སྔོན་རྩིས་འགོད་འབུལ་བྱེད་ཕྱོགས་དང༌ཞིབ་འཇུག་གཏན་འབེབས་བྱེད་ཕྱོགས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༢ འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་གི་ལོ་འཁོར་སྔོན་རྩིས་ཐེངས་དྲུག་པ་དེ་གཏན་འབེབས་གནང་རྒྱུའི་ལས་རིམ་ནང་དེ་རིང་ང་ཚོ་ཞུགས་ཀྱི་ཡོད་རེད། འདས་པའི་ལོ་འཁོར་སྔོན་རྩིས་ལྔ་གཏན་འབེབས་ཞུས་པའི་ལས་རིམ་གྱི་ནང་སྤྱི་འཐུས་རྣམ་པས་རྣམ་དཔྱོད་དང་བརྩོན་འགྲུས་ཇི་ཙམ་ཞིག་བཏོན་ནས་བཙན་བྱོལ་གཞུང་གི་འཆར་འཕར་གྱི་ལས་དོན་དང༌། སྒྲིག་འཛུགས་ཀྱི་གནས་སྟངས། དཔལ་འབྱོར་འདུ་འགོད་བཅས་ལ་ཕན་ཐོགས་ཡོད་པ་ཞིག་བྱུང་ཡོད་དམ་མེད་ད་རེས་བསྐྱར་ཞིབ་གནང་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ད་རེས་ཀྱི་ལོ་འཁོར་སྔོན་རྩིས་འདི་སྐབས་བཅིུས་པའི་སྤྱི་འཐུས་རྣམ་པས་གཏན་འབེབས་གནང་རྒྱུའི་སྔོན་རྩིས་ཐོག་མ་དེ་ཡིན་པ་དང༌། འདིའི་ཐོག་ཕྱག་ལས་གནང་སྟངས་ཀྱི་ལམ་སྲོལ་ཇི་འདྲ་ཞིག་བཟོས་པ་དེ་འབྱུང་འགྱུར་ང་ཚོ་ལས་ཡུན་ལོ་བཞི་དང༌། དེ་ཙམ་དུ་མ་ཟད་མ་འོངས་པའི་དུས་ཡུན་རིང་པོ་ཞིག་གི་བར་སྲོལ་རྒྱུན་དང་མིག་ལྟོས་ཀྱི་ལམ་དུ་གནས་སྲིད་པ་ཞིག་རེད། དེ་ལ་བརྟེན་ནས་ད་རེས་ངས་དེ་གལ་ཆེན་པོའི་ཐོག་ནས་བཀའ་བློན་རྣམ་པ་མི་རེ་ངོ་རེ་དང༌། སྤྱི་འཐུས་རྣམ་པ་མི་རེ་ངོ་རེ་ལ་རྣམ་དཔྱོད་ཀྱི་ནུས་རྩལ་གང་ཡོད་བཏོན་ཏེ་ཕྱག་ལས་གནང་རོགས་གནང་ཞེས་བསྐྱར་ནན་གྱིས་ཞུ་གི་ཡོད། མང་གཙོའི་ལམ་སྲོལ་ཅན་གྱི་རྒྱལ་ཁབ་ཚང་མའི་ནང༌། དཔལ་འབྱོར་གཏོང་ལེན་གྱི་དབང་ཚད་གྲོས་ཚོགས་ཁོ་ན་ལ་ཡོད་པ་དང༌། ལོ་འཁོར་རམ་ཟླ་དྲུག ཡང་ན་ཟླ་བཞིའི་སྔོན་རྩིས་གཏན་འབེབས་ཀྱི་ཐོག་ནས་དབང་ཚད་ཁྱབ་བསྒྱུར་བྱེད་ཀྱི་ཡོད་པ་ཕལ་ཆེར་གཅིག་གྱུར་ལྟ་བུ་རེད། དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོངས་རྫོགས་ཀྱི་བདག་པོ་རྒྱལ་ཁབ་དེའི་ཡུལ་མི་ཡིན་པ་དང༌། ཡུལ་མི་རྣམས་ཀྱི་སྐུ་ཚབ་འོས་འདེམས་བྱས་པའི་འཐུས་ཚོགས་ཀྱིས་མཚོན་ཞིང༌། འཛིན་སྐྱོང་ནི་ཡུལ་མིའི་སྲི་ཞུ་བར་བསྐོ་གཞག་བྱས་པ་ཞིག་མ་གཏོགས། དོ་བདག་གི་སྐུ་ཚབ་མཚཽན་པ་མིན་པའི་གནད་དོན་དེ་མཚོན་པའི་ཆེད་ཡིན་པ་རེད། འཛིན་སྐྱོང་གིས་སྔོན་རྩིས་འགོད་འབུལ་བྱེད་ཕྱོགས་དང༌། གྲོས་ཚོགས་ཀྱིས་ཞིབ་འཇུག་གཏན་འབེབས་བྱེད་ཕྱོགས་ལ་རྩ་བའི་ལས་རིམ་གྱི་རྣམ་པ་མི་འདྲ་བ་མང་པོ་ཞིག་ཡོད་ནའང༌། གཙོ་ཆེ་བ་རྒྱ་གར་ལྟ་བུ་སྲིད་དོན་ཚོགས་པས་གཞུང་འཛིན་བྱས་པའི་གྲོས་ཚོགས་རིང་ལུགས་ཅན་གྱི་ནང་སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་དང༌། ཨ་རི་ལྟ་བུ་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་གྱིས་འཛིན་སྐྱོང་བྱས་པའི་སྲིད་འཛིན་ལམ་སྲོལ་ཅན་གྱི་ནང་སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་གཉིས་པོ་དེ་རེད། རྒྱ་གར་ལྟ་བུ་ཚོགས་པས་གཞུང་འཛིན་བྱས་པའི་རྒྱལ་ཁབ་ཁག་གི་ནང་སྔོན་རྩིས་བཟོ་འགོད་དང་གཏན་འབེབས་གཉིས་ཀ་གཞུང་དང་གཞུང་འཛིན་ཚོགས་པས་བྱེད་འགྲོ་བ་ཞིག་ཡིན་ཙང༌། གྲོས་ཚོགས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་དཔལ་འབྱོར་གྱི་འགན་དབང་ཆ་ཚང་ཡོད་ནའང༌། དོན་དུ་འཛིན་སྐྱོང་གིས་གང་ཞུས་གྲོས་ཚོགས་ནས་གཏན་འབེབས་གནང་བ་མ་གཏོགས། གཅོག་ཆ་ཡོང་གི་ཡོད་མ་རེད། གྲོས་ཚོགས་སུ་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས་གཞུང་གི་ལས་ཁུངས་ཁག་གི་ཕྱག་ལས་གནང་ཕྱོགས་དང༌། ལས་དོན་རྒྱུན་སྐྱོང་དང་གསར་གཏོད་གནང་ཕྱོགས་བཅས་ལ་དགོངས་འཆར་གསུང་བཤད་གནང་རྒྱུའི་གོ་སྐབས་ཡོད་ནའང་མཐའ་མའི་དགོས་དངུལ་གཏོང་ལེན་གྱི་ཁྲིམས་གཞི་གཏན་འབེབས་གནང་སྐབས་གཅོག་ཆའི་གྲོས་འཆར་བཏོན་རྒྱུ་དང༌། གྲོས་འཆར་ཐོན་པ་ཡོང་གི་ཡོད་མ་རེད། གལ་སྲིད་འཐུས་མི་སུ་རུང་གིས་སྔོན་རྩིས་ཐོག་གཅོག་ཆའི་གྲོས་འཆར་བཏོན་པར་མང་མོས་བྱུང་བ་ཡིན་ན། གཞུང་ལ་མང་མོས་བརླགས་པར་ངོས་འཛིན་གྱིས་སྲིད་གཞུང་དགོངས་ཞུ་གནང་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་སྔོན་རྩིས་བཟོ་འགོད་བྱ་ཕྱོགས་དང་བཏང་འཛིན་གྱི་རིམ་པ་ཡོངས་རྫོགས་དཔལ་འབྱོར་བློན་ཆེན་ལས་ཁུངས་ཀྱིས་གཞུང་འཛིན་ཚོགས་པ་སུ་ཡིན་དེའི་དཔལ་འབྱོར་གྱི་སྲིད་བྱུས་དང༌། ཡུལ་མིའི་སྤྱི་ཚོགས་བདེ་དོན། ཡར་རྒྱས་ཀྱི་འཛུགས་སྐྲུན་བཅས་ཀྱི་ཐོག་སྲིད་བྱུས་དང་ལས་རིམ་ཇི་ཡོད་གཞི་རྩ་བཟུང་བའི་ཐོག་ནས་འགྲོ་གྲོན་གཏོང་འཆར་དང༌། ཡོང་འབབ་ཁྲལ་རིགས་ཀྱི་ཁྲིམས་དང་ལམ་སྲོལ་བཟོ་གི་ཡོད་རེད། ལྷག་པར་རྒྱ་གར་གྱིས་ད་ལྟའི་སྐབས་སུ་གཞུང་གྲོན་ཡོངས་རྫོགས་འཆར་གཞི་དང༌། འཆར་གཞི་མ་ཡིན་པ་ཞེས་སྡེ་ཚན་གཉིས་སུ་ཕྱེ་ནས་འཆར་གཞི་མ་ཡིན་པའི་རྒྱུན་གྲོན་ཁག་དཔལ་འབྱོར་བློན་ཆེན་ལས་ཁུངས་ཀྱིས་ཐད་ཀར་བཏང་འཛིན་དང༌། འཛུགས་སྐྲུན་དང་འབྲེལ་བའི་འཆར་གཞིའི་འགྲོ་གྲོན་ཁག་སྲིད་བློན་གྱི་གཙོ་སྐྱོང་འོག་གཞུང་ནས་ཐད་བསྐོས་བྱས་པའི་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅིག་དང༌། ཁྱད་མཁས་མི་སྣ་ཡོད་པའི་འཆར་འགོད་ལྷན་ཚོགས་ཤིག་གིས་ལོ་ལྔ་ཚན་རེའི་འཆར་གཞི་བཟོ་འགོད་དང༌། དེའི་ནང་ནས་ལོ་རེའི་འཆར་གཞིའི་འགྲོ་གྲོན་རྣམས་དབུས་དང་ས་གནས་གཞུང་སོ་སོའི་ལོ་འཁོར་སྔོན་རྩིས་སུ་བཅུག་གི་ཡོད་ཅིང༌། དེའི་ཐོག་བཏང་འཛིན་མང་ཆེ་བ་འཆར་འགོད་ལྷན་ཚོགས་རང་གིས་གནང་སྲོལ་ཡོད་པ་ཞིག་རེད། ཡང་ཨ་རི་ལྟ་བུ་སྲིད་འཛིན་ལམ་སྲོལ་ཅན་གྱི་རྒྱལ་ཁབ་ཚོའི་ནང་སྔོན་རྩིས་གཏན་འབེབས་ཀྱི་འགན་དབང་ཡོངས་རྫོགས་དངུལ་ཁུག་གི་དབང་ཚད་Power of Purse ཅེས་པའི་ཐ་སྙད་བཏགས་ཏེ་གྲོས་ཚོགས་ཁོ་ན་ལ་ཡོད་པ་ཞིག་རེད། ཨ་རིའི་ད་ཕན་གྱི་རྒྱུན་སྲོལ་ནང་སྔོན་རྩིས་འཆར་གཞི་བཟོ་འགོད་དང༌། གཏན་འབེབས་གཉིས་ཀ་གྲོས་ཚོགས་ཀྱིས་ཐག་གཅོད་གནང་གི་ཡོད་རེད། དེའང་ཁྲིམས་གཞི་རིམ་པ་གཉིས་ཀྱི་ཐོག་ནས་ཐོག་མ་ལས་དོན་གྱི་ཆོག་མཆན་ཁྲིམས་འཆར་Authorization Billཞེས་པ་ཞིག་གཏན་འབེབས་གནང་སྟེ། དེའི་ཐོག་གཞུང་འབྲེལ་ལས་དོན་རེ་རེ་བཞིན་ཞིབ་འཇུག་གིས་ལས་དོན་འགོ་འཛུགས་ཆོག་པ་དང༌། དེའི་ཆེད་དུ་སྔོན་རྩིས་ནང་དངུལ་འབབ་ཞུ་འཐུས་ཆོག་པའི་ཆོག་མཆན་ཞིག་སྤྲོད་ཀྱི་ཡོད་རེད། འཛིན་སྐྱོང་ནས་འཆར་འགོད་ཞུས་པའམ། གྲོས་ཚོགས་འཐུས་མི་གང་རུང་གིས་དགོངས་འཆར་བཏོན་པའང་རུང༌། ལས་རིམ་ཇི་བྱུང་ཆོག་མཆན་ཚོགས་ཆུང་གིས་ཞིབ་འཇུག་གནང་ནས་ལས་དོན་འགོ་འཛུགས་ཆོག་མིན་གྱི་ཐག་གཅོད་གནང་གི་ཡོད་རེད། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ཆ་བགོས་ཀྱིས་ཆོག་མཆན་ཚོགས་ཆུང་བཅུ་ཕྲག་བརྒལ་བ་རེ་ཡོད་ཅིང༌། ཚོགས་ཆུང་དེ་དག་ནི་གཞུང་གི་སྲིད་བྱུས་དང་ལས་རིམ་གཏན་འབེབས་བྱེད་པའི་དབང་ཚད་ཁྱབ་སྒྱུར་བྱེད་མཁན་གྱི་ས་གནས་ལྟེ་བ་དེ་རེད། ཚོགས་ཆུང་འདི་ཚོ་ནས་རྒྱབ་གཉེར་དང་སྦྲགས་ཆོག་མཆན་གཏོང་རྒྱུའི་ཁྲིམས་འཆར་ལ་གྲོས་ཚོགས་གཉིས་ཀའི་བཀའ་ཁྲོལ་བྱུང་མཚམས་ལས་དོན་དེའི་ཐོག་དངུལ་འབབ་འགྲོ་སོང་ཇི་ཡོད་ཀྱི་འཆར་གཞི་ཟུར་པ་ཞིག་བཀོད་ནས་སྔོན་རྩིས་ཀྱི་ཚུལ་དུ་འབུལ་གྱི་ཡོད་པ་དང༌། དེའི་ནང་ཚོད་དཔག་སྔོན་རྩིས་ཚད་ལྡན་བྱུང་ཡོད་མེད་གཏོང་ལེན་ཚོགས་ཆུང་Appropriation Committeeགིས་གཟིགས་ཞིབ་གནང་གི་ཡོད་རེད། གྲོས་ཚོགས་གོང་འོག་གཉིས་ཀའི་འོག་གཏོང་ལེན་ཚོགས་ཆུང་རེ་རེ་དང༌། དེ་ཚོའི་འོག་ཚོགས་ཆུང་ཆུང་བ་དགོས་མཁོ་དང་བསྟུན་པའི་མང་དག་ཅིག་བསྐོ་འཛུགས་བྱས་ཏེ། ཁོ་ཚོས་འགྲོ་གྲོན་གཏོང་འཆར་ལ་ཞིབ་འཇུག་གིས་འཕར་ཆག་ཇི་དགོས་བཏང་འཛིན་བྱས་རྗེས་རྒྱབ་གཉེར་བྱས་པའི་ཁྲིམས་འཆར་གྲོས་ཚོགས་སུ་འབུལ་གྱི་ཡོད་རེད། གྲོས་ཚོགས་ནས་ཁྲིམས་འཆར་དེ་གཏན་འབེབས་གནང་བའི་རྗེས་གཞི་ནས་འཛིན་སྐྱོང་ལ་གཞུང་དངུལ་ལས་རིམ་དེའི་ཐོག་འགྲོ་སོང་གཏོང་རྒྱུའི་དབང་ཚད་ཐོབ་ཀྱི་ཡོད་རེད། དེ་འདྲའི་ཁྲིམས་གཞིའི་འོག་འགྲོ་སོང་གཏོང་བའི་རྩིས་ཁྲའི་ནང་མཐའ་དོན་གྲོས་ཚོགས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སྤྱི་ཡོངས་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་དང་དག་མཆན་སྤྲོད་ཀྱི་ཡོད་རེད། རྒྱལ་ཁབ་གཞན་དག་དང་མི་འདྲ་བར་ཨ་རིའི་ལམ་སྲོལ་ནི་ཐོག་མ་སྔོན་རྩིས་བཟོ་འགོད། བར་དུ་སྔོན་རྩིས་གཏན་འབེབས། མཐའ་མ་འགྲོ་གྲོན་རྩིས་ཞིབ་བཅས་ཆ་ཚང་གྲོས་ཚོགས་གཅིག་གི་དབང་བྱུས་དང་གཟིགས་སྐྱོང་འོག་གནང་སྲོལ་ཡོད་པ་ཞིག་རེད། སྤྱིར་བཏང་འཛིན་སྐྱོང་གི་དབུ་ཁྲིད་སྲིད་འཛིན་ཆབ་སྲིད་ཀྱི་ཚོགས་པ་གང་དུ་གཏོགས་པ་དེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་འཛིན་སྐྱོང་གི་དགོས་འདུན་བཏོན་པ་རྣམས་ལ་རྒྱབ་སྐྱོར་གང་ཐུབ་བྱེད་ཀྱི་ཡོད་ནའང༌། ལྟ་གྲུབ་ཀྱི་ཆ་ནས་ཚོགས་པ་དེའི་སྤྱི་འཐུས་ཚོས་འཛིན་སྐྱོང་གི་ཞུ་དོན་ལ་རྒྱབ་གཉེར་བྱ་དགོས་ཀྱི་ངེས་པ་མེད་པ་ཞིག་རེད། ལྷག་པར་སྲིད་འཛིན་གྱི་སྲིད་དོན་ཚོགས་པ་དེ་ལ་གྲོས་ཚོགས་ནང་འཐུས་མི་མང་བའི་ཞབས་སྟེགས་མ་ཐོབ་པའི་སྐབས་འཛིན་སྐྱོང་ལ་ལས་རིགས་ཆོག་མཆན་དང་སྔོན་རྩིས་བཀའ་ཁྲོལ་ཞུ་རྒྱུའི་ཐོག་དཀའ་ངལ་ཆེ་བ་འཕྲད་ཀྱི་ཡོད་པ་ཞིག་རེད། གོང་གི་ལམ་སྲོལ་དེ་གཉིས་ཀ་དང་མི་འདྲ་བར། རང་རེའི་བཙན་བྱོལ་གཞུང་གི་སྔོན་རྩིས་འབུལ་ཕྱོགས་དང༌། གཏན་འབེབས་བྱེད་ཕྱོགས་ཐད་བཅའ་ཁྲིམས་དོན་ཚན་ ༥༢ པའི་སྤྱི་ཡོངས་ལམ་སྟོན་འོག་གྲོས་ཚོགས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་འོག་གྲོས་ཚོགས་ནས་སྔོན་རྩིས་གཏན་འབེབས་ཞུ་གི་ཡོད་རེད། ད་ལྟའི་ང་ཚོའི་བཅའ་ཁྲིམས་དང་སྒྲིག་གཞིའི་འོག་ལས་རིམ་འཆར་འགོད་དང༌། སྔོན་རྩིས་དངུལ་འབབ་བཅས་ཀྱི་རྒྱབ་གཉེར་བྱ་རྒྱུའི་དབང་ཚད་ཆ་ཚང་འཛིན་སྐྱོང་ལ་ཡོད་ཅིང༌། གྲོས་ཚོགས་ནས་སྔོན་རྩིས་བགྲོ་གླེང་སྐབས་ལས་རིམ་དང་དངུལ་གྲོན་གཉིས་ཀ་སྡེབ་གཅིག་ལ་བཀའ་བསྡུར་དང་གཏན་འབེབས་གནང་གི་ཡོད་རེད། ང་ཚོའི་སྔོན་རྩིས་ཀྱི་ལམ་སྲོལ་འདིའི་ནང་གལ་གནད་ཆེ་བའི་ལས་དོན་གྱི་བརྒྱུད་རིམ་བཞི་ཡོད་པ་གཤམ་གསལ། ལས་ཁུངས་སོ་སོའི་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་དོན་ཚན་ཁག་གཞིར་བཟུང་དཔལ་འབྱོར་ལས་ཁུངས་སུ་འབུལ་འབྱོར་བྱུང་མཚམས་དཔལ་འབྱོར་ལས་ཁུངས་ནས་ཞིབ་འཇུག་དམ་ཟབ་ཐོག་ནས་འོས་དང་མི་འོས་རྣམ་དབྱེ་བཏང་འཛིན་དང་བཅས་བཀའ་ཤག་གི་རྒྱབ་གཉེར་ཆོག་མཆན་ཞུས་ཏེ་གཏོང་འཆར་སྔོན་རྩིས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུ་རྒྱུ་དང༌། དེའི་རྗེས་གཏོང་ཡོང་གི་ལས་རིམ་ཆ་ཚང་དཔལ་འབྱོར་བཀའ་བློན་གྱིས་སྔོན་རྩིས་གསུང་བཤད་དང་སྦྲགས་གྲོས་ཚོགས་སུ་འབུལ་ལམ་ཞུ་རྒྱུ། རྒྱུན་ལས་ཀྱིས་བསྐོ་འཛུགས་བྱས་པའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྔོན་ཕུལ་གཏོང་འཆར་ཁག་ལ་ཞིབ་འཇུག་ནན་ཏན་དང་འབྲེལ་གྲོས་ཚོགས་སུ་སྔོན་རྩིས་བགྲོ་གླེང་གནང་རྒྱུའི་ཐོག་མར་ཚོགས་ཆུང་གི་གཟིགས་ཚུལ་དང༌། སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་གསལ་བཤད་གནང་རྒྱུ་དང༌། དེ་རྗེས་ལས་ཁུངས་རེ་རེའི་སྔོན་རྩིས་བཀའ་བསྡུར་གནང་སྐབས་གཅོག་ཆ་དང་སྤར་ཆའི་གྲོས་འཆར་ཇི་ཡོད་རྒྱུ་མཚན་གསལ་བཤད་དང་སྦྲགས་རིམ་བཏོན་གྱིས་གྲོས་ཚོགས་ལ་བགྲོ་གླེང་གནད་སྨིན་ཡོང་བའི་མཐུན་འགྱུར་ཞུ་རྒྱུ། གྲོས་ཚོགས་ཀྱིས་ལས་ཁུངས་རེ་རེ་བཞིན་ལས་འཆར་བགྲོ་གླེང་དང༌། དགོས་དངུལ་གྱི་དངུལ་འབོར་གཏན་འབེབས་གནང་རྗེས་ལོ་འཁོར་སྔོན་རྩིས་གཏོང་ལེན་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པའི་སྒོ་ནས་འཛྀན་སྐྱོང་བཀའ་ཤག་ལ་ལོ་འཁོར་གཅིག་གི་འགྲོ་གྲོན་གྲངས་ཚད་ངེས་ཅན་གཏོང་རྒྱུའི་འགན་དབང་སྤྲད་ཀྱི་ཡོད་རེད། ལས་རིམ་དེ་འདྲ་ཞིག་གི་ཐོག་ནས་ང་ཚོ་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་འདུ་འགོད་དང༌། དངུལ་རྩིས་བཏང་འཛིན་བྱེད་ཀྱི་ཡོད་རེད། ང་ཚོའི་སྔོན་རྩིས་ནང་དུའང་བཏང་འཛིན་འོས་པའི་སྔོན་རྩིས་དང༌། བཏང་འཛིན་མི་འོས་པའི་སྔོན་རྩིས་གཉིས་ཀ་ཡོད་པ་རེད་དེ། ད་ལྟ་ཁྲིམས་དང་སྒྲིག་གཞིའི་ཡིག་ཆར་དམིགས་བསལ་གསལ་ཁ་ཕྱེ་ཡོད་མ་རེད། གྲོས་ཚོགས་ནས་གཅོག་ཆ་བྱེད་ཆོག་པ་དང་མི་ཆོག་པའི་སྡེ་ཚན་གཉིས་བཅའ་ཁྲིམས་ནང་དབྱེ་བ་ཕྱེ་ཡོད་རེད་མ་གཏོགས། དེ་ལས་གཞན་པའི་འགྲོ་གྲོན་ཐོག་བཏང་འཛིན་འོས་པ་དང༌། བཏང་འཛིན་མི་འོས་པའི་སྡེ་ཚན་ཕྱེ་མེད་པ་ཡིན་ཙང༌། གྲོས་ཚོགས་ནང་ནས་འགྲོ་གྲོན་ག་འདྲ་ཞིག་གི་ཐོག་ཏུའང་གཅོག་ཆའི་གྲོས་འཆར་བཏོན་པའམ། བགྲོ་གླེང་གནང་བ་ཡིན་ནའང་གནང་རྒྱུའི་གོ་སྐབས་དེ་ཡངས་པོ་ཡོད་པ་ཡིན་ཙང༌། གྲོས་ཚོགས་ནང་སྔོན་རྩིས་ཐོག་ཏུ་བགྲོ་གླེང་གནང་རྒྱུའི་ས་ཁྱོན་རྒྱ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ད་ཕན་སྔོན་རྩིས་གཏོང་ལེན་གྱི་ཁྲིམས་ཡིག་ནང་དགོས་དངུལ་བཏོན་རྒྱུ་དང༌། བགོ་བཤའ་རྒྱག་རྒྱུའི་དབང་ཚད་དེ་ཆ་ཚང་མཉམ་འདུས་ཀྱི་ལས་འགན་ཐོག་ནས་བཀའ་ཤག་ལ་སྤྲད་ཀྱི་ཡོད་རེད། བཀའ་ཤག་རང་གི་བརྒྱུད་ནས་དབང་ཚད་དེ་གཤམ་འོག་གི་ལས་བྱེད་ག་འདྲ་ཞིག་ལ་ནང་དོན་གྱིས་གནང་བ་Delegateཡིན་ནའང་དེའི་དབང་ཚད་དེ་བཀའ་བློན་བྱེ་བྲག་པ་དང༌། བཀའ་ཤག་ལ་ཡོད་པ་ཞིག་རེད། དེའི་ཐོག་གྲོས་ཚོགས་ལ་བྱུས་གཏོགས་གང་ཡང་ཡོད་མ་རེད། དངུལ་འབོར་བཏོན་བགོས་ཀྱི་འགན་དབང་འོག་ལ་ཆ་བགོས་གནང་བ་དང་མ་གནང་བ་དེ་ད་ལྟའི་གནས་སྐབས་ལ་གྲོས་ཚོགས་ལ་སྙན་གསན་ཞུ་དགོས་རྒྱུ་ཞིག་མ་རེད་ལ། གྲོས་ཚོགས་ཀྱིས་མཁྱེན་དགོས་རྒྱུ་ཞིག་ཀྱང་ཆགས་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས་གྲོས་ཚོགས་ལ་གཞུང་དངུལ་གྱི་འགན་ཆ་ཚང་འཁྱེར་དགོས་མཁན་དེ་བཀའ་ཤག་དང་ལས་ཁུངས་སོ་སོའི་བཀའ་བློན་བྱེ་བྲག་པ་ཆགས་བསྡད་ཡོད་རེད། དམར་པོ་བྱས་ནས་ཞུས་པ་ཡིན་ན་ལས་ཁུངས་གཅིག་གི་རྩིས་ཀྱི་ཐོག་ནས་རྩིས་ཆད་ཅིག་བྱུང་བ་ཡིན་ན། གྲོས་ཚོགས་ལ་རྩིས་ཆད་དེ་གསབ་རྒྱུའི་འགན་དེ་བཀའ་བློན་བྱེ་བྲག་པ་དེས་བསྣམ་དགོས་རྒྱུ་ཞིག་རེད། བཀའ་བློན་བྱེ་བྲག་པ་དེ་ལ་འགན་སུས་འཁྱེར་གྱི་ཡོད་པ་དེ་ཁོ་རང་ཚོའི་ནང་གི་གནས་སྟངས་ཤིག་རེད། རྩིས་པའི་ཐོག་ཏུ་འགན་བབས་ཀྱི་ཡོད་ནའང་རེད། དྲུང་ཆེའི་ཐོག་ཏུ་འགན་བབས་ཀྱི་ཡོད་ནའང་རེད། སུའི་ས་ནས་དངུལ་བསྡུ་བཞེས་གནང་དགོས་ཀྱི་ཡོད་པ་དེ་ནང་དོན་གྱི་གནས་སྟངས་ཤིག་རེད། གྲོས་ཚོགས་ཀྱི་མདུན་ལ་ང་ཚོའི་སྔོན་རྩིས་གཏོང་ལེན་གྱི་ཁྲིམས་ཡིག་འོག་ནས་ཕྱིན་པའི་དངུལ་འབོར་ཞིག་དགོས་པ་གང་གི་ཆེད་དུ་བཀའ་ཁྲོལ་གནང་བ་དེའི་ཐོག་ལ་མ་བཏང་བར་གཞན་དག་ཅིག་གི་ཐོག་ལ་བཏང་བཞག་པའམ་གཏོང་བའི་རྩིས་འགྲོ་ངེས་གཏན་མེད་པར་དངུལ་ཆད་པ་ག་འདྲ་ཞིག་བྱས་པ་ཡིན་ནའང༌། ཁྲིམས་ཐོག་ནས་བཀའ་ཤག་དང་བཀའ་བློན་བྱེ་བྲག་པ་སུ་ཡིན་དེས་གྲོས་ཚོགས་ལ་འགན་འཁུར་དགོས་པ་ཞིག་ཡོད་པ་དེ་གྲོས་ཚོགས་དང་བཀའ་བློན་རྣམ་པ་ཚོ་གཉིས་ཀས་གསལ་པོ་མཁྱེན་དགོས་པ་ཞིག་རེད། དེ་སྔ་ཕན་ཆད་ཡང་ཡང་ཡོང་བསྡད་རྒྱུའི་དངུལ་ཆད་ཡོད་པའི་རྩིས་པ་དེ་ཚོ་མང་ཆེ་བ་ཨ་རི་ལ་ཕྱིན་ཚར་བ་རེད་ཟེར་ནས་ཨ་རི་ལ་ཕྱིན་ཚར་དུས་ཧ་ལམ་འཇིག་རྟེན་ཁམས་གཞན་དག་ཅིག་ལ་ཕྱིན་པའི་བཟོ་འདྲ་ཞིག་གིས་བདའ་དེད་གཏོང་ས་མེད་པའི་བཟོ་འདྲ་ཞིག་ལ་ཆ་བཞག་ནས་བཀའ་བློ་མི་བདེ་བ་ཞིག་ཡང་ཡང་ཡོང་བསྡད་རྒྱུ་དེ་ག་རེ་བྱས་ནས་ཡོང་གི་ཡོད་རེད་ཅེ་ན། བཀའ་བློན་རྣམ་པ་ཚོས་དངུལ་འབོར་གྱི་ཐོག་ལ་ཐུགས་འགན་གང་ཡོད་པ་དེ་གསལ་པོ་མ་མཁྱེན་པ་དང༌། དེའི་ཐོག་ལ་ཐུགས་སྣང་ཕྲན་བུ་ཆུང་དྲགས་པ་དེའི་རྒྱུ་མཚན་གྱིས་མིན་ནམ་བསམ་པ་ཞིག་ཡོད་རེད། བཟང་སྤྱོད་དང་ཁྲིམས་ལུགས་གཉིས་ཀའི་ཐོག་ནས་གྲོས་ཚོགས་ལ་གཞུང་གི་ཕྱོགས་བསྡོམས་མ་དངུལ་ཐོག་ནས་པད་ཤག་དམར་པོ་ཞིག་གི་ཆ་ཤས་ཤིག་ཡིན་ཆད་ཚང་དང་མི་ཚང་གི་འགན་ཁུར་དེ་འབྲེལ་ཡོད་བཀའ་བློན་གྱིས་བསྣམས་དགོས་ཀྱི་ཡོད་པ་དེ་ཧ་ཅང་གི་གསལ་པོ་རེད། དེ་འདྲ་ཡིན་ཙང་བཀའ་བློན་གྱིས་གྲོས་ཚོགས་ལ་འགན་བསྣམ་པའི་སྐབས་ལ་རྩིས་པ་ཆེ་གེ་མོ་ཞིག་གིས་བྱེད་སྟངས་མ་འགྲིགས་པས་ཆད་འདུག རྩིས་པ་དེ་རྙེད་ཀྱི་མི་འདུག དེར་བརྟེན་བྱེད་རྒྱུ་གང་ཡང་མི་འདུག་ཅེས་བཀའ་གནང་ནས་དག་གི་ཡོད་མ་རེད། རྩིས་པ་འཇིག་རྟེན་འདིའི་ནང་ཡོད་པ་ཡིན་ནའང་རེད། འཇིག་རྟེན་ཕ་རོལ་ཏུ་ཕྱིན་ཟིན་པ་ཡིན་ནའང་རེད། གྲོས་ཚོགས་ལ་དངུལ་དེ་ཆ་ཚང་བཟོ་རྒྱུའི་འགན་དེ་བཀའ་བློན་དེར་བབས་བསྡད་ཡོད་རེད། དེ་ཧ་ཅང་གསལ་པོ་བྱས་ཏེ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་མིན་པར་མི་གཅིག་གི་རྗེས་ཤུལ་མ་རྙེད་པའམ། རྩིས་ཁྲ་བཞག་སྟངས་ནང་བུ་ལོན་ནག་པོ་ཟེར་བའི་འགྲོ་སྟངས་ཤིག་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས་དངུལ་འབོར་མ་ཚང་བ་དེ་དག་མཐའ་མ་བསྐྱལ་བར་བར་ལྡིང་དུ་བཞག་རྒྱུ་དང༌། སྐབས་དེ་དུས་ཀྱི་འགན་འཁྱེར་མཁན་གྱི་རྩིས་པ་དང་དྲུང་ཆེ་མི་འདུག་ཟེར་ནས་བཞག་བཞག་རྒྱུ་མེད་པ་གྲོས་ཚོགས་ཀྱིས་ཐུགས་ལ་གསལ་པོ་མངའ་དགོས་པ་ཞིག་རེད་ལ། ལྷག་པར་དུ་བཀའ་བློན་རྣམ་པ་ཚོའི་ཐུགས་ལ་ངེས་པར་དུ་བཞག་དགོས་པ་ཞིག་རེད་བསམ་གྱི་འདུག དེ་དག་ནི་ད་རེས་སྔོན་རྩིས་བགྲོ་གླེང་གི་སྔོན་འགྲོའི་མཚམས་སྦྱོར་གྱི་ཐོག་ལ་ཚོགས་གཙོའི་གསལ་བཤད་དམ་ལམ་སྟོན་མདོར་བསྡུས་ཤིག་ཞུ་རྒྱུའི་འདོད་པ་བྱུང་སོང༌། དེ་དག་ཐུགས་ལ་བཞག་ནས་ད་རེས་སྔོན་རྩིས་ཀྱི་ལས་རིམ་དེ་ཡང་དག་པ་ཞིག་ཡོང་རྒྱུའི་རེ་བ་ཞུ་གི་ཡོད། ད་དུང་གནས་ཚུལ་གཞན་པ་ཞུ་དགོས་པ་ཞིག་ལ། སྔོན་རྩིས་གཏན་འབེབས་གནང་ཕྱོགས་ཀྱི་ལས་རིམ་དེ་གྲོས་ཚོགས་ཀྱི་ཐུགས་བློ་ཁེངས་པ་ཞིག་ཡོང་རྒྱུ་དེ་སྐུ་མཉེལ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་ཚོད་བལྟ་ལྟ་བུར་ ༡༩༩༦་་༩༧ སྔོན་རྩིས་གཏན་འབེབས་གནང་སྐབས་སྤྱི་ཡོངས་བགྲོ་གླེང་གནང་རྗེས་ལས་ཁུངས་ཁག་བགོས་ཀྱིས་ཚོགས་ཆུང་ལ་བགོས་ནས་ཚོགས་ཆུང་སོ་སོའི་ནང་གཏན་འབེབས་གནང་རྒྱུའི་ཐབས་ལམ་ཞིག་བཙལ་བ་རེད། དེ་ང་ཚོའི་ཉམས་མྱོང་ལ་བལྟས་སྐབས་ཧ་ཅང་གིས་གྲུབ་འབྲས་ཐཽན་པ་ཞིག་བྱུང་མ་སོང༌། ང་ཚོའི་རེ་བ་ལ་ཚོགས་ཆུང་ནང་ལྷུག་པོར་བྱས་ཏེ་བཀའ་མོལ་གནང་བདེ་བ་དང༌། བཀའ་བློན་རྣམ་པ་ཚོས་ཐད་ཀར་གསུང་རྒྱུ་མེད་པ་དེ་དག་དྲུང་ཆེ་དང་རྩིས་པ་མཉམ་དུ་འཁྲིད་ནས་བཀའ་མོལ་གནང་རྒྱུའི་གོ་སྐབས་ཤིག་ཡོང་གི་ཡོད་པ་ཡིན་ཙང༌། ལྷུག་པ་དང་གནད་ལ་སྨིན་པ་ཞིག་ཡོང་གི་རེད་སྙམ་པ་བྱུང་ཡང༌། ཚོགས་ཆུང་གི་ཉམས་མྱོང་ལ་གཞིགས་སྐབས་དེ་གང་ལྟར་ལྷོད་ཡངས་པོ་ཞིག་ཆགས་འགྲོ་རྒྱུ་མ་གཏོགས། སྔོན་རྩིས་ཞིབ་འཇུག་དང་བཏང་འཛིན་གནང་རྒྱུར་ཕན་པ་ཞིག་བྱུང་མ་སོང་སྙམ་པ་ཞིག་བྱུང་སོང༌། དེ་འདྲ་ཡིན་ཙང་འདི་ལོ་ནས་ཚོགས་ཆུང་ཆ་བགོས་བྱ་རྒྱུའི་ལམ་སྲོལ་མི་དགོས་པ་བྱས་ཏེ་འདས་པའི་ལོ་སྔ་མ་བཞི་ནང་བཞིན་སྔོན་རྩིས་བགྲོ་གླེང་དང་གཏན་འབེབས་ཡོངས་སུ་རྫོགས་པ་དེ་ཚོགས་ཆེན་རང་གི་ཐོག་ནས་གནང་རྒྱུ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐག་གཅོད་ཞུས་པ་ཡིན། དེ་དག་དགོངས་པ་ལ་བཞག་རོགས། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གསུམ་པ། ༡༩༩༧/༠༣/༡༧ ་་་ ༡༩༩༧/༠༣/༢༧