སྤྱི་འཐུས་ཀྱི་ཕྱག་ལས་གནང་ཕྱོགས་དང༌བཀའ་ཤག་གི་གསལ་བཤད་ཇི་དགོས།

འདས་པའི་སྐབས་བཅིུག་པའི་སྤྱི་འཐུས་ལས་ཡུན་རིང་ཚོགས་ཐེངས་བརྒྱད་ནང་བཀའ་ཤག་གི་གསལ་བཤད་དང༌། དེའི་ཐོག་བགྲོ་གླེང་གནང་ཡོད་རེད། སྐབས་བཅིུས་པའི་ཚོགས་དུས་དང་པོའི་སྐབས་སུའང་བཀའ་ཤག་གི་གསལ་བཤད་དང་དེའི་ཐོག་བགྲོ་གླེང་བྱུང་བ་རེད། ད་རེས་སྐབས་བཅིུས་པའི་ཚོགས་དུས་གཉིས་པར་བཀའ་ཤག་གིས་གསལ་བཤད་གནང་བ་དེ་གཉིས་པ་དེ་རེད། ཚོགས་དུས་དང་པོའི་བཀའ་ཤག་གི་གསལ་བཤད་དང་དེའི་བགྲོ་གླེང་སྐོར་ལ་ཚོགས་གཙོའི་ངོས་ནས་འགྲེལ་བཤད་བྱ་རྒྱུ་གང་ཡང་བྱུང་མ་སོང༌། དེ་དུས་གྲོས་ཚོགས་གསར་པ་རེད། བཀའ་ཤག་ཀྱང་གསར་པ་རེད། ད་རེས་ཚོགས་དུས་གཉིས་པ་འདིའི་ཐོག་བཀའ་ཤག་དང་གྲོས་ཚོགས་གཉིས་ཆ་ལྷིང་འཇགས་ནས་ལས་དོན་ཐོག་ཕྲན་བུ་གཏིང་ཟབ་པོར་དགོངས་པ་བཞེས་རྒྱུའི་གོ་སྐབས་ཤིག་ལ་སླེབས་ཡོད་རེད། ཚོགས་དུས་དང་པོའི་སྐབས་དེར་སྤྱི་འཐུས་ཀྱི་ལས་འགན་དང༌། སྤྱི་འཐུས་ཀྱི་དབང་ཚད་ཐོག་ངོ་སྤྲོད་ཕྲ་ལ་ཕྲན་བུ་ཞུས་ཡོད་རེད། ད་རེས་ཚོགས་དུས་གཉིས་པའི་ཉིན་དང་པོའི་སྐབས་ལའང་སྤྱི་འཐུས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་ཚོགས་གཅོའི་ངོས་ནས་གང་ཤེས་མདོར་བསྡུས་ཤིག་ངོ་སྤྲོད་ཞུས་ཡོད། འདས་པའི་བཀའ་ཤག་གི་གསལ་བཤད་ཁག་གི་ཐོག་ལའང་ཚོགས་གཙོས་འགྲེལ་བརྗོད་བྱས་པ་རིམ་པ་མང་པོ་བྱུང་ཡོད་རེད། དེ་ཚོའི་ནང་འགྲེལ་བརྗོད་གང་བྱས་ཡོད་པ་ཕལ་ཆེར་ང་རང་གིས་ཀྱང་བརྗེད་ཚར་ནས་མི་འདུག དེ་འདྲ་ཡིན་དུས་བཀའ་བློན་རྣམ་པ་ཚོས་དེ་བས་ཀྱང་ཐུགས་ལ་ངེས་གནང་གི་མེད་པ་དེ་གཏན་འཁེལ་ནས་ཞུ་ཆོག་པ་ཞིག་རེད། ག་རེ་ཞུས་ཡོད་པའི་ཚིག་འགྲོས་ཇི་མ་ཇི་བཞིན་མ་དྲན་པ་ཡིན་ནའང༌། དོན་དག་སྙིང་པོ་རེ་གཉིས་ད་ལྟའང་དྲན་བསྡད་ཀྱི་འདུགཚོགས་གཙོས་མཚམས་སྦྱོར་དང་གསལ་འདེབས་ཀྱི་ཐོག་ནས་ཞུས་པ་དེ་དག་སྤྱི་འཐུས་དང་བཀའ་བློན་རྣམ་པ་ཚོའི་ཕྱག་ལས་མཛད་ཕྱོགས་ལ་ཐུགས་ཕན་གསོས་རྒྱུ་དང༌། ཡར་རྒྱས་འགྲོ་རྒྱུའི་རེ་བ་བྱ་རྒྱུ་ཁག་པོ་རེད། ཡིན་ནའང་གང་ཟག་སོ་སོར་ཁུར་དུ་འཁྲི་བའི་ལས་འགན་རེ་རེ་ཡོད་པ་ཡིན་ཙང༌། རང་གི་ངོས་ནས་འགྲེལ་བརྗོད་བྱ་རྒྱུ་དེ་དག་ལས་འགན་གྱི་ཆ་ཤས་ཤིག་ཡིན་པར་བརྩི་ནས་སྐབས་དང་དུས་ནམ་བྱུང་ལ་མཚམས་རེ་ཞིབ་ཚགས་པོ་དང་རྒྱས་ཤིང་རྒྱས་པ། མཚམས་རེ་ཟུར་ཙམ། མདོར་བསྡུས་ཙམ། གོ་རྒྱུ་ཡོད་ཙམ། དེ་འདྲ་བྱས་ཏེ་ཚར་མང་པོ་ཞུ་བསྡད་ཀྱི་ཡོད། གཅིག་བྱས་ན་ལོ་རྒྱུས་ཀྱི་དེབ་ཐེར་ནང་ང་ཚོ་ཚང་མ་ཤི་ཚར་རྗེས་བློ་གྲོས་ཅན་གྱི་ཉམས་ཞིབ་པ་དེ་འདྲས་སྔོག་འདོན་བྱེད་སྐབས། ད་ལྟའི་གནས་སྐབས་ཀྱི་མི་རབས་ཚོའི་བསམ་ཚུལ་དང་བྱེད་སྟངས། མིའི་ཀུན་སྤྱོད་དང་བསམ་བློའི་གནས་ཚད་དེ་དག་བསྐྱར་ཞིབ་བྱ་རྒྱུར་ཡིག་ཚང་ནང་བསྡད་པའི་ཚིག་དེ་ཚོས་ཕན་ཐོགས་ཡོང་རྒྱུ་དང༌། སྐབས་དེ་དུས་རིན་ཐང་བརྒྱབ་རྒྱུར་ཕན་ཐོགས་ཀྱི་རེད་བསམ་མཚམས་རེ་དེ་འདྲ་དྲན་བསྡད་ཀྱི་འདུག
བགྲོ་གླེང་སྐབས་སྤྱི་འཐུས་གཅིག་གིས་གསལ་པོ་བྱས་ཏེ་ད་ལྟ་ང་ཚོ་མང་གཙོའི་རིང་ལུགས་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་རེད་ཅེས་བཀའ་གནང་སོང༌། དེ་ནི་ནང་གི་ཚོར་བའི་སྐད་ཆ་ཞིག་རེད། བཟོས་བཞག་པའི་སྐད་ཆ་མ་རེད། དེ་སོ་སོའི་སེམས་ཀྱི་འཆར་སྣང་རྗེན་པ་བཏོན་པའི་ཚིག་ཅིག་རེད། ང་ཚོ་མང་གཙོའི་རིང་ལུགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་ད་ལྟ་རྩེད་མོའམ། ཟློས་གར་ལྟ་བུར་མཚོན་ནའང་ནང་སྦྱོང་བྱེད་པའི་སྐབས་ལ་བསྡད་ཡོད་མ་རེད། ང་ཚོ་སྡིངས་ཆའི་སྟེང་ཐོན་ཚར་བ་རེད། མིའི་མདུན་ལ་འཁྲབ་བསྡད་ཀྱི་ཡོད་རེད། རྒྱལ་སྤྱིའི་ནང་འཛམ་བུ་གླིང་གི་མདུན་ལ་ང་ཚོས་བཅའ་ཁྲིམས་གཏན་ལ་ཕབ་ནས་བཅའ་ཁྲིམས་གཞིར་བཟུང་གིས་མང་གཙོའི་རིང་ལུགས་ཆ་ཚང་ནང་བཙན་བྱོལ་བོད་གཞུང་དེ་འགྲོ་གི་ཡོད་ཅེས་ལབ་དུས་སྐབས་ལ། ང་ཚོ་ད་ལྟ་སློབ་སྦྱོང་བྱེད་ཀྱི་ཡོད། གཞི་ནས་འཐོན་རྒྱུ་ཡིན་ཞེས་ཞུ་རྒྱུ་དེ་བསྡད་ཡོད་མ་རེད། སྔོན་མའང་ངས་ང་ཚོའི་མང་གཙོའི་ལམ་སྲོལ་འདི་ཚོད་བལྟ་དང་སྦྱོང་བདར་གྱི་སྐབས་མ་རེད། ཕྱིར་ལོག་བྱ་ས་ཡོད་མ་རེད་ཅེས་ཞུས་མྱོང༌། གྲོས་ཚོགས་འདིའི་ནང་བཅའ་ཁྲིམས་འདིའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འདིའི་འོག་ལ་ད་ང་ཚོ་ཕྱིར་ལོག་བརྒྱབ་ས་མེད་པའི་ས་མཚམས་ཤིག་ལ་སླེབས་ཚར་བ་རེད། འདོད་པ་དྭང་དུ་བླངས་ནས་མང་གཙོའི་རིང་ལུགས་ལག་ལེན་བསྟར་རྒྱུ་དང༌། དེའི་ཡན་ལག་ཆ་ཚང་ཞིག་བེད་སྤྱོད་བཏང་སྟེ་འགྲོ་རྒྱུའི་དམ་བཅའ་བཞག་ནས་ད་ལོ་དྲུག་པ་དེ་ལ་ང་ཚོ་སླེབས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོའི་དགོངས་པ་ལ་ད་ལྟ་ང་ཚོ་ཡག་པོ་བྱངས་མེད། ཧིན་དིའི་སྐད་ལ་ནའོ་སི་ཁི་ཡ་ཟེར་བ་ལྟ་བུ་ཡིན། ཕྲན་བུ་ནོར་ནའང་གང་ཡང་བྱེད་ཀྱི་མ་རེད་བསམ་པའི་སྤོབས་པ་དེ་འཛིན་སྐྱོང་དང༌། གྲོས་ཚོགས། ཁྲིམས་ཁང་ག་འདྲ་ཞིག་ཡིན་ནའང་གནང་རྒྱུ་ཡོད་མ་རེད་བསམ་གྱི་འདུག ནོར་བ་ཡིན་ན་རྗེས་སུ་མ་ནོར་བ་བྱ་རྒྱུའི་འབད་རྩོལ་བྱ་དགོས་རྒྱུ་ཞིག་དང༌། ད་ང་ཚོ་ཚོད་བལྟ་བྱ་རྒྱུ་དང་སྦྱོང་བདར་བྱ་རྒྱུའི་དུས་ཚོད་ཡོལ་ནས་དངོས་སུ་ལག་ལེན་བསྟར་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་རེད། དེ་ག་དུས་ཡིན་ནའང་ཐུགས་ལ་གསལ་པོ་ཞིག་མ་བཞག་པ་ཡིན་ན། སོ་སོས་སོ་སོར་གུ་ཡངས་གཏང་རྒྱུ་དང༌། དམིགས་བསལ་གཏོང་རྒྱུ་འདྲ་ཞིག་ཆགས་པ་ཡིན་ན། ང་ཚོའི་ངོས་ནས་མི་མང་དང་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་འགན་འཁྱེར་སྟངས་དེ་ཆ་མ་ཚང་བ་ཞིག་ཆགས་ཀྱི་ཡོད་པ་མཐོང་བསྡད་ཀྱི་འདུག རྒྱབ་ལྗོངས་དེའི་འོག་ནས་ད་རེས་བཀའ་ཤག་གི་གསལ་བཤད་འདིའི་སྐོར་ལ་འགྲེལ་བརྗོད་མདོར་བསྡུས་ཤིག་ཞུས་པ་ཡིན་ན། གྲོས་ཚོགས་དང་བཀའ་ཤག་གཉིས་ཆས་ངེས་པར་དུ་མཁྱེན་དགོས་རྒྱུ་དང༌། མཁྱེན་གྱི་ཡོད་པར་ངོས་ལེན་བྱེད་དགོས་རྒྱུ་ཞིག་ག་རེ་རེད་ཅེ་ན། གྲོས་ཚོགས་ངོ་རེ་བཞིན་དུ་བཀའ་ཤག་གིས་གྲོས་ཚོགས་ནང་ཆབ་སྲིད་དང་འཛིན་སྐྱོང་གི་གསལ་བཤད་ཟེར་བའི་གསུང་བཤད་གནང་རྒྱུའི་གོ་སྐབས་འདི་གྲོས་ཚོགས་སྔ་མ་གྲོལ་ནས་གྲོས་ཚོགས་རྗེས་མ་མ་ཚོགས་བར་ཟླ་བ་བཞིའམ་དྲུག་ག་ཚོད་ཕྱིན་ཡོད་པ་ཡིན་ནའང༌། དེའི་རིང་ལ་ལས་དོན་གལ་ཆེ་བ་ག་རེ་ག་རེ་བྱུང་བ་རེད། དེ་དག་ལས་བསྡོམས་བརྒྱབས་ཏེ་རྒྱུགས་སྤྲོད་གནང་རྒྱུའི་གོ་སྐབས་ཤིག་ཆགས་ཀྱི་ཡོད་མ་རེད། དེ་སྲིད་དོན་གྱི་གནས་ཚུལ་གསལ་བཤད་ཅིག་གི་ཐོག་ལ་གྲོས་ཚོགས་ཀྱི་ཡིད་ཆེས་དང་བཀའ་ཁྲོལ་བླང་རྒྱུའི་ཆེད་དུ་གསལ་བཤད་དེ་ཡོང་དགོས་ཀྱི་ཡོད་རེད། Political Statement ཞིག་དགོས་ཀྱི་ཡོད་རེད། དེའི་ཐོག་ལ་གྲོས་ཚོགས་ནས་འགྲིགས་ན་འགྲིགས་པ་དང༌། མ་འགྲིགས་ན་མ་འགྲིགས་པའི་ལམ་སྟོན་ཞིག་གནང་སྟེ། གྲོས་ཚོགས་རྗེས་མ་མ་ཚོགས་ཀྱི་བར་དུ་ཆབ་སྲིད་ཀྱི་འཛིན་ཕྱོགས་འདིའི་འོག་ཏུ་འགྲོ་དགོས་རྒྱུ་ཞིག་དང༌། དུས་ནས་དུས་སུ་ལམ་སྟོན་གྱི་སྲིད་བྱུས་ཤིག་གཏན་ལ་ཕབ་རྒྱུ་དང༌། བཀའ་ཤག་རང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་ན། དེའི་ཐོག་ལ་གྲོས་ཚོགས་ཀྱི་ཆོག་མཆན་དང་ཕྱག་ཐམ་ཞིག་རག་ཆེད་གསལ་བཤད་འདི་ཡོང་དགོས་ཀྱི་ཡོད་རེད། བཅའ་ཁྲིམས་ཟིན་བྲིས་བཟོ་མཁན་དང༌། གྲོས་ཚོགས་ཀྱི་ལས་རིམ་འཆར་གཞི་སྒྲིག་མཁན་གྱི་བསམ་བློའི་དམིགས་ཡུལ་ནང་ལ་དེ་འདྲ་ཞིག་བཞག་པ་རེད། དེ་ཡིན་སྟབས་ཆབ་སྲིད་ཀྱི་སྲིད་བྱུས་ག་འདྲ་ཡིན་རུང༌། བཀའ་ཤག་གིས་གཏན་ལ་ཕབ་པ་ཞིག་ཡིན་ན། བཀའ་ཤག་གི་གསལ་བཤད་ཐོག་ནས་གྲོས་ཚོགས་ཀྱི་བཀའ་ཁྲོལ་ཞུ་དགོས་རྒྱུ་ཞིག་དང༌། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་ན་གྲོས་ཚོགས་ཀྱི་ལམ་སྟོན་གང་ཡང་རུང་བ་ཞིག་གི་ཐོག་ནས་བཀའ་ཤག་ལ་གྲོས་ཚོགས་ཚོགས་དུས་རེ་རེ་བཞིན་དུ་གནང་དགོས་པ་ཞིག་རེད། འགྲེལ་བརྗོད་འདི་འདྲ་ཞིག་ལན་མང་པོར་ཞུས་ཟིན་ནའང༌། གྲོས་ཚོགས་ཚོགས་དུས་སྔོན་མ་གཅིག་གཉིས་ཤིག་ནང་ལ་བཀའ་ཤག་གིས་གསལ་བཤད་ནང་འདི་འདྲ་ཞིག་གནང་ཡོད་པ་དེ་གྲོས་ཚོགས་གཞན་དག་ཚང་མའི་ནང་སྒྲོམ་གཞི་དེ་ནས་བསྡུས་ཡོང་གི་འདུག བཀའ་དྲུང་ལས་ཁུངས་ཀྱིས་གསལ་བཤད་རྙིང་པ་དེ་ཚོར་བལྟས་ཏེ་ལམ་སེང་བཟོ་ཆོག་ཆོག་ཡོང་རྒྱུའི་སྲོལ་རྒྱུན་ཞིག་ཆགས་པ་དེ་ལ་བརྟེན་ནས་ད་ཕན་ང་ཚོར་དགོས་གལ་ཡོད་པའི་ཆབ་སྲིད་ཀྱི་གསལ་བཤད་ཅིག་གྲོས་ཚོགས་ནང་ཡོང་རྒྱུ་དཀོན་པོ་ཆགས་བསྡད་ཡོད་རེད། བྱུང་ཟིན་པའི་ལས་བསྡོམས་དེ་དག་ཀྱང་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའམ། གྲོས་ཚོགས་ཀྱི་དགོངས་མཐུན་ཡོད་པའི་སྲིད་བྱུས་དང་མཐུན་པ་ཞིག་རེད་འདུག་གམ་མི་འདུག་གཟིགས་ཞིབ་གནང་དགོས་རྒྱུ་ནི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཞིག་རེད། དེ་ལས་སྤྲོས་པའི་ལས་ཀ་མང་པོ་བྱུང་འདུག་གམ་ཉུང་ཉུང་བྱུང་འདུག ཡག་པོ་བྱུང་འདུག་གམ་སྡུག་ཅག་བྱུང་འདུག་དེ་དག་གཟིགས་རྒྱུ་གཟིགས་དགོས་རེད་དེ། དེ་གཙོ་བོའི་ལས་འགན་དེ་ཆགས་ཀྱི་ཡོད་མ་རེད། འཛིན་སྐྱོང་ངོས་ནས་ལས་དོན་ལག་ལེན་ལ་བསྟར་བ་གང་ཡང་རུང་བ་ཞིག་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དང་མ་མཐུན་པ་ཞིག་བྱུང་ཡོད་ན། བགྲོ་གླེང་གི་གོ་སྐབས་འདིའི་ཐོག་ནས་ང་ཚོས་གཏན་ལ་ཕབ་པའི་སྲིད་བྱུས་དེ་འདི་ཡིན། ཁྱེད་རང་ཚོའི་ཕྱག་ལས་འདི་དང་འདི་འདྲ་ཞིག་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དང་འགལ་འདུག དེ་ག་འདྲ་བྱས་པ་རེད་ཅེས་ཞུ་དག་གཏོང་རྒྱུ་ཞིག་དང༌། མ་འོངས་པར་ནོར་བསྲང་གཏོང་ཐུབ་པ་ཞིག་གྲོས་ཚོགས་ཀྱིས་གནང་དགོས་རྒྱུ་ཞིག་རེད།
ྋསྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་ཐོག་ནས་འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག བོད་རྒྱལ་ཁབ་ཀྱི་གཙོ་བཞུགས། བཙན་བྱོལ་བོད་གཞུང་གི་དབུ་འཛིན་ཡིན་པའི་ཆ་ནས་ཕྱག་ལས་ཀྱི་རིམ་པ་མང་པོ་ཞིག་གནང་གི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཡོངས་སུ་རྫོགས་པ་དེ་བཙན་བྱོལ་བོད་གཞུང་གི་དབུ་བཞུགས་ཀྱི་ཆ་ནས་གནང་བ་ཞིག་ལ་ངོས་ལེན་བྱས་ཏེ་ལས་བསྡོམས་བརྒྱབ་པ་ཡིན་ན། ཞེ་ས་མ་ཞུས་ན་བཙན་བྱོལ་གཞུང་ཕྲན་བུའི་ཧམ་པ་ཚ་དྲགས་པ་རེད། ྋརྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་མ་རེད། གྲོས་ཚོགས་ནང་བསྣམས་ཕེབས་པ་ཡིན་ནའང༌། བོད་རྒྱལ་ཁབ་ཀྱི་གཙོ་འཛིན་དང་བཙན་བྱོལ་བོད་གཞུང་གི་དབུ་བཞུགས་ཡིན་པའི་ཆ་ནས་དེའི་མཚན་གནས་རྗེས་འབྲེལ་གྱི་ཕྱག་ལས་དེ་དག་སྨོས་འོས་པ་ཞིག་རེད། ཡིན་ནའང་དེ་ང་ཚོའི་གྲོས་ཚོགས་ནང་བགྲོ་གླེང་བྱེད་ཆོག་པའི་ས་མཚམས་ཤིག་ནང་བསྡད་ཀྱི་མ་རེད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བཙན་བྱོལ་གཞུང་གི་དབུ་བཞུགས་ཡིན་པའི་ཆ་ནས་མཛད་པ་འཕྲིན་ལས་འདི་དང་འདི་འདྲ་བསྐྱངས་པ་རེད། དེའི་མཇུག་གནོན་དུ་འཛིན་སྐྱོང་བཀའ་ཤག་གིས་མུ་མཐུད་ལག་ལེན་འདི་དང་འདི་བསྟར་གྱི་ཡོད་ཅེས་གྲོས་ཚོགས་ལ་ཞུས་ཆོག་པ་ཞིག་དང༌། གྲོས་ཚོགས་ངོས་ནས་དེའི་ཐོག་བསྐྱར་ཞིབ་དང་ལམ་སྟོན་གནང་ཆོག་པའི་ས་མཚམས་ཤིག་ཡོད་རེད། དེ་བཀའ་ཤག་དང་གྲོས་ཚོགས་གཉིས་ཀས་མ་མཁྱེན་ན་མ་འགྲིགས་པ་ཞིག་རེད། མཁྱེན་ཤག་རེད། ཡིན་ནའང་བཀའ་ཤག་གི་གསལ་བཤད་ཀྱི་སྒྲོམ་གཞི་བཟོ་སྟངས་དང༌། དེའི་ཐོག་ལ་བགྲོ་གླེང་གནང་སྟངས་གཉིས་ཆའི་ཐོག་ཚོགས་གཙོས་བལྟས་བསྡད་སྐབས་དེའི་ས་མཚམས་དེ་ཕྱོགས་གཉིས་ཀར་གསལ་པོ་ཞིག་ཆགས་ཀྱི་ཨེ་ཡོད་བསམ་པའི་དྭོགས་པ་ཟ་གི་འདུག
གྲོས་ཚོགས་ལ་བཀའ་ཤག་ལས་ལྷག་པའི་འགན་ཞིག་ཡོད་རེད། དེ་གང་རེད་ཅེ་ན། སྲིད་བྱུས་གཏན་ལ་ཕབ་རྒྱུ་དང༌། གཏན་ལ་ཕབ་པའི་སྲིད་བྱུས་དེ་བཀའ་ཤག་ལ་གསལ་པོར་ལམ་སྟོན་གནང་རྒྱུ་དེ་གཉིས་རེད། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དེ་གསལ་པོར་ངོ་ཤེས་པར་བྱས་ཏེ་དེ་རང་ལག་ལེན་དུ་བསྟར་རྒྱུ་རེད་མ་གཏོགས། དེ་ལས་ལྷག་པའི་ཀླད་པ་དཀྲུག་དགོས་རྒྱུ་དང༌། བསམ་བློའི་དཀའ་ངལ་བྱེད་དགོས་རྒྱུའི་གནས་ཚུལ་གྲོས་ཚོགས་ལ་ཡོད་པ་དེ་ཙམ་བཀའ་ཤག་ལ་ཡོད་མ་རེད། བཀའ་ཤག་ངོས་ནས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དང་མི་མཚུངས་པ་དེ་ལས་ཡག་པ་ཞིག་དགོངས་པར་འཁོར་བ་ཡིན་ན་ངེས་པར་དུ་དེ་གྲོས་ཚོགས་ནང་གསལ་བཤད་བརྒྱུད་དེའི་ཐོག་གྲོས་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་རྒྱུའི་འབད་རྩོལ་གནང་དགོས་པ་ཞིག་རེད། རྒྱུ་མཚན་འགྲེལ་བཤད་བརྒྱབས་ནས་གྲོས་ཚོགས་ཀྱི་འཐུས་མི་དེ་དག་གི་བསམ་བློར་འགུལ་བསྐྱོད་ཐེབས་པ་ཞིག་བཟོས་ནས་དེ་ལ་རྒྱབ་སྐྱོར་ཐོབ་པའི་ཐབས་ཤེས་གནང་དགོས་པ་ཞིག་རེད། ད་ལྟའི་ང་ཚོའི་བཅའ་ཁྲིམས་འདིའི་འོག་ནས་འགྲོ་སྟངས་དེ་འདྲ་ཞིག་རེད།
ང་ཚོས་འཛིན་སྐྱོང་གི་ནོར་འཁྲུལ་ག་པར་ཕྱིན་འདུག དེ་རང་བསྲུངས་ནས་བཞུགས་ཏེ་ནོར་འཁྲུལ་ག་ཚོད་རག་པ་དེ་སྲང་ལམ་དབར་ནས་རག་པ་ཡིན་ནའང་རེད། ལས་བསྡོམས་ནས་རག་པ་ཡིན་ནའང་རེད། རྩིས་ཞིབ་སྙན་ཞུ་ནས་རག་པ་ཡིན་ནའང་རེད། དེ་དག་ཆ་ཚང་རུག་རུག་བཟོས་ཏེ་དེ་དྲི་བ་བཟོས་ན་དྲག་གི་ཨེ་འདུག གསལ་བཤད་ཐོག་བགྲོ་གླེང་གནང་སྐབས་བཀའ་གནང་ན་དྲག་གི་ཨེ་འདུག གང་ལྟར་ཁ་ཕྱི་བལྟས་བྱས་ནས་གསུང་ཆོག་ཆོག་དང༌། དེ་གསུངས་ཚར་ན་སྤྱི་འཐུས་ཀྱི་ལས་འགན་གྲུབ་པའི་བཟོ་འདྲ་ཞིག་དགོངས་པ་བཞེས་མཁན་ཡོང་གི་མེད་འགྲོ་བསམས་ཏེ་ང་དྭོགས་པ་ཟ་གི་འདུག འཛིན་སྐྱོང་གི་སྐྱོན་བལྟ་རྒྱུ་དང༌། སྐྱོན་ཆེ་ཆུང་ག་འདྲ་ཞིག་མཐོང་ནའང་དེ་འཛིན་སྐྱོང་ལ་ཞུ་རྒྱུ་དེ་ང་ཚོའི་ལས་འགན་ཆེ་ཤོས་ཤིག་རེད། ཡིན་ནའང་དེ་དང་ཆབས་ཅིག་ཏུ་ང་ཚོས་ལས་ཀ་མང་པོ་ཞིག་བྱེད་དགོས་པ་རེད། དང་པོ་སྐྱོན་དེ་འདྲ་ཞིག་བྱུང་བ་དེ་ག་རེ་བྱས་ནས་བྱུང་འདུག འཛིན་སྐྱོང་ལ་དཀའ་ངལ་ག་འདྲ་ཞིག་བྱུང་འདུག ལས་བྱེད་པས་འཐུས་ཤོར་རེད་དམ། ཡང་ན་གནས་ཚུལ་མང་པོ་ཞིག་གི་འོག་ནས་ནོར་འཁྲུལ་དེ་འདྲ་ཞིག་མ་ཕྱིན་ཐབས་མེད་པའི་རྒྱུ་རྐྱེན་བྱུང་བ་རེད། ཏན་ཏན་ནོར་འཁྲུལ་ཕྱིན་པ་ཞིག་རེད་དམ། ད་དུང་དེ་ལ་གསལ་བཤད་བྱ་རྒྱུ་ཡོད་པ་ཞིག་རེད། དེ་དག་ཆ་ཚང་གྲོས་ཚོགས་ནང་གླེང་སློང་མ་གནང་གོང༌། ང་ཚོས་མཐར་ཕྱིན་པ་ཞིག་ཞིབ་འཇུག་གནང་དགོས་རྒྱུ་དེ་ཧ་ཅང་གི་ཐུགས་གལ་ཆེན་པོ་རེད། དེ་དག་ཞིབ་འཇུག་ཆ་ཚང་གནང་རྒྱུར་སྤྱི་འཐུས་མང་པོས་ཐུགས་འདོད་གནང་གི་མི་འདུག ཕྱག་ལས་མང་པོ་གནང་མི་དགོས་པ་དང༌། ཉམས་ཞིབ་མང་པོ་བྱེད་མི་དགོས་པ། ཡིག་ཆ་མང་པོ་བསྔོག་མི་དགོས་པ་གཙོ་འདོན་གྱིས་སྟབས་བདེ་པོའི་ཐོག་ནས་སྐད་ཆ་ཞིག་རག་པ་ཡིན་ན། དེ་ལམ་སེང་གྲོས་ཚོགས་ནང་བསྐྱལ་བཞག་ན་འགྲིགས་པའི་ཐུགས་སྣང་འཁོར་བ་དེ་འགྲིགས་ཀྱི་མ་རེད་བསམ་གྱི་འདུག གྲོས་ཚོགས་ནང་གླེང་སློང་བྱུང་སྐབས། སྐྱོན་དེ་ག་འདྲ་བསྲང་དགོས་རེད། དེའི་ལམ་སྟོན་གྲོས་ཚོགས་ནས་ག་རེ་གནང་རྒྱུ་ཡོད་རེད། དེ་ཡང་མཉམ་དུ་གསུང་དགོས་པ་ཞིག་རེད། དེང་སང་མི་མང་པོས་གཞུང་ལ་སྐྱོན་བཙུགས་བཞག་ན་འགྲིགས་ཀྱི་རེད་མ་གཏོགས། སྐྱོན་དེ་བསྲང་རྒྱུའི་ཐབས་ཤེས་བཏོན་རྒྱུ་དེ་མང་ཚོགས་དང༌། འགལ་ཟླའི་ཚོགས་པའམ། གྲོས་ཚོགས་ཀྱི་ལས་འགན་མ་རེད་ཅེས་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་བཤད་མཁན་ཡོད་རེད། ཡིན་ནའང་ང་ཚོ་ད་ལྟའི་སྒྲིག་འཛུགས་འདིའི་ནང་སྐད་ཆ་དེ་ཏག་ཏག་བསྡད་ཀྱི་མ་རེད། གཞུང་འཛིན་ཚོགས་པ་དང་འགལ་ཟླ་ཚོགས་པ་ལོགས་སུ་ཡོད་མཁན་གྱི་སྲིད་གཞུང་ཞིག་ཡིན་ན། ཕལ་ཆེར་སྐད་ཆ་དེ་འགྲིགས་པ་རེད། འགལ་ཟླའི་ཚོགས་པའི་ལས་འགན་དེ་སྐྱོན་སྟོན་རྒྱུ་ཙམ་ཞིག་རེད་མ་གཏོགས། སྐྱོན་དེ་སེལ་ཐབས་ཀྱི་ལམ་སྟོན་བྱ་རྒྱུ་ཁོ་ཚོའི་ལས་འགན་མ་རེད། ཡིན་ནའང་ང་ཚོ་འདིར་འགལ་ཟླ་ཚོགས་པའི་ལས་འགན་རྐྱང་རྐྱང་འཁྱེར་གྱི་ཡོད་མ་རེད། ང་ཚོ་གྲོས་ཚོགས་འདི་ཡོངས་རྫོགས་གཞུང་འཛིན་ཚོགས་པ་རང་ཆགས་ཡོད་རེད། དེ་ཡིན་དུས་བྱེད་ཕྱོགས་དང་ཐབས་ལམ་རེ་རེ་བཞིན་ལམ་སྟོན་གནང་ཆོག་པ་ཞིག་དང༌། གནང་དགོས་པ་ཞིག་རེད། དེ་འདྲ་ཡིན་དུས་ཕྱོགས་གཉིས་ཀར་སྡེབ་གཅིག་ལ་དགོངས་པ་བཞེས་དགོས་རྒྱུ་དེ་ང་ཚོ་སྤྱི་འཐུས་མི་རེ་ངོ་རེའི་འགན་ཞིག་ཆགས་བསྡད་ཡོད་རེད། ད་རིང་བགྲོ་གླེང་འདིའི་ནང་བྱུང་བའི་དོན་གནད་ཁ་ཤས་ཤིག་ངས་དཔེ་མཚོན་ཙམ་ཞུ་ན། བོད་མི་ན་གཞོན་བོད་ལ་ཕར་ལོག་ཐུབ་མཁན་ག་ཚོད་ཡོད་ནའང་སྐབས་བབ་ཀྱི་སློབ་སྦྱོང་གང་ལ་གང་འཚམས་ཤིག་སྤྲད། ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཀྱི་དོན་གནད་དེ་དག་ངོ་སྤྲོད་ཡག་པོ་ཞིག་བྱས་རྗེས་ག་ཚོད་ཐུབ་ཐུབ་ཀྱིས་བོད་ལ་ཕར་བཏང་ཐུབ་ན་ཡག་པོ་ཡོད་པའི་སྲིད་བྱུས་དེ་གྲོས་ཚོགས་ཀྱིས་ངོས་ལེན་གནང་བའི་སྲིད་བྱུས་ཤིག་རེད། དེ་འགྲིགས་ཀྱི་མི་འདུག་གསུངས་པ་ཡིན་ན། སྔོན་ལ་གྲོས་ཚོགས་ནང་སྲིད་བྱུས་དེ་འགྱུར་བ་གཏོང་དགོས། འགྱུར་བ་གཏོང་མི་ཆོག་པ་མ་རེད། བགྲོ་གླེང་གནང་སྟེ་སྲིད་བྱུས་དེ་མཚམས་བཞག་དགོས་འདུག བོད་མི་གསར་འབྱོར་རྣམས་ག་ཚོད་ཐུབ་ཐུབ་ཀྱིས་བཙན་བྱོལ་ནང་ཉར་རྒྱུའི་སྲིད་བྱུས་ཤིག་འཛིན་དགོས་ཀྱི་འདུག་ཅེས་གཏན་ལ་ཕབ་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་སྲིད་བྱུས་གཏན་ལ་ཕབ་པའི་སྐབས་སུ་གནས་ཚུལ་ཞུ་རྒྱུའི་གོ་སྐབས་ཡོད་ཀྱང༌། ཚར་གཅིག་གྲོས་ཚོགས་ནས་གཏན་ལ་ཕབ་ཚར་སོང་ན་བཀའ་ཤག་གིས་དེ་རང་ལག་ཏུ་བླངས་ཏེ་འགྲོ་རྒྱུ་རེད་མ་གཏོགས། དེ་མིན་གྱི་ལམ་གཞན་ཞིག་བཙལ་ས་རག་གི་མ་རེད། ངས་དེ་ཟུར་བཏོན་གྱིས་ཞུ་གི་མེད། དཔེ་ཙམ་ཞུས་པ་ཡིན། དེ་འདྲའི་གནས་ཚུལ་མང་པོ་ཞིག་ང་ཚོས་ངོས་བཞེས་སམ་གཏན་ལ་ཕབ་ཟིན་པ་ཞིག་འགྱུར་བ་གཏོང་དགོས་ན་ལམ་སེང་སྟབས་བདེ་པོ་བྱས་ཏེ་བཀའ་ཤག་ལ་དེ་ག་རེ་རེད་ཅེས་བཀའ་འདྲི་གནང་བདེ་པོ་ཞིག་ཡོད་མ་རེད་ལ། གནང་ནས་ཕན་ཐོགས་ཀྱང་ཡོད་མ་རེད། སྐབས་བཅིུས་པར་གསར་པ་ཕེབས་མཁན་གྱི་སྤྱི་འཐུས་དེ་ཚོས་གཅིག་བྱས་ན་གསལ་པོ་མ་མཁྱེན་པ་ཡོང་སྲིད་པ་རེད། ད་རེས་ང་ཚོའི་བགྲོ་གླེང་ནང་བྱུང་བའི་གནས་ཚུལ་གནད་ཆེ་བ་གཞན་གཅིག་ལ་ཆ་བཞག་ན། ཐེ་ཝན་དང་འབྲེལ་བ་གནང་ཕྱོགས་དེ་རེད། ཐེ་ཝན་དང་འབྲེལ་བ་གནང་ཕྱོགས་སྐོར་ལ་སྐབས་བཅིུག་པའི་སྤྱི་འཐུས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡོད་རེད། དེ་འགྱུར་བ་མ་ཕྱིན་བར་འབྲེལ་བ་བྱེད་དགོས་རེད་ཅེས་གསུངས་པ་ཡིན་ནའང༌། བཀའ་ཤག་ལ་དེ་ཙམ་འགུལ་བསྐྱོད་བརྒྱབ་ས་ཡོད་མ་རེད། ད་ལྟའི་གནས་སྐབས་འདིར་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག གུ་ཡངས་ཙམ་བྱེད་དགོས་ཀྱི་འདུག་ཅེས་དགོངས་པ་ཡིན་ན། སྔོན་མ་ང་ཚོས་གཏན་ལ་ཕབ་པ་དེ་བསྐྱར་ཞིབ་གནང་རྗེས་དེའི་ཐོག་འགྱུར་བ་གཏོང་དགོས་པ་རྣམས་བཏང་སྟེ་ལམ་སྟོན་གསར་པ་ཞིག་གནང་དགོས། སྔར་གཏན་ལ་ཕབ་པའི་སྲིད་བྱུས་དེར་འགྱུར་བ་རྩ་བ་ནས་མ་བཏང་བའི་ཐོག་ནས་དེ་དང་ཕྲན་བུ་མི་མཐུན་པའི་གནས་ཚུལ་ཞིག་ང་ཚོས་བཀའ་ཤག་ལ་བྱེད་དགོས་རེད་ཅེས་གསུངས་པ་ཡིན་ན། བཀའ་གནང་སྟངས་དེ་ཁས་བླངས་སྔ་ཕྱི་འགལ་བ་དང༌། རང་ཚིག་དངོས་ཤུགས་འགལ་བ་ཆགས་འགྲོ་གི་རེད། ཡང་ན་ང་ཚོས་གཏན་ལ་ཕབ་པའི་སྲིད་བྱུས་དང་མི་མཐུན་པ་ཞིག་ཁྱེད་རང་ཚོས་བྱེད་ན་འགྲིགས་ཀྱི་རེད་ཟེར་བ་འདྲ་པོ་ཞིག་ཆགས་འགྲོ་གི་རེད། དེས་ན་དེ་དག་གོ་རིམ་མ་ནོར་བའི་ཐོག་ནས་གསུང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། ཡང་དཔེར་ན། དཔལ་འབྱོར་ཐོག་ནས་རྒྱས་སྤྲོས་ཆེན་པོ་གནང་གི་འདུག་ཅེས་ང་ཚོས་ཡང་ཡང་གསུང་གི་ཡོད་རེད། དེ་གསུངས་ནས་ང་ཚོས་བཀའ་ཤག་ལ་བགྲོ་གླེང་དང༌། ཐུགས་སྣང་གཞེན་བསྐུལ། གསལ་འདེབས་སོགས་ཞུས་པ་ཙམ་གྱིས་ཕན་གྱི་མ་རེད། སྔོན་རྩིས་བཏང་འཛིན་བྱེད་སྐབས་རྒྱས་སྤྲོས་བྱ་རྒྱུ་དེ་དག་ང་ཚོས་བཀག་དགོས་རེད། གང་དང་གང་དུ་རྒྱས་སྤྲོས་ཆགས་ཀྱི་འདུག་ང་ཚོས་ཕྲན་བུའི་དཀའ་ལས་བརྒྱབས་ཏེ་ཞིབ་འཇུག་བྱས་ནས་འདི་དང་འདི་རྒྱས་སྤྲོས་རེད་འདུག་ཅེས་གསུང་དགོས། འཁོར་ལོ་ཞིག་ཡིན་ནའང༌། ང་ཚོས་དངུལ་འབབ་ཀྱི་འགྲོ་སོང་བཀའ་ཁྲོལ་མ་གནང་བར་ཉོ་ཆོག་གི་ཡོད་མ་རེད། ཉོས་ཡོད་ན་ཁྲིམས་འགལ་རེད། ག་འདྲ་བྱས་ཏེ་ཉོས་པ་རེད་ཅེས་བརྩད་གཅོད་གནང་རྒྱུ་ཡོད་རེད། ཁྱེད་ཚོས་འཁོར་ལོ་མང་པོ་ཉོས་འདུག་ཅེས་ནམ་མཁའ་སྟོང་པ་ལ་གསུངས་བཞག་པ་ཡིན་ན། འཁོར་ལོ་མང་དུ་འགྲོ་བསྡད་ཀྱི་རེད། ང་རང་ཚོས་དེ་གསུང་གིན་བསྡད་ཀྱི་རེད། ལྷག་པར་དུ་ང་ཚོའི་བོད་པའི་སྤྱི་ཚོགས་ཀྱི་གོམས་གཤིས་སམ་བསམ་བློའི་འཁྱེར་སྟངས་དེ་ག་འདྲ་ཞིག་ཡོད་རེད་ཅེ་ན། ཚང་མས་སོ་སོས་ལག་པ་བསྙབ་སའི་ཅོག་ཙེའི་དེའི་སྒང་ལ་མཐུན་རྐྱེན་ཡོངས་རྫོགས་མེད་ན་ལས་ཀ་བྱེད་སྟངས་མི་ཤེས་པ་འདྲ་ཞིག་ཡོད་རེད། དེང་སང་མི་མང་ཆེ་བ་དེ་འདྲ་ཞིག་ཆགས་བསྡད་འདུག གངས་ཅན་སྐྱིད་གཤོངས་ཀྱི་སྣུམ་འཁོར་ཆ་ཚང་ཕྱོགས་གཅིག་ལ་བཞག་ནས་དགོས་མཁོ་དང་མཐུན་པ་གཏོང་རྒྱུའི་དགོངས་ཚུལ་བྱུང་བ་རེད། ལག་ལེན་དུ་འཁེལ་ཡོད་མ་རེད། ཚོགས་དྲུང་ལས་ཁུངས་ཀྱི་སྣུམ་འཁོར་དེ་ཕར་སྤྲོད་རྒྱུར་ཡང་རྒྱུན་ལས་ཡིན་ནའང་རེད། ཚོགས་དྲུང་ཡིན་ནའང་རེད། ཚོགས་གཙོ་ཡིན་ནའང་རེད། ལམ་སེང་ཧོབ་སྟེ་བསམ་བློའི་ནང་བདེ་པོ་ཞིག་ཤར་གྱི་ཡོད་མ་རེད། དེ་མཚུངས་ཀམ་སྤུ་ཀྲར་ཡིན་ནའང་རུང༌། ག་རེ་ཡིན་ནའང་རེད། སྤྱི་ཡོངས་ཀྱི་ནང་བྱེད་ཐུབ་རྒྱུ་ཞིག་དང༌། བྱེད་དགོས་རྒྱུ་ཞིག་ང་ཚོས་མང་པོ་གཟིགས་ཀྱི་ཡོད་རེད། ང་ཚོས་འབད་རྩོལ་བྱ་རྒྱུ་ཕར་བཞག་ནས་ྋསྐྱབས་མགོན་རིན་པོ་ཆེས་དངོས་སུ་ལས་བྱེད་པར་བཀའ་སློབ་གནང་སྐབས། ཕྱོགས་བསྐྱོད་དེ་ཚོས་ལས་ཁུངས་ཚང་མའི་ལས་ཀ་བྱེད་དགོས་རེད་མ་གཏོགས། ལས་ཁུངས་གཅིག་གི་མི་རེ་རེ་ཕྱོགས་བསྐྱོད་བྱེད་རྒྱུ་དེ་ཡག་པོ་མི་འདུག་ཅེས་བཀའ་གནང་ནས་ཟླ་བ་གཉིས་གསུམ་བར་དུ་འགྲོ་མཁན་ཡོད་ན་ཕར་ཚུར་ལན་འདྲ་ཞིག་བསྐྱལ་གྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་དེ་ཡང་ཟླ་བ་གཉིས་གསུམ་ལྷག་འདེང་གི་ཡོད་མ་རེད། དེ་ནས་ཡོང་མཚམས་ཤིག་ནས་དྲོད་ཡལ་འགྲོ་གི་ཡོད་རེད། ཁ་སང་ཉེ་ཆར་ནད་པ་ཞིག་བལྟ་རུ་འགྲོ་སྐབས། གངས་ཅན་སྐྱིད་གཤོངས་ནས་སྣུམ་འཁོར་གསུམ་སྡེབ་གཅིག་ལ་མི་གསུམ་གྱིས་ལོགས་ཁ་འཁྲིད་དེ་སླེབས་འདུག་ཅེས་རྒྱུུན་ལས་ནང་ལ་བཀའ་མོལ་བྱུང་སོང༌། བྱས་ཙང་ཕར་ཚུར་ལན་བསྐྱལ་རྒྱུའི་སྐུ་མདུན་གྱིས་བཀའ་སློབ་གནང་བ་དེ་དྲོད་ཡོལ་ཟིན་པ་རེད། དེས་ན་སྤྱི་འཐུས་ངོས་ནས་ཡིན་ནའང་རེད། རྒྱུན་ལས་ངོས་ནས་ཡིན་ནའང་རེད། དེ་འདྲ་ཡལ་འགྲོ་བ་དེ་མཁྱེན་གྱི་ཡོད་ཙང༌། དུས་ནས་དུས་སུ་བསྐྱར་ཞིབ་བྱས་ཏེ་དམ་དུ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཁ་སང་བཀའ་སྤྱི་ལྷན་རྒྱས་ཐོག་ཏུ་ངས་ཟུར་ཙམ་ཞུས་པ་ཡིན། བཀའ་ཤག་འཚམས་འདྲི་གཟིགས་སྐོར་ག་འདྲ་ཕེབས་ཀྱི་ཡོད་པ་དེ་རྒྱུན་ལས་ཀྱིས་མཁྱེན་གྱི་ཡོད་མ་རེད། སྤྱི་འཐུས་ཀྱི་འཚམས་འདྲི་གཟིགས་སྐོར་ག་འདྲ་གཏོང་གི་ཡོད་པ་དེ་བཀའ་ཤག་གིས་མཁྱེན་གྱི་ཡོད་མ་རེད། ཕྱོགས་གཉིས་ཀ་ནས་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། དེ་ལ་སྐྱོན་ཡོད་ན་ཕྱོགས་གཉིས་ཀས་བརྒྱ་ཆ་ ༥༠ རེ་འཁྱེར་དགོས་པ་མ་གཏོགས། ཕྱོགས་གཅིག་རྐྱང་རྐྱང་གིས་སྐྱོན་འཁྱེར་རྒྱུ་ཞིག་མ་རེད། གཉིས་ཀ་གངས་ཅན་སྐྱིད་གཤོངས་ནང་ཡོད་རེད། གཅིག་བྱས་ན་དེའི་ནང་ནས་བརྒྱ་ཆ་ ༧༥ བཀའ་ཤག་སྒང་ལ་གཡོགས་ན་གཡོག་ཐུབ་པའི་རྒྱུ་མཚན་གཞན་དག་ཅིག་གང་ཡོད་རེད་ཅེ་ན། བཀའ་བློན་རྣམ་པ་ཚོ་ཕྱོགས་ཕེབས་ག་དུས་གནང་བ་ཡིན་ནའང་ཕྱོགས་ཕེབས་ཀྱི་མཛད་འཆར་ Tour Programme དེ་ལས་ཁུངས་ཚང་མ་དང༌། རྒྱུན་ལས་ལ་གནང་དགོས་ཀྱི་རེད་ཅེས་ངག་ཐོག་དང་ཡིག་ཐོག་ནས་ལན་མང་པོ་ཞུས་ཡོད་རེད། བཀའ་བློན་རྣམ་པ་ཚོ་འཛིན་སྐྱོང་གི་དབུ་བཞུགས་ཡིན་ཙང༌། དེའི་ཕྱོགས་ཕེབས་ཀྱི་མཛད་འཆར་དེ་ལས་ཁུངས་ཚང་མས་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཚོགས་གཙོ་ཚོགས་གཞོན་ལ་མཚོན་ན། གང་དུ་ཕྱིན་ཡང་ཛ་དྲག་གིས་དུས་ཐོག་ལ་ཕུལ་མ་ཐུབ་པ་རེ་ཟུང་ཡོང་གི་ཡོད་ན་མ་གཏོགས། དེ་མིན་གང་དུ་འགྲོ་བ་དང༌། གང་དུ་བསྡད་པ། བསྡད་སའི་ཁ་པར་ཨང་གྲངས། མྱུར་འཕྲིན་ཨང་གྲངས། གནམ་གྲུ་གང་ཞིག་ཡིན་པ། མེ་འཁོར་གང་ཞིག་ཡིན་པ་མཐའ་དག་འཁོད་པའི་ཕྱོགས་བསྐྱོད་ལས་འཆར་སྐུ་སྒེར་ཡིག་ཚང་དང༌། བཀའ་དྲུང་ཡིག་ཚང༌། ཚོགས་དྲུང་ལས་ཁུངས་ཚང་མར་ཕུལ་གྱི་ཡོད་རེད། དེ་ཤོག་བུ་འཕྲོ་བརླག་གཏོང་རྒྱུ་དང༌། ལས་ཀ་མང་དུ་གཏོང་ཆེད་ཅིག་མ་རེད། ང་ཚོའི་འཛིན་སྐྱོང་སྒྲིག་འཛུགས་འདི་ལ་ལྟོས་པའི་ཕྲན་བུ་མི་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་ཙང༌། གློ་བུར་ཞིག་ལ་ད་རིང་ཁོ་གང་དུ་ཡོད་རེད་ཅེས་འདྲི་དགོས་བྱུང་དུས་བཀའ་ཤག་དང༌། སྐུ་སྒེར་ཡིག་ཚང༌། རྒྱུན་ལས་བཅས་ནས་མ་མཁྱེན་ན་འགྲིགས་ཀྱི་མེད། དེ་བཞིན་ང་ཚོས་རེ་བ་ཞུ་རྒྱུ་ལ། བཀའ་བློན་རྣམ་པ་ཚོས་ཀྱང་མ་ཕེབས་སྔོན་ནས་ག་དུས་ཕེབས་ཀྱི་ཡོད་པ་དང༌། གང་དུ་ཕེབས་པ། བཞུགས་ས་གང་དུ་ཡིན་པ་སོགས་མཐའ་དག་རྒྱུན་ལས་ཀྱིས་མཁྱེན་དགོས་པ་ཞིག་རེད། དེ་ཙམ་མ་ཟད། སྐུ་སྒེར་ཡིག་ཚང་དང༌། བཀའ་དྲུང་ཡིག་ཚང༌། ཕྱོགས་མཐའི་དོན་གཅོད་ཁག་ཚང་མས་ཤེས་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། རྒྱབ་ལྗོངས་དེ་དག་གི་འོག་ནས་ང་ཚོའི་གྲོས་ཚོགས་ཀྱི་ལས་འགན་དེ་ཆ་ཚང་ཞིག་བསྒྲུབ་རྒྱུའི་སྲིད་དོན་གྱི་སེམས་ཤུགས་Political Willདེ་སྤྱི་འཐུས་ཚང་མར་ཡོད་ན་ཕྱག་ལས་གནང་སྟངས་དེ་གང་ལ་གང་འཚམས་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད། དེ་འདྲ་མེད་ན་ང་ཚོས་ཉི་མ་གང་འཁྱོལ་བྱ་རྒྱུ་རེད། བཀའ་ཤག་གི་གསལ་བཤད་ལྟ་བུར་མཚོན་ན། དེ་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་པོ་ཞིག་ཐོག་ང་ཚོས་བགྲོ་གླེང་གནང་གི་ཡོད་ཙང༌། སྤྱི་འཐུས་མི་རེ་ངོ་རེས་འདིའི་ཐོག་དུས་ཚོད་བཏང་སྟེ་མཚན་མོ་ཚོུད་གཉིས་གསུམ་ཙམ་རེ་སློབ་སྦྱོང་གནང་དགོས་རྒྱུ་དང༌། ཚོགས་འདུ་གྲོལ་རྗེས་སྤྱི་འཐུས་བྱེ་བྲག་པ་ཕན་ཚུན་རུག་རུག་བྱས་ཏེ་བཀའ་བསྡུར་གནང་སྟེ་སང་ཉིན་སུས་ག་རེ་གསུང་རྒྱུ་འདུག དེ་དག་ཆ་ཚང་གཟིགས་དགོས་པ་ཞིག་རེད། ང་ཚོའི་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ཀྱི་ཕྱི་ལ་ཕྱག་ལས་གནང་རྒྱུ་དེ་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་དང༌། རྒྱུན་ལས་འདེམས་རྒྱུ། བཀའ་ཤག་འོས་འདེམས་སོགས་ཀྱི་སྐབས་ལ་ཡར་རྒྱུག་མར་རྒྱུག་བྱས་ཏེ་ཚོགས་ཙམ་བྱེད་ཀྱི་ཡོད་རེད། དེ་ནི་གྲོས་ཚོགས་འདིའི་ནང་གི་སྲིད་དོན་ཆུང་ཤོས་གྲས་རེད། བོད་རྒྱལ་ཁབ་ལ་ཕན་གནོད་འབྲེལ་བའི་ཆབ་སྲིད་ཀྱི་བཀའ་མོལ་གནང་སྐབས། སུ་གང་གིས་ཀྱང་གཅིག་གིས་གཅིག་ལ་འབྲེལ་བ་གནང་བ་དང༌། ཚོགས་ཚོགས་གནང་བ། གོ་བསྡུར་གནང་བ་དེ་རིགས་རྩ་བ་ནས་མ་གནང་བ་ཞིག་ངས་མཐོང་བསྡད་ཀྱི་འདུག དེ་འདྲ་བྱེད་དུས་ང་ཚོས་ཉི་མ་གང་འཁྱོལ་ཞིག་བྱེད་ཀྱི་ཡོད་རེད་མ་གཏོགས། ལས་འགན་དེ་ཆ་ཚང་ཞིག་སྒྲུབ་ཀྱི་ཡོད་མ་རེད།
ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐེ་ཚོམ་མང་པོ་ཞིག་ཟ་བསྡད་ཀྱི་ཡོད་རེད། གྲོས་ཚོགས་ནང་གླེང་སློང་དང༌། བགྲོ་གླེང༌། ལས་འགུལ་ཅི་འདྲ་བྱུང་ནའང༌། གྲོས་ཚོགས་འཐུས་མི་སོ་སོའི་ངོས་ནས་རང་འགུལ་གྱིས་ཡོང་དགོས་པ་ཞིག་རེད་མ་གཏོགས། ཚོགས་གཙོས་བརྒྱུད་བསྐུལ་དང༌། སྐུལ་ལྕག ལམ་སྟོན་སོགས་བྱས་མི་རུང་བ་ཞིག་རེད། དེ་བྱས་ན་སྤྱི་འཐུས་སོ་སོའི་རང་དབང་གི་རྣམ་དཔྱོད་ལ་མ་བཞག་པར་ཚོགས་གཙོའི་ངོས་ནས་སྐུལ་ལྕག་གཏོང་གི་ཡོད་པའི་བཟོ་འདྲ་ཞིག སྤྱིར་བཏང་བཟང་སྤྱོད་ཀྱི་ཆ་ནས་མ་འོས་པ་ཞིག་ཆགས་འགྲོ་གི་ཡོད་རེད། ད་ལྟའི་ང་ཚོའི་གནས་སྐབས་འདི་ལ་དེ་འདྲ་རྩ་བ་ནས་མ་བྱས་པར་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་གང་ཡོང་བ་དེ་བསྒུགས་ཏེ་བསྡད་ན་འཚམས་འདྲི་གཟིགས་སྐོར་གྱི་ལས་བསྡོམས་དེ་ཙམ་ལས་ལྷག་པའི་བོད་བསྟན་པ་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་ཧ་ལམ་མི་དགོས་པ་ལྟ་བུའི་རྣམ་འགྱུར་འཐོན་ཡོང་གི་འདུག ངས་སྔོན་མའང་ཞུས་པ་ཡིན། ད་དུང་བསྐྱར་ལྡབ་ཀྱིས་ཞུ་རྒྱུ་ལ། ང་ཚོས་ལམ་མང་པོ་ཞིག་གི་ཐོག་ནས་འཛིན་སྐྱོང་ཐོག་ལ་ལམ་སྟོན་དང་བཏང་འཛིན་བྱེད་དགོས་ཀྱི་ཡོད་རེད། བྱེད་ཆོག་གི་ཡོད་རེད། བྱེད་ཐུབ་ཀྱི་ཡོད་རེད། བྱས་ཙང་ང་རང་ཚོའི་སོ་སོའི་འགན་དང་ནུས་པ་དེ་ཡག་པོ་ངོ་མ་མཁྱེན་པར་སེམས་ཤུགས་ཆག་པ་ལྟ་བུ་བྱས་ན་དེ་ཡག་པོ་མི་འདུག མཚམས་རེ་ང་ཚོ་བཀའ་མོལ་ཡོང་གི་ཡོད་རེད། ག་རེ་ཕན་ཐོགས་ཀྱི་རེད། ང་ཚོས་ག་ཚོད་ཅིག་བཀག་རུང་བཀའ་ཤག་གིས་ཚང་མ་བཏང་བཞག་གི་རེད། ང་ཚོ་རྒྱུན་ལས་ནང་མཚམས་རེ་ལས་བྱེད་ས་མིག་སྐོར་ལ་བཀའ་མོལ་བྱུང་སྐབས་ས་མིག་བཟོ་དགོས། མི་བཅུག་དགོས། ང་ཚོ་ལས་ཁུངས་གཅིག་གིས་བསྲི་ཚགས་བྱས་ཏེ་ག་རེ་ཕན་གྱི་རེད། བཀའ་ཤག་གིས་དེ་ཙམ་རྒྱས་སྤྲོས་གནང་གི་ཡོད་རེད། ང་ཚོས་བསྲི་ཚགས་བྱས་པས་ཕན་ཐོགས་གང་ཡང་ཡོད་མ་རེད་ཅེས་པའི་དགོངས་པ་བཞེས་སྟངས་དེ་གཞི་རིམ་ནས་འགྲིག་གི་ཡོད་པ་མ་རེད། དེ་བཞིན་ང་ཚོས་བཀའ་ཤག་ལྟ་བུ་ཞིག་འཕོ་འགྱུར་གཏོང་དགོས་བྱུང་ན། གསུམ་ཆ་གཉིས་ཀྱི་མང་མོས་ལོན་དགོས་ཤིང༌། དེ་ནི་ག་དུས་ཡིན་རུང་ལོན་གྱི་མ་རེད། དེར་བརྟེན་ཕན་ཐོགས་གང་ཡང་མེད། ང་རང་ལ་ནི་ཁྱད་པར་གང་ཡང་མེད། དེ་ལས་གཡུག་བཞག་ན་དགའ་གི་རེད་སྙམ་པ་དགོངས་པ་དང༌། བཀའ་མོལ་གནང་བ་དེ་དག་ང་ཚོའི་འགན་དབང་དང༌། སྤྱི་ཡོངས་ཆབ་སྲིད་ཀྱི་བཟང་སྤྱོད་ཀྱི་ཆ་ནས་གཟིགས་ན། དེ་འདྲ་ཞིག་དགོངས་དགོས་ཀྱི་མ་རེད་ལ། དགོངས་ན་འགྲིགས་ཀྱི་ཡང་མ་རེད། བཏང་འཛིན་ཟེར་རྒྱུ་དེ་ངེས་པར་དུ་མི་གཅིག་འཕོ་འགྱུར་མ་བཏང་ན་བྱེད་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་མེད། ང་ཚོས་ཁྲིམས་གཞི་ཞིག་བཟོས་ཏེ་སུ་ཡིན་རུང༌། ཁྲིམས་གཞིའི་དེའི་འོག་བཟོ་རྒྱུའི་ཐབས་ལམ་དེ་ང་ཚོའི་སར་ཡོད་རེད། དེ་འདྲའི་ཁྲིམས་གཞི་ཞིག་བཟོས་པ་ལ་མང་ཆེ་བར་གསུམ་ཆ་གཉིས་ཀྱི་མང་མོས་དགོས་པའི་གནས་ཚུལ་ཡོད་མ་རེད། ང་ཚོས་གྲོས་ཆོད་ཅིག་བཞག་ནའང༌། དེ་འཛིན་སྐྱོང་གིས་ངེས་པར་དུ་ཁས་ལེན་དགོས་པ་ཞིག་ཆགས་བསྡད་ཡོད་རེད། མང་མོས་ཕལ་པ་ཙམ་གྱི་གྲོས་ཆོད་ཅིག་ཡིན་ནའང༌། དེ་འཛིན་སྐྱོང་གི་ངོས་ནས་མ་རེད་ཅེས་ལབ་ས་མེད། ང་ཚོས་ཐུགས་སྣང་གཞེན་བསྐུལ་ཙམ་བྱས་ནའང་གྲོས་ཚོགས་ཀྱི་དགོངས་ཚུལ་འདི་འདྲ་ཞིག་རེད་ཅེས་འཛིན་སྐྱོང་ལ་གསུངས་པ་ཙམ་གྱིས་འཛིན་སྐྱོང་ཐོག་ལ་ལྗིད་གོག་ཚ་པོ་ཞིག་ངེས་པར་དུ་སླེབས་བསྡད་ཡོད་རེད། རྒྱལ་ཁབ་མང་པོའི་ནང་གྲོས་ཆོད་དང་ཁྲིམས་ཡིག་མ་བཟོས་ནའང༌། བགྲོ་གླེང་ཞིག་གནང་སྟེ་དེའི་མཇུག་ཏུ་གྲོས་ཚོགས་ཀྱི་དགོངས་ཚུལ་འདི་འདྲ་ཞིག་འདུག་ཅེས་ཐོན་པ་ཡིན་ན་འཛིན་སྐྱོང་ངོས་ནས་དེ་ལ་ཧ་ཅང་གིས་གལ་ཆེན་པོར་བརྩི་འཇོག་བྱ་དགོས་པ་ཞིག་ཆགས་ཀྱི་ཡོད། གྲོས་ཚོགས་ཀྱི་དགོངས་ཚུལ་ག་རེ་རེད། དེ་ཙམ་གསལ་པོ་བཟོས་པ་དེས་ཀྱང་ནུས་ཤུགས་ཤིག་ཐེབས་ཀྱི་ཡོད་རེད། ཐུགས་སྣང་གཞེན་བསྐུལ་ཞིག་བྱས་ནའང་ནུས་ཤུགས་ཤིག་ཐེབས་ཀྱི་ཡོད་རེད། ཡིད་ཆེས་མེད་པའི་གྲོས་འཆར་ཞིག་བཞག་སྟེ་དེའི་ཐོག་ལ་བགྲོ་གླེང་ཞིག་བྱས་ནའང་དང་པོ་ནས་གྲོས་འཆར་དེ་འདྲ་ཞིག་བཞག་ན་ཐོབ་ཀྱི་མེད་པ་ཤེས་ཀྱང་གྲོས་འཆར་དེ་བཞག་གི་ཡོད་རེད། གང་ལགས་ཤེ་ན། དེ་འདྲའི་ཡིད་ཆེས་མེད་པའི་གྲོས་འཆར་དེའི་རྒྱབ་ཏུ་སྤྱི་འཐུས་གཉིས་ཀྱིས་ས་རྟགས་བརྒྱབས་ཡོད་ནའང༌། སྤྱི་འཐུས་གཉིས་པོ་དེ་གང་ནས་ཡོང་སའི་མི་སྟོང་ཕྲག་མང་པོ་མཚོན་ཡོད་རེད། དེ་མི་མང་སྟོང་ཕྲག་མང་པོའི་བསམ་ཚུལ་ཞིག་ཆགས་ཀྱི་ཡོད་རེད། དེ་དག་གྲོས་ཚོགས་ནང་བགྲོ་གླེང་བྱས་ཏེ་སྤྱི་ཚོགས་ནང་མར་ཕྱིན་པའི་སྐབས་ལ། མང་ཚོགས་ཀྱི་ལྟ་གྲུབ་དང༌། མང་ཚོགས་ཀྱི་བསམ་ཚུལ་བཟོ་རྒྱུར་ཕན་གནོད་ཆེན་པོ་ཞིག་འདྲེས་བསྡད་ཡོད་རེད། ཚོར་བ་ཁྱོན་ནས་མེད་མཁན་ཞིག་ཡིན་ན་མ་གཏོགས། ཚོར་བ་ཕྲན་བུ་ཡོད་མཁན་དང༌། མང་གཙོའི་རིང་ལུགས་ལ་ཤ་ཞེན་ཕྲན་བུ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་དེ་ཕན་གནོད་ཅིག་འདྲེས་བསྡད་ཀྱི་ཡོད་རེད། བྱས་ཙང་ང་ཚོའི་ལག་ཆ་དང༌། འགན་དབང༌། ཐབས་ལམ་དེ་དག་མཁྱེན་ནས་མ་བརྗེད་པ་གནང་སྟེ་ང་ཚོས་བེད་སྤྱོད་གཏོང་རྒྱུ་དེ་མཐའ་གཅིག་ཏུ་གལ་ཆེན་པོ་འདུག དེ་དག་ང་ཚོས་གནང་མ་ཐུབ་ན་ངས་ཁ་སང་ཞུས་པ་དེ་བསྐྱར་ལྡབ་བྱས་ཏེ་ཞུ་རྒྱུ་ལ། ང་ཚོ་ལོ་ལྔའི་རིང་འོས་བསྡུ་བྱེད་མཁན་མི་མང་ཚོའི་མདུན་ལ་ལ་དག་ཐུབ་ཀྱི་ཡོད་ནའང༌། ཡོང་རྒྱུ་བསྡད་པའི་མི་རབས་དང༌། འབྱུང་འགྱུར་གྱི་བོད་ཀྱི་ལོ་རྒྱུས་ཀྱི་མདུན་ལ་ང་ཚོ་ལ་དག་གི་མ་རེད། ང་ཚོ་ད་ལྟའི་སྤྱི་འཐུས་ ༤༦ པོས་འགན་དབང་དེ་བསྒྲུབ་མ་ཐུབ་ན། མི་རབས་ནས་མི་རབས་ཡོང་རྒྱུ་བསྡད་པའི་བོད་ཀྱི་ལོ་རྒྱུས་ནང་ལ་ང་ཚོའི་ཐོག་ཏུ་ཐེབས་པའི་ནག་ཐིག་དེ་བཀྲུས་མི་ཐུབ་པ་ཞིག་དང༌། བསུབ་མི་ཐུབ་པ་ཞིག་ཆགས་རྒྱུ་གཏན་འཁེལ་བ་རེད། དེའི་ལྗིད་གོག་དང་ཉེན་འགན་དེ་ང་ཚོར་ཚོར་སྣང་ཡོད་པ་དང་དྲན་ཐུབ་པ་ཞིག་གནང་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་འདུག
གྲོས་ཆོད་གྲོས་འཆར་དང་དགོངས་ཚུལ་མང་པོ་ཡོང་གི་ཡོད། ཐུགས་སྣང་གཞེན་བསྐུལ་ཙམ་ཡིན་ན་དེ་ཙམ་གྱིས་གནད་འགག་མི་འདུག གྲོས་ཆོད་གྲོས་འཆར་གྱི་རིགས་དེ་དག་སྤྱི་འཐུས་ཚོས་མ་བཏོན་སྔོན་དུ་ཞིབ་འཇུག་ནན་པོ་གནང་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད། གྲོས་ཆོད་ཅིག་བཞག་ཕྱིན་ཆད་མང་མོས་ཕལ་པ་ཙམ་ཞིག་གིས་བཞག་ནའང་གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་ཆགས་པ་རེད། གྲོས་ཆོད་དེ་ལག་ལེན་བསྟར་དགོས་རྒྱུ་དེ་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་འགན་ཆགས་འགྲོ་གི་རེད། དེ་དངོས་སུ་ལག་ལེན་དུ་འཁེལ་བ་ཞིག་ཡོང་བ་འདུག་གམ་མི་འདུག ང་རང་ཚོའི་ཁ་སྟབས་འདི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་ཙང༌། གཞུང་འདི་དང་གྲོས་ཚོགས་འདིའི་ད་ལྟའི་ཁ་སྟབས་འདི་ལ་ཆ་བཞག་སྟེ་ལག་ལེན་ལ་འཁེལ་ཐུབ་པ་ཞིག་རེད་འདུག རེད་མི་འདུག དགོངས་པ་ཟབ་ནན་བཞེས་ཏེ་བཏོན་ན་མ་གཏོགས། ང་ཚོས་ལག་ལེན་དུ་མི་ཐེབས་པ་ཞིག་ཡིན་ན། གྲོས་ཆོད་བཞག་པ་དེས་ཕན་ཐོགས་རྒྱུའི་ཚབ་ཏུ་མ་འོངས་པར་གྲོས་ཚོགས་ཀྱི་མཚན་མཐོང་དང༌། གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཀྱི་ལྗིད་གོག་དང་རིན་ཐང་རྩ་བརླག་འགྲོ་རྒྱུའི་རྒྱུ་རྐྱེན་ལ་འགྲོ་སྲིད་པ་ཞིག་རེད། དེར་བརྟེན་ང་ཚོས་ངེས་པར་དུ་བཀའ་མོལ་དང༌། གྲོས་འཆར་གྲོས་ཆོད་ག་འདྲ་ཞིག་བཞག་ནའང་རྒྱུ་མཚན་དང་ལྡན་པ། དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ། སྒྲུབ་ནུས་པ་བཅས་གསུམ་ཆ་ཚང་བ་ཞིག་དགོས་ཀྱི་རེད་མ་གཏོགས། རྒྱུ་མཚན་དང་ལྡན་ནའང་སྒྲུབ་མི་ནུས་པ་ཞིག་ཡིན་ན་ང་ཚོས་གྲོས་ཆོད་བཞག་ནས་ཕན་ཐོགས་གང་ཡང་མེད། རྒྱུ་མཚན་དང་ལྡན་པ་དང་སྒྲུབ་ནུས་པ་ཞིག་ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་བདེན་པའི་གནས་ལུགས་དང་མཐུན་པ་ཞིག་མེད་ན་དེའང་འགྲིགས་ཀྱི་མེད། དེ་དག་ང་ཚོའི་དགོངས་པར་བཞག་སྟེ་གྲོས་ཚོགས་ནང་ལས་རིམ་གནང་ཕྱོགས་དེ་དག་ཉིན་རེ་ལས་ཉིན་རེ་དྲག་ཏུ་འགྲོ་ཆེད་སྤྱི་འཐུས་རྣམ་པ་ཚོ་སོ་སོའི་ངོས་ནས་སྦྱོང་བདར་དང༌། ཕན་ཚུན་བློ་གྲོས་བསྡུར། ཕྱྀའི་ཡོན་ཏན་ཅན་དང་ཤེས་བྱ་ཡོད་མཁན་དེ་དག་ལ་བཀའ་འདྲི་གནང་སྟེ་གང་ལྟར་མང་གཙོའི་གཞི་རིམ་གྱི་ཀ་བ་གསུམ་པོ་དེ་གཅིག་གྲོགས་ལ་གཅིག་འགྲོ་བ་ཞིག་གི་ཐོག་ནས་རྩ་བའི་བོད་ཀྱི་ཆབ་སྲིད་དང༌། རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གདུང་མ་དེ་བཏེགས་ཐུབ་པ་ཞིག་མ་བྱས་པར། གཅིག་གི་རྐང་པ་དེ་གཅིག་གིས་འཐེན་རྒྱུ་གཅིག་པུར་འབད་རྩོལ་བྱས་ན་ང་ཚོའི་མངོན་འདོད་དེ་སྒྲུབ་ཐུབ་ཀྱི་མ་རེད། དེར་བརྟེན་གྲོས་ཚོགས་ཀྱི་དུས་ཚོད་ཛ་དྲག་མེད་པ་དང་བསྟུན་ནས་ངས་དེ་རིང་རྒྱས་པ་ཞིག་ཞུ་རྒྱུའི་གོ་སྐབས་བླངས་པ་ཡིན། བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་བྱ་རྒྱུའི་གྲོས་འཆར་བཏོན་མི་དགོས་པར་དེའི་སྒྲིག་གཞི་དེ་ཕྱིར་འགྱངས་བྱས་ཏེ། ལམ་སེང་ཚོགས་གཙོའི་ངོས་ནས་བགྲོ་གླེང་བཏང་ཡོད་ཅེས་ངས་ཁ་སང་མཚམས་སྦྱོར་ཐོག་གསལ་པོ་ཞུས་ཡོད། དེའི་ཐོག་ལས་རིམ་རྣམ་གཞག་གི་དགོངས་འཆར་གནང་མཁན་བྱུང་མ་སོང་སྟེ། ཡིན་ནའང་འདི་ཁ་ཤས་ལ་གསལ་པོ་མ་བྱུང་བ་མིན་འགྲོ་སྙམ་པ་བྱུང༌། དེ་འདྲའི་རིགས་ཀྱི་སྒྲིག་གཞི་ཆུང་ཙག་དེ་དག་དགོས་གལ་ནམ་བྱུང་ལ་སྐབས་བབ་ཀྱི་ཚོགས་གཙོ་དེས་བཏང་འཛིན་བྱེད་ཆོག་རྒྱུ་དེ་ང་ཚོའི་སྒྲིག་གཞི་དང་གྲོས་ཚོགས་ཀྱི་ལམ་སྲོལ་གཉིས་ཀའི་ནང་ཡོད་པ་ཞིག་རེད། བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་སྐབས་མཚམས་འདྲི་གཟིགས་སྐོར་གྱི་ལས་བསྡོམས་སྐྱོར་རྒྱུ་དང༌། དེའི་ནང་གི་རེ་འདུན་ཞུ་རྒྱུ་དེ་དག་མཉམ་དུ་བསྲེས་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་བྱས་ན་འབྲེལ་མེད་དོན་གཞན་དང༌། གྲོས་ཚོགས་ཀྱི་ལམ་སྲོལ་དང་མ་མཐུན་པ་ཞིག་ཆགས་ཡོད་རེད། ཡིན་ནའང་ཚོགས་གཙོའི་ངོས་ནས་དེ་བཀག་མེད། མ་བཀག་པའི་རྒྱུ་མཚན་གང་རེད་ཅེ་ན། སྤྱི་འཐུས་ཁ་ཤས་ཀྱི་བཀའ་མོལ་ནང་ལ་གསལ་པོ་མེད་པ་ཞིག་ཐོན་ཚར་རྗེས་སྤྱི་འཐུས་གཞན་དག་གིས་ད་དུང་ལྡབ་སྐྱོར་གནང་སྐབས་བཀག་རྒྱུའི་དུས་ཚོད་དེ་ཕྱིས་དྲགས་པ་ཞིག་མཐོང་སོང༌། དང་པོ་གསུང་མཁན་དེ་དག་གི་གསུང་འགྲོས་དེ་ཚོད་མ་ཐིག་པར་མར་ཙམ་ཤོར་ཚར་རྗེས་སྤྱི་ཡོངས་ལའང་བཏང་བཞག་ན་མ་གཏོགས། ཁ་ཤས་ལ་བཀག ཁ་ཤས་ལ་མ་བཀག་པ་ཡིན་ན་མི་འགྲིགས་པ་ཞིག་རེད་བསམ་གྱི་འདུག ས་གནས་སོ་སོའི་དགོས་མཁོ་དང༌། འཛིན་སྐྱོང་གི་ལས་དོན་ཐོག་རེ་འདུན་གནང་རྒྱུ་དེ་དག་བཀའ་ཤག་གི་གསལ་བཤད་བགྲོ་གླེང་གནང་སྐབས་གནང་ཆོག་གི་མ་རེད་ཅེས་པའི་སྒྲིག་གཞི་དེ་འདྲ་གང་ཡང་མེད། རྒྱུན་སྲོལ་བྱས་ན་སྔོན་རྩིས་བགྲོ་གླེང་གནང་སྐབས་ཚང་མས་གསུང་རྒྱུའི་ལམ་སྲོལ་ཅིག་རེད། དེ་མིན་གནས་སྐབས་གཞན་དག་ལ་དེ་གསུང་གི་ཡོད་མ་རེད། གསུངས་ནས་ཕན་ཐོགས་གང་ཡང་མེད། ད་རེས་འདིའི་ནང་གསུངས་པ་དེ་དག་གསུངས་བཞག་པ་རང་རེད་མ་གཏོགས། འདི་མཇུག་ནོན་བྱས་ནས་དངོས་སུ་ལག་ལེན་བསྟར་དུས་ཡང་བསྐྱར་ལས་རིམ་གཉིས་པ་ཞིག་མ་བྱས་ན་ཕན་མི་ཐོགས་པ་ཞིག་ཆགས་བསྡད་ཡོད་རེད། སྐབས་བཅིུག་པའི་སྤྱི་འཐུས་སྐབས་ང་ཚོས་དམིགས་བསལ་གྱིས་སྲོལ་རྒྱུན་ཞིག་བཟོས་ཡོད་རེད། དེ་ག་རེ་རེད་ཅེ་ན། འཚམས་འདྲི་གཟིགས་བསྐོར་བྱས་ཏེ་ལོག་ཕེབས་རྗེས་འཛིན་སྐྱོང་གི་ལས་ཁུངས་ཁག་ལ་རེ་འདུན་གནང་དགོས་རྒྱུ་དེ་དག་བཀའ་བློན་དང་དྲུང་ཆེ་གྲོས་ཚོགས་ཀྱི་རྒྱུན་ལས་སམ་བཞུགས་མོལ་ཚོགས་འདུའི་ནང་གདན་འདྲེན་ཞུས་ཏེ་མི་རེ་ངོ་རེ་འབྲེལ་ཡོད་བཀའ་བློན་དང་དྲུང་ཆེ་ལྷན་ར་སྤྲོད་བྱས་ཏེ་བགྲོ་གླེང་གནང་གི་ཡོད་རེད། དེ་རྗེས་ཕྱག་ལེན་གནང་དགོས་པ་གང་འདུག མི་དགོས་པ་གང་འདུག ཡིག་ཐོག་ལ་འཁོད་ཀྱི་ཡོད་རེད། དེ་རྗེས་མ་རྒྱུན་ལས་ནས་མཇུག་ནོན་གནང་གི་ཡོད་རེད། གང་ཡིན་ཞེ་ན། ས་གནས་ལ་བདེ་སྡུག་ཞུས་པ་དེ་དག་སྤྱི་འཐུས་ཤིག་ཧོབ་སྟེ་ཕེབས་སྐབས་བདེ་སྡུག་འདྲ་ཆགས་པོ་ཞུས་ཡོང་དུས་སྤྱི་འཐུས་དེས་དེའི་རྒྱབ་ལྗོངས་དང༌། སྔ་མོའི་བྱུང་བ་དེ་དག་ཆ་ཚང་ཞིག་མ་མཁྱེན་པ་ཡིན་ཙང༌། ལས་ཁུངས་ཀྱི་འགྲེལ་བཤད་དེ་མ་གསན་པ་ཡིན་ན་ཕྱོགས་གཅིག་གི་བཀའ་མོལ་དེ་ལམ་སེང་ལག་ལེན་དུ་བསྟར་མི་ཐུབ་པ་དེ་འདྲ་མང་པོ་ཡོད་རེད། དཔེར་ན་ཁ་ཤས་གཞིས་ཆགས་ཀྱི་ཐོབ་སྐལ་ཐོབ་ནས་གཡུགས་ཟིན་པ་སྒྲིག་གཞིའི་ཐོག་ནས་ཡང་བསྐྱར་ཐོབ་རྒྱུ་མེད་པ་དེ་འདྲས་ད་དུང་གཞིས་ཆགས་དགོས་ཞེས་ཞུ་སྡོད་མཁན་མང་པོ་ཡོད་རེད། དེ་དང་དེ་མཚུངས་ཀྱི་གནས་ཚུལ་མང་པོ་ཞིག་ལ་སྔོན་དུ་ཕྱོགས་གཉིས་ཆ་ནས་ར་མ་འཕྲོད་བར་དུ་མཇུག་ནོན་བྱས་མ་ཤེས་པ་ཁ་ཤས་དངོས་ཡོད་གནས་ཚུལ་ཐོག་ནས་ང་ཚོས་ཐབས་ཤེས་གནང་ནས་མ་ཐུབ་པ་མང་པོ་ཡོད་རེད། དེ་དག་ཆ་ཚང་བཀའ་བློན་དང་དྲུང་ཆེ། འབྲེལ་ཡོད་ལས་བྱེད། འཚམས་འདྲི་གཟིགས་སྐོར་ཕེབས་མཁན་སྤྱི་འཐུས་དེ་དག་ཟུར་དུ་བཞུགས་ཏེ་བཀའ་བསྡུར་གནང་སྐབས། གསལ་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་རྗེས་ངེས་པར་དུ་གནང་དགོས་པ་དང་མི་དགོས་པ་གང་འདུག་ཐག་བཅད་དེ་དེའི་ཐོག་ནས་མཇུག་ནོན་ཞིག་གནང་གི་ཡོད་རེད། ད་ལྟ་ངས་སྐད་ཆ་རིང་པོ་བཤད་རྒྱུ་དེའང་ཚོུད་ ༥ མ་སླེབས་བར་སྒུག་དགོས་ཡིན་ཙང༌། དེའི་དོན་དུ་སླེབས་རྒྱུའི་ཆེད་དུ་ངས་ཞུ་བསྡད་ཀྱི་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༦/༠༩/༡༦ ་་་ ༡༩༩༦/༠༩/༢༦