སློབ་དཔོན་ཆེན་མོ་དགུང་ལོ་དོན་ལྔར་ཕེབས་པར་བཀྲ་ཤིས་རྟེན་འབྲེལ་ཞུ།

བོད་འབྱོར་རྩོམ་ཡིག།
བློ་བཟང་ཕྱོགས་བཅུའི་འདྲེན་པ་ཐམས་ཅད་ཀྱི། །
ཐུགས་རྗེ་འཕྲིན་ལས་མ་ལུས་གཅིག་བསྡུས་ནས། །
རྒྱལ་བསྟན་འཛིན་དང་སྤེལ་ལ་ཟླ་བྲལ་བ།།
གང་གི་འཁྲུངས་སྐར་མེ་ཏོག་ཆུན་པོས་བསུ། །

ཕུན་ཚོགས་དགེ་ལེགས་རིང་ནས་གོམས་པའི་མཐུས།།
མདོ་སྔགས་ཆོས་ཀྱི་རྒྱ་མཚོའི་འཇིངས་བརྒལ་ཏེ། །
འགྲོ་ཀུན་ཐར་པ་དམ་པའི་གྲོང་ཁྱེར་དུ། །
འདྲེན་པའི་དེད་དཔོན་ཁྱོད་མིན་གཞན་དུ་སུ། །

མཐའ་ཡས་སྐྱེ་དགུ་བསོད་ནམས་ཀུན་ཀྱི་གཞི།།
བཤད་སྒྲུབ་བསྟན་པ་ཡུན་རིང་རྒྱས་པའི་ཕྱིར།།
ཁྱོད་ཞབས་པད་མོ་བསྐལ་བརྒྱར་རབ་བརྟན་ཅིང་།།
སྡེ་སྣོད་རྒྱ་མཚོ་འཛིན་པའི་དཔལ་གྱུར་ཅིག །
སླད་མའི་ཆར་ཡང་མགོན་པོ་མཆོག་གི་ཞབས་པད་མི་འགྱུར་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་པ་དང་། འཕྲིན་ལས་ལུང་རྟོགས་ཀྱི་གཟི་བྱིན་མཐའ་དབུས་རྩོལ་མེད་ཤུགས་འབྱུང་གིས་རྒྱས་ཤིང་བརྗིད་ཆེ་བ་འདི་ཉིད་ནམ་ཡང་མི་ཉམས་གོང་འཕེལ་དུ་གནས་པ་དང་། མདོ་སྔགས་ལེགས་བཤད་ཀྱི་ཆོས་དུང་དཀར་པོའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་ཤིང་། ཆོས་ཀྱི་རྔ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་དུ་ཅི་དགར་རྡུང་ཞིང་། གངས་ཅན་ཆོས་སྲིད་ལུགས་གཉིས་ཀྱི་ལས་དོན་མཐའ་དག་ཁུར་དུ་བཞེས་ནས། སྐྱེས་འགྲོ་ཡོངས་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་མ་ལུས་པ་སྩོལ་བའི་དཔལ་དུ་བཞུགས་པའི་སྨོན་འདུན་དུ་དྲི་མ་མེད་པའི་ལྷ་དར་དང་བཅས་ཞུ་བ་ལགས་སོ།།
ཞེས་བཀྲ་ཤིས་འཁྲུངས་སྐར་གྱི་ཤིས་ཚིག་འདི་ནི་བོད་ནང་གི་ཤེས་ཡོན་ཅན་བཅུ་ཕྲག་འགས་མཉམ་གཅིག་ཏུ་ཕུལ་བ་ལགས་སོ།།