ཐིཀ་ས་ནི་ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་ཞེས་པ་དེ་ཡིན། ནམ་རྒྱུན་ང་ཚོས་དེ་ནང་པའི་ཆོས་ནས་བྱུང་ཙང་ང་ཚོས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་དགོས་ཞེས་པ་དང༌། དེ་ཧིན་དྷུའི་ཆོས་ནས་གསུངས་ཙང་ཚུལ་ཁྲིམས་འདི་དང་འདི་བསྲུང་དགོས་ཞེས་པ་ལྟ་བུ་རྣམས་ནི་ཆོས་དང་འབྲེལ་བའི་ཚུལ་ཁྲིམས་ཤིག་རེད། འོན་ཀྱང་འཇིག་རྟེན་འདིའི་ཐོག་ཆོས་ལུགས་གང་ལ་ཡང་དད་པ་མེད་པ་དང༌། ཆོས་རྩ་ནས་མེད་པའི་མི་ཧ་ཅང་མང་པོ་ཡོད།
དངོས་གནས་བྱས་ན་འཇིག་རྟེན་གྱི་མིའི་བརྒྱ་ཆ་བརྒྱད་ཅུ་ཆོས་མེད་མཁན་ཡིན་སྲིད། འོན་ཀྱང་ཁ་ནས་བརྗོད་ཀྱི་མེད། མང་ཆེ་བས་ང་ཁ་ཆེ་ཡིན། ང་ནང་པ་ཡིན། ང་ཡེ་ཤུ་ཡིན། ང་ཧིན་དྷུ་ཡིན་བསམ་གྱི་ཡོད། འོན་ཀྱང་ནང་པ་ཡིན་བསམ་པ་ཙམ་ལས། ནང་པ་ཡིན་མིན་ཞུ་དག་བཏང་ན་ནང་པ་མིན་པ་མང་པོ་ཞིག་ཆགས་རྒྱུ་རེད། སྔར་བོད་དུ། གནས་བརྟན་ཞལ་མར་གཟིགས། སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་པ་མང་པོ་ཡོད་ཅེས་གསུང་རྒྱུན་ཡོད། སྐྱབས་འགྲོ་རྒྱུད་ལ་མེད་ན་ནང་པ་མིན། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླང་མ་ཤེས་ན་ནང་པ་ཆགས་ཀྱི་མ་རེད། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླངས་ཞེས་པ་དེ་ཧ་ཅང་ཁག་པོ་རེད། དཀོན་མཆོག་གསུམ་གང་ཡིན་ནམ་ཞེས་དྲིས་ན་མང་ཆེ་བས་གསུང་རྒྱུ་ཁག་པོ་ཡིན་སྲིད། ང་ཚོས་སྐྱབས་འགྲོ་འདོན་གྱི་ཡོད་སྟབས། དཀོན་མཆོག་གསུམ་བགྲང་ཐུབ་ཀྱང༌། དེའི་ངོ་བོ་དང༌། བྱེད་ལས། ཡོན་ཏན་བཅས་མ་ཤེས་པ་མང་པོ་ཡོད། དེ་ནི་ནང་པ་ཁོ་ན་མིན་པར་ཆོས་ལུགས་ཡོངས་རྫོགས་ནང་གནས་ཚུལ་གཅིག་པ་རེད། དེས་ན་འཛམ་གླིང་གི་མི་བརྒྱ་ཆ་བརྒྱད་ཅུ་ཙམ་ལ་ཆོས་མེད་རུང༌། ང་ནང་པ་ཡིན། ང་ཡེ་ཤུ་ཡིན་ཞེས་སོགས་བརྗོད་ཀྱི་ཡོད། འོན་ཀྱང་ང་ཆོས་གང་ལ་ཡང་དད་པ་བྱེད་ཀྱི་མེད་ཅེས་དྲང་པོ་བརྗོད་མཁན་ནི་བརྒྱ་ཆ་ཉི་ཤུ་ཙམ་ལས་མེད།
དེ་བཞིན་ཐོག་མར་གུང་ཁྲན་དང༌། མར་ཁེ་སིའི་ནང་འཛུལ་མཁན་ཚང་མ་ཆོས་ལ་དད་པ་མེད་པའི་དམ་བཅའ་བཞག་རྗེས་གཞི་ནས་འཛུལ་དགོས་པའི་གནས་སྟངས་ཡོད་ཀྱང༌། དེང་སྐབས་དེ་དག་མང་པོ་ཞིག་ཡལ་ཟིན། དེས་ན་ཆོས་མེད་རིང་ལུགས་པ་མང་པོ་ཞིག་ཡོད་པར་བརྟེན། དེ་དག་ལའང་བཟང་སྤྱོད་ཀྱི་རིན་ཐང་ཞིག་དགོས་ཤིང༌། ཁོང་ཚོར་ཆོས་དང་འབྲེལ་བ་མེད་པའི་མི་ཆོས་རང་གི་ཐོག་ནས་འོས་འཚམས་ཤིག་དགོས། འདིར་མི་ཆོས་ཞེས་པ་ནི་ཆོས་དང་འཇིག་རྟེན་ཞེས་པའི་ཆོས་དེ་མིན་པར། མིའི་གཤིས་ལུགས་སམ་རང་བཞིན་དེ་ཡིན། དེས་ན་ཆོས་ལུགས་གང་ལའང་དད་པ་མེད་ཀྱང༌། རང་གི་ཀུན་སྤྱོད་དེ་ཚུལ་མཐུན་དང༌། གཞན་ལ་གནོད་པ་མི་བྱེད་པའི་བསམ་བློ་གོང་མཐོར་གཏོང་དགོས་པ་དེ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་དམིགས་བསལ་གསར་གཏོད་དམ་ཤིང་རྟའི་སྲོལ་ཕྱེ་བའི་གདམས་ངག་གསར་པ་ཞིག་རེད། དེས་འཇིག་རྟེན་འདིའི་སྟེང་གི་མི་ཧ་ཅང་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེ་མིན་སྤྱོད་པ་ཡག་པོ་ཞིག་བྱེད་དགོས་ན། ཐོག་མར་ཆོས་སློབ་དགོས་པ་ལྟ་བུ་ཞིག་ཡོད།
འོན་ཀྱང་དེང་སང་ཆོས་མང་ཆེ་བ་ཆོ་ག་ཕྱག་ལེན་ལྟ་བུ་ཤ་སྟག་རེད། དཔེར་ན་ནང་པ་རྣམས་ནི་རྔ་རྡུང་བ་དང་རྒྱ་གླིང་གཏོང་བ་སོགས་ཁྲ་ཁྲ་ཟིང་ཟིང་བྱེད་རྒྱུ་མང་པོ་ཞིག་དང༌། ཧིན་དྷུ་ལྟ་བུར་མཚོན་ན་དཔྲལ་བར་རྟགས་བྱུགས་པ་སོགས། ཡེ་ཤུ་ཡིན་ན་ཟླ་གམ་μིག་པོ་གྱོན་ཞིང་སྤོས་ཕོར་འཁྱེར་ནས་གདངས་གཏང་རྒྱུ་སོགས་རེད། ང་ཚོའི་བསམ་བློའི་ནང་དུ་ཆོས་སེམས་དེ་ཇི་ཙམ་སླེབས་མིན་ལ་ལྟ་མཁན་མེད། དེ་ལྟར་ཆོས་མེད་མཁན་གྱི་མི་དེ་ཚོ་ཡང་ཚུལ་དང་མཐུན་པ་དང་ལུགས་དང་མཐུན་པ་ཞིག་ཡོང་ཆེད་ཆོས་དང་མ་འབྲེལ་བའི་འཇིག་རྟེན་རྐྱང་པའི་ཚུལ་ཁྲིམས་ཀྱི་རྣམ་གཞག་ཅིག་དགོས་ཀྱི་རེད། འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་སྐྱེས་ནས་མ་ཤི་བར་སུ་ལའང་མ་བརྟེན་པར་རྐྱང་པར་འཚོ་ཐུབ་ཐབས་མེད། དཔེར་ན་ཕྲུ་གུ་སྐྱེས་མ་ཐག་པ་ཨ་མས་གཡུགས་ན་ཤི་རྒྱུ་རེད། སྲོག་ཆགས་གཞན་ཡིན་ན་ཕྲུ་གུ་སྐྱེས་མ་ཐག་ཏུ་རང་མགོ་འཐོན་མཁན་དེ་འདྲ་ཡོད། འོན་ཀྱང་མིའི་འགྲོ་བ་ནི་རྟག་ཏུ་གཞན་ལ་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་ཤིག་རེད། དེ་ཡང་ཐོག་མར་ཨ་མ་དང༌། དེ་རྗེས་སྤྱི་ཚོགས་ལ་བརྟེན་དགོས། གལ་ཏེ་མིའི་འགྲོ་བ་གཏན་ནས་མེད་ས་ཞིག་ཏུ་མི་གཅིག་ལུས་ན་བཟའ་བཏུང་གྱོན་གོས་སོགས་ལྟ་ཞོག སྲོག་འཚོ་རྒྱུ་ཡང་ཁག་པོ་རེད། དེར་བརྟེན་ནུབ་ཕྱོགས་པ་རྣམས་ཀྱིས་མི་དེ་སྤྱི་ཚོགས་ཀྱི་སྲོག་ཆགས་རེད་ཅེས་བརྗོད་ཀྱི་ཡོད། མི་ཞེས་པ་དེ་སྤྱི་ཚོགས་ལ་བརྟེན་དགོས་པ་ཡིན་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཡིན་སྟབས།༼མས་པ་དང་བརྩེ་བ་ཡོད་པའི་སྤྱི་ཚོགས་ཤིག་བྱུང་ན་གཞི་ནས་འབྲེལ་བ་དེ་ཡང་དག་པ་ཞིག་ཡོང་རྒྱུ་རེད། རྟག་ཏུ་ཁོང་ཁྲོ་དང་སྡང་སེམས་ཐོག་གནས་ན་འབྲེལ་བ་ཡོང་ཐབས་གཏན་ནས་མེད། ཕྲུ་གུ་སྐྱེས་མ་ཐག་ཏུ་ཨ་མས་སྡང་སེམས་ཀྱིས་བརྡུང་ན་ཤི་འགྲོ་བ་ལས། འཚོ་ཐབས་གཏན་ནས་མེད། དེས་ན་མིའི་འགྲོ་བ་ནི་གཅིག་ལ་གཅིག་བརྟེན་དང༌། གཅིག་གིས་གཅིག་ལ་བྱམས་བརྩེས་ཀུན་ནས་བསླངས་པའི་བསམ་བློས་ལས་ཀ་ཞིག་བྱེད་སྐབས་གཞི་ནས་འབྲེལ་བ་དང་སྤྱི་ཚོགས་ཤིག་ཆགས་ཐུབ་པ་ལ་བརྟེན་ནས་འཚོ་ཐུབ་པ་ཡིན། དེར་བརྟེན་རང་གཞན་མཉམ་པ་ཞིག་དང༌། རང་ལས་གཞན་གཙོ་ཆེ་བའི་བསམ་ཚུལ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་རེད། དེ་ཆོས་ལུགས་དང་འབྲེལ་བ་གང་ཡང་མི་བཞག་པ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གདམས་ངག་དམིགས་བསལ་བ་ཞིག་ལ་ང་རང་གིས་ངོས་འཛིན་བྱེད་ཀྱི་ཡོད།
གདམས་ངག་གཉིས་པ་ནི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ངོས་འཛིན་བྱ་རྒྱུ་དེ་རེད། ཐོག་མའི་ཚིག་དེ་དབྱིན་སྐད་དུ་ཡུ་ནི་ཝར་སལ་རིས་པོན་སི་བི་ལི་ཊི་(Universal Responsibility) ཞེས་པ་དེ་རེད། འོན་ཀྱང་བོད་སྐད་ཐོག་ཀུན་ཕན་དང་ཀུན་ཁྱབ་སོགས་འདྲ་མིན་སྣ་ཚོགས་ཤིག་བསྒྱུར་འདུག ང་རང་གིས་ནམ་རྒྱུན་ཡུ་ནི་ཝར་སལ་རིས་པོན་སི་བི་ལི་ཊིཞེས་པ་དེ་བསྡོམས་ནས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞེས་བེད་སྤྱོད་བྱེད་ཀྱི་ཡོད། བསྒྱུར་དེ་ཏག་ཏག་འགྲིགས་མིན་མི་ཤེས། ཁྱེད་ཚོ་ལོ་གཞོན་པའི་ནང་དབྱིན་སྐད་མི་མཁྱེན་མཁན་ཧ་ལམ་མེད། དེང་སྐབས་ལོ་གཞོན་པ་རྣམས་ཀྱིས་དབྱིན་སྐད་དེ་ཐར་པ་སྒྲུབ་པའི་ཐབས་ཁྱད་པར་བ་ཞིག་ཏུ་བརྩི་གི་ཡོད། ཁྱེད་ཚོས་ཆ་ཚང་མ་ཤེས་ནའང་ཚིག་དེ་མཁྱེན་གྱི་རེད་བསམ་གྱི་འདུག ཡུ་ནི་ཝར་སལ་རིས་པོན་སི་བི་ལི་ཊི་ཞེས་པའི་གདམས་ངག་དེ་ད་ལྟ་འཛམ་གླིང་འདིའི་ཐོག་ཧ་ཅང་གྲགས་ཆེ་བ་མ་ཟད། མི་ཚང་མའི་བློ་ལ་ཧ་ཅང་འཇུག་པོ་ཞིག་རེད། ཡུ་ནི་ཝར་སལ་ནི་འཇིག་རྟེན་ཁྱོན་ཡོངས་ཞེས་པ་དེ་རེད། དཔེར་ན། ས་ཡི་གོ་ལ་འདི་ལྟ་བུ་ཡིན་ན། དྷ་པེ་ལེ་ནེཊ་ཨར་ཐ་(The Planet Earth) ཞེས་བརྗོད་ཀྱི་རེད། ས་ཡི་གོ་ལ་འདི་གང་དུ་ཡོད་ཅེ་ན། འཇིག་རྟེན་གྱི་ཁྱོན་གཅིག་གི་ནང་དུ་ཡོད་ཅིང༌། འཇིག་རྟེན་གྱི་ཁྱོན་འདི་ཧ་ཅང་ཁྱབ་ཆེན་པོ་རེད། ང་ཚོས་དེ་ལ་དགུ་ཚིགས་ཞེས་བརྗོད་ཀྱི་ཡོད། དགུ་ཚིགས་ནི་ནམ་མཁར་སྐྱ་ལྷང་ལྷང་ཞིག་ཡོད་པ་དེ་རེད། དེ་ལྟ་བུའི་དགུ་ཚིགས་ཁྲི་ཕྲག་མང་པོ་ཡོད་པའི་འཇིག་རྟེན་གྱི་ཁམས་ཤིག་ཡོད། དེ་ལ་ཡུ་ནི་ཝར་ས་ཞེས་བརྗོད་ཀྱི་རེད། ཡུ་ནི་ཞེས་པ་ནི་གཅིག་གྱུར་དང༌། ཝར་ས་ཞེས་པ་སྣ་ཚོགས། ཡུ་ནི་ཝར་ས་ཞེས་པ་ལེགས་སྦྱར་གྱི་སྐད་དུ་བིཤ྄ཝ་ཞེས་པ་དེ་རེད། བིཤ྄ཝ་ཞེས་པ་དེ་བོད་སྐད་དུ་ཐད་ཀར་བསྒྱུར་ན་སྣ་ཚོགས་ཞེས་པ་དེ་ཡིན། འདིར་སྣ་ཚོགས་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན་ཏག་ཏག་མི་བསྡད། ཡུ་ནི་ཝར་ས་ཞེས་པའི་ཚིག་ནང་གང་ཡོད་པ་དེ་ཐད་ཀར་བསྒྱུར་ན་སྣ་ཚོགས་གཅིག་བསྡུས་ཞེས་པ་ལྟ་བུ་ཞིག་རེད། ཝར་ས་ཞེས་པ་སྣ་ཚོགས་དང༌། ཡུ་ནི་ཞེས་པ་གཅིག་བསྡུས་རེད། འོན་ཀྱང་ཚིག་དོན་མི་དགོས་པར་དགོངས་དོན་ནམ་བརྗོད་བྱའི་དོན་དེ་གང་ཡིན་ཞེ་ན། འཇིག་རྟེན་ཁྱོན་ཡོངས་ཞེས་པ་དེ་རེད། དེས་ན་འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་ང་ཚོ་གནས་ཡོད་སྟབས། ང་ཚོ་ལ་ག་དུས་ཡིན་ཡང་འཇིག་རྟེན་ཁྱོན་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡོད། འཇིག་རྟེན་ཁྱོན་ཡོངས་ཀྱི་གནས་བབ་དེ་ལ་བརྟེན་ནས་ང་ཚོ་འཚོ་ཐུབ་པ་ཞིག་བྱུང་བ་ཡིན་སྟབས། ང་ཚོའི་ངོས་ནས་འཇིག་རྟེན་ཁྱོན་ཡོངས་ལ་བར་ཆད་མི་འགྲོ་བ་དང༌། གནོད་འཚེ་མི་ཕོག་པའི་སྒྲིག་ལམ་ཞིག་འཁྱེར་དགོས་པའི་ལས་འགན་ཞིག་ཡོད།
དེ་ནི་རང་བཞིན་གྱི་གནས་སྟངས་ཤིག་རེད། དཔེར་ན་རང་ཉིད་ཁང་པ་ཞིག་ནང་བསྡད་ཡོད་ན། ཁང་པ་དེའི་ནང་རང་ཉིད་འཚོ་བ་ཡིན་སྟབས། ཁང་པ་དེ་མེར་བསྲེགས་བཏང་ན་མི་རུང་ལ། ཁང་པ་དེ་བཙོག་པ་བཟོས་ཀྱང་མི་འགྲིགས་ཤིང༌། ཁང་པ་དེ་རང་གི་དོན་དུ་ཡིན་ནའང་འདྲ། རང་གི་རྗེས་སུ་གཞན་དག་སྡོད་མཁན་རྣམས་ཀྱི་ཆེད་དུ་ཡིན་ནའང་འདྲ། བདག་པོ་བརྒྱབ་རྒྱུའི་ལས་འགན་དེ་ད་ལྟ་ཁང་པ་འདིའི་ནང་སུ་ཡོད་པ་དེ་ལ་འཁྲི་བ་ཡིན། དེས་ན་འཇིག་རྟེན་འདིའི་ཐོག་ཡོད་པའི་གང་ཟག་སུ་དང་སུ་ཡིན་ཡང༌། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡོད། ལས་འགན་དེ་ངོ་ཤེས་པ་ཞིག་དང༌། ལས་འགན་དེ་སྒྲུབ་ཤེས་པ་ཞིག་དགོས་པ་མ་ཟད། དེ་ཡང་ཆོས་དང་མ་འབྲེལ་བ་ཞིག་དགོས་པའི་བཀའ་གནང་གི་ཡོད། དེ་ནི་དེང་རབས་ཀྱི་གནས་སྟངས་དང་བསྟུན་ན་ཧ་ཅང་གསར་གཏོད་ཆེན་པོ་ཞིག་རེད། གང་ལགས་ཤེ་ན། དུས་རབས་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་སྟོད་ནས་ང་ཚོ་ཤར་ཕྱོགས་པ་རྣམས་འདས་པའི་ལོ་ཉིས་བརྒྱ་ཙམ་གྱི་རིང་རྟག་ཏུ་ནུབ་ཕྱོགས་པའི་རྒྱུགས་ཁྱི་ལྟ་བུ་བསྡད་ཅིང༌། ནུབ་ཕྱོགས་པས་གང་བཤད་ཀྱང་ཉན་པ་དང༌། དེའི་རྗེས་སུ་རྒྱུགས་ནས་བསྡད་པ་རེད། ནུབ་ཕྱོགས་པ་རྣམས་ཀྱིས་ཐོབ་ཐང་ཞེས་པ་དེ་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་ཐོབ་ཐང་སྐོར་མ་གཏོགས། ལས་འགན་སྐོར་ཤོད་ཀྱི་མེད། དངོས་གནས་བྱས་ན་ཐོབ་ཐང་དང་ལས་འགན་གཉིས་མགོ་ལུས་འབྲེལ་བ་ལྟར་གཅིག་ཡོད་ན་ཅིག་ཤོས་ཡོད་པ་དང༌། གཅིག་མེད་ན་ཅིག་ཤོས་མེད་པར་རྟག་ཏུ་མཉམ་དུ་འགྲོ་དགོས་པ་ཞིག་རེད། འོན་ཀྱང་ནུབ་ཕྱོགས་པས་འདས་པའི་ལོ་ཉིས་བརྒྱ་ལྷག་ཙམ་རིང་ཐོབ་ཐང་ལ་གལ་གནད་སྟོན་པ་ལས། ལས་འགན་ལ་གལ་གནད་མ་སྟོན་པའི་ཉེར་ལེན་གྱིས་གོང་དུ་ཞུས་པའི་ཀླན་ཀ་ལྔ་པོ་དེ་དག་ཡོང་དགོས་པའི་གནས་སྟངས་དེ་ཆགས་པ་རེད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་ཞེས་པའི་དེབ་སྐད་གྲགས་ཆེན་པོ་ཞིག་ཡོད། དེ་ནི་གསལ་བསྒྲགས་ཙམ་ལས་གཞན་གང་ཡང་མེད། མི་རྣམས་ལ་ཐོབ་ཐང་འདི་དང་འདི་ཡོད་ཅེས་གྲངས་ཀ་བརྒྱབས་ནས་དེབ་ཅིག་བཟོས་ཡོད། དེབ་དེ་ཧ་ཅང་རྩ་ཆེན་པོ་རེད་ཞེས་བརྗོད་ཀྱི་ཡོད། ང་ཚོ་བོད་དུ་མི་ཁ་ཤས་ཀྱིས་ཡིག་ཆ་དེའི་འདྲ་བཤུས་ཉར་འདུག་ཅེས་ལོ་བཅུ་གཉིས་བཅུ་གསུམ་བཙོན་འཇུག་བྱས་ཡོད་ཀྱང༌། དེབ་དེ་བཟོ་མཁན་གྱི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་བྱ་རྒྱུ་གང་ཡང་མི་འདུག ད་དུང་རྒྱ་མིའི་རྐང་པ་ལ་ལྕེ་ལྡག་མ་བརྒྱབ་ཙམ་གྱི་སྤྲེལ་ལད་བཤད་ནས་འགྲོ་གི་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་དེ་འདྲ་ཞིག་རེད།
དེར་བརྟེན་ྋགོང་ས་མཆོག་གིས་ང་ཚོའི་ལས་འགན་དེ་བསམ་དགོས་ཀྱི་འདུག ལས་འགན་དེ་ངོ་ཤེས་དགོས་ཀྱི་འདུག ལས་འགན་དེ་བསྒྲུབ་དགོས་ཀྱི་འདུག་ཅེས་གསུངས་ཤིང༌། ལས་འགན་ངོ་ཤེས་ཤིང་བསྒྲུབ་ན་ཐོབ་ཐང་རང་བཞིན་གྱིས་ཡོང་བ་ལས། ལས་འགན་བསྒྲུབས་པའི་རྗེས་སུ་ཐོབ་ཐང་ལུས་འགྲོ་རྒྱུ་གང་ཡང་མེད། འོན་ཀྱང་ང་ཚོས་ལས་འགན་ལ་བསམ་བློ་གཏན་ནས་མི་གཏོང་བར་ཐོབ་ཐང་གཅིག་པུར་རྩོད་པའི་དབང་གིས་འགལ་ཟླ་དང་འཁྲུག་རྩོད་སོགས་ཡོང་གི་ཡོད། སོ་སོའི་ལས་འགན་དེ་སོ་སོས་ངོས་ཟིན་ནས་ལས་འགན་དེ་ཡག་པོ་ཞིག་བསྒྲུབ་ན། འཇིག་རྟེན་འདིའི་ཐོག་རྙོག་ཁྲ་དང་འཁྲུག་རྩོད་སོགས་ཡོང་བའི་གནས་སྟངས་མེད།
ྋགོང་ས་མཆོག་གིས་ཆོས་ལ་ཡིད་ཆེས་ཡོད་མཁན་རྣམས་ལ་ནི་ཐེག་པ་གསུམ་གྱི་ཐོག་ནས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་སྐོར་བཀའ་གནང་མུས་རེད། ཡིན་ནའང་ད་ལྟ་འཛམ་གླིང་འདིའི་ནང་མི་ཚང་མའི་ཡིད་དབང་འཕྲོག་པ་དང༌། ཉམས་ལེན་བྱེད་བདེ་བ་ནི་ཆོས་དང་མ་འབྲེལ་བའི་ཚུལ་ཁྲིམས་དང༌། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བཅས་གདམས་ངག་གཉིས་པོ་དེ་རེད། དེ་ལ་ཁྱེད་ཚོ་ཚང་མས་ཐུགས་སྣང་གནང་དགོས། ད་ལྟ་ངས་མིང་ཙམ་རེ་ཞུས་ཁུལ་ཡིན། རེ་རེའི་ནང་ནང་དོན་གྱི་སྒྲུབ་ཕྱོགས་རྒྱས་པ་ཡོད་ཀྱང༌། བོད་ཡིག་གི་ཐོག་དཀོན་པོ་རེད། དབྱིན་སྐད་ཐོག་ནུབ་ཕྱོགས་པས་བྲིས་པའི་དེབ་མང་པོ་ཡོད། དེ་དག་ལ་གཟིགས་ན་ཞིབ་ཚགས་པོ་མཁྱེན་རྒྱུ་རེད་ཅེས་ཞུ་རྒྱུ་ཡིན། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་རིན་ཐང་གོང་འཕེལ་དུ་གཏོང་རྒྱུ་ཞེས་པ་དེའི་སྐོར་ས་བཅད་མ་སྟོང་ཙམ་ཞུས་ཟིན།
ྋགོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ནི་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་དང་མཉམ་གནས་བྱ་རྒྱུ་དེ་རེད། དེ་ནི་གོང་དུ་ཞུས་པ་བཞིན་ཆོས་ཀྱི་བསྟན་པ་ས་དར་རྡོ་དར་སྐབས་ཆོས་ལུགས་ནང་ཕན་ཚུན་འགལ་ཟླ་ཡོང་གི་མེད། བདག་ཉིད་ཆེན་པོ་གཱཾདྷཱིས་ང་ཧིན་དྷུ་ཡག་པོ་ཞིག་ཡིན། དེས་ན་ང་ཁ་ཆེ་ཡག་པོ་ཞིག་ཀྱང་ཡིན་དགོས། དེ་བཞིན་ང་ཡེ་ཤུ་ཡག་པོ་ཞིག་ཀྱང་ཡིན་དགོས་ཀྱི་རེད་ཅེས་གསུངས་ཡོད། ཆོས་ལུགས་གཅིག་ནང་ཆོས་ཀྱི་ཉམས་ལེན་ཡག་པོ་བྱས་ནས་ཆོས་པ་བཟང་པོ་ཞིག་ཆགས་ན། ཆོས་ལུགས་གཞན་དག་གི་ནང་དུའང་ཆོས་པ་བཟང་པོ་ཞིག་རང་བཞིན་གྱིས་ཡོང་རྒྱུ་ལས། དེའི་ནང་ནས་བུད་འགྲོ་རྒྱུ་གང་ཡང་མེད། ཆོས་ལུགས་བར་གྱི་འགལ་ཟླ་དེ་འགྲོ་བ་མི་རིགས་ལ་ཡོད་པའི་ཀླན་ཀ་ཆེ་ཤོས་ཤིག་རེད་ལ། དེའི་དབང་གིས་འཛམ་གླིང་འདིའི་ནང་སྡུག་བསྔལ་མང་པོ་ཞིག་བྱུང་བ་མ་ཟད། ད་ལྟ་ཡང་ཡོང་གི་ཡོད། མ་འོངས་པར་ཡང་ཡོང་རྒྱུ་ཞིག་རེད།
སྤྱི་ཚོགས་ཀྱི་དཔལ་ཡོན་ལ་བརྟེན་པའི་འཐབ་རྩོད་(Conflict of civilization) ཅེས་པ་ཞིག་ཤོད་ཀྱི་ཡོད། ལྷག་པར་དུ་ཆོས་ལུགས་འཐེན་འཁྱེར་དབང་གིས་འཇིག་རྟེན་ནང་དམག་འཁྲུག་མང་པོ་ཡོང་བའི་ཀླན་ཀ་ཆེ་ཤོས་གཅིག་ནི་ཁ་ཆེའི་ཆོས་ལུགས་དང༌། ཡེ་ཤུའི་ཆོས་ལུགས་གཉིས་དབར་རེད། ཆོས་ལུགས་དེ་གཉིས་ཀྱི་འགལ་ཟླ་ནི་ཆོས་ལུགས་གཉིས་པོ་ཐོག་མར་འགོ་ཚུགས་སྐབས་ནས་ཅུང་ཟད་ཡོད་མུས་རེད། དེ་ལ་བརྟེན་ནས་སྐབས་རེ་དམག་དང་འཚེ་བ་སོགས་མང་པོ་ཞིག་བྱུང༌། དེས་ན་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱ་རྒྱུ་དེ་ྋགོང་ས་མཆོག་གིས་ཐུགས་གལ་ཆེན་པོ་ཞིག་གཟིགས་ཀྱི་ཡོད། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱེད་སྟངས་ཀྱང་དེ་སྔ་ཕན་ལ་ཞིབ་ཚགས་པོས་ལམ་སྟོན་གནང་མཁན་ཧ་ལམ་མ་བྱུང་བ་ལྟ་བུ་རེད། འོན་ཀྱང་ྋགོང་ས་མཆོག་གིས་གསར་གཏོད་ཀྱི་ལམ་སྟོན་གསར་པ་ཞིག་གང་གནང་ཡོད་ཅེ་ན། ཆོས་ལུགས་ཚང་མའི་ནང་ཆོས་ལུགས་འདི་བཟང་བ་དང་ཆོས་ལུགས་འདི་ཞན་པ་རེད་ཅེས་པའི་བཟང་ངན་གྱི་དབྱེ་བ་ཕྱེ་རྒྱུ་མེད། གྲངས་ལས་འདས་པའི་འགྲོ་བ་མི་རྣམས་ཀྱི་ཁམས་དང༌། བསམ་པ། བག་ལ་ཉལ། བློ་གྲོས། དབང་པོ། ནུས་པ་སོགས་མི་འདྲ་བ་ཤ་སྟག་རེད་ཅེས་བཀའ་གནང་གི་ཡོད། དེ་ལྟར་ཡིན་པའང་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། དཔེར་ན་ང་ཚོ་ད་ལྟ་འདིར་མི་ལྔ་བཅུ་དྲུག་ཅུ་ཙམ་མཉམ་དུ་བསྡད་ཡོད་རུང༌། བསམ་བློ་གཏོང་སྟངས་དང་འདུ་ཤེས་འཁྱེར་སྟངས་གཅིག་པ་ཡིན་པ་གཅིག་ཀྱང་མེད། གཞན་ལྟ་ཅི་མཐོ་གང་གི་དངོས་པོ་གདོང་ལ་མཚོན་ནའང༌། མི་འདྲ་བའི་དབྱེ་བ་གཏན་ནས་ཕྱེ་རྒྱུ་མེད་པ་ཞིག་ས་གཞི་འདིའི་སྟེང་གི་མི་དུང་ཕྱུར་མང་པོའི་ནང་ནས་གཅིག་ཀྱང་རག་ཐབས་མེད། དཔེར་ན་ཨ་མ་གཅིག་ལས་སྐྱེས་པའི་ཕྲུག་གུ་མཚེ་མ་ཞིག་ཡིན་ཡང༌། ཐག་རིང་ནས་བལྟས་ན་འདྲ་པོ་ཡོད་ཀྱང་ཉེ་འགྲམ་དུ་སླེབས་ན་འདི་ཟླ་བ་རེད། འདི་བློ་བཟང་རེད་ཅེས་དབྱེ་བ་ཕྱེ་རྒྱུ་ཡོད་པ་ཞིག་རེད།
དེ་ལྟར་ཡོང་བ་དེ་ཡང་མི་ཚང་མ་སྒེར་རམ་བྱེ་བྲག་པ་ཞིག་ཡིན་ཞིང༌། སྒེར་རེ་རེར་ལས་དང༌། བསམ་པ། སྨོན་ལམ། བག་ལ་ཉལ་སོགས་མི་འདྲ་བ་རེ་ཡོད་པ་ལས་གཅིག་པ་གཅིག་རྐྱང་གཏན་ནས་ཡོང་ཤེས་ཐབས་མེད། དེས་ན་ྋགོང་ས་མཆོག་གིས་དེ་ལྟ་བུའི་རྣམ་གྲངས་མི་འདྲ་བའི་མི་རྣམས་ལ་ཕན་ཐོགས་པའི་ཆེད་དུ་ཆོས་དེ་ཡང་རྣམ་གྲངས་ཧ་ཅང་མང་པོ་དགོས་ཤིང༌། ཆོས་གཅིག་གིས་ཚང་མར་ཕན་ཐོགས་ཀྱི་མ་རེད་ཅེས་གསུང་གི་ཡོད། དཔེར་ན། ང་ཚོ་ནང་པར་མཚོན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་པ་དེ་གཅིག་བྱས་ན་གྲངས་ཀ་ཏག་ཏག་བརྒྱབ་རྒྱུ་ཡོད་སྲིད། ཡང་གཅིག་བྱས་ན་དེ་ནི་མང་བའི་དཔེ་མཚོན་ཙམ་ཞིག་རེད། དེ་བཞིན་ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་བཅས་གསུངས་ཤིང༌། ལྟ་གྲུབ་ཀྱི་ཆ་ནས་མདོ་སྡེ་པ་དང༌། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་པ་བཅས། སེམས་ཙམ་པ་ལའང་རྣམ་བདེན་པ་དང༌། རྣམ་རྫུན་པ་སོགས་ཧ་ཅང་མང༌། ཉན་ཐོས་ཀྱི་སྡེ་པ་ལའང་སྡེ་པ་བཅོ་བརྒྱད་དང༌། སྡེ་པ་ཉི་ཤུ་སོགས་ཡོད། དབུ་མ་པ་ལའང་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས། རང་རྒྱུད་པ་ལའང་མདོ་སྡེ་སྤྱོད་པ་དང༌། རྣལ་འབྱོར་སྤྱོད་པ་བ་སོགས་མང་པོ་ཞིག་ཡོད། དེ་བཞིན་ཐལ་འགྱུར་བ་ལའང་ནང་གསེས་ཀྱི་དབྱེ་བ་མང༌། དེ་ལྟར་ཡོང་དགོས་པ་ནི་དངོས་པོའི་གནས་ལུགས་མི་འདྲ་བའི་དབང་གིས་གྲུབ་མཐའ་མི་འདྲ་བ་ཆགས་པ་ཞིག་མིན། མཐར་ཐུག་ན་དངོས་པོའི་གནས་ལུགས་གཅིག་རང་རེད། འོན་ཀྱང་གདུལ་བྱ་སོ་སོའི་དབང་པོ་དང༌། རིག་པ། སྐད་སོགས་མི་འདྲ་བའི་དབང་གིས་དེ་ལྟར་ཆགས་པ་ལས། གཅིག་ཡག་པ་དང་གཅིག་སྡུག་པ་རེད་ཅེས་བརྗོད་རྒྱུ་མེད།
ཚང་མ་སངས་རྒྱས་རང་གིས་གསུངས་པའི་ཆོས་ཡིན་པ་གཞིར་བཞག་གིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་སྐད་ཆ་དེ་བཤད་ཀྱི་ཡོད། ང་ཚོ་ནང་པ་ནང་ཕན་ཚུན་ལ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ལམ་སྲོལ་དེ་ཆོས་ལུགས་ཡོངས་རྫོགས་ལ་སྦྱར་ནས། ཆོས་ལུགས་ཡོངས་རྫོགས་ཀྱི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། ཆོས་ལུགས་ཡོངས་རྫོགས་ཀྱི་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་བསམ་ཚུལ་དེ་དགོས་ཤིང༌། ཆོས་ལུགས་ལ་ཡག་ཉེས་ཀྱི་དབྱེ་བ་མེད་རུང༌། གང་ཟག་བྱེ་བྲག་པ་ལ་ལྟོས་ཏེ་རང་གི་བློ་དང་འཚམས་མ་འཚམས་དབང་གིས་ཆོས་ལུགས་ལ་ཡག་ཉེས་ཀྱི་དབྱེ་བ་ཡོད་ཆོག དཔེར་ན་ཁ་ཤས་ལ་ནང་པའི་ཆོས་དེ་ཡག་ཤོས་མཐོང་བ་དང༌། ལ་ལར་ཡེ་ཤུའི་ཆོས་དེ་ཡག་ཤོས་ཚོར་བ། ཡང་ཁ་ཤས་ལ་ཁ་ཆེའི་ཆོས་དེ་ཡག་ཤོས་སུ་མངོན་གྱི་ཡོད།
དེ་དག་ནི་མིའི་ཁམས་དང་བསམ་པའི་དབང་གིས་ཡིན་པ་ལས་ཆོས་ལུགས་ཡག་ཉེས་དབང་གིས་མིན། དེས་ན་ྋགོང་ས་མཆོག་གིས་གཞི་རིམ་གྱི་ཆ་ནས་ཆོས་ལུགས་ཡོངས་རྫོགས་འགྲོ་བ་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པའི་ཆེད་དུ་གཅིག་གྱུར་ཡིན་པ་དེ་རྩལ་དུ་བཏོན་ནས་གསུངས་ཏེ། དེའི་དབང་གིས་ཆོས་ལུགས་ཡོངས་སུ་རྫོགས་པ་ལ་གཅིག་གྱུར་གྱིས་དང་ལེན་ཡོང་རྒྱུ་དང༌། གཅིག་གྱུར་གྱིས་གུས་བརྩི་ཞུ་རྒྱུའི་ཐབས་ལམ་དེ་བསྟན་གནང་གི་ཡོད།
དེ་སྔོན་ནུབ་ཕྱོགས་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་འབྲེལ་བ་བྱེད་དགོས་པའི་སྐད་ཆ་ཞིག་ཡོད་མུས་རེད། ཁོང་ཚོས་ཆོས་ལུགས་ཕན་ཚུན་བཟོད་བསྲན་བྱེད་དགོས་ཞེས་བཤད་ཀྱི་ཡོད། བཟོད་བསྲན་ཞེས་པའི་ཚིག་དེས་ཆོས་ལུགས་གཞན་དེ་ངོས་ལེན་བྱེད་མ་ཐུབ་ནའང༌། དེ་ལ་ལམ་སང་རྒྱག་རེས་མི་རྒྱག་པར་བཟོད་པ་བསྒོམ་དགོས་ཞེས་པ་དེ་བསྟན་གྱི་ཡོད། བཟོད་པ་བསྒོམ་ཡུལ་དེ་ཡག་པོ་རེད་ཅེས་བརྗོད་ཀྱི་མེད། གང་ལྟར་དེ་འགྲིག་གི་མེད་ཀྱང་ངས་ཁོ་ལ་བཟོད་པ་སྒོམ་གྱི་ཡོད་ཅེས་བརྗོད་པ་ལྟ་བུ་ཞིག་རེད། དེ་ལ་དབྱིན་སྐད་དུ་རི་ལི་ཇི་ཡས་ཊོ་ལེ་རེན་ས་(Religious tolerance) ཞེས་བརྗོད་ཀྱི་ཡོད། གསལ་པོ་བཤད་ན་དེས་ཆོས་ལ་དམའ་འབེབས་གཏོང་གི་ཡོད་ཅིང༌། དངོས་གནས་བྱས་ན་ཆོས་དེ་ཡག་པོ་མིན་པས་མི་བཟོད་པ་ཞིག་འདུག་ཀྱང༌། ངས་བཟོད་བསྲན་ནམ་ཁུར་ནས་བསྡད་ཡོད་ཅེས་བཤད་པ་ལྟ་བུ་རེད། དེའི་དབང་གིས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་མེད། ཆོས་ལུགས་ཡོངས་རྫོགས་ཀྱི་དམིགས་ཡུལ་ནི་འགྲོ་བ་མིའི་ཕན་བདེ་བསྒྲུབ་རྒྱུ་དང༌། ཆོས་ལུགས་མི་འདྲ་བ་ཡོང་དགོས་དོན་ནི་འགྲོ་བ་མིའི་དགོས་མཁོ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཐ་ན་ཚེ་འདིའི་ཉིན་རེའི་དགོས་མཁོ་ལ་བསམས་ཀྱང་མི་རེའི་ཚད་གཞི་ལ་ལྟོས་ནས་ལྷམ་ཆེ་ཆུང་འདྲ་མིན་མང་པོ་ཞིག་བཟོས་ཤིང༌། ལྷམ་གཅིག་པ་བཟོས་ན་མི་མང་ཆེ་བ་རྐང་རྗེན་འགྲོ་དགོས་ཆགས་ཉེན་ཡོད། དེས་ན་མིའི་རྐང་པའི་གནས་བབ་ལ་བརྟེན་ནས་ལྷམ་འདྲ་མིན་དང༌། མིའི་ལྕེས་བྲོ་བ་མྱོང་སྟངས་ལ་བལྟས་ནས་ཁ་ལག་འདྲ་མིན་བཟོ་དགོས་པ་བཞིན་ང་ཚོའི་ནང་གི་སེམས་ཡར་རྒྱས་གཏོང་རྒྱུའི་ཆོས་དེ་ཡང་སོ་སོའི་ཁམས་ལ་ལྟོས་ཏེ་མང་པོ་ཞིག་དགོས་པ་དེ་དངོས་པོའི་གནས་ལུགས་རེད། དེར་བརྟེན་ཆོས་ལུགས་སོ་སོའི་ནང་དང༌། ཆོས་ལུགས་ཚང་མའི་ནང་ལེགས་ཉེས་ཀྱི་རྣམ་གཞག་མེད་པར་གཅིག་གྱུར་ཡིན་པ་དང༌། ཆོས་ལུགས་ཚང་མ་འགྲོ་བ་མིའི་ཕན་བདེ་བསྒྲུབ་རྒྱུའི་དམིགས་ཡུལ་གཅིག་པ་ཡིན་པ།
ཆོས་ལུགས་ཚང་མའི་རྗེས་འཇུག་རྣམས་འགྲོ་བ་མིའི་ཕན་བདེ་སྒྲུབ་པའི་ལས་ཀ་མཉམ་དུ་བྱེད་ཐུབ་པ་དེའི་དབང་གིས་ཆོས་ལུགས་གཞན་ལ་བཟོད་བསྲན་མ་ཡིན་པར་ཀུན་ལ་གཅིག་གྱུར་གྱི་བརྩི་མཐོང་དང་དད་པ་བྱས་པའི་ཐོག་ནས་ཆོས་ལུགས་འཆམ་མཐུན་ཡོང་བའི་འབད་བརྩོན་གནང་དགོས་ཞེས་ྋགོང་ས་མཆོག་གིས་ལམ་སྟོན་གནང་གི་ཡོད། དེ་ལ་བརྟེན་ནས་ད་ལྟ་འཇིག་རྟེན་འདིའི་ནང་ཆོས་ལུགས་ཕན་ཚུན་ཧ་ཅང་ཐག་ཉེ་རུ་ཕྱིན་པ་རེད།
ཕྱི་ལོ་༡༩༦༠ རེ་གྲངས་ཀྱི་འགོ་སྟོད་དུ་ང་ཚོ་རྒྱ་གར་དུ་སླེབས་སྐབས་ནང་པ་དང་ཡེ་ཤུ་ཚོས་སྦྱིན་པ་འདྲ་ཞིག་གཏོང་ཞིང༌། དེ་ལས་སྤྲོས་པའི་སེམས་ཐག་ཉེ་པོ་ཡོང་རྒྱུ་གཞན་མ་མཐོང༌། དེང་སྐབས་ཡེ་ཤུ་དང་ནང་པའི་དབར་འབྲེལ་མོལ་ཧ་ཅང་མང་པོ་དང༌། སེམས་ཐག་ཧ་ཅང་ཉེ་པོ་བྱུང་བ་རྣམས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་བཙུགས་པ་ལྟ་བུ་ཞིག་རེད། ཐོ་མས་མར་ཊིན་(Thomas Martin) ཞུ་བའི་ཨ་རི་ནས་ཡིན་པའི་ཡེ་ཤུའི་ཆོས་དཔོན་ཞིག་ཡོད། ཁོང་ཧ་ལས་པའི་མཁས་པ་ཆེན་པོ་རེད། ལྷག་པར་དུ་གྲུབ་མཐའ་སྨྲ་བ་ཞིག་ཀྱང་རེད། ཁོང་གིས་ལྟ་གྲུབ་དམིགས་བསལ་བ་དེ་འདྲ་ཡང་བརྩམས་ཡོད།
ཕྱི་ལོ་༡༩༦༣།༡༩༦༤ ཙམ་ལ་སྐུ་མདུན་དང་མཇལ་བ་ནས་བཟུང་ནང་པ་དང་ཡེ་ཤུའི་བར་དུ་འབྲེལ་མོལ་ཧ་ཅང་མང་པོ་ཞིག་བྱུང་ཞིང༌། དེ་རྗེས་ང་ཚོའི་གྲྭ་པ་ཕར་བཏང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་སར་ཆིབས་བསྒྱུར་གནང་བ། ཡེ་ཤུའི་བླ་ཆེན་རྣམས་དང་མཇལ་འཕྲད་གནང་བ་སོགས་བྱུང་བའི་དབང་གིས་ཆོས་ལུགས་མང་པོ་དང་མཉམ་དུ་འབྲེལ་ལམ་བྱུང་བ་རེད། དཔེར་ན། རྒྱ་གར་ནང་སྡིངས་ཆ་གཅིག་གི་ཐོག་ཏུ་ཆོས་བརྒྱུད་འདྲ་མིན་ཡོངས་རྫོགས་ཀྱི་དབུ་ཁྲིད་རྣམས་ལྷན་འཛོམས་གནང་རྒྱུའི་གོ་སྐབས་འདི་ཕྱི་ལོ་༡༩༥༩ རྗེས་སུ་ྋགོང་ས་མཆོག་རྒྱ་གར་དུ་ཕེབས་རྗེས་གསར་གཏོད་ལྟ་བུ་བྱུང་བ་ལས། དེ་སྔོན་དེ་འདྲའི་གོ་སྐབས་ཁག་པོ་ཡིན་པ་ལྟ་བུ་ཞིག་འདུག
ཕྱི་ལོ་༡༩༦༥ ལོར་ང་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཐོག་མར་འགྲོ་སྐབས་འཕགས་པ་གནས་བརྟན་སྡེ་པ་རྣམས་ཀྱིས་ང་ཚོ་གྲྭ་པའི་ཁོངས་སུ་བརྩི་གི་མི་འདུག གུང་ཚིགས་སྐབས་སུའང་ཁོ་རང་ཚོ་ལོགས་སུ་བསྡད་ཅིང༌། ང་ཚོ་ལོགས་སུ་འཇོག་གི་འདུག གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་རྣམས་དགེ་སློང་ལ་བརྩི་གི་མེད། ང་ཚོའི་དགེ་སློང་གཉིས་ཐའེ་ལན་ཌིར་སློབ་སྦྱོང་དུ་བསྐྱོད་སྐབས་སྡོམ་པ་ཕུལ་ནས་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་བསྐྱར་དུ་བསྒྲུབ་དགོས་བྱུང་བ་རེད། དེ་མིན་ཁོང་ཚོའི་གྲྭ་པ་དང་མཉམ་དུ་འཁྲིད་ཀྱི་མེད། དེང་སྐབས་དེ་འདྲའི་དབྱེ་འབྱེད་གཏན་ནས་མེད། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་ཐུགས་བསྐྱེད་ཅིག་རེད་སྙམ་གྱི་ཡོད། དེའི་གདམས་ངག་གཙོ་བོ་ནི། ཆོས་བརྒྱུད་ཇི་འདྲ་ཞིག་ཡིན་ཡང༌། ཕན་ཚུན་ལ་བཟང་ངན་གྱི་དབྱེ་བ་མེད་པར་འགྲོ་བ་མིའི་ཕན་བདེ་སྒྲུབ་པའི་ཐབས་ལམ་གཅིག་གྱུར་ཡིན་པ་ངོས་འཛིན་པའི་ཐོག་ནས་ཆོས་ལུགས་ཡོངས་ལ་དད་གུས་ཞུ་རྒྱུ་དང༌། ཉམས་ལེན་བྱེད་པའི་སྐབས་སུ་སོ་སོའི་ཆོས་ལུགས་དེ་ཉམས་ལེན་བྱེད་དགོས་པ། སོ་སོའི་ཆོས་ལུགས་ཉམས་ལེན་བྱེད་པའི་སྐབས་སུ་ཡང་ཆོས་ལུགས་གཞན་ནས་ལེགས་ཆ་ཡོད་ན་བླང་ཆོག་པ་རྣམས་ནི་ྋགོང་ས་མཆོག་གི་ལམ་སྟོན་རེད། ཆོས་ལུགས་ཕན་ཚུན་གྱི་མཐུན་འབྲེལ་གོང་མཐོར་སྤེལ་བའི་ཆེད་དུ་ཆོས་ལུགས་སོ་སོའི་བླ་ཆེན་དབུ་ཁྲིད་རྣམས་ཡང་ཡང་འཛོམས་ནས་བཀའ་བསྡུར་གནང་རྒྱུ་དང༌། ཆོས་པ་རྣམས་ཀྱིས་ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་དང་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ། ཆོས་བརྒྱུད་མི་འདྲ་བ་དེ་ཚོའི་གནས་རྩ་ཆེན་རྣམས་ལ་ཆོས་པ་གཞན་རྣམས་ཀྱིས་གནས་མཇལ་ཞུ་རྒྱུ། དེ་བཞིན་འཇིག་རྟེན་སྤྱིའི་ཕན་བདེ་སྒྲུབ་པའི་ཆེད་དུ་ཆོས་བརྒྱུད་མི་འདྲ་བ་ཚང་མ་མཉམ་དུ་འཛོམས་ནས་གསོལ་འདེབས་དང་སྨོན་ལམ་ཚོགས་རྒྱུ་དེ་ཚོ་དམིགས་བསལ་གྱི་ཐབས་ལམ་ཞིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་བཞེས་གནང་གི་ཡོད། གང་དུ་ཞབས་བཅགས་ཀྱང་ཆོས་ལུགས་འདྲ་མིན་གྱི་ལྷ་ཁང་དང་གནས་ཆེན་ཁག་ལ་གནས་མཇལ་ཕེབས་པ་ཙམ་མ་ཟད། ཆོས་ལུགས་གཞན་གྱི་དབུ་ཁྲིད་རྣམས་ཀྱང་ལྷན་དུ་འཁྲིད་གནང་མཛད་དེ་ལྷན་འཛོམས་ཀྱིས་ཆོས་ཀྱི་སྨོན་ལམ་སོགས་གནང་རྒྱུ་རྣམས་ནི་དངོས་གནས་ཕན་ཐོགས་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་རེད་འདུག དེར་བརྟེན་ང་ཚོ་ནང་པའི་ནང་སྡེ་པ་དང་ལྟ་གྲུབ་མི་འདྲ་བ་ཇི་ཙམ་ཡོད་ཀྱང་གཅིག་གྱུར་གྱིས་དད་གུས་ཞུ་དགོས་པ་དང༌། དེའི་ནང་འཐེན་འཁྱེར་མི་ཡོང་བ་བྱེད་དགོས་པ་དེ་བཤད་མི་དགོས་པ་རེད། གལ་ཏེ་ནང་པའི་ནང་འཐེན་འཁྱེར་ཡོད་ན། ཆོས་ལུགས་གཞན་དང་མཉམ་དུ་འཐེན་འཁྱེར་མེད་ཅེས་བརྗོད་རུང་རྫུན་ཆགས་རྒྱུ་ལས་འོས་མེད།
གསུམ་པ་ནི་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུ་དེ་རེད། བོད་དོན་ལ་ནང་གསེས་དབྱེ་བ་ཕྱེ་ན། བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་དོན་བདེན་མཐའ་མ་གསལ་བར་དུ་བཙན་བྱོལ་ནང་བོད་ཀྱི་ཆོས་དང་ལེགས་བྱང་འཛིན་སྐྱོང་བྱེད་རྒྱུ་བཅས་གཉིས་ཀྱི་ཐོག་ལ་ྋགོང་ས་མཆོག་གིས་ལམ་སྟོན་དང་དབུ་ཁྲིད་གནང་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད།
དང་པོ་བོད་དོན་བདེན་མཐའ་གསལ་ཐབས་ལ་མཚོན་ན། ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དམིགས་བསལ་གྱི་ཤིང་རྟའི་སྲོལ་ལྟ་བུ་ཁ་ཤས་ཕྱེ་གནང་མཛད་ཡོད་ཅིང༌། བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་རང་བཞིན་དུ་བསྒྱུར་བ་དང༌། བོད་དོན་བདེན་མཐའ་གསལ་བའི་ལས་འགུལ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་བ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལམ་སྟོན་གནང་བ་བཅས་གསུམ་རེད། དེ་ནི་རགས་བསྡུས་ཙམ་ལས། ཞིབ་ཏུ་ཕྱེ་ན་ཧ་ཅང་མང་པོ་ཡོད།
བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དེ་བཙན་བྱོལ་དུ་འབྱོར་བ་དེའི་དབང་གིས་བྱུང་བ་ཞིག་གཏན་ནས་མིན། དེ་ནི་ྋགོང་ས་མཆོག་དགུང་ལོ་གཞོན་ནུའི་སྐབས་སུ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་སྔོན་ནས་ཡོད་པ་ཞིག་རེད་འདུག འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་ཕུལ་བའི་སྐབས་སུ་ཆབ་མདོ་ཤོར་ཟིན་པ་མ་ཟད། རྒྱ་མི་ལྷ་སར་འབྱོར་བ་ལ་བདུན་ཕྲག་མ་གཏོགས། ཟླ་བ་དང་ལོ་ཡི་སྐད་ཆ་དེ་ལྷག་མེད། སྐབས་དེར་གཞི་ནས་ྋགོང་ས་མཆོག་གི་ཕྱག་ཏུ་ཆབ་སྲིད་ཕུལ་བར་བརྟེན། ཕྱག་ལས་མང་པོ་ཞིག་གནང་ལོང་བྱུང་མེད། འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་བཞེས་མ་ཐག་ཏུ་ལེགས་བཅོས་ལས་ཁུངས་གསར་བཙུགས་གནང་རྒྱུ་བྱུང་བ་དེ་ཐག་གཅོད་ཆེ་ཤོས་དེ་རེད། ལེགས་བཅོས་ལས་ཁུངས་ཀྱི་ལས་དོན་གཙོ་བོ་ནི་བོད་པའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དེ་རེད།
འོན་ཀྱང་དེ་ནི་ལོ་ངོ་བརྒྱད་ནང་གང་ཡང་བསྒྲུབ་ཐུབ་མེད། ཁྲལ་ཆག་གཏོང་རྒྱུ་དང༌། བུ་ལོན་རྙིང་པ་མེད་པ་བཟོ་རྒྱུ་ལྟ་བུ་འགའ་ཞིག་ལས། དེ་ལས་གཞན་པའི་ལས་དོན་གང་ཡང་ལག་ལེན་དུ་འཁེལ་མེད།
འོན་ཀྱང་རྒྱ་གར་ཕེབས་པའི་བདུན་ཕྲག་དང་པོའི་ནང་མ་སུ་རིར་ལས་ཁུངས་ལྔ་གསར་བཙུགས་གནང་རྒྱུ་དང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དབུ་འཛུགས་གནང་སྟེ་ལོ་གཅིག་ནང་སྤྱི་འཐུས་འོས་བསྡུ་ཐུབ་པ་རེད། ༡༩༦༠ ཕྱི་ཟླ་༩ པའི་ནང་ང་ཚོས་སྤྱི་འཐུས་སྐབས་དང་པོ་དམ་འབུལ་ཐུབ་པ་བྱུང༌། དེ་ནས་རིམ་བཞིན་ང་ཚོ་མང་ཚོགས་ཀྱིས་རྒྱབ་ཏུ་མར་འཐེན་དང༌། ྋགོང་ས་མཆོག་གིས་མདུན་དུ་ཡར་འཐེན་ངང་ནས་ང་ཚོའི་མང་གཙོའི་འཕེལ་རིམ་དེ་མགྱོགས་པོ་དེ་ཙམ་བྱུང་མེད་ཀྱང༌། དེ་ལྟར་གནང་བཞིན་དུ་ཕྱི་ལོ་༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་ཐུབ་པ་དང༌། ཕྱི་ལོ་༢༠༠༡ ལོར་ཆབ་སྲིད་ཀྱི་འགོ་ཁྲིད་ཐད་ཀར་མང་ཚོགས་ཀྱིས་འོས་འདེམས་བྱ་རྒྱུ་སོགས་བཟོས་ཏེ་མང་གཙོའི་འཕེལ་རིམ་དེ་ཚད་མཐོ་པོ་ཞིག་ཏུ་བསྐྱལ་གནང་བ་དེ་ང་ཚོས་མདུན་བསྐྱོད་བྱེད་གྲབས་ཡོད་དམ། ཡང་ན་རྒྱབ་ཤིག་རྒྱག་གྲབས་ཡོད་ད་ལྟ་ཤེས་ཐུབ་ཀྱི་མི་འདུག དེ་ནི་ང་ཚོའི་སྤྱི་ཚོགས་ལ་རག་ལུས་པ་ཞིག་རེད། ྋགོང་ས་མཆོག་གིས་ཧ་ཅང་ཚད་མཐོ་པོ་ཞིག་ཏུ་འཁྲིད་གནང་ཟིན་རུང༌། ང་ཚོས་ད་ལྟ་མར་འདྲེད་འདར་ཤོར་བའི་ཐབས་ཤེས་སྒོ་ཀུན་ནས་བྱེད་མུས་རེད། དེས་ན་འདྲེད་འདར་ཤོར་གྲབས་ཡོད་དམ། ཡང་ན་ཡར་འགྲོ་གྲབས་ཡོད་མ་འོངས་པར་བལྟ་རྒྱུ་རེད།
བོད་ཀྱི་རྩ་དོན་གྱི་ལས་འགུལ་ཡོངས་རྫོགས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་གནང་ཐུབ་པ་ནི་དེ་སྔ་བོད་ཙམ་མ་ཟད། ནང་པའི་རྒྱལ་ཁབ་གང་གི་ནང་དུའང་མ་བྱུང་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་རེད། དེ་ནི་ལས་སླ་པོ་ཞིག་གང་ཡང་མིན། བོད་པ་རང་གིས་ལག་ལེན་བསྟར་བཞིན་པའི་འཚེ་བའི་ལས་ཆ་ཚང་མཚམས་འཇོག་བྱེད་པ་ལའང་དུས་ཚོད་གང་འཚམས་འགོར་བ་རེད། ང་ཚོ་བོད་པའི་རྩ་དོན་གྱི་ལས་འགུལ་འཚེ་མེད་ཞི་བའི་ལམ་དུ་གཙང་མ་འགྲོ་ཐུབ་རྒྱུ་དེ་ཕྱི་ལོ་༡༩༦༧ ལོ་མཇུག་དང༌། ཕྱི་ལོ་༡༩༦༨ ལོ་འགོ་ཙམ་ནས་མ་གཏོགས་བྱུང་མེད། དེ་ཡང་ྋགོང་ས་མཆོག་གིས་འབད་བརྩོན་རླབས་ཆེན་གནང་བའི་འབྲས་བུ་ཞིག་རེད། འོན་ཀྱང་ད་ལྟ་འཇིག་རྟེན་གྱི་མི་ཚང་མས་བོད་པའི་འཐབ་རྩོད་དེ་བརྒྱ་ཆ་བརྒྱ་ཐམ་པ་འཚེ་མེད་ཞི་བའི་ལམ་དུ་འགྲོ་གི་ཡོད་པའི་ངོས་འཛིན་བྱས་པ་དེའི་དབང་གིས་རྒྱལ་ཁབ་དང༌། གཞུང་དང༌། མང་ཚོགས་སོགས་རྣམ་དཔྱོད་དང་བསམ་བློ་ཡོད་མཁན་ཚང་མ་ང་ཚོའི་རྒྱབ་ཏུ་ལངས་ཐུབ་པ་ནི་གནད་དོན་འདིའི་ཐོག་ནས་བྱུང་བ་རེད་བསམ་གྱི་ཡོད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མར་བཟོ་གནང་རྒྱུར་སྙིང་སྟོབས་དང་ཐུགས་སྟོབས་ཧ་ལས་པ་ཞིག་དགོས་ཤིང༌། ལས་སླ་པོའི་ཐོག་ནས་ང་ཚོ་བོད་པའི་བསམ་བློའི་ནང་འཇུག་ཐུབ་པ་ཞིག་མིན། དཔེར་ན། ང་རང་ལྟ་བུར་མཚོན་ན། ཕྱི་ལོ་༡༩༦༨ ཟླ་༧།༨ ཙམ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་དུ་ཆིབས་བསྒྱུར་གནང་ཞིང༌། སྐབས་དེར་ང་ཌལ་ཧོར་བོད་གཞུང་གཏན་སློབ་ཀྱི་སློབ་སྤྱི་ཡིན། དེ་དུས་རྒྱུད་སྟོད་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་བཀའ་དབང་དང༌། བཀའ་ཁྲིད་གནང་སྟེ་ཉིན་གྲངས་མང་པོ་བཞུགས་གནང་བ་རེད། སྐབས་དེར་ད་ལྟ་བཞིན་ཐུགས་བྲེལ་ཚ་པོ་མེད་པར་དུས་ཚོད་མང་པོ་ཞིག་བཏོན་གནང་ཐུབ་ཀྱི་ཡོད། དེ་དུས་ང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་པ་བཞེས་ཕྱོགས་རླབས་ཆེན་ཡོད་པ་རྣམས་བཀའ་གནང་སོང༌། སྐབས་དེར་དབུ་མའི་ལམ་ཞེས་པའི་ཚིག་དེ་བེད་སྤྱོད་གནང་གི་མེད། རང་བཙན་བཞག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོག་ལ་ཕེབས་རྒྱུའི་སྐོར་དེ་རེད། དེ་ནས་རིམ་བཞིན་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང༌། བཀའ་ཤག་སོགས་ལ་བཀའ་བསྡུར་གནང་སྟེ་ཕྱི་ལོ་༡༩༧༤ ལོ་མཇུག་ཡས་མས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་རྣམས་ནང་དོན་ལ་འོག་གྲབས་དང་བང་རིམ་བསྒྲིགས་གནང་གྲུབ་པ་ཞིག་རེད། དེ་རྗེས་ཕྱི་ལོ་༡༩༧༩ ལོར་ཏེང་ཞའོ་ཕིང་གིས་འབྲེལ་མོལ་བྱེད་རྒྱུའི་གྲོས་འཆར་བཏོན་སྐབས་གཞི་ནས་དགོངས་པ་བཞེས་དགོས་པ་དང༌། གོ་བསྡུར་གནང་དགོས་པ་མེད། ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་ནང་དོན་བང་རིམ་བསྒྲིགས་ཟིན་པར་བརྟེན། མགྱོགས་པོ་ཞིག་ལ་བོད་རྒྱ་འབྲེལ་མོལ་མགོ་འཛུགས་ཐུབ་པ་བྱུང༌། དེ་ནས་ད་བར་འདས་པའི་ལོ་སུམ་ཅུའི་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པའི་བྱེད་སྟངས་ཡག་ཉེས་ལ་མ་ལྟོས་པར་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པ་གནང་བ་ཡིན་སྟབས། ད་ལྟ་འཇིག་རྟེན་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང༌། མང་ཚོགས། སྤྱི་ཚོགས་བཅས་ཚང་མས་ཧ་ལས་པའི་ཡི་རངས་བསྔགས་བརྗོད་ཀྱི་ཐོག་ནས་བོད་པ་དང་མཉམ་དུ་རྒྱག་གཅིག་མཆོངས་གཅིག་ཡོང་ཐུབ་པ་དེ་སྲིད་བྱུས་དེ་ལ་བརྟེན་ནས་བྱུང་བ་རེད།
གལ་སྲིད་སྲིད་བྱུས་འདི་ཕྱི་ལོ་༡༩༧༩ ལོར་གསལ་བསྒྲགས་གནང་མ་ཐུབ་པར་ད་དུང་ལོ་ཤས་ལུས་ན། ང་ཚོའི་ཆབ་སྲིད་ཀྱི་ལས་འགུལ་དེ་རྒྱལ་ཁབ་གཞན་དུ་ལྟ་ཞོག རྒྱ་གར་ནང་དུའང་བྱེད་ཐུབ་མིན་གྱི་གནས་ཤིག་ལ་སླེབས་ཡོད། འོན་ཀྱང་ད་ཆ་བོད་ཀྱི་རྩ་དོན་གྱི་ལས་འགུལ་དེ་ལོ་རེ་ནས་ལོ་རེར་གོང་མཐོར་སོང་བ་ལས། ཉམས་ཆག་མ་ཕྱིན་པར་གནས་ཐུབ་པ་ནི་ྋགོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཞིག་རེད། མ་འོངས་པར་རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འདི་ང་ཚོས་མཇུག་སྐྱོང་གིས་བོད་དོན་བདེན་མཐའ་མ་གསལ་བར་དུ་བརྟན་བཟུང་ཐུབ་ན་ཏན་ཏན་བོད་དོན་བདེན་མཐའ་གསལ་རྒྱུའི་དུས་ཚོད་དེ་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ན་ཧ་ཅང་མགྱོགས་པོ་ཞིག་ཡོང་གི་རེད་དྲན་གྱི་ཡོད།
བཙན་བྱོལ་གྱི་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་ལེགས་བྱང་འཛིན་སྐྱོང་གི་སྐོར་རྣམས་ངས་འདིར་རྒྱས་པ་ཞུ་དགོས་དོན་མི་འདུག ཕྱི་ལོ་༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ནས་ྋགོང་ས་མཆོག་གིས་བོད་མི་ན་གཞོན་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་བབ་ཐོག་རླབས་ཆེན་གྱི་དགོངས་པ་བཞེས་གནང་གྲུབ་ནས་ཕྱི་ལོ་༡༩༦༠ ལོར་ང་ཚོ་རང་གི་འདུ་འགོད་ཀྱི་ཐོག་ནས་སློབ་གྲྭ་ཆེ་གྲས་གསུམ་བཙུགས་ཟིན། དང་པོ་མ་སུ་རི་དང༌། གཉིས་པ་སིམ་ལ། གསུམ་པ་རྡོར་གླིང་བཅས་རེད། སློབ་གྲྭ་དེ་གསུམ་ནང་ཁྱོན་བསྡོམས་སློབ་མ་༡༥༠༠ ཙམ་ཞིག་ཡོད། ཕྱི་ལོ་༡༩༦༡ ལོར་རྒྱ་གར་གཞུང་གིས་སློབ་གྲྭ་རྩིས་ལེན་གནང་སྐབས་སློབ་མ་༡༥༠༠ ཡོད་པའི་སློབ་གྲྭ་རྣམས་རྩིས་སྤྲོད་ཆོག་རེད། དེ་སྐབས་ྋགོང་ས་མཆོག་དང༌། ཇབཱཧར་ལཱལ་ནེཧརཱུ་གཉིས་ཀའི་དགོངས་པར་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པའི་ཐོག་ལ་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་ཆ་ཚང་ཡོད་དགོས་པ་ཞིག་ཡོད་རེད། སྐབས་དེ་དུས་ནས་འདབ་གཤོག་གཉིས་ལྡན་ཞེས་པའི་གཏམ་དཔེ་དེ་ཡོད་མུས་རེད། དེ་ནི་ཆོས་སྲིད་གཉིས་ལ་མི་བརྗོད་པར། སྲོལ་རྒྱུན་བོད་ཀྱི་རིག་གཞུང་གི་ཡོན་ཏན་རྣམས་ཆ་ཚང་བ་མ་ཟད། དེང་རབས་ནུབ་ཕྱོགས་པའི་ཡོན་ཏན་རྣམས་ཀྱང་ཆ་ཚང་བ་ལ་ཟེར། དེ་ལྟའི་འདབ་གཤོག་གཉིས་ལྡན་ཞིག་ཡོང་རྒྱུའི་དགོངས་པ་བཞེས་ནས་སློབ་གྲྭ་ཁག་དེ་དག་བཙུགས་གནང་བ་རེད།
ལྷག་པར་ང་ཚོའི་ཆོས་ཕྱོགས་ཀྱི་རིག་གཞུང་དང༌། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་རྒྱ་ཆེན་པོ་ཞིག་ཡོང་བའི་ཆེད་དུ་ཕྱི་ལོ་༡༩༥༩ ལོར་སྦག་སར་སློབ་གཉེར་གྱི་ལྟེ་གནས་བཙུགས་གནང་བ་དང༌། དེ་རྗེས་སློབ་གཉེར་ཁང་དེ་དག་བོད་མིའི་གཞིས་ཆགས་ཆེ་ས་ཁག་ཏུ་གནས་སྤོས་གནང་བ་རེད། ཐོག་མའི་སྐབས་སུ་ལམ་འགྲོ་རྒྱུགས་མ་རྒྱུགས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་སྟེ་གང་འདྲ་ཞིག་ཡོང་སྙམ་པའི་བློ་དོགས་ཀྱང་བྱུང་ཡོད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དང་སྨོན་ལམ་དབང་གིས་ད་ལྟ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་གདན་ས་ཁག་རྣམས་ཇི་ཙམ་གྱི་སྲ་བརྟན་དང༌། ཡར་རྒྱས། བསླབ་པ་སློབ་གཉེར་གྱི་གཞི་རྩ་ཚུགས་པ་བྱུང་བ་འཇིག་རྟེན་ཀུན་གསལ་རེད། སོ་སོས་བསླབ་པ་སློབ་གཉེར་བྱེད་ན། སྔར་བོད་དུ་ཡོད་སྐབས་ལས་ཀྱང་མཐུན་རྐྱེན་ལྷག་པ་དང༌། མདོ་སྔགས་རིག་གནས་དང་བཅས་པ་གང་ལ་སློབ་སྦྱོང་བྱེད་ཀྱང་གོ་སྐབས་ཡོད་པ་ཞིག་བསྐྲུན་གནང་བ་འདིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་འཛིན་སྐྱོང་ཙམ་མིན་པར། དེ་ལ་ལེགས་བཅོས་དང་ཡར་རྒྱས་ཤུགས་ཆེན་པོ་ཞིག་གཏོང་ཐུབ་པ་བྱུང་བ་འདི་དག་ནི་རླབས་ཆེན་གྱི་མཛད་འཕྲིན་དེའི་ཆ་ཤས་ཤིག་རེད་བསམ་གྱི་ཡོད།
དེས་ན་གོང་གསལ་གྱི་མཛད་འཕྲིན་གསུམ་པོ་དེར་ང་ཚོའི་ངོས་ནས་རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུའི་ཞལ་འདེབས་ཤིག་ལས་མ་བྱུང་རུང༌། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང༌། ལྷག་པར་བོད་མི་རིགས་སྤྱི་ཡོངས་ལ་ཕན་པ་ཡོང་རྒྱུ་རེད། བོད་མི་རིགས་ཀྱི་ཕུགས་ཀྱི་དམིགས་ཡུལ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་རྒྱུ་དེ་བོད་པ་གཅིག་པུའི་དོན་དུ་མིན་པར། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་རེད།
ད་ལྟ་ངས་གོང་དུ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་དང༌། དེ་བཞིན་ཆོས་ལུགས་ཀྱི་མཐུན་འབྲེལ་བཅས་གང་ལ་སྦྱར་རུང་བའི་མཛད་རྗེས་རླབས་པོ་ཆེ་ཞིག་ལུས་འདུག ད་ལྟ་འདིར་ཟུར་ཙམ་ཞུ་རྒྱུ་ཡིན། དེ་ནི་ནང་ཆོས་དང་དེང་རབས་ཚན་རིག་བར་གྱི་འབྲེལ་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གསར་བཙུགས་གནང་བ་དེ་རེད། དེ་ནི་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་སྐབས་མ་བྱུང་བའི་གསར་གཏོད་ཆེན་པོ་ཞིག་དང༌། རླབས་ཆེན་གྱི་མཛད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཆོས་ལུགས་ཕན་ཚུན་མཐུན་པོ་དགོས་ན། ཆོས་དང་དེང་རབས་ཚན་རིག་གཉིས་དབར་འགལ་ཟླ་མེད་པ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཀྱིས་ཚན་རིག་གི་ཁ་གཏད་མ་ཆོག་པ་དང༌། དེང་རབས་ཚན་རིག་གིས་ཆོས་ལ་རྒྱུན་དུ་འགལ་ཟླ་བྱེད་པའི་གནས་ཚུལ་མུ་མཐུད་གནས་ན་ཆོས་རྒྱུན་ཡག་པོ་ཞིག་འཛིན་མི་ཐུབ་ལ། གལ་ཏེ་ཆོས་རྒྱུན་འཛིན་ཐུབ་པའི་དབང་དུ་བཏང་ཡང་ཆོས་རྒྱུན་དེ་དག་རྨོངས་དད་ཀྱི་རང་བཞིན་ལས། ཚན་རིག་དང་མཐུན་པའི་ཆོས་ལ་ངོས་འཛིན་བྱ་རྒྱུ་ཁག་པོ་རེད།
ལྷག་པར་འཇིག་རྟེན་ནང་དེང་སྐབས་བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་སླེབས་ཤིང༌། དེའི་དབང་གིས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་བ་མ་ཟད། བོད་བརྒྱུད་ནང་ཆོས་དང༌། དེང་རབས་ཚན་རིག་དབར་འབྲེལ་མོལ་ཡང་ཡང་ཡོང་མུས་རེད། ནང་ཆོས་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུར་ཆ་མཚོན་ན། འདི་ལོའི་ཚོགས་འདུ་དེ་ཐེངས་བཅུ་དྲུག་པ་དེ་རེད། འཇིག་རྟེན་གྱི་མི་ཚང་མས་དོ་སྣང་བྱེད་པའི་གཞི་རྩ་རླབས་ཆེན་པོ་ཞིག་ཆགས་པ་དེས་ཆོས་ལ་མཐོང་ཆེ་རུ་འགྲོ་བ་དང༌། ཆོས་ལུགས་དབར་མཐུན་ལམ་ཡག་ཏུ་འགྲོ་བ། དེ་བཞིན་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་ལ་ཕན་པ་སོགས་ཧ་ཅང་རླབས་ཆེན་ཞིག་བྱུང་ཡོད།
སྤྱིར་བཏང་དེང་རབས་ཀྱི་ཚན་རིག་པ་རྣམས་ད་ལྟ་གནས་ཚད་དམའ་པོའི་སྐབས་ཤིག་རེད། དེང་རབས་ཀྱི་ཚན་རིག་ཡར་རྒྱས་ཕྱིན་ནས་ལོ་ཉིས་བརྒྱ་ཡས་མས་ལས་ཕྱིན་མེད། ད་དུང་ལམ་ཐག་ཧ་ཅང་རིང་པོ་འགྲོ་རྒྱུ་བསྡད་ཡོད། དེས་ན་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གིས་ཚན་རིག་ཡར་རྒྱས་འགྲོ་བའི་མགྱོགས་ཚད་དེ་མ་འགགས་པར་སོང་ན་ཉིན་ཞིག་ཆོས་དང་འདྲ་མཉམ་སླེབས་པའི་གོ་སྐབས་ཤིག་ཡོང་གི་རེད་ཅེས་གསུངས་ཡོད། ད་ལྟ་ཆོས་ཀྱི་གནས་ལུགས་ཡོངས་རྫོགས་ཚན་རིག་པས་རྟོགས་ཁག་པོ་རེད། འོན་ཀྱང་ཚན་རིག་ཡར་རྒྱས་ཀྱི་འགྲོས་དེ་མ་ཉམས་པར་སོང་ན། ཉིན་ཞིག་ཚན་རིག་ཐོག་ནས་ཆོས་ཀྱི་གནས་ལུགས་མང་པོ་ར་སྤྲོད་ཡོང་བའི་རེ་བ་ཡོད་ཅིང༌། དེ་འདྲ་བྱུང་ན་འཇིག་རྟེན་འདིའི་འགྲོ་བ་མི་སྤྱི་ཡོངས་ལ་རླབས་ཆེན་གྱི་ཕན་ཐོགས་ཡོང་རྒྱུ་གདོན་མི་ཟ། དེ་དག་ངོས་འཛིན་པའི་ཐོག་ནས་རང་རང་སོ་སོའི་རྣམ་དཔྱོད་དང་ནུས་པ། ལྷག་པར་སོ་སོའི་ཁམས་མོས་དང་བསྟུན་ནས་མཛད་ཆེན་རླབས་ཆེན་གསུམ་བཞིའི་ཐོག་སྐུ་བཅར་གྲྭ་ཚང་གི་དགེ་འདུན་རྣམས་ཀྱིས་ཞལ་འདེབས་གནང་དགོས་པ་ཞིག་རེད་ལ། གནང་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལན་འདིར་མཚམས་འཇོག་བྱ་རྒྱུ་ཡིན། དུས་ཚོད་ལྷག་མ་ཕྲན་བུ་ཡོད་པ་དེའི་ནང་བཀའ་འདྲི་གནང་རྒྱུ་ཡོད་ན་གནང་རོགས་གནང༌། ཐུགས་རྗེ་ཆེ།
དྲི་བ་དྲིས་ལན།
དྲི་བ་དང་པོ། ད་ལྟ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་གསུམ་གྱི་ཐོག་བཀའ་སློབ་ཕེབས་སྐབས། བོད་ཀྱི་ཆོས་དང་རིག་གཞུང་གི་རྒྱབ་ལྗོངས་ཐོག་ནས་བོད་མི་རྣམས་ཀྱི་ལས་འགན་ནི་འཇིག་རྟེན་ཞི་བདེའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་ལས་འགན་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་བྱུང༌། དེས་ན་ངས་ད་ལྟ་བཀའ་འདྲི་ཞུ་རྒྱུ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༩༢ ལོར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གཏན་འབེབས་གནང་ཡོད། དེའི་ནང་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་སྟངས་སོགས་ཀྱི་ཐོག་ཏུ་ལམ་སྟོན་མང་པོ་ཞིག་ཕེབས་ཡོད། ངས་རིན་པོ་ཆེ་མཆོག་གི་བཀའ་སློབ་གཅིག་གི་ནང་དུ་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ཞེས་པ་དེ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་གདམས་ཆེན་མོ་དང་གཅིག་པ་ཡིན་ཚུལ་བཀའ་གནང་བ་ཞིག་གོ་ཐོས་བྱུང༌།
དེས་ན་དེའི་ནང་གི་སྤྱི་ཚོགས་ཀྱི་འཛུགས་སྐྲུན་དང༌། མ་འོངས་འབྱུང་འགྱུར་གྱི་དགོངས་པ་བཞེས་ཕྱོགས་དང༌། དེ་བཞིན་རིན་པོ་ཆེ་མཆོག་གིས་བཀའ་རྩོམ་གནང་བའི་འབྱུང་འགྱུར་བོད་ཀྱི་བསམ་པའི་འཆར་སྣང་བཅས་ནང་ཡོད་པའི་སྤྱི་ཚོགས་ཀྱི་འཛུགས་སྐྲུན་བྱ་རྒྱུའི་ཁོར་ཡུག་དེ་དག་ད་ལྟ་ང་ཚོས་རྩོད་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་ཁོར་ཡུག་དེའི་ནང་ང་ཚོས་ལོངས་སུ་སྤྱོད་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན། ཕྱི་ལོ་༡༩༩༢ ལ་གནང་བའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གྱི་གཞི་རྩ་དེ་སི་ཊ་སི་སྦག་གི་གྲོས་འཆར་ཐོག་བཞག་གནང་ཡོད། གྲོས་འཆར་དེའི་ནང་མ་འོངས་བོད་ཀྱི་གནས་སྟངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་འོག་ཧོང་ཀོང་དང་མ་ཀའོ་གཉིས་ཀྱི་གནས་ཚུལ་དང་མཚུངས་པའི་གཞི་རིམ་གྱི་ཁྲིམས་ཡིག་ལོགས་སུ་ཡོད་པའི་རང་སྐྱོང་ཞིག་ལ་དགོངས་པ་བཞེས་ཡོད། འོན་ཀྱང་གྲོས་འཆར་དེ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཡ་ལན་མ་བྱུང་བ་མ་ཟད། དེ་ལ་ལྡོག་ཕྱོགས་ཀྱི་ལན་འདེབས་བྱུང་བའི་རྒྱུ་མཚན་གྱིས་ཕྱི་ལོ་༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་གྲོས་འཆར་དེར་འཁོད་པའི་གནས་ཚུལ་ལ་ང་ཚོས་འགན་ཁུར་གང་ཡང་བྱེད་དགོས་དོན་མེད་ཅེས་དང༌། དེའི་རྗེས་ལོའི་གསུམ་དུས་གསུང་འཕྲིན་ནང་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་ཕྱིན་ཞེས་བཀའ་གནང་ཡོད། དེ་བཞིན་ལོ་དེའི་བཀའ་ཤག་གི་མང་གཙོའི་དུས་ཆེན་གྱི་གཏམ་བཤད་ནང་དུའང་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་རེད་ཅེས་གསུངས་ཡོད། དེས་ན་ཕྱི་ལོ་༡༩༩༢ ལོར་ཕེབས་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་དེ་སི་ཊ་སི་སྦག་གི་གྲོས་འཆར་ཐོག་གཞིར་བཞག་པ་ཡིན་སྟབས། གྲོས་འཆར་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་དང་མཉམ་དུ་དེ་ཡང་རང་བཞིན་ནུས་མེད་དུ་ཕྱིན་པ་རེད། དེ་རྗེས་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་ལས་རིམ་དེ་ཡོང་ཞིང༌། དེ་ནི་ཕྱི་ལོ་༡༩༩༥ ལོའི་གསུམ་དུས་གསུང་འཕྲིན་ནང་མི་མང་གི་བསམ་ཚུལ་བསྡུ་དགོས་ཞེས་དང༌། ཕྱི་ལོ་༡༩༩༦ ལོའི་གསུང་འཕྲིན་ནང་ཐག་བཅད་ནས་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུ་ཡིན་ཞེས་བཀའ་གནང་ཡོད། མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་པའི་རྒྱབ་ལྗོངས་ནི་སི་ཊ་སི་སྦག་གི་གྲོས་འཆར་ནུས་མེད་དུ་ཕྱིན་པ་ཡིན་སྟབས། ཐབས་ལམ་གསར་པ་ཞིག་གམ། ཡང་ན་གོམ་པ་གསར་པ་ཞིག་བརྒྱབ་དགོས་པར་བརྟེན། ཕྱི་ལོ་༡༩༩༦།༡༩༩༧ གཉིས་ཙམ་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུའི་ལས་རིམ་དེ་བརྩམས་པ་རེད། དེའི་ཆེད་བཀའ་ཤག་དང་སྤྱི་འཐུས་ངོས་ནས་ས་གནས་སུ་ཚོགས་འདུ་འཚོགས་རྒྱུ་དང༌། གདམ་བྱའི་ངོ་བོ་རང་བཙན་དང༌། རང་ཐག་རང་གཅོད། དབུ་མའི་ལམ། བདེན་པའི་ཨུ་ཚུགས་བཅས་བང་རིམ་བསྒྲིགས་ནས་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་ལས་རིམ་དེ་རྒྱུན་རིང་པོ་ཕྱིན་པ་རེད། མཐའ་མར་བཞུགས་སྒར་རྡ་སར་ཚོགས་ཆེན་ཞིག་ཚོགས་པའི་ནང་བྱེས་འབྱོར་བོད་མི་མང་ཆེ་བ་དང༌། བོད་ནང་ནས་ཀྱང་བསམ་འཆར་བསྡུ་རུབ་ཚང་མ་ཕྱོགས་བསྡོམས་སྐབས་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་པར་དབུ་མའི་ལམ་རྒྱུན་འཁྱོངས་གནང་རོགས་གནང་ཞེས་པ་དང༌། ྋགོང་ས་མཆོག་གིས་དུས་ནས་དུས་སུ་ཐག་གཅོད་གནང་རོགས་གནང་ཞེས་པ་གཉིས་མཉམ་དུ་བསྡོམས་པས་བརྒྱ་ཆ་༦༥ མ་ཟིན་ཙམ་ཞིག་བྱུང༌།
དེ་ལ་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་ཀྱི་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང༌། བོད་ནང་གི་གནས་བབ་ལ་གཟིགས་ཏེ་བོད་མིའི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དུས་ནས་དུས་སུ་ཐག་གཅོད་གནང་རོགས་གནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐག་གཅོད་གང་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དང་ནུས་པ་མཚུངས་པ་ཞིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཆ་འཛིན་ཞུ་གི་ཡིན་ཞེས་འཁོད་ཡོད་པར་བརྟེན། ྋགོང་ས་མཆོག་གིས་ངས་ཐག་གཅོད་བྱེད་དགོས་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་འཁྱོང་བྱེད་རྒྱུ་ཡིན་ཞེས་བཀའ་གནང་སྟེ་ཕྱི་ལོ་༢༠༠༨ བར་གྲོས་ཆོད་དེའི་ལམ་ནས་ཕེབས་པ་རེད།
དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་གནང་རྒྱུ་ཡིན་ཞེས་བཀའ་གནང་སྐབས་དེའི་ཐོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་གནས་བབ་ག་འདྲ་ཡིན་པ་སྐབས་དེ་དུས་གསལ་པོ་བཟོས་གནང་མཛད་མེད། དེ་ནས་ཕྱི་ལོ་༢༠༠༡ ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་ལས་གནས་ཐོག་སླེབས་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུ་ཡིན་ན། བོད་རྒྱ་འབྲེལ་མོལ་མ་བྱས་པར་བསྡད་ན་ཕན་ཐོགས་མེད་པ་ཞིག་ཏུ་མཐོང་སྟེ་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་འབད་བརྩོན་བྱས་ཏེ་ཕྱི་ལོ་༡༩༩༤ ལོ་ནས་བར་མཚམས་ཆད་པའི་འབྲེལ་མོལ་དེ་ཕྱི་ལོ་༢༠༠༢ ལོར་བསྐྱར་དུ་མཐུད་པ་རེད། ཕྱི་ལོ་༢༠༠༢ ནས་༢༠༠༧ བར་འབྲེལ་མོལ་ཐེངས་དྲུག་བྱས་མཚམས་འབྲེལ་མོལ་གྱི་ནང་དོན་གང་འཐོན་གྱི་ཡོད་ཅེ་ན། ང་ཚོས་རྒྱལ་སྤྱིའི་ནང་དང་རྒྱ་ནག་གཉིས་ཀར་བརྗོད་ཐུབ་རྒྱུ་དང༌། བརྗོད་ན་རྒྱ་ནག་ངོས་ནས་མིན་ཞེས་བཤད་རྒྱུའི་གོ་སྐབས་མེད་པའི་གནས་ཚུལ་གཅིག་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་དེ་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་པ་དེའི་ཐོག་བབས་པ་རེད། དེའི་བར་གྱི་བརྒྱུད་རིམ་དེ་ཧ་ཅང་རིང་པོ་རེད།
འབྲེལ་མོལ་ཐེངས་དྲུག་བྱས་པ་དེ་བརྒྱུད་རིམ་དེའི་ཆ་ཤས་ཤིག་རེད། དེ་དང་མཉམ་དུ་རྒྱལ་སྤྱིའི་ནང་དུའང་དེའི་བརྒྱུད་རིམ་མང་པོ་ཞིག་ཕྱིན་ཡོད། ཨ་རི་དང༌། ཡོ་རོབ། ཇར་མ་ནི། ཉི་ཧོང་སོགས་སུ་བོད་ཀྱི་གྲོགས་པོ་དང་རྒྱབ་སྐྱོར་བྱེད་མཁན་རྣམས་དང་མཉམ་དུ་གོ་བསྡུར་མང་པོ་ཞིག་བྱས་པ་རེད། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་ཕྱོགས་དང༌། ཤུགས་གནོན་ཚང་མར་ཚོར་སྣང་ཆེན་པོའི་ཐོག་ནས་དོ་སྣང་བྱས་པ་རེད། དེ་དག་ཚང་མ་བྱས་པའི་མཇུག་འབྲས་སམ་འབྲེལ་མོལ་ཐེངས་དྲུག་བྱས་པའི་ཉམས་མྱོང་ཐོག་ནས་བལྟས་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཀྱི་ཐབས་ལམ་གསར་པ་ཞིག་སྟོན་དགོས་ཀྱི་ཡོད་པ་དེ་འབྲེལ་མོལ་ཐེངས་བདུན་པའི་སྐབས་སུ་གསལ་པོ་བྱུང་བ་རེད། དེས་ན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ང་ཚོའི་དགོས་འདུན་གྱི་ཡིག་ཆ་སྤྲད་པ་དེའི་ནང་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་རྫོགས་ལག་བསྟར་བྱེད་དགོས་ཞེས་པ་དེའི་ཐོག་ཕྱིན་པ་རེད། དེས་ན་དེ་གཉིས་ཀྱི་བར་ལ་ཁྱད་པ་ཆེན་པོ་ཞིག་ཡོད་པ་ནི་སྨོས་མ་དགོས།
མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་དང༌། སྔ་ལོ་༢༠༠༨ ལོར་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱ་རྒྱུའི་ཡིག་ཆ་གཉིས་པོ་བསྡུར་ཐབས་མེད། གཅིག་ནི་འདས་པའི་སྐད་ཆ་ཡིན་ལ། དེ་ནི་རང་བཞིན་ནུས་མེད་དུ་ཕྱིན་པའི་ཡིག་ཆའི་ནང་དུ་བརྩི་དགོས། དེ་ནི་ལེའུ་ལྟ་བུ་གཅིག་རེད།
མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བྱུང་ན་བོད་མིའི་མངོན་འདོད་ཆ་ཚང་དེའི་ནང་ནས་སྒྲུབ་ཐུབ་བམ་ཞེས་པ་ནི་དྲི་བ་དེའི་ཆ་ཤས་གཉིས་པ་དེ་རེད། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་ཞིག་ལྷག་བསམ་རྣམ་དག་གི་ཐོག་ནས་ལག་ལེན་དུ་བསྟར་ན་བོད་མིའི་མངོན་འདོད་མང་ཆེ་བ་སྒྲུབ་ཐུབ་ཀྱི་ཡོད། བརྒྱ་ཆ་བརྒྱ་ཐམ་པ་བསྒྲུབ་མ་ཐུབ་རུང༌། བརྒྱ་ཆ་དགུ་བཅུ་གོ་དྲུག་ཙམ་ཞིག་སྒྲུབ་ཐུབ་པ་དེའི་ནང་ཆ་རྐྱེན་ཡོད། ལྷག་པར་དབུ་མའི་ལམ་གྱི་སྙིང་དོན་དེ་གང་རེད་ཅེ་ན། བོད་མིའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་དབང་ཚད་ཅིག་གི་འཐབ་རྩོད་མིན་པར། བོད་མི་རྣམས་ལ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་པའི་གོ་སྐབས་བསྐྲུན་རྒྱུའི་འཐབ་རྩོད་ཅིག་ཡིན་པ་དེ་ང་ཚོས་རྒྱུན་དུ་ངོས་འཛིན་བྱེད་མུས་རེད། ྋགོང་ས་མཆོག་གིས་གང་གསུང་གི་ཡོད་ཅེ་ན། དོན་ཚན་དང་པོ་ནི། བོད་པའི་འཐབ་རྩོད་དེ་གུང་ཁྲན་རིང་ལུགས་དང༌། མ་རྩའི་རིང་ལུགས། ཡང་ན་ལམ་སྲོལ་རྙིང་པ་དང་ལམ་སྲོལ་གསར་པའི་དབར་སོགས་ཀྱི་འཐབ་རྩོད་ཅིག་གཏན་ནས་མིན་པ་དང༌། དོན་ཚན་གཉིས་པ་ནི། བོད་པའི་འཐབ་རྩོད་དེ་རྒྱ་མི་རིགས་དང་བོད་མི་རིགས་ཀྱི་འཐབ་རྩོད་ཅིག་ཀྱང་མིན་པ། དོན་ཚན་གསུམ་པ་ནི། ང་ཚོའི་འཐབ་རྩོད་དེ་དབང་ཆ་སུས་འཛིན་མིན་གྱི་འཐབ་རྩོད་ཀྱང་མིན་པ་བཅས་རེད། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་འཐབ་རྩོད་ནི་བོད་མི་ཡོངས་ལ་རང་གི་མངོན་འདོད་དང་མཐུན་པའི་མི་ཚེ་བསྐྱལ་རྒྱུ་ཞིག་དང༌། བོད་པས་མི་རབས་ནས་མི་རབས་བརྒྱུད་དེ་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་རིག་གཞུང་བདག་པོ་བརྒྱབས་ནས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་ཐུབ་པ་ཞིག་བཟོ་དགོས་པ་དེ་ཡིན་ཞེས་བཀའ་གནང་གི་ཡོད། དེས་ན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ལག་ལེན་དུ་བསྟར་ན། ང་ཚོའི་མངོན་འདོད་དེ་ཏན་ཏན་སྒྲུབ་ཐུབ་ཀྱི་རེད་སྙམ་གྱི་ཡོད།
འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ཕྱག་ལེན་དུ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་དུ་ཡོད་པའི་ཆ་རྐྱེན་དེ་རྣམས་ཡོངས་སུ་རྫོགས་པ་ལག་ལེན་དུ་བསྟར་རྒྱུར་ད་ལྟ་དཀའ་ངལ་འཕྲད་ཀྱི་ཡོད། དེ་ནི་ཁོང་ཚོས་བརྗོད་སྟངས་འདྲ་མིན་དང༌། ཚིག་འདྲ་མིན་སྣ་ཚོགས་ཐོག་ནས་བཤད་ཀྱང༌། གང་ལྟར་དེ་དག་ལག་ལེན་དུ་བསྟར་ཐུབ་ཀྱི་མེད་པ་དེ་ཁོང་ཚོའི་བསམ་བློའི་ནང་དུའང་ཡོད་པ་རེད་བསམ་གྱི་འདུག འོན་ཀྱང་ད་ལྟ་ང་ཚོས་རྩ་ཁྲིམས་ཀྱི་ཆ་རྐྱེན་གྱི་ཕྱི་ལ་སྣ་ཁ་གཅིག་ཀྱང་རེ་འདུན་འདོན་གྱི་མེད་པ་དེ་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་རེད། རྩ་ཁྲིམས་ནང་ཡོད་པའི་རྒྱུན་འཁྱོངས་ཆེན་པོ་གསུམ་ལའང་ང་ཚོས་འགལ་ཟླ་བྱེད་ཀྱི་མེད། འོན་ཀྱང་ང་ཚོའི་མངོན་འདོད་ནི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་རྒྱ་ནག་མི་དམངས་སྤྱི་མཐུན་གྱི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པ་ཞིག་ལག་བསྟར་བྱེད་དགོས་ཞེས་པ་དེ་རེད། དེ་བརྗོད་རྒྱུའི་མཚམས་སུ་ད་ལྟ་སླེབས་ཡོད།
མཚམས་འདི་ནས་འགྲོ་ལམ་གཉིས་ལས་མེད། འགྲོ་ལམ་དང་པོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་དགོས་པ་དེ་རེད། ཁོང་ཚོས་ཁྱེད་རང་ཚོས་རྩ་ཁྲིམས་ཀྱི་ཕྱི་ལ་རེ་འདུན་གང་ཡང་བྱེད་ཀྱི་མེད། དེའི་ནང་ཡོད་པ་རྣམས་ང་ཚོས་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་གྱི་ཡིན་ཞེས་བརྗོད་ན། བོད་མི་རིགས་ཀྱི་ད་ལྟའི་དཀའ་རྙོག་སེལ་བའི་འགོ་འཛུགས་ཡག་པོ་ཞིག་བྱེད་ཐུབ་ཀྱི་རེད་སྙམ། དཀའ་ངལ་སེལ་འགོ་ཚུགས་ན། དེ་ལ་བརྒྱུད་རིམ་དང་འཕེལ་རིམ་ཞིག་ཆགས་རྒྱུ་རེད། ལས་རིམ་དེའི་ནང་དཀའ་ངལ་གསར་པ་ཡང་ཡོང་གི་རེད། དེ་དག་རིམ་བཞིན་སེལ་གྱིན་ཕྱིན་ན་མཐར་བོད་མི་རིགས་དང༌། རྒྱ་མི་རིགས་གཉིས་ཀར་འདོད་བློ་ཁེངས་པའི་ཐབས་ལམ་ཞིག་རྙེད་ཀྱི་རེད་བསམ་གྱི་འདུག
འགྲོ་ལམ་གཉིས་པ་ནི། དེ་ལྟར་ཡོང་གི་མ་རེད་བརྗོད་རྒྱུ་དེ་རེད། དེ་ནི་ཁོང་ཚོས་ད་ལྟ་བརྗོད་བཞིན་ཡོད། དེའི་ནང་མངོན་པར་མི་གསལ་བའི་རང་བཙན་དང༌། ཕྱེད་རང་བཙན་གྱི་སྐད་ཆ་འདུག་ཅེས་བརྗོད་མུས་རེད། འོ་ན་མངོན་པར་མི་གསལ་བའི་རང་བཙན་དང༌། ཕྱེད་རང་བཙན་གྱི་སྐད་ཆ་གང་འདུག་ཅེས་དྲིས་ན། དེ་ལ་ལན་མེད་པ་མ་ཟད། འདི་འདུག་ཅེས་མཛུབ་མོ་འཛུགས་རྒྱུ་ཡང་མེད། སྤྱི་མ་སྤོམ་གྱི་ཐོག་ནས་འདི་ལྟར་བརྗོད་ཀྱི་ཡོད། དེ་ལྟར་བརྗོད་ཀྱིན་བསྡད་ན། བོད་ཀྱི་དཀའ་རྙོག་སེལ་བའི་ལས་རིམ་དེ་འགོ་བཙུགས་ཐུབ་ཀྱི་མེད། དེ་མ་ཐུབ་ན་རྒྱལ་སྤྱིའི་ནང་དང༌། རྒྱ་ནག་ནང་བཅས་སུ་ད་ལྟའི་བརྒྱུད་རིམ་འདི་མུ་མཐུད་འགྲོ་རྒྱུ་རེད། ད་ལྟའི་བརྒྱུད་རིམ་མུ་མཐུད་འགྲོ་སྐབས། རྒྱ་ནག་ནང་དུ་འགྱུར་བ་ཡོང་སྲིད་ལ། རྒྱལ་སྤྱི་དང་བོད་ཀྱི་ནང་དུའང་འགྱུར་བ་ཡོང་སྲིད་པ་ཞིག་རེད། དེ་ཚོའི་འགྱུར་འགྲོས་དང་བསྟུན་ནས་ང་ཚོ་མ་འོངས་ཇི་སྲིད་ནམ་གནས་བར་ཡིག་ཆ་དེ་རང་ཐོག་འགུལ་བསྐྱོད་མེད་པར་བསྡད་གྲབས་ཡོད་དམ། ཡང་ན་ཁྱོན་ཡོངས་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་གྲབས་ཡོད། གང་ལྟར་འགྲོ་མིན་ལ་མ་ལྟོས་པར་ང་ཚོའི་ལས་འགུལ་ནི་ཆུ་རྒྱུག་སའི་ལྕགས་སྦུབ་དེའི་ནང་ཚུད་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། དེའི་ནང་ཚུད་ན་འགྲོ་ལམ་གཉིས་པོ་གང་དུ་ཕྱིན་ནའང་གཅིག་གི་ཐོག་ཏུ་འགྲོ་དགོས་ངེས། ད་ལྟ་ང་ཚོས་དེ་འགྲིག་གི་མི་འདུག་ཅེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ལ་བརྗོད་བཞིན་ཡོད་ཀྱང་གནས་ལུགས་རྒྱུ་མཚན་དེ་སུ་ལའང་བཤད་ཐུབ་ཀྱི་མེད།
ཉེ་སྔོན་ཕྱི་ཟླ་༧ མཇུག་ལ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་དུ་གཙུག་ལག་སློབ་ཁང་འདིས་རྒྱ་ནག་དང༌། ནུབ་ཕྱོགས་ནས་མཁས་དབང་གདན་ཞུས་ཀྱིས་ང་ཚོས་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བསྒྲུབ་རྒྱུའི་མངོན་འདོད་ཀྱི་ཡིག་ཆ་དེའི་ཐོག་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཞིག་བསྐོངས་འདུག དེའི་གྲུབ་དོན་རྣམས་ཧ་ཅང་གསལ་པོ་འདུག ང་ཚོས་སྤྲད་པའི་ཡིག་ཆ་དེ་མཚན་ཉིད་པའི་སྐད་ཆ་བཤད་སྟངས་ལྟར་ན། ལན་གྱིས་བཟློག་ཏུ་མེད་པའི་ཐལ་བ་ཡིན་པ་དང༌། དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱེད་ན་རྒྱ་ནག་ལ་ཁྲིམས་ཀྱིས་དབང་སྒྱུར་མེད་པ་དེ་ཧ་ཅང་གསལ་པོ་ཡིན་པའི་གནས་བབ་དེ་བཤད་འདུག
ཕྱོགས་གཞན་ནས་ང་ཚོར་མཐུན་འགྱུར་གནང་མཁན་གྱི་རྒྱལ་ཁབ་ཚང་མས་ཡིག་ཆ་དེ་ཧ་ཅང་གི་ཚུལ་མཐུན་ཡིན་པ་དང༌། མ་འོངས་པར་རྒྱ་ནག་མཉམ་དུ་གཉིས་ཕྱོགས་སམ་མང་ཕྱོགས་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་ན་སྐད་ཆ་བཤད་རྒྱུའི་གཞི་རྩ་དེ་བརྟན་པོ་དང་ལས་སླ་པོ་ཡག་པོ་ཞིག་ཆགས་འདུག་ཅེས་བརྗོད་ཀྱི་ཡོད། དེས་ན་ད་ལྟ་ང་ཚོ་ཡིག་ཆ་འདིའི་ཐོག་མུ་མཐུད་འགྲོ་རྒྱུ་རེད།
དྲི་བ་གཉིས་པ། རིན་པོ་ཆེ་མཆོག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་ཆེན་གསུམ་གྱི་ནང་ནས་གལ་ཆེ་ཆུང་གི་སྒྲུབ་སྟངས་ཐོག་ནས་དང་པོ་གཉིས་དེ་གལ་ཆེ་བ་གཟིགས་ཀྱི་ཡོད་པ་ལྟ་བུ་ཞིག་འདུག ང་རང་གིས་ལྟ་སྟངས་བྱས་ན་བོད་དོན་འཐབ་རྩོད་ཀྱི་ལས་འགན་དེ་གལ་ཆེ་བ་མཐོང་གི་འདུག དེ་གང་ཡིན་ཞེ་ན། འཛམ་གླིང་འདིའི་ཐོག་གི་ཞི་བདེ་དང་ལྷིང་འཇགས་གང་ཡིན་ཡང་བོད་དོན་འཐབ་རྩོད་འདི་ལ་མང་པོ་ཞིག་རག་ལུས་ཡོད་བསམ་གྱི་འདུག བོད་དོན་བདེན་མཐའ་གསལ་ན་ྋགོང་ས་མཆོག་གི་མཛད་ཆེན་དང་པོ་གཉིས་ཀྱང་རང་བཞིན་གྱིས་འགྲུབ་རྒྱུ་དང༌། གཉིས་ནས་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་རྒྱུ་འདི་འཛམ་གླིང་ཞི་བདེ་དང༌། འགྲོ་བ་མི་སྤྱི་ལ་ཕན་ཆེད་ཡིན་ཞེས་བརྗོད་ཀྱི་ཡོད་སྟབས། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཉམས་ཆག་ཏུ་འགྲོ་མུས་རེད། བོད་ནང་དུའང་བོད་པ་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་བའི་ཉེན་ཁ་སོགས་ཉག་ཕྲ་བའི་དུས་ཤིག་ཡིན་སྟབས། བོད་པ་ཞིག་གི་ངོས་ནས་བལྟས་ན། བོད་དོན་འཐབ་རྩོད་དེ་ཐོག་མར་བསྒྲུབ་དགོས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག དེ་ག་འདྲ་ཡིན་ནམ་ཞེས་ཞུ་རྒྱུ་ཡིན།
བཀའ་ལན། ད་ལྟ་གོང་དུ་མཛད་ཆེན་གསུམ་བང་བསྒྲིགས་པ་དེ་སྐབས་འགའ་རེར་གལ་ཆེ་ཆུང་དབང་གིས་བང་བསྒྲིགས་པ་ལྟ་བུ་ཞིག་བཀའ་གནང་བ་བྱུང་ཡོད། གལ་ཆེ་ཆུང་ལ་དབྱིན་སྐད་དུ་པ་རའོ་རི་ཊི་(Priority) ཟེར་བ་རེད། པ་རའོ་རི་ཊི་ཆ་ནས་དང་པོ་དང༌། གཉིས་པ་ཞེས་བརྗོད་སྲོལ་ཡོད། ཡང་པ་རའོ་རི་ཊི་ཞེས་པའི་ཚིག་དེ་བེད་སྤྱོད་མ་བཏང་བར་སྤྱིར་བཏང་དང་པོ་དང་གཉིས་པ་ཞེས་གསུངས་པ་དེ་ནི་མཚམས་རེ་ཁྱབ་ཆེ་ཆུང་གི་ངོས་ནས་གསུངས་པའི་གོ་སྐབས་ཀྱང་ཡོད། དེ་ནི་འདྲ་མིན་སྣ་ཚོགས་ཤིག་གི་ཐོག་ནས་བཀའ་གནང་གི་འདུག ཁྱབ་ཆེ་ཆུང་གི་ཐོག་ནས་གཟིགས་ན། འགྲོ་བ་མི་རིགས་སྤྱི་ཡོངས་དེ་ཁྱབ་ཆེ་ཤོས་དང༌། དེ་རྗེས་ཆོས་ལུགས་ཀྱི་སྐོར། བོད་པ་དེ་མི་འབོར་སོགས་ཀྱི་ཆ་ནས་ཁྱབ་ཆུང་ཤོས་དེ་རེད། དེའི་དབང་གིས་རིམ་པ་གསུམ་པོ་དེ་བང་བསྒྲིགས་པ་རེད་བསམ་གྱི་འདུག ད་གིན་ངས་འགོ་སྟོད་ནས་འདིའི་ཐོག་ལ་ཕྲན་བུ་ཞིག་བརྡ་སྟོན་རྒྱུའི་ཐབས་ཤེས་བྱས་པ་ཡིན། གཅིག་བྱས་ན་དེ་ཙམ་གསལ་པོ་མ་བྱུང་བ་ཡིན་འདུག དུས་རབས་ཉེར་གཅིག་པ་དང་ཉེར་གཉིས་ནང་གཞི་ནས་བོད་ཀྱི་གནས་བབ་ད་ལྟ་བཞིན་ཆགས་དགོས་པ་དེ་གང་བྱས་པ་རེད་ཅེ་ན། དེ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ལས། འཇིག་རྟེན་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་འབྲེལ་བ་གཏན་ནས་མེད་པ་ཞིག་མིན།
ད་རངས་ངས་དང་པོ་བཤད་སྐབས་སྐད་ཆ་དེ་རིང་པོ་ཞིག་ཆགས་སོང་ཡང༌། དེ་སྐབས་གང་ཞུས་ཡོད་ཅེ་ན། སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་ནང་འགྱུར་བ་རླབས་ཆེ་དེ་ནུབ་ཕྱོགས་སུ་འཕྲུལ་ལས་ཅན་གྱི་གསར་བརྗེ་བྱུང་བ་ནས་ཕྱིན་པ་རེད། སྤྱིར་བཏང་འཕྲུལ་ལས་ཀྱི་གསར་བརྗེ་ཨིན་དྲ་སི་ཊི་རི་ཡལ་རི་ཝོ་ལུ་ཤན་(Industrial revolution) ཞེས་པ་དེ་འཕྲུལ་ལས་རྐྱང་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཡང༌། དོན་དུ་སྤྱི་ཚོགས་དང༌། དཔལ་འབྱོར། ཆབ་སྲིད་ཚང་མ་འགྱུར་བ་འགྲོ་བའི་འགོ་དེ་ནས་ཚུགས་པ་རེད།
ང་ཚོ་བོད་པའི་ཐོག་ཏུ་དམིགས་སུ་བཀར་ནས་ཞུས་ན། རྒྱ་ནག་རྟག་ཏུ་སྟོབས་ཆེན་པོ་བྱས་ནས་བསྡད་པ་རེད། བོད་པ་རྒྱ་ནག་དང་བསྡུར་ན་དུས་རབས་དགུ་པའི་རྗེས་སུ་རྟག་ཏུ་སྟོབས་ཤུགས་ཆུང་བ་རེད། དུས་རབས་དགུ་པའི་གོང་དུ་བོད་པས་རྒྱ་ནག་ཏུ་དམག་བརྒྱབས་ནས་ས་ཆ་མང་པོ་དབང་བསྒྱུར་བྱས་པ་དང༌། རྒྱ་ནག་གོང་མ་རྒྱལ་ས་ནས་མཐར་སྐྲོད་གཏོང་བ་ལྟ་བུ་སྐབས་རེ་བྱུང་ཡོད། འོན་ཀྱང་མངའ་བདག་ཁྲི་རལ་པ་ཅན་གྱི་རྗེས་སུ་བོད་སིལ་བུར་ཐོར་བ་ནས་བཟུང་ཕྱི་ལོ་༡༩༥༡ བར་དམག་དང་དཔལ་འབྱོར་གྱི་ནུས་པའི་ཐོག་ནས་བལྟས་ན་རྒྱ་མི་སྟོབས་ཆེ་བ་དང་བོད་པ་སྟོབས་ཆུང་བ་རེད། འོན་ཀྱང་ཕྱི་ལོ་༡༩༥༡ བར་དུ་བོད་དེ་རྒྱ་མིས་དབང་བསྒྱུར་ཆ་ཚང་བྱས་མེད།
སོག་པོས་དབང་བསྒྱུར་བྱས་པའི་སྐབས་སུ་ཡང་དུས་ཚོད་ངེས་ཅན་ཞིག་ལས། བོད་དེ་བོད་པར་ཕྱིར་སློག་བྱས་ཡོད། དཔེར་ན། ཕྱི་ལོ་༡༢༡༦།༡༢༡༧ ཙམ་ནས་བོད་དེ་སོག་པོའི་འོག་ཏུ་ཕྱིན་ཡང༌། ཕྱི་ལོ་༡༢༦༥ ཙམ་ལ་བོད་པ་རྣམས་རང་དབང་ཆགས་ཟིན།
ཕྱི་ལོ་༡༩༥༡ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་འགྲོ་རྒྱུའི་གནས་བབ་དེ་ཇི་ལྟར་བྱུང་བ་རེད་ཅེ་ན། ནུབ་ཕྱོགས་སུ་འཕྲུལ་ལས་ཀྱི་ཡར་རྒྱས་ཕྱིན་ཟིན་པའི་རྗེས་སུ་དཔལ་འབྱོར་གྱི་གནས་བབ་དེ་ཧ་ཅང་མི་འདྲ་བ་ཞིག་ཆགས་པ་རེད། དེའི་དབང་གིས་མ་རྩའི་རིང་ལུགས་ཞེས་པའི་དཔལ་འབྱོར་གྱི་ལམ་ལུགས་དེ་དར་བ་རེད། དེ་ལ་བརྟེན་ནས་མ་རྩའི་བདག་པོ་རྣམས་ཀྱིས་ལས་བྱེད་དང་གླ་མི་ལ་ཚད་ལས་འདས་པའི་བཤུ་གཞོག་གཏོང་བའི་གནས་ཚུལ་བྱུང་བའི་དབང་གིས་དེའི་ཁ་གཏད་དུ་སྤྱི་ཚོགས་རིང་ལུགས་དང༌། མར་ཁེ་སེ་རིང་ལུགས་ཞེས་པ་དེ་བྱུང༌། དེ་ནས་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་དེ་རྒྱ་ཆེ་རུ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་དམག་ཆེན་དང་པོ་དང༌། དམག་ཆེན་གཉིས་པ་བཅས་རིམ་བཞིན་བྱུང༌། དེ་ཙམ་མ་ཟད་སོ་ཝི་ཡཏ་ཡུ་ནི་ཡན་(Soviet Union) ཞེས་པ་དེ་ཐོན་པ་རེད། དེ་ནི་ལོ་བདུན་ཅུ་དོན་གྲངས་རིང་གནས་ཤིང༌། རྒྱ་ནག་ཀྱང་དམར་པོའི་འོག་ཏུ་ཕྱིན་པ་རེད། དེ་རྗེས་གཞི་ནས་བོད་དེ་རྒྱ་ནག་དམར་པོའི་འོག་ཏུ་ཕྱིན་པ་རེད། དེས་ན་བོད་འདི་གཏན་འཇགས་རྒྱ་མིས་དབང་བསྒྱུར་བྱེད་པའི་འགག་རྩ་གཙོ་བོ་གང་ལ་ཐུག་ཡོད་ཅེ་ན། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་འཐབ་རྩོད་ནས་མར་འབྲེལ་བ་ཞིག་རེད། འཛམ་གླིང་ཐོག་དེའི་འཐབ་རྩོད་དེ་བྱུང་མེད་ན་དམག་ཆེན་གཉིས་བྱུང་མེད་ལ། བོད་ཀྱང་ད་ལྟ་བཞིན་ཡོང་དགོས་པའི་གནས་སྟངས་གང་ཡང་མེད། དེ་དག་ཚང་མའི་འབྱུང་ཁུངས་སམ་ཐོག་མའི་མ་རིག་པ་ལྟ་བུ་དེ་དེང་རབས་དཔལ་འབྱོར་གྱི་གནས་སྟངས་ལ་ཐུག་ཡོད།
འཕྲུལ་ལས་ཅན་གྱི་འཛུགས་སྐྲུན་དང༌། འཕྲུལ་ལས་ཅན་གྱི་ཐོན་སྐྱེད། བག་མེད་ལོངས་སྤྱོད་བཅས་ལ་བརྟེན་པའི་དཔལ་འབྱོར་གྱི་ལམ་སྲོལ་འདིའི་དབང་གིས་གོང་དུ་ཞུས་པའི་ཁོར་ཡུག་ཉམས་ཆག་དང༌། གནོད་འཚེ། དམག་འཁྲུག ཆོས་ལུགས་ཕན་ཚུན་གྱི་འགལ་ཟླ་སོགས་བྱུང༌། དེ་དག་ཚང་མའི་རྩ་བའི་མ་རིག་པ་ལྟ་བུ་དེ་བཙལ་དུ་ཕྱིན་ན། དགོས་མཁོ་ལས་མང་བའི་ཐོན་སྐྱེད་དེས་མི་རྣམས་ལ་བག་མེད་ལོངས་སྤྱོད་བྱེད་རྒྱུའི་གཤིས་ཀ་བསླབས་པ་ལ་བརྟེན་ནས་བྱུང༌། གཤིས་ཀ་དེ་ལ་འགྱུར་བ་མ་ཕྱིན་བར་དུ་བོད་ཀྱི་རྩ་དོན་དེ་བསྒྲུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་ཡོད། དེ་བསྒྲུབས་པ་ཡིན་ཡང་བརྟན་ལྷིང་གནས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག དེས་ན་ང་ཚོ་ནང་པས་སྡུག་བསྔལ་བདེན་པ་དྲུངས་ནས་ཕྱུང་བའམ་སྡུག་བདེན་སྤོང་བ་ལ་སྡུག་བསྔལ་བདེན་པ་ལ་ཐད་ཀར་ཁ་གཏད་གཅག་ན་འགྲིག་གི་མེད། སྡུག་བསྔལ་བདེན་པ་དེ་གྲུབ་ཟིན་པའི་དངོས་པོ་ཞིག་རེད། སྡུག་བསྔལ་བདེན་པ་མེད་པ་བཟོ་བ་ལ་ཀུན་འབྱུང་བདེན་པ་དེ་སུན་ཕྱུང་དགོས་པ་ཡིན། རྒྱུ་ཀུན་འབྱུང་བདེན་པ་དེ་སུན་མ་ཕྱུང་ན། འབྲས་བུ་སྡུག་བསྔལ་བདེན་པ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། མ་རིག་པ་སུན་མ་ཕྱུང་ན་འདུ་བྱེད་ཀྱི་ལས་མུ་མཐུད་ཡོང་རྒྱུ་ལས། དེ་འགོག་མི་ཐུབ། དེས་ན་ས་བོན་དང་རྩ་བ་དྲུངས་ནས་དབྱུང་རྒྱུ་ནི་ནང་པའི་ལྟ་བ་ཞིག་རེད་ལ། ཚན་རིག་པས་བལྟས་ཀྱང་རྒྱུ་མཚན་དང་མཐུན་པ་ཞིག་རེད།
མགོན་པོ་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེ་གནས་འཐོབ་བྱ་སྨན་ནི་བསྟེན་པ་བྱ་བ་ལྟར།། ཞེས་དཔེ་ཧ་ཅང་ཡག་པོ་བཞག་འདུག ན་ཚ་དྲག་དགོས་ན་དེའི་རྒྱུ་དེ་མེད་པར་བཟོ་དགོས། དེས་ན་ང་ཚོ་བོད་ཀྱི་དཀའ་རྙོག་དེ་ཡང་དམིགས་བསལ་གྱི་རྒྱུ་ཞིག་ལ་བརྟེན་ནས་བྱུང་བ་ལས་གློ་བུར་དུ་བྱུང་བ་ཞིག་མིན། ཉིན་ཞིག་ཞོགས་པ་གཉིད་སད་སྐབས་མའོ་ཙེ་ཏུང་གིས་བོད་ལ་དམག་བརྒྱབ་དགོས་བསམ་པ་དྲན་མེད། དེའི་རྒྱབ་ལྗོངས་ཧ་ཅང་རིང་པོ་ཞིག་བང་འགྲིགས་ནས་ད་ལྟའི་གནས་སྟངས་བར་སླེབས་པ་རེད། གལ་སྲིད་བོད་ཀྱི་རྩ་དོན་དེ་ད་ལྟའི་རྩ་དོན་གསུམ་པོ་ལས་གལ་འགངས་ཆེ་བར་བརྩིས་ཀྱང་བརྩི་མི་ཆོག་པ་མེད། འོན་ཀྱང་དེ་སྒྲུབ་པའི་རིམ་པ་ལ་འགྱུར་བ་དེ་ཙམ་འགྲོ་རྒྱུ་གང་ཡང་མེད། གསལ་པོ་ཆགས་ཡོད་མེད་མི་ཤེས། འདི་ཙམ་ཡིན་ཞེས་གསུངས།།