ཨདརྵ་དོན་ལྡན་དབྱངས་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ།།

སྟོན་པ་ཐུབ་པའི་དབང་པོར་ལེགས་པར་བཤད་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་གསུངས་པའི་མཛད་མཆོག་ལས་བརྩམས་ཏེ་མངོན་པར་བསྟོད་པ་འཁོར་འདས་ངང་ཚུལ་གསལ་བའི་ཨདརྵ་དོན་ལྡན་དབྱངས་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ།།
མཛད་པ་པོ། འབྲས་ཚ་བ་རི་སྐྱ་རིན་པོ་ཆེ།

རབ་འབྱམས་རྒྱལ་བའི་གསང་གསུམ་མཛོད། །ཕྱེ་མཛད་འཕགས་མཆོག་མི་ཡི་གར། །སྡོམ་བརྩོན་འཁོར་ལོས་སྒྱུར་བའི་མགོན། །བསྟན་འཛིན་རྒྱ་མཚོས་འགྲོ་འདི་སྐྱོངས། །ཟུར་ཕུད་རིགས་ལྔའི་རྒྱན་འཆང་ཞིང་། །ཡེ་ཤེས་སྒྱུ་འཕྲུལ་རོལ་པ་འཛིན། །གཏི་མུག་དགྲ་རུ་གདེངས་བ་དེས། །བདག་མགྲིན་ལོངས་སྤྱོད་གཏེར་དུ་སྒྲུབས། །སྲིད་གསུམ་སྡུག་གུ་རབ་ནོན་ཅིང་། །པཎ་ཙ་ལི་ཀས་འཁྱུད་པའི་དབུས། །ཤེས་རབ་རིན་ཆེན་རྒྱུད་མང་འཆང་། །སྒྲ་དབྱངས་ལྷ་མོས་ཤིས་པ་སྩོལ། །ཆེ་བའི་ཆེ་མཆོག་ཤཀྱཱའི་ཏོག །གང་གིས་ཇི་ལྟར་གཟིགས་པའི་ལམ། །ཐུགས་རྗེ་ཚངས་པའི་ང་རོ་ཡིས། །སྟོན་མཛད་ཐམས་ཅད་མཁྱེན་དེ་རྒྱལ། །གང་གི་ཕུལ་བྱུང་མཛད་པའི་མཆོག །མངོན་བསྟོད་དབྱངས་ཀྱི་སྙེ་མའི་རླབས། །ཇི་ལྟར་བྱིས་བློ་བདག་གིས་ནི། །རབ་བཟོད་སྙིམ་པས་མཆོད་སྤྲིན་སྤྲོས། །གང་ཞིག་མཐོང་བས་ཆོས་མཐོང་ཞིང་། ། དེ་ཡིས་སངས་རྒྱས་མཐོང་ངོ་ཞེས། །རྟེན་ཅིང་འབྲེལ་འབྱུང་སྟོན་བཞེད་པ། །དེ་བཞིན་གཤེགས་ལ་བདག་ཕྱག་འཚལ། །འབྲས་བུ་མྱ་ངན་འདས་པ་ཡི། ། འཕགས་པའི་ལམ་གྱི་བཀྲིས་དེས། །རིགས་ཅན་ཀུན་གྱི་ཡིད་ཀྱི་ཞིང་། །དགེ་ལེགས་གཡོ་བ་མེད་པར་མཛོད། །གང་གི་བརྙེད་པའི་གོ་འཕང་ཡང་། ། མགོན་ཁྱོད་བསྐལ་མང་ཕྱིན་དྲུག་སོགས། །བྱ་དཀའི་སྤྱོད་པར་གཞོལ་བ་ལས།། བརྙེད་ཀྱི་རྒྱུ་མེད་ལས་མིན་པས། །དེ་ལྟར་བརྙེད་མཛད་བདུད་རྩིའི་ཆོས།། འགྲོ་བས་རྟོགས་དཀར་གཟིགས་ནས་ཀྱང་། །ཆོས་བསྟན་ལོག་ནས་བཟློག་མཛད་འདི། །ཨེ་མའོ་ཐུགས་རྗེ་གོམས་ལས་སོ། །དེ་ཕྱིར་ཁྱོད་མཛད་གནས་ཀུན་ལའང་། །གང་ལ་དད་པར་གྱུར་བ་ཡི། །ཐ་གྲུའི་སྐྱེ་བོས་ཁྱོད་ཞབས་རྡུལ། །སྤྱི་བོར་བླངས་ཕྱིར་འདུས་པར་གྱུར། །ཀུན་ཏུ་བཟང་དང་བྱམས་འཇམ་དབྱངས། །མཆོག་ཟུང་རབ་འབྱོར་ཉན་ཐོས་ཚོགས། །ཇི་སྙེད་བགྲོས་གང་ཁྱོད་ཉིད་ཀྱིས། །བྱིན་གྱིས་བརླབས་ལས་ཡོངས་མི་འདའ། །ཆོས་ཀུན་རྒྱུ་ལས་བྱུང་བ་དང་། །དེ་རྒྱུ་དེ་ཡི་འགོག་པ་གང་། །གསུངས་མཛད་རྐང་གཉིས་གཙོ་བོ་ལ། །དད་དང་ཆོས་ཀྱིས་རྗེས་འབྲངས་བ། །མ་འདྲིས་འགྲོ་བའི་ཡིད་ཀྱི་མཚོར། །རྟེན་འབྱུང་གསུང་གི་གསང་བའི་མཛོད། །ལན་དང་རྣམ་སྨིན་མི་བལྟ་བར། །ཐུགས་རྗེས་ཀུན་ཏུ་བརྒྱན་པར་མཛད། །བསྟན་པའི་སྙིང་པོར་གྱུར་པ་གང་། །མི་མཇེད་ཞིང་འདིར་དེང་བསྟན་ན། །འོག་མིན་འཕགས་པ་རྣམས་ཀྱང་ནི། ། གླིར་འདིར་ཕྱིར་ཞིང་ཕྱོགས་པར་གྱུར། །ལྷ་ཀླུ་གནོད་བྱིན་གྲུལ་བུམ་མི། །ཇི་སྙེད་འགྲོ་བའི་སྐད་དག་ཏུ། །ཁྱོད་ཀྱིས་ཐབས་དང་ཐུགས་རྗེ་ཡིས།། གཏམ་འདི་ཁོ་ན་བསྙད་མཛད་པས། །མགོན་ཁྱོད་འདས་པའི་འོག་རོལ་དུ། །ལུང་བསྟན་སྐྱེས་བུས་ཐོག་དྲངས་པའི། །དངོས་དང་སྦས་པའི་དོན་རྣམས་ཀུན། །གཏམ་འདི་ཁོ་ནར་ནན་ཏུར་མཛད། །ཉི་མའི་གཉེན་གྱུར་ཁྱེད་ཉིད་ཀྱིས། །ཆོས་འཁོར་ཐོག་བར་མཐའ་དགེ་བར། །བསྐོར་ལ་སྟོང་གསུམ་རིན་ཆེན་ཡང་། །གཏང་རག་ཆ་ཙམ་མ་འཚལ་ཏོ། །སྟོང་པ་ཞི་བ་སྐྱེ་མེད་ཚུལ། །མི་ཤེས་འགྲོ་བ་འཁྱམས་གྱུར་ལ། །ཁྱོད་ཐུགས་ཐབས་ཚུལ་རིགས་པ་ཡིས། །འཛུད་པར་མཛད་འདི་ངོ་མཚར་ཆེ། །དེ་ཕྱིར་ཐུབ་པ་ཁྱོད་ཉིད་ལས། །ཚད་མའི་སྟོན་པ་དབེན་གྱུར་བས། །མ་རིག་གིས་ལྡོངས་འགྲོ་བ་ཡི། །དམིགས་བུ་ཁྱོད་ཉིད་གཅིག་པུ་ལགས། །ལྟར་སྣང་ལོག་པའི་ལམ་བསྟན་པའི། །སྟོན་པར་རློམ་པའི་མུ་སྟེགས་ཀྱིས། །ཁྱོད་ལ་རྟིང་ཚིག་གིས་བཤུང་ཡང་། །ཐུགས་བརྩེའི་ལྕགས་ཀྱུས་ཉེ་བར་བཟུང་། །ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་བའི། །རྨད་བྱུང་རྗེས་བསྟན་གདམས་པ་ཀུན། །མི་བརྗེད་གཟུངས་ལྡན་ཉན་ཐོས་ཀྱིས། །ཐུགས་ཀྱི་དཔལ་བེའུར་བཟུང་བ་གང་། །དངོས་བརྒྱུད་ཅི་རིགས་སྒོ་ནས་ནི། །རྟེན་ཅིང་འབྲེལ་འབྱུང་གསང་བའི་སྒོ །མ་སྟོན་ཆོས་འགའ་མི་བརྙེད་ཚུལ། །བློ་བཟང་སྤྱི་སྐད་ཆེན་པོར་བྱས། །གདུལ་བྱའི་ཁམས་མོས་བསམ་པ་དང་། །དབང་པོ་བག་ལ་ཉལ་བ་སོགས། །སོ་སོར་འཚམས་པའི་སྣ་ཚོགས་ལུང་། །མ་འདྲེས་རྫོགས་པར་ཁྱོད་ཀྱིས་བསྩལ། །གང་ཞིག་ལུང་བསྟན་རབ་བརྙེད་པའི། །དཔལ་ལྡན་ཀླུ་དང་ཟླ་བ་སོགས། །ཁྱོད་གསུང་དྲང་ངེས་ཅི་རིགས་ལ། །དགོངས་འགྲེལ་ཆོ་ག་ཟབ་མོ་བསྒྲུབས། །ལྟ་ངན་དྲྭ་བ་གཅོད་པ་ཡི། །རིགས་འཕྲུལ་བླ་ན་མེད་པ་འདི། །ཡོངས་རྫོགས་བསྟན་པའི་གནད་ཉིད་དུ། །རྣམ་འདྲེན་སྟོང་གིས་མགྲིན་དུ་ཆགས། །ཡོད་མེད་སྐྱེ་འགོག་དུ་བྲལ་དང་། །རྡོ་རྗེ་གཟེགས་མ་ལ་སོགས་པས། །ཁྱོད་ཀྱིས་འགྲོ་བའི་བདག་ཅེས་པའི། །བདུད་ཀྱི་སེམས་འདི་ཕྱེ་མར་འཐག །གང་ཞིག་རྟེན་འབྲེལ་ལེགས་མཐོང་ན། །སྔོན་དང་ཕྱི་མཐའ་ད་ལྟར་ལ། །དམིགས་པའི་ལྟ་ངན་གཏི་མུག་གང་། །བཟློག་ཅེས་ཁྱོད་ཀྱིས་བཀའ་བསྩལ་ན། །ཨེ་མའོ་དེ་ལྟའི་བདུད་རྩིའི་ཆོས། །ཨེ་མའོ་སྟོང་གསུམ་འཇིག་རྟེན་ཀུན། །ཟས་ཀྱི་གནས་པའི་འགྲོ་བ་ཡི། །སྨན་དང་ལོངས་སྤྱོད་ཆེན་པོའོ། །མགོན་ཁྱོད་གང་དུ་གཤེགས་ཤིང་བྱོན། །དེ་དང་དེ་རུ་གདུལ་བྱའི་ཁམས། །སྣ་ཚོགས་ཐབས་དང་ཐུགས་རྗེ་ཡིས། །སྨིན་ཅིང་གྲོལ་མཛད་ཁྱོད་ཀྱི་ལུགས། །འདུས་བྱས་ཐམས་ཅད་མི་རྟག་ཅིང་། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་རྣམས་སྟོང་ཞིང་བདག་ཏུ་མེད། །མྱ་ངན་ལས་འདས་ཞི་བ་ཞེས། །གཞན་གྱི་དྲིང་དུ་མེད་པའི་གསུང་། །ཆོས་ཀྱི་སྡོམ་དུ་བསྩལ་བ་གང་། །བསྙེངས་དང་བྲལ་བའི་གདོང་ལྔའི་སྒྲས། །ཁྱོད་ཀྱི་ཕྱག་རྒྱ་ཆེན་པོར་བྱས། །ཕྱི་ཡི་རྒྱུ་འབྲས་རྟེན་འབྱུང་དང།། ནང་གི་རྟེན་འབྲེལ་རྒྱུ་དག་ལས། །སྡུག་བསྔལ་ཕུང་པོ་འབྱུང་བའི་ཚུལ།། ཡན་ལག་བཅུ་གཉིས་དག་ཏུ་བཤད། །མཐོང་ལམ་རྩེ་སྦྱོར་ལ་གནས་པའི། ། སེམས་དཔའ་དེ་ཡིས་མཉམ་གཞག་ཏུ། །སེངྒེ་རྣམ་བསྒྱིངས་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ཤིང་། །དེ་ལས་ལྡང་ཚེ་རྗེས་ཐོབ་ཏུ། །བདེན་པ་མངོན་པར་རྟོགས་པ་ཡི། །རྟེན་འབྲེལ་ལུགས་སུ་མཐུན་པ་དང་། །ལུགས་མི་མཐུན་པར་སོ་སོར་རྟོག །འདི་ཡོད་པས་ན་འདི་འབྱུང་ཞིང་། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས། །རྟེན་འབྲེལ་སྐྱེ་དང་འགག་སོགས་ཀྱི། །རྣམ་འབྱེད་ལུང་གིས་དབུཌ་དབྱུངས་མཛད། །ཡན་ལག་བཅུ་གཉིས་སོ་སོ་ཡི། །སྒྲ་དོན་ངོ་བོ་བྱེད་ལས་དང་།། གོ་རིམ་མཚོན་བྱེད་དབྱེ་བ་སོགས། །ཁྱོད་ཐུགས་བརྩེ་བའི་སླད་དུ་བསྩལ། །མ་རིག་རྐྱེན་གྱིས་འདུ་བྱེད་འབྱུང་། །འདུ་བྱེད་རྐྱེན་གྱི་རྣམ་པར་ཤེས། །རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས། །མིང་གཟུགས་རྐྱེན་གྱིས་སྐྱེད་མཆེད་དྲུག །སྐྱེད་མཆེད་རྐྱེན་གྱིས་རེག་པ་དང་། །རེག་པའི་རྐྱེན་གྱིས་ཚོར་བ་དང་། །ཚོར་བའི་རྐྱེན་གྱིས་སྲེད་པ་དང་། །སྲེད་པའི་རྐྱེན་གྱིས་ལེན་པ་དང་། །ལེན་པའི་རྐྱེན་གྱིས་སྲིད་པ་དང་། །སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། །སྐྱེ་བའི་རྐྱེན་གྱི་རྒ་ཤི་དང་། །མྱ་ངན་དང་ནི་སྨྲེ་སྔགས་འདོན། ། དེ་བཞིན་སྡུག་བསྔལ་ཡིད་མི་བདེ། །འཁྲུག་པ་རྣམས་ནི་འབྱུང་བ་སྟེ། །དེ་ལྟར་སྡུག་བསྔལ་ཕུང་པོ་ཆེ། །འབའ་ཞིག་པོ་འདི་འབྱུང་བར་འགྱུར། །མ་རིག་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་ཤེས་འགག ། རྣམ་ཤེས་འགགས་པས་མིང་གཟུགས་འགག །མིང་གཟུགས་འགགས་པས་སྐྱེ་མཆེད་འགག །སྐྱེད་མཆེད་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགག་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། །མྱ་ངན་སྨྲེ་སྔགས་འདོན་པ་དང་། །སྡུག་བསྔལ་ཡིད་མི་བདེ་བ་དང་། །འཁྲུག་པ་རྣམས་ནི་འགག་འགྱུར་ཏེ། །དེ་ལྟར་སྡུག་བསྔལ་ཕུང་པོ་ཆེ། །འབའ་ཞིག་པོ་འདི་འགག་འགྱུར་རོ།།བདག་དང་བདག་གིར་འདུ་ཤེས་སོགས། །མི་ཤེས་རྣམ་པ་སྣ་ཚོགས་དང།།བདེན་པར་མངོན་པར་མི་ཤེས་པ། །ཡང་དག་པར་ནི་མ་རིག་པ། །མ་རིག་ཡོད་པས་ཡུལ་རྣམས་ལ། །འདོད་སྡང་གཏི་མུག་འཇུག་པ་སྟེ། །མ་རིག་དེ་ཡིས་བྱས་པ་ཡི། །རྣམ་པར་སྨིན་པ་འདུ་བྱེད་དོ། །དེ་ནས་དངོས་པོ་རྣམས་ཀྱི་ཆོས། །སོ་སོར་རྣམ་པར་རིག་པ་དང་། །འདུ་བྱེད་འདི་ལ་གནས་པ་ཡི། ། དང་པོའི་སེམས་དེ་རྣམ་པར་ཤེས། །རྣམ་ཤེས་ལྷན་སྐྱེས་ཉེར་ལེན་གྱི། །ཕུང་པོ་བཞི་པོ་མིང་གཟུགས་དང་། །མིང་གཟུགས་ལ་བརྟེན་དབང་པོ་རྣམས། ། རྣམ་པར་འཕེལ་བ་སྐྱེད་མཆེད་དྲུག།།དབང་པོ་ཡུལ་དང་རྣམ་ཤེས་གསུམ། ། འདུས་ཕྲད་ཟག་བཅས་རེག་པ་དང་། །རེག་པའི་རྗེས་མྱོང་ཚོར་བ་དང་། །ཚོར་ལ་ཞེན་ཆགས་སྲེད་པ་འོ།།སྲེད་པ་རྣམ་པར་འཕེལ་བ་ནི། །ཉེ་བར་ལེན་པ་ཉིད་དུ་དང་། །ཉེ་བར་ལེན་པ་ལས་བྱུང་བའི། །ཟག་བཅས་ལས་ནི་སྲིད་པའོ། ། ལས་དང་རྒྱུ་མཐུན་འབྲས་བུ་ཡི། །ཕུང་པོ་འབྱུང་བ་སྐྱེ་བ་དང་། །ཡོངས་སུ་སྨིན་པ་རྒ་བ་དང་། །རྒ་ནས་འཇིག་པ་ཤི་བའོ། །དེ་ལྟར་ཡན་ལག་བཅུ་གཉིས་ལ།།འདྲ་དང་མི་འདྲའི་བྱེད་ལས་གཉིས། །མ་རིག་པས་ནི་འདུ་བྱེད་དག །སྐྱེད་སོགས་འདྲ་བའི་བྱེད་ལས་དང་། །ཅིག་ཤོས་ཡན་ལག་དེ་དག་གི །མི་འདྲའི་བྱེད་ལས་འདི་ལྟ་སྟེ། །ཡུལ་གྱི་གནས་ལུགས་མཐོང་བ་ལ། །མུན་པར་སྒྲིབ་ཕྱིར་མ་རིག་པ། །ཡང་སྲིད་ཕྱི་མའི་ས་བོན་ནི། །འདེབས་པའི་ཕྱིར་ན་འདུ་བྱེད་དང་། །དེ་ནས་ཡང་སྲིད་ཕྱི་མ་རུ། །འཁྲིད་པའི་ཕྱིར་ན་རྣམ་ཤེས་སོ། ། ཡང་སྲིད་ལུས་ནི་རྟེན་པ་དང་། །འཛིན་པའི་ཕྱིར་ན་མིང་གཟུགས་དང་། །ཡང་སྲིད་ལུས་ནི་རྫོགས་པ་རུ། །བྱེད་པའི་ཕྱིར་ན་སྐྱེད་མཆེད་དོ། །ཡུལ་གསུམ་སིམ་གདུང་བར་མ་ཡི། །འགྱུར་བ་གཅོད་ཕྱིར་རེག་པ་དང་། །ལས་དང་ཉོན་མོངས་རྣམ་སྨིན་ལ། །ཉེ་བར་སྤྱོད་ཕྱིར་ཚོར་བ་འོ། །སླར་ཡང་ཡང་སྲིད་ཕུང་པོ་ནི། །སྡུད་པའི་ཕྱིར་ན་སྲེད་པ་དང་། །ཡང་སྲིད་ཕུང་པོ་མྱུར་འགྲུབ་ལ། ། སྦྱོར་བའི་ཕྱིར་ན་ལེན་པ་དང་། །ཡང་སྲིད་ཕུང་པོ་མངོན་པ་རུ། །འདུ་བྱེད་ཕྱིར་ན་སྲིད་པ་དང་། །གང་ཞིག་གང་ཟག་སྡུག་བསྔལ་བར། །བྱེད་ཕྱིར་སྐྱེ་དང་རྒ་ཤིའོ། །གཞན་ཡང་ཡན་ལག་བཅུ་གཉིས་པོའི། །བྱེ་བྲག་སོ་སོའི་བྱེད་ལས་སུ། །རང་རང་བྱ་བ་གཉིས་སུ་ནི། །ཉེ་བར་གནས་པ་འདི་ལྟ་སྟེ། །མ་རིག་དམིགས་པ་རྨོངས་བྱེད་དང་། །འདུ་བྱེད་བསྒྲུབ་པའི་རྒྱུ་ཡང་འབྱིན། །འདུ་བྱེད་རྣམ་སྨིན་འགྲུབ་པར་བྱེད། །རྣམ་ཤེས་འགྲུབ་པའི་རྒྱུ་ཡང་འབྱིན། །རྣམ་ཤེས་སྲིད་པའི་ཉིང་འཚམས་སྦྱར། །མིང་གཟུགས་འགྲུབ་པའི་རྒྱུ་ཡང་འབྱིན། །མིང་གཟུགས་ཕན་ཚུན་རྟེན་བྱེད་ཅིང་། །སྐྱེ་མཆེད་འགྲུབ་པའི་རྒྱུ་ཡང་འབྱིན། །སྐྱེ་མཆེད་རང་ཡུལ་ཕྱེ་བ་སྟོན། །རེག་པ་འགྲུབ་པའི་རྒྱུ་ཡང་འབྱིན། །རེག་པས་དམིགས་པ་ལ་རེག་ཅིང་། །ཚོར་བ་འགྲུབ་པའི་རྒྱུ་ཡང་འབྱིན། །ཚོར་བས་ཚོར་བ་སྐྱེད་པ་སྟེ། །སྲེད་པ་འགྲུབ་པའི་རྒྱུ་ཡང་འབྱིན། །སྲེད་པས་ཆགས་འགྱུར་དངོས་ལ་ཆགས། །ཉེར་ལེན་འགྲུབ་པའི་རྒྱུ་ཡང་འབྱིན། །ལེན་པས་ཉོན་མོངས་ཀྱིས་འཆིང་བྱེད། །སྲིད་པ་འགྲུབ་པའི་རྒྱུ་ཡང་འབྱིན། །སྲིད་པས་རྒྱུད་གཞན་གནས་པར་བྱེད། །སྐྱེ་བ་འགྲུབ་པའི་རྒྱུ་ཡང་འབྱིན། །སྐྱེ་བས་ཕུང་པོ་འབྱུང་བར་བྱེད། །རྒ་བ་འགྲུབ་པའི་རྒྱུ་ཡང་འབྱིན། །རྒ་བས་དབང་པོ་འགྱུར་བར་བྱེད། །འཆི་བར་འགྱུར་བའི་རྒྱུ་ཡང་འབྱིན། །འཆི་བས་འདུ་བྱེད་འཇིག་པར་བྱེད། །མ་འཆད་མི་ཤེས་རྒྱུན་ཡང་འབྱིན། །དེ་ལྟར་ཡན་ལག་བཅུ་གཉིས་ཀྱི། །འབྱུང་དང་རྒྱུ་སོགས་ལེགས་པར་བསྟན། །གཞན་ཡང་མ་རིག་ཇི་ལྟ་བར། །མི་ཤེས་རྨོངས་པ་ལ་སོགས་དང་། །འདུ་བྱེད་ལུས་ངག་ཡིད་གསུམ་དང་། །རྣམ་པར་ཤེས་པ་ཚོགས་དྲུག་གོ །མིང་གཟུགས་ཚོར་འདུ་འདུ་རྣམ་བཞི། །གཟུགས་ཅན་མིན་པའི་ཕུང་པོ་དང་། །འབྱུང་བ་བཞི་ཡི་རྒྱུར་བྱས་པའི། །གཟུགས་ཅན་ཕུང་པོ་མངོན་པར་བསྡུས། །ནང་གི་སྐྱེ་མཆེད་མིག་སོགས་དྲུག །རེག་པ་མིག་སོགས་འདུས་པ་དྲུག །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ། །སྲེད་པ་འདོད་གཟུགས་གཟུགས་མེད་གསུམ། །ལེན་པ་འདོད་དང་ལྟ་བ་དང་། །ཚུལ་ཁྲིམས་བརྟུལ་ཞུགས་བདག་སྨྲ་བཞི། །སྲིད་པ་འདོད་གཟུགས་གཟུགས་མེད་གསུམ། །དེ་བཞིན་སྐྱེ་དང་རྒ་ཤི་ལའོ། །མ་རིག་དེ་ཡང་རིག་པ་ཡི། །མི་མཐུན་ཕྱོགས་ཀྱི་ཆོས་གཞན་ཏེ། །དཔེར་ན་མི་མཛའ་རྫུན་སོགས་བཞིན། །སེམས་བྱུང་ལོག་པར་དམིགས་པ་འོ། །ལས་འབྲས་དེ་ཉིད་ལ་རྨོངས་པའི། །མ་རིག་པ་ཡིས་རིམ་བཞིན་དུ། །བདེ་དང་ངན་འགྲོའི་རྣམ་སྨིན་གྱི། །ཕུང་པོ་འཕེན་བྱེད་ལས་ཀུན་སློང་། །བསོད་ནམས་བསོད་ནམས་མིན་མི་གཡོ། །བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །ལས་རྣམ་སྨིན་ཕྱིར་མི་གཡོ་ཕྱིར། །མངལ་དུ་ཉིང་མཚམས་སྦྱོར་བ་ཡི། །ཕུང་པོ་རྣམ་ཤེས་དེ་ལ་ཡང་། །རྒྱུ་དང་འབྲས་བུའི་དུས་གཉིས་ཀྱི། །རྣམ་པར་ཤེས་པ་རྣམ་གཉིས་སོ། །མིང་གཟུགས་ཅི་རིགས་ཞེས་བྱ་ཡང་། །ཉིང་མཚམས་སྦྱར་མ་ཐག་པ་ཡི། །ཚོར་འདུ་འདུ་བྱེད་རྣམ་ཤེས་བཞི། །མིང་དང་གཟུགས་ཕུང་གཟུགས་ཅན་མིན། །ཕུང་པོ་སྐྱེད་ཅིང་མཆེད་པ་ཡི། །ཡུལ་དབང་རྣམ་ཤེས་གསུམ་པོ་ཡི། །འདུས་པ་ཚུན་ཆད་མིག་སོགས་ཡིད། །སྐྱེད་མཆེད་རྣམ་པ་དྲུག་ཏུ་འདོད། །མིག་སོགས་དབང་པོ་དྲུག་པོ་ཡིས། །རེག་པ་རྣམ་པ་དྲུག་དུ་དང་། །ཚོར་བ་རྣམ་པ་དྲུག་ཡིན་ཏེ། ། ལྔ་ནི་ལུས་ཀྱིའོ་སེམས་ནི་གཞན། །བདེ་བ་མི་བྲལ་འདོད་པ་དང་། །སྡུག་བསྔལ་འདོར་བར་འདོད་པ་དང་། །ཕྱི་མའི་ཕུང་པོར་འཇུག་འདོད་པས། །འདོད་འཇིག་སྲིད་པའི་སྲེད་པ་གསུམ། །འདོད་པའི་ཡོན་ལ་ཆེར་ཆགས་པའི། །འདོད་པ་ཉེ་བར་ལེན་པ་དང་། །ལོག་དང་ཐར་དང་འཇིག་ལྟ་ཡི། །ལྟ་བ་ཉེ་བར་ལེན་པ་དང་། །ཟས་དང་མེ་ལྔ་བསྟེན་པ་སོགས། །ཚུལ་ཁྲིམས་བརྟུལ་ཞུགས་ཉེ་བར་ལེན། །བདག་ཏུ་ལྟ་དང་ང་རྒྱལ་སོགས། །མངོན་ཆགས་བདག་ལྟའི་ཉེར་ལེན་ནོ། །སྲིད་པར་སྐྱེ་དང་སྔོན་དུས་དང་། །འཆི་དང་བར་གྱི་སྲིད་པ་བཞི། ། སྐྱེ་སྲིད་ཉིང་མཚམས་སྦྱར་བ་ཡི། །བྱ་རྫོགས་སྐད་ཅིག་དང་པོའོ། །སྔོན་དུས་སྲིད་པ་འབྱུང་འགྱུར་བའི། །ཤ་ཚུགས་ཅན་ཏེ་དེ་ཡང་ནི། །འཆི་བའི་སྔོན་རོལ་ཚུན་ཆད་ནས། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །འཆི་སྲིད་འཆི་བའི་སྐད་ཅིག་མཇུག །འོག་མིན་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང། །ལྟེ་བ་སྙིང་ཁར་ཡིད་འཆི་འཕོ། །བར་སྲིད་ཁྱད་ཆོས་དྲུག་ལྡན་ཏེ། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་ཟས་སུ་དྲི་ཟ་འོ ། །སྐྱེ་གནས་བཞི་པོར་རྣམ་ཤེས་གང་། །ཉིང་མཚམས་སྦྱར་བ་སྐྱེ་བ་སྟེ། །དེ་ནི་སྒོང་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་རུ་ངེས། ། མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེས། །ཡི་དྭགས་མངལ་ནས་སྐྱེ་བའང་མཆིས། ། ཐོག་མར་ཉིང་མཚམས་སྦྱར་བ་ཡི། །སྐད་ཅིག་དང་པོ་ནས་གཉིས་པར། །སྲོག་དབང་འགག་པ་ཡོད་ཕྱིར་ན། །རྒ་ཤི་ཅི་རིགས་ཉིད་དུ་བསྟན། །ཡན་ལག་དེ་དག་མདོར་བསྡུས་ན། །རྣམ་པ་གསུམ་དུའང་བྱས་པ་སྟེ། །མ་རིག་འདུ་བྱེད་རྣམ་ཤེས་གསུམ།།འཕེན་པའི་ཡན་ལག་ཉིད་དུ་དང་། །མིང་གཟུགས་སྐྱེད་མཆེད་རེག་ཚོར་བཞི། །དེ་ཡིས་འཕངས་པའི་ཡན་ལག་དང་། །སྲེད་ལེན་སྲིད་པ་མངོན་པར་འགྲུབ། །རྒ་ཤི་མངོན་པར་གྲུབ་པ་བསྟན། །ལས་ཉོན་སྡུག་ལམ་རྒྱུན་གསུམ་སྟེ། །མ་རིག་སྲེད་ལེན་ཉོན་མོངས་དང་། །འདུ་བྱེད་སྲིད་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་རྒྱུན། །ཉོན་མོངས་དེ་ཡང་ས་བོན་དང། །ཀླུ་རྩ་ལྗོན་ཤིང་ཤུན་པ་བཞིན། །ལས་ནི་ཤུན་འབྲས་སྨན་མེ་ཏོག ། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། །དེ་ལྟའི་རྒྱུན་མི་འཆད་པའི་ལམ། །ཕྱེ་བས་སྔོན་དང་ཕྱི་མཐའ་འགགས། །རང་བཞིན་གྱིས་ནི་མདུང་ཁྱིམ་བཞིན། །ལམ་འདིས་བདག་དང་བདག་གིར་འཇིགས། །མ་རིག་རྐྱེན་གྱིས་འདུ་བྱེད་རྣམས། ། སྔོན་གྱི་མཐའ་ལ་བལྟས་པ་དང་། །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དང་། ། རེག་ཚོར་ད་ལྟར་བྱུང་ལ་བལྟས། །སྲེད་ལེན་སྲིད་པ་སྐྱེ་བ་ནི། །ཕྱི་མའི་མཐའ་ལ་བལྟས་པ་སྟེ། །དེ་ཡི་ཕན་ཆད་དུ་ཡང་ནི། །དེ་དག་རྒྱུན་དུ་འབྱུང་བར་འགྱུར། ། མ་རིག་འགགས་པས་འདུ་བྱེད་འགག །ཅེས་བྱ་བ་འདི་བལྟ་བ་ཡི། ། རྒྱུན་ནི་ཆད་པར་གྱུར་པ་སྟེ། །ལྷག་མ་རྣམས་ནི་དེ་བཞིན་ནོ། །གཞན་ཡང་ཡན་ལག་བཅུ་གཉིས་རྒྱུས། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་གཟུགས་སྐྱེ་མཆེད་བཅས་པ་ལྔ། །ཁྱབ་པ་འདུ་བྱེད་སྡུག་བསྔལ་དང་། །རེག་པ་ཚོར་བ་གཉིས་པོ་ནི། །སྡུག་བསྔལ་གྱི་ནི་སྡུག་བསྔལ་དང་། །སྲེད་ལེན་སྲིད་པ་སྐྱེ་བ་སོགས། །འགྱུར་བའི་སྡུག་བསྔལ་གཏོགས་པར་བྱས། །ཉོན་མོངས་གསུམ་ལས་ལས་གཉིས་དང་། །ལས་ལས་སྡུག་བསྔལ་བདུན་བྱུང་ཞིང་། །དེ་ལས་ཉོན་མོངས་གསུམ་པོ་སྟེ། །སྲིད་པའི་འཁོར་ལོ་ཁྱུད་མོར་འཁོར། །མ་རིག་འདུ་བྱེད་རྣམ་ཤེས་དང་། །སྲེད་ལེན་སྲིད་པ་ཚེ་འདིར་དང་། །མིང་གཟུགས་སྐྱེ་མཆེད་རེག་པ་དང་། །ཚོར་སྐྱེ་རྒ་ཤི་ཕྱི་མར་རྫོགས། །ཡན་ལག་བཅུ་གཉིས་འདི་དག་ཀྱང་། །སྐྱེས་ནས་མྱོང་བར་འགྱུར་བའི་ལས། །བསགས་ཚེ་ཚེ་གཉིས་དེ་མིན་དུ། །ཚེ་གསུམ་དུ་ནི་ཡོངས་སུ་རྫོགས། །དེ་ལྟར་བཅོམ་ལྡན་ཐམས་ཅད་མཁྱེན། །ཚིགས་བཅད་དབྱངས་བསྙད་དཔེ་ལ་སོགས། །ཆོས་ཀུན་སྣ་ཚོགས་ཐབས་ཚུལ་གྱིས། །འདོམས་ལ་ཟླ་དང་བྲལ་བ་སྟེ། །གཉིས་ལྷག་བཅུ་ཡི་ཡན་ལག་གི །དོན་གྱུར་དཔེ་ཡི་རི་མོའི་འཁྲུལ། །འདོད་ཁམས་གླིང་དུ་འབྱུང་བའི་ཚུལ། །དེ་ལྟའི་འབྱུང་བར་འདི་སྐད་གྲགས། །ས་སྤྱོད་གཟུགས་ཅན་སྙིང་པོ་ཡི། །སྒྲ་སྒྲོགས་རྒྱལ་པོར་སྐྱེས་ལན་དུ། །དོན་ལྡན་ཆ་ལྔའི་འཁོར་ལོ་གང་། །དཔུང་གཉེན་ཁྱོད་ཀྱིས་ཞལ་བཀོད་མཛད། །ཞི་བ་མྱང་འདས་དབྱིངས་ཉིད་དུ། །མཐའ་ཡས་གདུལ་བྱའི་སྐྱེ་བོའི་ཚོགས། །ཐབས་གང་ཞིག་གིས་འཁྲིད་སྙམ་སྟེ། །གསུང་སྙན་ཏིང་འཛིན་རི་མོར་འཕོས། །གནས་བརྟན་གྲུབ་པ་མཁས་ལ་སོགས། །སྐལ་ལྡན་སྐྱེ་བོ་ལྟ་ཅི་སྨོས། །ཁྲོ་ཅན་ལོག་ལྟས་འཁོར་ལོ་འདིར། །བལྟས་ལའང་ཐར་པའི་ས་བོན་སྦྱིན། །འཁོར་ལོ་དེ་སྟེང་ཁྱོད་ཀྱི་བརྙན། །མདངས་ལྡན་ཕྱག་རིང་རྒྱས་པ་ཡིས། །ཉ་གང་བསིལ་ཟེར་སྟོན་པ་གང་། །ཞི་བ་མྱང་འདས་མཚོན་པར་བཞེད། །དེ་ལ་བདེ་གཤེགས་ཁྱེད་ཉིད་ཀྱིས། །ཚིགས་སུ་བཅད་པ་བསྩལ་བ་ཡང་། །གསུང་དབྱངས་མི་ཟད་རྒྱན་འཁོར་ལོའི། །རོལ་པར་འདི་སྐད་རྗེས་སུ་ཐོས།།དགེ་ལ་བརྩོན་འགྲུས་བརྩམ་བྱ་ཞིང་། །ཡིད་ནི་རབ་ཏུ་དབྱུང་བར་བྱ། །རྫོགས་སངས་རྒྱས་ཀྱིས་རབ་བསྟན་པའི། །བསླབ་པའི་བསྟན་ལ་འཇུག་པར་བྱ། །འདམ་བུའི་རྩ་ཡི་ཁང་ཁྱིམ་དག །ཇི་ལྟར་གླང་ཆེན་གཏུམ་པོས་བཞིན། །ཉོན་མོངས་ལ་སོགས་འཆི་བདག་གི །བདུད་ཀྱི་སྡེ་བཅས་གཞོམ་པར་བྱ། །གང་ཞིག་རབ་ཏུ་སེམས་སྲུང་བའི། །བག་ཡོད་པར་ནི་དམ་པའི་ཆོས། །འདུལ་བ་བདུད་རྩི་འདི་ཉིད་ལ། ། སྤྱོད་འགྱུར་མཐའ་དག་སྐྱེ་བོ་ཡང་། །སྐྱེ་སོགས་རྒ་ན་འཆི་བའི་བརྒྱུད། །ལས་ཉོན་འཁོར་བ་རབ་སྤངས་ནས། །ཡོང་ཡེ་སྡུག་བསྔལ་ཕུང་པོ་གང་། །ཐ་མར་བྱེད་པར་འགྱུར་རོ་ཞེས། །སེང་གེའི་སྒྲ་ཡི་ཕྱོགས་ཀུན་ཏུ།། སྙེངས་དང་བྲལ་བར་རབ་བསྒྲགས་པ།།ལྷ་དང་ལྷ་མིན་མིར་བཅས་པ། །འཇེབས་ཤིང་ཡི་རང་མངོན་པར་བསྟོད།།ཁྱོད་ཀྱིས་རྟེན་འབྱུང་ཟབ་མོའི་གནད། །མཐའ་བྲལ་དབུ་མའི་ལམ་བཟང་གང་། །མཐོང་བས་སྡུག་ཀུན་འགོག་ལམ་བཅས། །ཡང་དག་པར་ནི་རིག་པར་གསུངས། །མཆོག་ཟུང་རྫུ་འཕྲུལ་མངའ་བརྙེས་པས། །འཁོར་རྣམ་བཞི་པོར་སྲིད་པ་ཡི། །སྡུག་བསྔལ་བསྟན་ཅིང་འདོམས་མཛད་མོད། ། སླད་མར་མཆོག་ཟུང་མི་འབྱུང་བས། །འཁོར་བའི་ཉེས་དམིགས་བསམ་པའི་ཕྱིར། །གཙུག་ལག་སྒོ་རྣམས་ཆ་ལྔ་ཡི། །དཀྱིལ་འཁོར་འབྲི་ཞེས་བསྩལ་བ་གང་། །མཐོང་གྲོལ་གཅེས་པ་ཟབ་མོར་ལགས། །ཟླ་མེད་འཁོར་ལོའི་སྐྱེས་བཟང་པོ། །རྒྱལ་པོ་ཨུཏྲ་ཡ་ནའི་སླད། །བསྟན་མོད་དོན་དུ་མཐའ་དག་འགྲོར། ། བདེན་པ་མཐོང་བའི་གསོས་སུ་ངེས། །མི་བཟད་སྲིད་པའི་ཟུག་རྔུ་དང་། །མི་གནས་ཞི་བའི་གོ་འཕང་སོགས། །གསལ་རྫོགས་ཀྱུ་རུ་ར་བཞིན་དུ། །ཐར་འདོད་ལག་མཐིལ་སྤུད་མཛད་པ། །ཀུན་གསལ་འཁོར་འདས་ངང་ཚུལ་དང། ། མཚན་དཔེ་རྒྱན་ལྡན་ཁྱོད་ཀྱི་སྐུ། །རི་མོའི་བརྙན་དུ་འཕོས་པ་གང་། །དཔེ་དོན་བརྙན་གྱི་རྒྱལ་པོར་གྱུར། །སྲིད་ཞིའི་གནས་ལུགས་བསྟན་བཟོད་པའི། །རྣམ་གྲོལ་བཟོ་རིག་འདིར་བསྟན་ན། །བཟོ་བོའི་སྤྲུལ་སྐུའི་དགོས་པ་ཡང་། །ཅི་ཞིག་པས་ན་ངོ་མཚར་འཛིན། །འཁོར་ལོའི་ལྟེ་བར་བྱ་སྦྲུལ་ཕག །དུག་གསུམ་འཁོར་བའི་རྒྱུ་ཡི་ཚུལ། །ཕག་གིས་བྱ་སྦྲུལ་ཟ་བ་ཡང་། ། འདོད་སྡང་གཏི་མུག་ལས་སྐྱེས་བསྟན། །འཁོར་ལོ་གཉིས་པར་དཀར་ནག་ཕྱོགས། །དགེ་དང་མེ་དགེའི་ལས་བསྟན་ཞིང་། །མདོག་དཀར་བདེ་འགྲོ་གྱེན་དུ་ཕྱོགས། །ངན་འགྲོ་ནག་ཅིང་སྤྱིའུ་ཚུགས་བགྲོད། །རྫུས་སྐྱེས་བར་དོའི་སྲིད་པ་ཡང་། །ཟོ་ཆུན་འཁྱུད་མོར་འཁོར་བ་བཞིན། །དཀར་ནག་ལས་འབྲས་རྗེས་འབྲངས་ཏེ། །འཆི་འཕོ་སྐྱེ་བ་ཚུལ་བཞིན་བྱེད། །འཁོར་ལོ་བར་མར་ཆ་ལྔ་སྟེ། །རྒྱུད་ལྔའི་ལམ་དུ་ཡིད་ཅན་རྣམས། །གང་དུ་སྐྱེ་བའི་གནས་ལུས་སོགས། །རིགས་དྲུག་སོ་སོའི་ངང་ཚུལ་བསྟན། །སྟེང་གི་ཆ་གཉིས་ལྷ་དང་ནི། །དེར་གཏོགས་ལྷ་མིན་མིའི་འཇིག་རྟེན། །འོག་གི་ཆ་གསུམ་དམྱལ་བ་དང་། །གཡས་གཡོན་ཡི་དྭགས་དུད་འགྲོ་འོ།།ལྷ་གནས་ཁམས་གསུམ་ལ་སོགས་དང་། །མི་གནས་གླིང་བཞི་གླིང་ཕྲན་དང་། །དཔག་བསམ་འདོད་འཇོ་ལོ་ཏོག་དང་། །གསེར་རི་རོལ་མཚོ་ལྷུན་པོར་བཅས།།དམྱལ་གནས་ཞལ་ལྕེ་སྦྱོར་བ་ཡི། །ལྷ་ཡི་ཕོ་ཉ་དམྱལ་བའི་རབས། །ཡི་དྭགས་གནས་སུ་གཤིན་རྗེ་སྟེ།།འཕེན་རྫོགས་ལས་ལས་གྲུབ་པར་བཞེད།། འཁོར་ལོའི་འཁོར་ཡུག་རྟེན་ཅིང་འབྲེལ།།ཡན་ལག་བཅུ་གཉིས་འཁོར་བ་ཡི། ། འཇུག་བཟློག་ཀུན་ཉོན་རྣམ་བྱང་གིས།།ལུགས་བྱུང་ལུགས་ལས་ལྡོག་པར་བསྟན། །དེ་ཡང་ཀུན་ཉོན་ཕྱོགས་སུ་ནི། །མ་རིག་རྐྱེན་གྱིས་འདུ་བྱེད་ནས། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་བཅས། །རིམ་བཞིན་འབྱུང་བ་ལུགས་འབྱུང་དང་ །སྐྱེ་བ་འབྱུང་བས་རྒ་ཤི་འབྱུང་། །དེ་བཞིན་མ་རིག་པ་འབྱུང་བས། །འདུ་བྱེད་འབྱུང་བའི་བར་རྣམས་ནི། །ལུགས་ལས་ལྡོག་པར་ཤེས་པར་བྱ། །གཞན་ཡང་རྣམ་བྱང་ཕྱོགས་སུ་ནི། །མ་རིག་འགགས་པས་འདུ་བྱེད་འགགས། །རིམ་བཞིན་སྐྱེ་བ་འགགས་པས་ན། །རྒ་ཤི་འགགས་པ་ལུགས་བྱུང་དང་། །སྐྱེ་བ་འགགས་པས་རྒ་ཤི་འགགས། །དེ་བཞིན་མ་རིག་འགགས་པས་ན། །འདུ་བྱེད་འགགས་པའི་བར་རྣམས་ནི། །ལུགས་ལས་ལྡོག་པར་ཁྱོད་ཀྱིས་གསུངས། །ཀུན་ཉོན་རྟེན་འབྲེལ་འབྱུང་ལྡོག་གིས། །རིམ་བཞིན་སྡུག་ཀུན་རྒྱུ་འབྲས་དང་། །རྣམ་བྱང་རྟེན་འབྲེལ་འབྱུང་ལྡོག་གིས། །རིམ་བྱུང་འགོག་ལམ་རིམ་པར་བསྟན། །དེ་ལྟར་འཁོར་ལོའི་མུ་རན་དུ།།རྟེན་འབྲེལ་ཡན་ལག་བཅུ་གཉིས་སྒོ། །རབ་གསལ་བརྙན་གྱིས་ལམ་གསལ་བ། །རིམ་བཞིན་ཇི་ལྟར་མཚོན་པ་ཡང་། །བུད་མེད་མ་འདྲེས་ལོང་བ་གང་།།ཉམ་ངའི་ཅོང་རོང་བགྲོད་པ་བཞིན། །རྒྱུ་འབྲས་ཆོས་ཉིད་ལ་ལྡོངས་བ། །བདག་འཛིན་མ་རིག་རྩ་བར་བསྟན། །ཇི་ལྟར་རྫ་མཁན་སྣ་ཚོགས་སྣོད། །བྱེད་པ་འདུ་བྱེད་ལས་ལས་ཀྱང་། །དབང་མེད་བཟང་ངན་འཁོར་ལོ་ཡི། །གནས་ལུས་ལོངས་སྤྱོད་མངོན་པར་འགྲུབ། །སྤྲེ་འུ་ལྗོན་ཤིང་ཕན་ཚུན་དུ། །མཆོང་ལྟར་སྐྱེ་གནས་གཅིག་ནས་གཅིག །བགྲོད་པ་ལས་གསོག་ཉིང་མཚམས་ཀྱི། །ཟག་བཅས་རྒྱུ་འབྲས་རྣམ་ཤེས་བསྟན། །ཁྱོ་ཤུག་འགྲུལ་པ་གྲུར་བཞུགས་བཞིན། །ཚོར་འདུ་འདུ་བྱེད་རྣམ་ཤེས་ཀྱི། །མིང་ཕུང་མེར་སོགས་གཟུགས་དང་བཅས། །མདུང་ཁྱིམ་བཞིན་དུ་བར་སྲིད་འཛིན།།ཡུལ་འཁོར་གྲོང་ཚོ་སྟོང་པ་དང་། །ཕྱི་ནང་སྐྱེ་མཆེད་འདྲེན་པ་ལྟར། །དབང་ལྔའི་སྐྱེ་མཆེད་རྫོགས་ན་ཡང་། དབང་ཤེས་འདོད་ཡུལ་ལོངས་མི་སྤྱད། །ཕོ་མོ་འོ་བྱེད་རེག་པ་ལྟར། །ཡུལ་དབང་རྣམ་ཤེས་གསུམ་འདུས་ནས། །བདེ་སྡུག་ཚོར་བ་འདྲེན་བྱེད་པའི། །རེག་པས་ཡུལ་གྱི་འགྱུར་བ་སྤྱོད། །སྐྱེས་པ་སྡུག་བསྔལ་མྱོང་བ་དང་། །མིག་ལ་མདའ་ཕོག་ཇི་བཞིན་དུ། །རེག་པས་ཡུལ་སྤྱད་བདེ་སྡུག་དང་། །བཏང་སྙོམས་ཚོར་བ་ཉམས་སུ་མྱོང་། །བུད་མེད་བུ་ཕྲུག་འཚོ་བ་དང་། །སྐྱེས་བུ་ཆང་གིས་ལྡུད་པ་བཞིན། །སྔར་ལས་ནུས་པ་གསོ་ཞིང་སྤྱད། ། བདེ་སྡུག་དོན་གཉེར་དག་ལ་སྲེད། །བུད་མེད་མངལ་གནས་འཇུག་པ་དང་། ། སྤྲེ་འུ་ཤིང་འབྲས་ལྷུར་ལེན་བཞིན། །སྲེད་པ་འཕེལ་བས་འདོད་པའི་དངོས། །ཉེ་བར་ལེན་པ་རྣམ་བཞིར་བྱས། །མངལ་གནས་དེ་ཉིད་འབྲང་བ་ལྟར། །སྲེད་ལེན་གཉིས་ཀྱི་གསོས་བཏབ་པས། །སྲིད་པ་ཕྱི་མ་འགྲུབ་པ་ཡི། །སྐྱེ་བའི་ལས་ནི་མངོན་དུ་བྱས། ། འབྲང་བ་དེ་ཉིད་སྐྱེ་བ་བཞིན། །སྐྱེ་གནས་ཉིང་མཚམས་སྦྱར་བ་དང་། །ལུས་རྫོགས་རིས་མཐུན་གནས་པ་ཡིས། །ཇི་སྙེད་སྡུག་བསྔལ་མྱོང་བར་འགྱུར། ། ཇི་ལྟར་ཤི་བའི་གཟུགས་འཁུར་བཞིན། །ཕུང་པོ་སྨིན་ཅིང་འགྱུར་བ་དང་། ། ཕུང་རྒྱུན་རིས་མཐུན་འདོར་བ་ཡིས། །རྒ་ཤི་ཅི་རིགས་དག་ཏུ་བྱུང་། །གཞན་ཡང་སྲིད་ཞིའི་རི་མོ་འདིས། །བདེན་བཞིའི་གནས་ལུགས་སྟོན་པ་སྟེ། །ཆ་ལྔར་རྒྱུད་ལྔའི་རིགས་དྲུག་གི །སྣོད་བཅུད་སྡུག་བསྔལ་བདེན་པ་དང་། །ལྟེ་བ་བྱ་སྦྲུལ་ཕག་གསུམ་པོས། །ཉོན་མོངས་ཀུན་འབྱུང་བདེན་པ་དང། །དེ་ཡི་མུ་ཁྱུད་དཀར་ནག་ལམ། །ལས་ཀྱི་ཀུན་འབྱུང་བདེན་པ་བསྟན། ། གང་བ་རབ་རྫོགས་ཟླ་བས་ནི། །ཞི་བ་མྱང་འདས་འགོག་བདེན་དང་། །ཐུབ་པའི་བརྙན་གྱིས་ལམ་བདེན་བཅས། །བླང་དོར་བདེན་བཞིའི་འཁོར་ལོའང་མཚོན། །གང་ཚེ་བཅོམ་ལྡན་ཐམས་ཅན་མཁྱེན། །སཱ་ལུའི་ལྗང་པར་གཟིགས་ནས་ཀྱང། །རྒྱུ་དང་རྐྱེན་ལས་ལྟོས་པ་ཡི། །རྟེན་འབྲེལ་ལྟོས་པའི་འཕྲུལ་འདི་བསྟན། །དེ་ཡང་སྡུད་པ་རྣམ་བཞིས་ཏེ། །མ་རིག་འདེབས་པོས་ལས་ཀྱི་ཞིང་།། རྣམ་ཤེས་ས་བོན་སྲེད་ཆུས་བརླན། །མ་མངལ་མིང་གཟུགས་མྱུ་གུར་བྱས། ། ངན་འགྲོའི་ཡན་ལག་བཅུ་གཉིས་ཀྱི། །ལྡོག་འཇུག་སྐྱེས་བུ་ཆུང་ངུ་དང་། །དེ་ལྟར་བདེ་འགྲོ་ལྡོག་འཇུག་དག །སེམས་པ་སྐྱེས་བུ་འབྲིང་དུ་བཞེད།།མཁའ་མཉམ་མར་འགྱུར་འགྲོ་བ་ཡང་།། ཡན་ལག་བཅུ་གཉིས་འདིའི་སྒོ་ནས།། འཁྱམས་ལ་བྱམས་དང་སྙིང་རྗེ་ཡིས།།དོན་བྱས་སྐྱེས་བུ་ཆེན་པོར་ངེས། ། འཁོར་བའི་འཁོར་ལོ་ཧྲིལ་པོ་ཡང་། །འཇིགས་རུང་སྲིན་པོའི་ཁར་ཚུད་ཅིང་། ། ཡན་ལག་ལྔ་ཡིས་བཟུང་བ་འདིས། །སྐྱེ་མཐའ་འཆི་བས་བསྡུས་པར་བསྟན། ། དེ་ལྟའི་དཔེ་དང་རི་མོའི་ལམ། །མཐོང་ཐོས་དྲན་དང་རེག་པས་ཀྱང་། །ཐ་བ་སྐྱོན་ལྡན་ཀུན་གྱི་ཡིད། །རྣམ་གྲོལ་བག་ཆགས་བརྟས་པར་བྱེད། །སྣ་ཚོགས་ཁམས་དབང་བསམ་པ་ཀུན། །ཀུན་མཁྱེན་མགྲོན་དུ་གཉེར་བའི་ཕྱིར། །ཕྱིར་ཞིང་འཁོར་འདས་ཚུལ་གསལ་བའི། །དོན་གྱི་མེ་ལོང་འདི་ཉིད་ཙམ། །དམིགས་མེད་ཐུགས་རྗེའི་ཕྱག་རྒྱ་ཡིས། །མ་རིག་འགྲོ་བའི་ལིང་ཏོག་རྒྱ། །རྟེན་འབྱུང་ཐུར་མས་འབྱེད་མཁས་པ། །ཁྱོད་ནི་འགྲོ་བའི་འཚོ་བྱེད་མཆོག །ཁྱོད་སྐུར་སྟེའུས་བཙས་པ་དང་། །ཙན་དན་བྱུག་པས་མཉེས་སོགས་ལ། །ཉེ་རིང་རིང་དུ་མཛད་པའི་ཕྱིར། །ཀུན་གྱི་རྩ་ལག་བཟང་པོར་གྱུར། །རབ་འབྱམས་རྒྱལ་བས་རབ་བསྔགས་པའི། །རྟེན་འབྱུང་གསུང་གི་གཅེས་པའི་སྒོ །གང་གི་རྣ་བར་ལྷུང་བས་ཀྱང་། །སྲིད་པ་ཧྲུལ་པོར་མི་འགྱུར་གྲང་། །ཁྱོད་གསུང་བརྒྱད་ཁྲི་སྙིང་པོའི་བཅུད། །གང་དུ་གཞོལ་ཞིང་འབབ་པའི་གནད། །རྟེན་འབྱུང་ཟབ་མོ་ལེགས་ཕྱེས་ན། །སྲིད་ཞིའི་ས་མཁན་ཁྱོད་ལས་གང་། །ཨེ་མའོ་ཁྱོད་གསུང་ཕྲན་ཚེགས་ཀྱང་། །ལ་ལ་ཡིད་ལ་རབ་བཟུང་ཞིང་། །ལ་ལ་གསེར་དང་བཻ་ཌུརྱ་ཡའི། །ཡི་གེའི་མཆོད་སྡོང་ཆེན་པོར་བྱས། །སྟོན་པར་ཁས་འཆེས་གཞན་སྡེ་ཡིས། །མི་བརྙིད་གཞན་དྲིང་མེད་གསུང་ལ། །ཤེས་རབ་དཔལ་རྫོགས་དཔའ་བོ་ཀུན། །ངོ་མཚར་འཛིན་ཅིང་བསྟོད་བཀུར་བསྔགས། །སྤྲོས་བྲལ་ཞི་བའི་སྒོ་གཅིག་པུ།།སྟོང་དང་རྟེན་འབྱུང་འཕྲུལ་འདེགས་གང་། །རྒྱལ་ཀུན་གཤེགས་པའི་འཇུག་ངོགས་དང་། །རིགས་པ་ཀུན་གྱི་རྒྱལ་པོར་བསྔགས། ། སྨན་དང་རིགས་སྔགས་མཐུ་ཀུན་གྱིས། །དོ་ཟླའི་གླགས་སྐབས་ཡོད་མིན་པ། ། སྲིད་པའི་ཟུག་རྔུ་འཕྲོག་མཛད་པའི། །ཆོས་འདིར་སུ་ཞིག་གུས་མི་འགྱུར། ། སྟོབས་ལྡན་ཁྱེད་ཀྱི་ཡེ་ཤེས་ཀྱིས། །སྲིད་པའི་སྨག་རུམ་མཐར་བྱེད་པས། །རྟ་གདོང་མེ་དང་བསྐལ་བའི་ཞུགས། །ཇི་ལྟར་སྣང་ཡང་མོག་པོ་ཉིད། །འཇིག་ལྟའི་རྩ་བ་དྲུངས་འབྱིན་པའི། །ཁྱོད་གསུང་ལེགས་པར་བཤད་པའི་གཏེར། ། མཁས་དང་གྲུབ་པ་ཀུན་གྱི་ཡིད། །གཅེས་པར་བཏམས་པའི་དབྱིག་གི་མཆོག ། ཁྱོད་ཞལ་གསུང་གི་བདུད་རྩིའི་རྡུལ། །གང་གང་སྙིང་གི་བ་ཀུ་ལར། །འཕོས་པ་དེ་དེའི་དད་པའི་འདབ། །ཅིག་ཅར་སྟོང་ཕྲག་དག་ནི་བཞད། །ཁྱོད་ཀྱི་ལུང་རྟོགས་འཁོར་ལོ་ཡིས། །མཐོང་དང་སྒོམ་པའི་ལམ་སོགས་འདྲེན། །ཁྱབ་འཇུག་ནག་པོའི་འཁོར་ལོས་ནི། །ཅི་ཞིག་ཕྱིར་ན་འཛིན་སྙམ་སེམས། །རྟེན་འབྱུང་རིགས་ཚུལ་ཉག་ཕྲན་གྱིས། །བདག་འཛིན་ཆམ་ལ་འབེབས་པར་བྱེད། ། མུ་སྟེགས་སྒྲོ་ལྡན་ཁ་ཊམ་འཛིན།།བརྟུལ་ལོ་བརྟུལ་ལོ་བརྟུལ་བཞུགས་དཀྱུངས། །གཏི་མུག་གཉིད་ལས་སློང་མཛད་པའི། །ཁྱོད་གསུང་བདུད་རྩིའི་བསང་གཏོར་གང་། །རལ་པའི་ཀླུང་དང་རོལ་པའི་མཚོས། །ངེས་པར་མཚོན་ནུས་མིན་པ་ཉིད། །སུ་ཞིག་ཁྱོད་བསྟན་སྙིང་པོ་གང་། །མཐོང་བས་གྲོལ་ཞེས་བཀའ་བསྩལ་ན། །དོན་འདིར་ཚིག་སྤྱིའི་ཀུན་རྟོག་ཀྱང་། །རིག་བྱེད་པ་ཡིས་འགྲན་མི་བཟོད། །མཆོག་རབ་ཕུལ་དུ་བྱུང་བ་ཡི། །རྟེན་འབྱུང་གསུང་གི་རྒྱལ་པོ་གང་། །མཐའ་དག་ཡིད་ཀྱི་ནོར་འཛིན་ཁྱོན། །རྒྱལ་སྲིད་ཁ་ལོ་བསྒྱུར་བར་སྨོན། །སྔོན་རབས་འཕགས་ཡུལ་པཎ་གྲུབ་རྣམས། །རྒྱལ་སྲིད་སྲོག་དང་ལོངས་སྤྱོད་ཀུན། །ཡོངས་བཏང་ཁྱོད་བསྟན་ལེགས་སྤེལ་བའི། །བྱ་དཀའ་སྤྱོད་པར་གཞོལ་བར་གྲགས། །གཏུམ་དྲག་གདོང་དམར་དམག་དཔུང་ཡང་། ། ཁྱོད་བསྟན་ཟ་མ་ཏོག་མཇལ་བས། །གོ་མཚོན་བཙོ་མར་ལེགས་སྦྱངས་བྱས་ཏེ། །ཁྱོད་སྐུའི་སྣང་བརྙན་བྱས་པར་གྱུར། །གངས་ཅན་རྒྱལ་བློན་བྱང་སེམས་དག །རྣམ་རྒྱལ་རལ་པའི་ལན་བུ་ཡང་། །ཁྱོད་བསྟན་འཛིན་པའི་གདན་བྱས་ཤིང་། །བསྟན་པ་སྟོབས་ཀྱི་འཁོར་ལོས་བསྐྱངས། །ཁྱོད་བསྟན་འདི་ཉིད་འཚོལ་བའི་སླད། །ཕུལ་བྱུང་གངས་ཅན་བློ་ལྡན་དག །འཕགས་ཡུལ་དཀའ་བས་རབ་བརྟོལ་ཏེ། །བསྒྱུར་དང་ཕབ་པའི་ཕུང་པོ་བརྩེགས། །བྱང་ཕྱོགས་གངས་རིའི་ཁྲོད་དུ་ཡང་། །ཁྱོད་བསྟན་སྲོལ་འབྱེད་བློ་བཟང་གྲགས། ། ཆོས་དུང་ལུང་གིས་རབ་བསྔགས་དེས། །ཁྱོད་བསྟན་སྲོག་གི་ཀ་བ་ཚུགས། ། དེང་དུས་འཇིག་རྟེན་ཁྱོན་ཀུན་དུ། །དགའ་ཆེན་རྒྱ་མཚོའི་མཚན་འཆང་བས། ། ཁྱོད་བསྟན་མཐའ་ཀླས་ཐབས་ཀྱིས་ནི།།གླགས་མི་བརྙེད་པར་སྒྲོག་པར་མཛད།། དེང་རབས་དངོས་གཙོ་སྨྲ་བ་ཡང་།།འཇིགས་མེད་ཁྱོད་ཀྱིས་རང་གི་བཀའ། ། ལེགས་པར་བརྟག་ཅེས་དབང་བསྐུར་འདིས། །ཁྱོད་ལ་དོན་འགྱུར་ཐེ་ཚོམ་འཐོབ། །དཔུང་དང་སྟོབས་ཀྱི་མ་བསྡིགས་ཤིང་། །ལོངས་སྤྱོད་ནོར་གྱིས་བསླུ་མ་མཛད། །ཐུགས་རྗེའི་ཕྱག་རྒྱ་ཙམ་གྱིས་ནི། །ལྷ་མི་འཇིག་རྟེན་ཁྱོད་ལ་གུས། །ཚངས་དབང་ལ་སོགས་དྲེགས་པ་ཡི། །རལ་བའི་རྩེ་མོར་ཁྱོད་ཀྱི་ཞབས། །རྣམ་བཀོད་ལྷ་ཡི་ལྷར་གྱུར་ཁྱོད།། ཟོལ་གྱི་སྟངས་ཀའང་མངའ་མི་མཛད། །འཇིག་རྟེན་ནོར་འཛིན་ས་སྐྱོང་རྣམས། །ཁྱོད་ཀྱི་གདམས་པའི་ལེགས་བཤད་རྣམས། །གཙུག་རྒྱན་དང་ནི་སྙིང་ནོར་བཞིན། །སྤངས་བླང་འཇུག་ཟློག་ཚུལ་བཞིན་བྱས། །སྙིགས་མ་ལྔ་ཡི་དུས་འདིར་ཡང་། །ཁྱོད་ཀྱི་སྣང་བརྙན་གཟུགས་བྱས་ཏེ། །མཐོང་བ་དོན་ཡོད་ལས་སེམས་བསྐྱེད། །ཨེ་མའོ་ཁྱོད་ཀྱིས་དབུགས་དབྱུང་བསྩལ། །འཇིག་རྟེན་གོ་ལའི་སྣོད་བཅུད་བཅས། ། འཇིག་ཉེའི་གནས་སུ་གྱར་བ་འདིར།།ཁྱོད་གསུང་གདམས་པ་འདི་ཁོ་ནས། ། སྐྱོབ་པར་ནུས་ཀྱི་གཞན་གྱིས་མིན། །ཟབ་མོའི་ལམ་གྱི་རིམ་པ་ཡི། །རྗེས་བསྟན་ཚིགས་ཀྱི་ཟེགས་མ་ཡང་། །ཉོན་ཤེས་ཚ་གདུང་སེལ་བའི་ཕྱིར། །ལྷར་བཅས་འགྲོ་བའི་གྲིབ་གསིལ་ཉིད།།རུས་སྦལ་གཉའ་ཤིང་མགྲིན་ཆུད་ལྟར།། བདག་དེང་དལ་འབྱོར་བརྙེད་དང་ལྷན།།ཁྱོད་བསྟན་ལྷན་སྐྱེས་མཇལ་བ་ཡང། ། བླ་མ་ཐུབ་པ་དབང་པོའི་དྲིན། །ཀྱེ་མ་མནོག་ཆུང་བྱིས་པ་བདག །གང་གི་ཕུལ་བྱུང་ལེགས་བཤད་ལ། །ཡིད་ཆེས་དང་བ་འཐོབ་པ་ཡང་། །ཨེ་མའོ་བཤེས་ཀྱི་དྲིན་དུ་གཟུང་། །ཀྱི་ཧུད་བདག་ནི་ཐོས་བསམ་གྱི། །སྒྲོན་མེ་རྣམ་གཡེང་རླུང་གིས་གཡོས། །ཆོས་བརྒྱད་སྤྲིན་ནག་འཁྲུགས་པ་ཡིས། །ཤེས་རབ་ཉི་ཟླ་མོག་པོར་འཕྱན། །དེ་ལྟ་ན་ཡང་རྒྱལ་བ་ཡི། །སྒྱུ་འཕྲུལ་ཟབ་མོའི་བྱིན་མཐུ་དང་། ། བླ་མའི་ཐུགས་རྗེའི་ཞོ་ཤ་ལས། །རེས་འགའ་སྨྲ་བའི་སྒོ་འཕར་འབྱེད། ། གང་ཞིག་ཁྱོད་གསུང་ཤིང་རྟ་ཡི། །འཕང་ལོ་འདེགས་ཤིང་འདྲེན་བྱེད་ལ། ། ཙན་དན་དྲི་ཆབ་བསང་གཏོར་དང་། །རྟགས་རྫས་ཤིས་པས་རི་མོ་བྱས། ། བདག་བློ་གནམ་པོར་དམན་གྱུར་ཀྱང་། །ཡིད་གཞུང་ཟླ་འོད་འཕྲོ་བའི་ཕྱིར། ། སྟོན་དང་བསྟན་པར་རབ་དད་པའི། །ངང་ཚུལ་ངག་ཏུ་བྱས་འདི་འཚེངས། །དེ་ལྟར་ཐུབ་གསུང་བླ་ན་མེད། །ཅུང་ཟད་མཇལ་བའི་ལྡོམ་བུ་བདག །རྟག་ཏུ་སེམས་ཅན་སྨན་པའི་སླད། །མཆོད་བསྟོད་བཟླས་པས་འདའ་བར་སྨོན། །ཐོས་དང་གདམས་པ་ཉམས་ལེན་དང་། །བསྟན་འགྲོར་བསྔོ་བའི་རིམ་པ་སོགས། ། འགྲོ་ཀུན་ཚེ་རབས་ཐམས་ཅད་དུ། །སྐལ་བཟང་དགའ་སྟོན་གྱུར་བར་ཤོག ། ཁྱོད་གསུང་ནམ་མཁའ་མཛོད་ལས་ནི། །ཆ་ཤས་ཙམ་ཞིག་དེང་ཐོས་ནའང་། ། མ་སྨིན་བདག་རྒྱུད་པྲེ་ཏའི་བློ། །སྙིང་ཁམས་གདོན་གྱིས་ཟིན་འདི་སྐྱོ། །ལྔ་རིག་བག་ཆགས་མཐུ་དམན་ཞིང་། །བརྒྱུད་པའི་མན་ངག་ལུང་ཙམ་དང་། ། མཆོག་གི་སྣང་བའི་ཕུན་ཚོགས་སོགས། །མཐའ་དག་དབུལ་བ་དེ་ལྟ་ནའང། ། ལྟ་བས་ཆོག་མི་ཤེས་པ་ཡི། །དྲང་སྲོང་ཆེན་པོ་ཁྱོད་ཀྱི་དྲུང་། །ལ་ལ་དག་པའི་སེམས་ཀྱིས་ནི། །བྱེ་མའི་རྡུལ་ཡང་ཕུལ་བཟོད་ན། །ལྔ་བརྒྱ་མཐའ་མར་བཙས་པ་ཡི། །ཁྱེད་ཀྱི་རྗེས་སུ་འབྲངས་པ་ཞིག །དམ་པའི་རྗེས་སུ་ཟློས་པ་ལ། ། སྨད་པར་བྱ་བ་ཅི་ཞིག་སྟེ། །གང་ཞིག་གཡེང་བས་བསྟོད་ཚིག་ཅིག །བྱས་པར་བྱང་ཆུབ་མཆོག་འཐོབ་ཅེས། །ཁྱོད་ལུང་མདོ་རྒྱུད་དུ་མ་རུ། །མཇལ་འདི་བདག་སྨྲའི་གཟུངས་སུ་ཐོབ། །ཆེར་སྙིགས་མུན་པས་ལྡོངས་པ་ན། །མེ་འཁྱེར་སྲིན་བུས་སྨག་ལ་བཞིན། །དམ་པ་རྣམས་ནི་བཤུང་མིན་ལ། །དོན་གྱི་མཁས་རྣམས་ཁྲོ་མིན་ནོ། །ཅི་སྟེ་གྱ་ཚོམ་འཇུག་པ་ལས། །སྨྲ་བའི་ཉེས་ཚོགས་བྱུང་བ་ཀུན། །དྲིན་ཆེན་བླ་མར་གསོལ་འདེབས་ཏེ། །དེ་ཉིད་མཐོང་བའི་སྤྱན་མངར་ཆགས། །རྒུད་པའི་རྩ་བ་དྲུང་འབྱིན་པའི། །ཁྱོད་བསྟན་སྲུང་ཞིང་དེ་འཛིན་རྣམས། །སྐྱོང་ལ་གཡར་དམ་བཞེས་རྣམས་ཀྱིས། །གདོང་གྲོགས་འཕྲིན་ལས་མ་གཡེལ་མཛོད། །རྒྱ་ལ་རྣམ་དཀར་དགེ་བའི་ཆ། །ཀུན་ད་དུང་དང་ཟླ་བའི་མདངས། །གང་ཞིག་ཐོབ་པ་དེ་ཡིས་ཀྱང་། །འགྲོ་ཀུན་ཆོས་འདིས་གྲོལ་བར་ཤོག །ཀུན་ཀྱང་ཐོས་པས་ཞི་འདུལ་དང་། །བསམ་པས་ཉོན་མོངས་ཆུང་བ་དང་། །སྒོམ་པས་སྒྲུབ་པ་མཐོ་བ་ཡིས། །བཀྲ་ཤིས་རྒྱ་མཚོས་ཁྱབ་འགྱུར་ཅིག།
ཅེས་སྨྲ་བའི་ཉེས་པར་བཅོམ་སྐྱུང་སྤངས་ཏེ་ཆེས་ཟབ་གསུང་གསང་ཐ་མལ་བའི་མགྲིན་པར་བླངས་པ། སྟོན་པ་ཐུབ་པའི་དབང་པོས་ལེགས་པར་བཤད་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་གསུངས་པ་ལས་བརྩམས་ཏེ་མངོན་པར་བསྟོད་པ་འཁོར་འདས་ངང་ཚུལ་གསལ་བའི་ཨདརྵ་དོན་ལྡན་དབྱངས་ཀྱི་སྙེ་མ་ཞེས་བྱ་བ་འདི་ཡང། མདོ་སྡེ་པད་དཀར་ལས། གཡེང་བའི་སེམས་ཀྱི་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་དང་། དཀྱིལ་མཆོག་ཉི་ཤུ་པ་ལས་ཀྱང། དེ་བཞིན་གཤེགས་རྣམས་ལ་བསྟོད་པ།། དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ཉེ་བར་གནས། །ཞེས་སོགས་མདོ་རྒྱུད་དྲི་མ་མེད་པ་ལས་ལན་དུ་མར་བྱུང་བ་ལྟར། འདིར་དག་པའི་ཀུན་སློང་ཙམ་གྱིས་སྤྱི་བརྟོལ་དུ་གངས་ཅན་ལྷོ་མོན་རྟ་དབང་ཞོལ་དུ་ལྟེ་ཚལ་འཕོས་ཤིང་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་པ་ཐ་ཤལ་བ་འབྲས་ཚ་བ་རི་སྐྱ་ལྷ་འོད་སྐྱེ་མིང་བསྟན་འཛིན་འཇམ་དབྱངས་ལྷུན་གྲུབ་པས། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོ་སྐུ་བལྟམས་ཏེ་བགྲང་བྱ་སྟོང་གཉིས་དང་ཉག་མ་ལྔ་བཅུ་འདས་ཤིང་། བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུར་གནས་པར་བཤད་པའི་ཚུལ་ཁྲིམས་ཀྱི་ལེའུའི་མཐར་བསླེབས་པ། བོད་རྒྱལ་ལོ་༢༡༤༡ རབ་བྱུང་༡༧ རབ་གནས་ཤིང་རྟ། བོད་ཟླ་༦ ཚེས ༤ ཕྱི་ལོ་༢༠༡༤ ཟླ་༧ ཚེས་༣༡ སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་ཁྱད་པར་ཅན་ཉིན་འཇིག་རྟེན་ཚུར་མཐོང་འཚང་འབྲུས་འདའ་བ་ལས་དམ་པར་ཡར་བལྟ་ལན་གཅིག་བགྱིས་པ་བཟང་བའི་ལུགས་སུ། རང་གི་ཡིད་ལ་བྱ་བའི་སླད་དུ་གོ་སླའི་ངག་གིས་མོན་རྟ་དབང་སྟོད་དགའ་འཁྱིལ་གླིང་དུ་འགོ་བརྩམས་ཏེ་མོན་ཡུལ་བསེ་རུ་ཚོ་སྟོད་དཔལ་བྱང་ཆུབ་སྟེང་དུ་མཇུག་རྫོགས་པར་སྦྱར་བ། ཡི་གེ་པ་ནི་སྔོན་གྱི་ཨེའི་ཡིག་མཁན་དང་མི་གཉིས་པ་རང་ཉིད་བཙས་མ་ཐག་པར་སྐྱེད་མ་འདས་པ་ནས་བསྐྱེད་སྲིངས་བསྐྱངས་པའི་གཅེན་པོ་ཤཀྱཱའི་དགེ་བསྙེན་ལ་མོ་ཤར་བསྟན་འཛིན་དབང་པོའོ།། གྱི་ན་བ་མགྲིན་བཟང་སྨད་འོས་བདག་གིས་སྤྱི་བརྟོལ་བསྐྱེད་པའི་ཤོག་ཚལ་འདི་ཡང་། ཐུབ་པའི་གདུང་འཚོབ་གཅིག་པུ་༸གངས་ཅན་མགོན་པོ་ཐམས་ཅད་མཁྱེན་གཟིགས་ལྷ་མིའི་རྣམ་འདྲེན་༸བཅུ་བཞི་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོའི་སྡེ་དཔལ་བཟང་པོའི་ལུགས་ཟུང་འཕྲིན་ལས་ཀྱི་གདུགས་དཀར་པོ་སྲིད་ཞིའི་བླ་ན་ལྷག་བསམ་དང་མཛངས་བས་འདེགས་པར་བྱེད་པའི་བརྟན་མཁས་ཀྱི་མདུན་ན་འདོན། ལྔ་བདོའི་དུས་རབས་ཉེར་ཅིག་གི་སྡེ་གཟར་འདིར་ཆོས་བརྒྱད་དང་ལོངས་སྤྱོད་དྲི་བཞོན་ལ་བསྐུར་ཞིང་རིག་གྲོལ་གྱི་མཚན་བཟང་རྒྱལ་མཚན་མཐོན་པོར་འཛིན་པའི་སྐྱ་སེར་༸ཡོངས་ཀྱི་དགེ་བའི་བཤེས་གཉེན། བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའམ་གདོང་དྲུག་སྙེམས་པའི་ལང་ཚོར་གསོལ་བའི་ཞབས་བརྟན་དང་མངོན་བསྟོད་ཀྱི་མཆོད་སྤྲིན་དུ། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་ངང་ཚུལ་དུ་མཚམས་སྦྱོར་བསྔོ་སྨོན་བྱེད་པའི་སྐལ་བཟང་བླངས། སརྦ་མངྒལཾ།