སྒྲིག་གཞིའི་ནང་ལག་དེབ་ཅིག་གི་མིང་འདོགས་ཚུལ་ལས་འཕྲོས་པའི་ལམ་སྟོན།

སྤྱི་འཐུས་ཚང་མས་མཁྱེན་རྟོགས་དགོས་རྒྱུར། ཡུལ་ཁྲིམས་ཡོད་པའི་ལུང་པ། རྒྱལ་ཁབ། སྲིད་གཞུང་གཅིག་ལ་སྤྱིར་བཏང་འགྲོ་སྟངས་ཀྱི་ཆ་ནས་རྒྱལ་དར་རྒྱལ་རྟགས་དང༌། རྩ་ཁྲིམས་སམ་བཅའ་ཁྲིམས་ཀྱི་མིང༌། རྩ་ཁྲིམས་ནང་འཁོད་པའི་ཡིག་ཆ་ཁག་གི་མིང་བཅས་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་མིང་དང༌། ཚོས་གཞི་སོགས་ཚང་མ་གཅིག་གྱུར་འགྲོ་དགོས་རྒྱུ་ཞིག་རེད། དེ་ལ་ཡར་རྒྱས་གཏོང་རྒྱུ་དང༌། སྙིང་རྗེ་པོ་བཟོ་རྒྱུ། མི་ཚང་མའི་ཡིད་འཕྲོག་ཐུབ་པ་བཟོ་རྒྱུ་ཞིག་མེད། རྒྱལ་དར་ལ་མཚོན་ན་དེའི་འགྲེལ་བརྗོད་ནང་གང་ཡོད་པ་ལྟར་ཚང་མར་གཅིག་གྱུར་དགོས་པ་དང༌། རྒྱལ་རྟགས་ཀྱི་རི་མོ་ཐོག་མར་གཏན་ལ་ཕབ་པ་ལྟར་བསྡད་དགོས། གཞུང་འབྲེལ་གྱི་དོན་གནད་ཆེ་བའི་ཡིག་ཆ་ཁག་གི་མིང་བཏགས་སྟངས་ཀྱང་ཁྲིམས་ལུགས་ལ་ལྟོས་ན་ཁུངས་འཕེར་བའི་མིང་བཏགས་སྟངས་གཅིག་གྱུར་བཟོ་དགོས་རྒྱུ་ཞིག་རེད། དེང་སང་མི་ཚང་མ་ཚོང་དང་དྲིལ་བསྒྲགས་ཀྱི་ལམ་སྲོལ་ཐོག་བྱང་ཆུབ་པ་ཡིན་ཙང་རྒྱལ་དར་ལའང་ཡར་རྒྱས་བཏང་སྟེ་མཐའ་ལ་འཛར་ལུ་སྦྱར་རྒྱུ་དང༌། ཡུ་བ་ལ་རྒྱུན་ལྡན་མ་ཡིན་པ་འདྲ་མིན་བཟོ་རྒྱུ་སོགས་བྱེད་ཀྱི་ཡོད། རྒྱལ་རྟགས་ཀྱི་ནང་དུའང་སེང་གེའི་ལག་པ་འཁྱེར་སྟངས་སྣ་ཚོགས་ཤིག་ད་ཕན་བྱུང་བསྡད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ནུས་པས་དེ་དག་ཐམས་ཅད་གཅིག་གྱུར་ཞིག་བཟོས་ཐུབ་མེད། ཡིན་ནའང་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཀྱི་རྣམ་པ་མཚོན་དགོས་པ་དང༌། རྒྱལ་ཁབ་ཀྱི་རྣམ་པ་མཚོན་ཐུབ་པའི་མི་རིགས་གཅིག་ཡིན་པའི་དན་རྟགས་གསལ་པོ་བཟོ་དགོས་ཀྱི་ཡོད་ཚེ་འདི་ཚོ་ཡང་དོན་གནད་ཆུང་ཆུང་ཞིག་ཏུ་མ་བརྩི་བར་ཐུགས་སྣང་གནང་དགོས་རྒྱུ་ཞིག་ཡིན། དཔྱ་ཁྲལ་ལག་དེབ་ལྟ་བུ་ལའང་སྔར་བྱུང་འཛིན་གྱི་སྦྱར་དམ་ནང་རི་མོ་གང་འབྲི་དགོས་མིན། དེ་མཚུངས་དཔྱ་ཁྲལ་ལག་དེབ་བཟོས་པའི་སྐབས་དེའི་ནང་རེའུ་མིག་ག་འདྲ་བཟོ་དགོས་མིན་སོགས་སྤྱི་འཐུས་ནས་བཀའ་ཁྲོལ་ཞུས་དགོས་པ་དང་ཞུ་གི་ཡོད། སྤྱི་འཐུས་རྒྱུན་ལས་ནས་ཀྱང་བཅའ་ཁྲིམས་དང་དེའི་འོག་གཏན་ལ་ཕབ་པའི་སྒྲིག་གཞིའི་ནང་གང་ཡོད་པ་གཟིགས་ཏེ་ཕེབས་དགོས་པ་ཞིག་ཡིན། ཡིན་ནའང་ཡར་རྒྱས་གཏོང་རྒྱུ་དང༌། མཛེས་སྤྲོས་བྱ་རྒྱུ། ཚོང་གི་རྣམ་པ་ཅན་དུ་བསྒྱུར་རྒྱུའི་ཐོག་ང་ཚོ་ཚང་མ་ཕེབས་ཀྱི་ཡོད་ན། ད་ལྟ་སྤྱི་འཐུས་ཤིག་གིས་གསུངས་པ་བཞིན་རེད། དེང་སང་བཟང་སྤྱོད་དང༌། ཡ་རབས་ཀྱི་རིན་ཐང༌། ལས་རྒྱུ་འབྲས་སོགས་ཅིའང་མི་དགོས། མི་ཡང་ཚོང་ཟོག་ལ་ཆགས་ཡོད། ཆོས་ཀྱང་ཚོང་ཟོག་ལ་ཆགས་ཡོད། འཇིག་རྟེན་ཡང་ཚོང་ཟོག་ལ་ཆགས་ཡོད། ཁྲོམ་ལ་བཙོངས་ཏེ་ཁེ་སྤོགས་རག་རྒྱུ་མེད་པ་ཞིག་ཡིན་ན་སུ་ལའང་མི་མཁོ་བ་ལ་ངོས་འཛིན་བྱེད་ཀྱིན་ཡོད། ད་ལྟ་སྒྲིག་གཞིའི་ནང་ལག་དེབ་གཅིག་ལ་མིང་གང་བཏགས་མིན་སྐོར་ཡིན་པས་ཚོགས་གཙོས་མིང་གཅིག་ལ་དགག་བྱ་དང་ཅིག་ཤོས་ལ་རྒྱབ་གཉེར་བྱ་རྒྱུ་གང་ཡང་མེད་ཀྱང༌། སྤྱིར་བཏང་གི་གནས་ཚུལ་ཞིག་དྲན་གསོའི་ཆེད་ཞུས་པ་ཡིན། ད་ལྟ་ང་ཚོས་གཏན་ལ་ཕབ་པའི་སྒྲིག་གཞིའི་ཡིག་ཆའི་ནང་ཚིག་བརྗོད་ ༡། རང་དབང་ལག་དེབ། ༢། རང་བཙན་ལག་དེབ། ༣། རང་དབང་གཅེས་འཛིན་ལག་དེབ། ༤། དཔྱ་ཁྲལ་ལག་དེབ་བཅས་བཞི་འཁོད་འདུག་པ་ལས། དཔྱ་ཁྲལ་ལག་དེབ་ཅེས་པ་འདིའི་ཐོག་གཅིག་གྱུར་བཟོས་པར་དགག་བྱ་གནང་མཁན་མེད་པར་བརྟེན་སྤྱི་མོས་ཐོག་ནས་གཏན་ལ་ཕབ་པ་ཡིན་པས་མིང་གཞན་གང་ཡོད་སར་དཔྱ་ཁྲལ་ལག་དེབ་ཅེས་པ་འདི་བཀོད་དགོས། དེ་ཡན་ཆད་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིའི་ཐོག་བརྗོད་པ་གཉིས་པ་གཏན་ལ་ཕབ་ཟིན་པ་ཡིན། འདི་གའི་ཐོག་ནས་བརྗོད་པ་གསུམ་པ་ཡང་ཕྱིན་པར་ངོས་འཛིན་ཞུ་རྒྱུ་ཡིན། ད་ལྟ་བཟོ་བཅོས་ཕྱིན་པས་ཚིག་བརྗོད་ཚང་མ་གཞུང་དུ་བཅུག་སྟེ་ཚོགས་གཙོའི་དན་རྟགས་འཁོད་པའི་སྒྲིག་གཞི་གསར་པ་དེ་ྋསྐྱབས་མགོན་རིན་པོ་ཆེའི་ཆོག་མཆན་ཞུ་རྒྱུའི་ཆེད་འབུལ་དགོས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མཚན་རྟགས་བཀོད་པའི་ཉིན་མོ་དེ་ནས་སྒྲིག་གཞི་གསར་པ་དེ་འགོ་འཛུགས་ལག་བསྟར་བྱེད་དགོས་ཤིང༌། དེའི་སྐབས་ནས་སྒྲིག་གཞི་རྙིང་པ་ཆ་ཚང་ཕྱིར་བསྡུ་ཕྱིན་པར་ངོས་འཛིན་བྱེད་རྒྱུ་རེད། སྒྲིག་གཞི་གསར་པ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་ལྟ་ཁྲིམས་སུ་བཅས་པ་རེད་དེ། ྋསྐྱབས་མགོན་རིན་པོ་ཆེའི་མཚན་རྟགས་མ་བཀོད་པའི་བར་ཁྲིམས་སུ་བཅས་པ་དེ་ཁྲིམས་ཀྱི་ངོ་བོར་གྲུབ་ཀྱི་ཡོད་མ་རེད། ྋསྐྱབས་མགོན་རིན་པོ་ཆེས་སྒྲིག་གཞི་གསར་པ་དེར་མཚན་རྟགས་བཀོད་པའི་སྐད་ཅིག་མ་དེ་ནས་ཁྲིམས་ཀྱི་ངོ་བོར་ཆགས་པ་དང་ཆབས་ཅིག་སྒྲིག་གཞི་རྙིང་པ་ཕྱིར་བསྡུ་འགྲོ་དགོས། སྤྱི་འཐུས་རྣམས་ལའང་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་གནང་དགོས་པ་དང༌། རྒྱ་ཆེ་མང་ཚོགས་ལ་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་གནང་དགོས་པ་དང༌། ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་ཀྱང་སྒྲིག་གཞི་གསར་རྙིང་མ་འཁྲུགས་པར་གནང་དགོས་པ་གལ་ཆེ། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡