སྐབས་བཅུ་གཉིས་པ་ཚོགས་དུས་དང་པོ་དབུ་འཛུགས་གསུང་བཤད།
ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོའི་ཡང་དག་པའི་དབུ་ཁྲིད་དང་ལམ་སྟོན་གྱི་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་རིང་ལུགས་ཀྱི་ནང་ལ་བསྐྱོད་པ་ནས་བཟུང་སྟེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་བར་སྐབས་སོ་སོའི་བསྒྲུབ་བྱའི་ལས་དོན་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ་དུས་ཡུན་ཚང་ནས་ད་ལྟའི་གནས་སྐབས་འདི་ལ་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་རང་དབང་ཅན་གྱི་འོས་བསྡུ་ལས་ཁང་གི་འོག་ཚད་ལྡན་གྱི་འོས་བསྡུ་བྱས་ཏེ་འོས་ཐོན་གྱི་སྤྱི་འཐུས་ཀྱི་གྲུབ་ཆ་ཚང་བ་དང?ཆབས་ཅིག སྤྱི་འཐུས་དམ་འབུལ་ཞུས་ནས་ད་ལྟ་སྐབས་བཅུ་གཉིས་པའི་སྤྱི་འཐུས་དངོས་སུ་ཚུགས་ཟིན་པ་དང༌། སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོའི་ཚོགས་འདུ་དེ་རིང་ནས་འགོ་འཛུགས་ཞུས་པ་དེ་འདྲ་ཡིན། དེ་རིང་གི་གནས་སྐབས་ལ་ ༡༩༩༡།༥།༢༩ ཉིན་མོ་དེར་གསར་བརྗེའི་རྣམ་པ་ཆེན་པོ་ཡོད་པའི་སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་ཞུས་ནས་ལོ་ལྔའི་ལས་ཡུན་བར་ཆད་མེད་པར་ཆ་ཚང་ཞིག་གྲུབ་པའི་རྗེས་ལ་ད་རིང་ ༡༩༩༦།༥།༣༡ ཉིན་མོ་དེར་སྐབས་བཅུ་གཉིས་པའི་སྤྱི་འཐུས་ཀྱི་དམ་འབུལ་ཞུས་ནས་ཚོགས་འདུ་དང་པོ་ཚོགས་རྒྱུའི་གོ་སྐབས་འདི་ལ་སྐབས་བཅུ་གཅིག་པའི་ལས་དོན་གྲུབ་འབྲས་དང་འགལ་རྐྱེན་བར་ཆད་ཇི་བྱུང༌། སྐབས་བཅུ་གཉིས་པའི་ལས་འཆར་དང་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་ཡར་རྒྱས་གཏོང་ཐབས་བཅས་དོན་གནད་འདི་བཞིའི་ཐོག་སེང་གེ་རྣམ་བསྒྱིངས་ཀྱི་གཟིགས་སྟངས་ཤིག་མཛད་དགོས་རྒྱུ་དེ་ང་ཚོ་ཚང་མའི་སྐབས་བབ་ཀྱི་ལས་འགན་ཞིག་ཡིན་པ་བཤད་མ་དགོས་པ་རེད། དེ་འདྲ་ཡིན་ཙང་ཐོག་མར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱི་ནང་ཐད་བསྐོས་སྤྱི་འཐུས་ཀྱི་ངོ་བོ་ལ་བསྡད་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཡོངས་རྫོགས་ཀྱི་སྤྱི་མོས་ཀྱིས་ཚོགས་གཙོ་འོས་འདེམས་བྱུང་བའི་ཚོགས་གཙོ་ཟུར་པ་དང༌། སྐབས་བཅུ་གཉིས་པ་ལའང་སྤྱི་འཐུས་ཡོངས་རྫོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་འོས་འདེམས་གནང་བའི་ཚོགས་གཙོ་གསར་པའི་ཆ་ནས་ད་ལྟ་འདིར་བཀའ་མོལ་ཞུ་མཁན་གྱི་གང་ཟག་བྱེ་བྲག་པ་འདིའི་ཐོག་ལ་སྐབས་བཅུ་གཉིས་པའི་སྤྱི་འཐུས་ཀྱི་ཚོགས་གཙོ་བྱ་རྒྱུའི་འོས་ཆོས་ཚང་བ་ཞིག་དང༌། ཚོགས་གཙོར་བཞག་ན་འགྲིགས་པ་ཞིག་གི་ཡིད་ཆེས་གནང་ནས་ངའི་ཐོག་ལ་ཚོགས་གཙོའི་ལས་འགན་ཆེན་པོ་ཞིག་བསྐུར་གནང་བ་དེ་ལ་ངས་གུས་ཞབས་ཆེན་པོའི་ཐོག་ནས་དྭང་ལེན་ཞུ་བ་དང་ཆབས་ཅིག་སྤྱི་འཐུས་ཚང་མ་ལ་དགའ་བསུ་ཞུ་རྒྱུ་ཡིན།
སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་དང་མཉམ་དུ་ལོ་ལྔའི་ལས་ཡུན་གྱི་རིང་ལ་ཐོག་མ་འདེམས་ཐོན་བྱུང་བ་དང༌། བར་མའི་འོས་བསྡུ་ལས་བྱུང་བ་ཚང་མ་བསྡོམས་པའི་སྤྱི་འཐུས་ལྔ་བཅུ་བརྒལ་བ་ཞིག་དང་མཉམ་དུ་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་འདུག དེའི་རིང་ལ་སྤྱི་འཐུས་ཚང་མས་སྤྱི་དོན་ལ་གཙོ་བོར་དགོངས་ནས་ཚོགས་གཙོའི་ཚོགས་འདུ་བཏང་འཛིན་གྱི་ལས་དོན་བྱེད་ཕྱོགས་དང་རྒྱུན་ལས་ནང་གི་ལས་དོན་བྱེད་ཕྱོགས་ཚང་མ་ལ་མཐུན་འགྱུར་དང་རོགས་རམ་བླ་ན་མེད་པ་གནང་ནས་ང་ཚོའི་ལས་དུས་གཅིག་ཆ་ཚང་ཁྱུར་བ་བྱུང་བ་ཡིན་ཙང༌། འདས་པའི་སྤྱི་འཐུས་ཚང་མ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་ཚིག་བརྗོད་འདི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་དེབ་ཐེར་ཐོག་ལ་གཞག་རྒྱུའི་འདོད་པ་བྱུང༌། དམིགས་ཀྱིས་བཀར་ནས་སྐབས་བཅུ་གཉིས་པའི་ཚོགས་གཙོ་ཕྱག་སྦྲེལ་ཚོགས་གཙོ་གཞོན་པ་བྱ་དུར་བསོད་ནམས་བཟང་པོ་ལགས་སྐབས་དེ་དུས་ཚོགས་གཞོན་ལ་འོས་འདེམས་བྱུང་བ་རེད། ཐོག་མ་ཚོགས་གཞོན་ལ་འོས་འདེམས་བྱུང་བའི་སྐབས་དེའི་སྔོན་ཞལ་ཚོར་དང་འགྲོགས་འདྲིས་གང་ཡང་མེད་པ་སོང་ཙང༌། ལོ་ལྔའི་རིང་ལ་ཕྱག་སྦྲེལ་བྱས་ཏེ་ལས་དོན་ཞབས་ཕྱི་ཞུ་རྒྱུའི་ཐོག་དཀའ་ངལ་ཆེ་ཆུང་ག་འདྲ་ཡོང་གི་ཡོད་དམ་བསམ་པའི་ཐེ་ཚོམ་བྱུང༌། ཡིན་ནའང་དམ་འབུལ་ཞུས་པའི་ཉིན་ནས་བཟུང་སྟེ་ཁ་སང་མ་ཁྱུར་གྱི་བར་དུ་ཚོགས་གཙོ་གཉིས་ཀྱི་ངོས་ནས་མཉམ་འདུས་ཀྱི་ལས་འགན་ཞུ་ཕྱོགས་ཀྱི་ཐད་ལ་ཡར་རླངས་ཤོར་དང༌། མར་ཐིགས་ཤོར་མེད་པར་ཧ་ཅང་གིས་ཐུགས་གུ་ཡངས་པོ་དང༌། མཐུན་ལམ་དམ་ཟབ་ཀྱི་ཐོག་ནས་ཚོགས་གཙོ་གཉིས་ཀྱི་འགན་དེ་ཡག་པོ་བྱས་ཏེ་ཁྱེར་ཐུབ་པ་བྱུང་བ་ཡིན་པ་སོང་ཙང༌། ངས་དམིགས་བསལ་གྱིས་ཁོང་ལ་བསྔགས་བརྗོད་དང་ལེགས་སོ་ཞུ་གི་ཡོད། དེ་ཙམ་དུ་མ་ཟད་པའི་ཚོགས་གཙོའི་ལས་དོན་མང་པོ་ཞིག་མཉམ་དུ་ཞུ་དགོས་ཀྱི་ཡོད་པ་དང༌། སྤྱི་འཐུས་ལྷན་ཁང་རང་གི་ཕྱི་ལ་བྱེད་དགོས་པའི་ལས་དོན་མང་ཆེ་བ་ཞིག་འགན་འཁུར་ཞུ་དགོས་པའི་དབང་གིས་ཚོགས་གཙོའི་དུས་ཚོད་མང་ཤོས་དེ་ཕྱི་ལ་བཏང་བ་མ་གཏོགས་རྡ་རམ་ཤཱ་ལཱར་བསྡད་རྒྱུའི་གོ་སྐབས་ཡོང་གི་ཡོད་མ་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཞི་བཟུང་ཚོགས་གཙོས་ལས་དོན་མང་པོ་མཉམ་དུ་བྱེད་ཆོག་པ་དང༌། ཕྱི་ལ་བསྡད་ན་འགྲིགས་པའི་བཀའ་ཁྲོལ་ལྟར་ལོ་ལྔའི་རིང་ལ་རྡ་རམ་ཤཱ་ལཱར་བསྡད་རྒྱུའི་དུས་ཚོད་ལས་ཕྱི་ལ་འགྲོ་རྒྱུའི་དུས་ཚོད་དེ་མང་བ་ཆགས་ཡོད་རེད། དེ་འདྲ་ཡིན་ཙང་ཚོགས་གཙོ་གཞོན་པས་ནང་གི་ཨ་མ་ལྟ་བུ་བྱས་ནས་རྒྱུན་ལས་ཀྱི་དབུ་འདོམས་གནང་རྒྱུས་མཚོན་པའི་ཉིན་རེ་ཉིན་རེའི་ལས་དོན་ཡོངས་སུ་རྫོགས་པ་ཐུགས་འགན་བཞེས་དགོས་བྱུང་བ་རེད། གྲོས་ཚོགས་ཀྱི་ལས་དོན་ལ་ཆ་མཚོན་པ་ཡིན་ནའང༌། ཚོགས་གཙོ་དྲན་པ་བརྟན་པོ་མེད་པ་དང༌། བརྗེད་ངས་ཆེན་པོ་ཡིན་ཙང༌། གནས་ཚུལ་འགའ་ཤས་སྔར་ཟིན་པ་དེ་ཚོ་མ་དྲན་པ་བྱས་ནས་སྔ་ཕྱི་འགལ་བའི་གནས་ཚུལ་མང་པོ་ཡོང་བའི་སྐབས་ལ། ཚོགས་གཙོ་གཞོན་པས་ཐུགས་རིག་བརྟན་པོའི་ཐོག་ནས་སྒྲིག་ལམ་དང༌། ཁྲིམས་ལུགས། འདས་པའི་ཐག་གཅོད་ཀྱི་རིགས་དེ་ཚོ་དུས་ཐོག་དུས་ཐོག་ལ་དྲན་གསོ་གནང་བ་དེས་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་བྱུང༌། སྤྱི་འཐུས་ལྷན་ཁང་གི་མ་དེབ་ཀྱི་བཟོ་འདྲ་པོ་བྱས་ཏེ་བཞུགས་པ་རེད། ལར་ནས་སྐབས་མང་པོའི་སྤྱི་འཐུས་གནང་བའི་ཉམས་མྱོང་རྒྱུན་རིང་ཡོད་པ་སོང་ཙང༌། འདས་པའི་ལོ་རྒྱུས་ཀྱི་ཐོག་ལ་གོ་རྟོགས་ཡོང་རྒྱུའི་ཐོག་ལའང་ཕན་ཐོགས་ཆེན་པོ་བྱུང༌། དེར་བརྟེན་སྐབས་བབ་ཀྱི་ལས་དོན་ཐག་གཅོད་བྱེད་སྐབས་ལའང་ཕན་ཐོགས་ཆེན་པོ་བྱུང༌། དེ་འདྲ་ཡིན་ཙང་ཚོགས་གཙོ་གཉིས་རྣམ་ཀུན་ཞུ་རེས་བཤད་རེས་བྱ་དགོས་དེ་འདྲ་ནམ་ཡང་མ་བྱུང༌། ཡག་པོ་བྱས་ཏེ་མཉམ་འདུས་ཀྱི་ལས་འགན་འཁྱེར་ཐུབ་པ་དེ་ཚོགས་གཙོ་གཞོན་པའི་དམིགས་བསལ་གྱི་མཛད་རྗེས་ཤིག་ཡིན་པར་ངས་ངོས་ལེན་ཞུ་རྒྱུ་ཡིན། སྤྱི་འཐུས་གཞན་དག་ཚོ་དང༌། སྤྱི་ཚོགས་ཀྱི་ནང་ནས་ཉམས་མྱོང་དང་གཟིགས་ཚུལ་གང་བྱུང་ཡོད་དམ་མེད། དེ་ནི་གནས་ཚུལ་ཐ་དད་རེད། ཚོགས་གཙོ་གཉིས་ཀྱི་བར་གྱི་མཉམ་འདུས་ཀྱི་ལས་འགན་འཁྱེར་ཏེ་འབྲེལ་བ་བྱེད་སྟངས་ཀྱི་ཐོག་ལ་ང་རང་གིས་ཐག་བཅད་ནས་ལབ་ཐུབ་པའི་གནས་ཚུལ་ཞིག་རེད། དེས་ན་ད་རེས་ཁྱུར་འགྲོ་མཁན་གྱི་ཚོགས་གཙོ་གཞོན་པ་ཟུར་པར་ངས་ཡང་ནས་ཡང་དུ་ཐུགས་རྗེ་ཆེ་གནང་ཞེས་གྲོས་ཚོགས་ཀྱི་ནང་ལ་ཞུ་འདོད་བྱུང༌། ཚོགས་གཙོ་གཞོན་པ་གསར་པ་འོས་འདེམས་བྱེད་སྐབས་ང་རང་གི་བསམ་བློའི་ནང་ཚོར་བ་དམིགས་བསལ་ཞིག་བྱུང༌། ཚོགས་གཙོ་རྙིང་པ་རང་འཇགས་བྱུང་བ་ཡིན་ན་ང་རང་ལ་ལྟོས་ཏེ་མི་འདྲིས་ལྷ་འདྲིས་སོང་བ་ཡིན་ཙང༌། སྟབས་བདེ་པོ་ཞིག་ཡོང་རྒྱུར་མངོན་པ་ཞིག་རེད། དེ་འདྲ་ཡིན་དུས་རང་དོན་རྐྱང་པའི་ཆ་ནས་བསམ་བློ་གཏོང་བ་ཡིན་ན་ཚོགས་གཙོ་རྙིང་པ་རང་འཇགས་ཐོབ་པ་ཡིན་ན་དགའ་དགོས་པའི་གནས་སྟངས་ཤིག་ཡོད་རེད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་བསམ་བློ་གཏོང་བ་ཡིན་ན་ཚོགས་གཙོ་རྒན་གཞོན་གཉིས་ཀ་འགྱུར་བ་མ་ཐེབས་ན། མང་གཙོའི་རིང་ལུགས་ཀྱི་ནང་ག་དུས་ཡིན་རུང་འགོ་ལ་སྡོད་མཁན་དང་འགོ་ཁྲིད་མཁན་དེ་དག་དུས་ཐོག་དུས་ཐོག་ལ་འགྱུར་བ་འགྲོ་རྒྱུ་དེ་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད་པ་ཡིན་ཙང༌། གསར་པ་དེ་གཞན་པ་ཞིག་བྱུང་བ་ཡིན་ནའང་ཡག་པོ་ཡོང་ས་རེད་བསམ་པའི་ཚོར་སྣང་དེ་འདྲ་ཞིག་བྱུང༌། དེ་འདྲ་ཡིན་པ་སོང་ཙང་སྔར་རྒྱུན་རང་འཇགས་དང༌། གསར་བརྗེ་འགྱུར་བ་གཉིས་ཀྱི་བར་ལ་བསམ་བློ་ཚོར་བ་མི་འདྲ་བ་གཉིས་ཤུགས་མཉམ་པ་ཞིག་སླེབས་ཡོང་དུས་སྐབས་ལ་བཀའ་གདམས་པ་གོང་མ་ཚོས་གསུངས་པ་ནང་བཞིན་བྱབྱགང་བྱུང་རོ་སྙོམས་ཀྱི་ངང་བྱབྱ ལ་ག་རེ་བྱུང་ནའང་འགྲིགས་པ་བྱས་ནས་བཏང་སྙོམས་ཀྱི་ཚུལ་དུ་གཞག་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག་བསམ་པ་དྲན་བྱུང༌། དེ་ད་རེས་འགྱུར་བ་ཕྱིན་པ་རེད། འགྱུར་བ་ཕྱིན་པའི་སྐབས་ལ་སྤྱི་འཐུས་རྣམ་པ་སུ་འདྲ་ཞིག་ཚོགས་གཞོན་གསར་པར་ཕེབས་པ་ཡིན་རུང༌། ཚོགས་གཙོའི་ངོས་ནས་འབྲེལ་བ་ཞུ་ཕྱོགས་དང༌། མཉམ་འདུས་ཀྱི་ལས་འགན་འཁྱེར་ཕྱོགས་སྔར་ལྟར་གཅིག་གྱུར་བྱེད་རྒྱུ་ཞིག་མ་གཏོགས། གང་ཟག་བྱེ་བྲག་པ་ལ་ལྟོས་ཏེ་འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་རེད། དེ་འདྲ་སོང་ཙང་འདི་བྱུང་ན་དགའ་བ་དང༌། འདི་བྱུང་ན་མི་དགའ་བའི་བསམ་ཚུལ་ཟུར་ཙམ་མེད་པ་ཡིན་ནའང༌། མཐའ་མའི་འོས་ཤོག་དངོས་སུ་ཐོན་པའི་སྐབས་ལ་སྔ་མ་ནང་རྒྱུས་ཡོད་པ་དང་འགྲོགས་འདྲིས་བྱས་མྱོང་བའི་གང་ཟག་ཅིག་ཐོན་པ་སོང་ཙང༌། ད་གིན་སྔོན་ལ་བྱུང་བའི་མི་གསར་པ་ཞིག་དང་མཉམ་དུ་གཞི་ནས་འབྲེལ་བ་གསར་པ་ཞིག་བཟོ་དགོས་བྱུང་ན་དཀའ་ངལ་ཡོང་གི་རེད་བསམ་པའི་ཚོར་བ་དེ་ཡང་བརླགས་ཏེ་སེམས་བདེ་པོ་བྱུང༌། སྔ་མ་འགྲོགས་འདྲིས་ཡོད་པའི་རྒྱུ་མཚན་གྱིས་ལས་དོན་གྱི་ཐོག་ལ་མཉམ་དུ་འགྲོགས་འདྲིས་བྱེད་པའི་སྐབས་ལ་གྲ་འགྲིགས་པོ་དང་ལས་སླ་པོ་ཡོང་བའི་ངེས་པ་གང་ཡང་ཡོད་མ་རེད། ཡིན་ནའང་ཕན་ཚུན་སྐད་ཆ་བཤད་རྒྱུ་དང༌། གཅིག་གིས་གཅིག་ལ་གནས་ཚུལ་གསལ་པོ་བཟོ་རྒྱུ་ལ་མི་གསར་པ་ཞིག་ལས་ལས་སླ་བ་ངེས་པར་དུ་ཡོང་མདོག་ཁ་པོ་རེད་བསམ་གྱི་ཡོད། དེ་དག་ང་རང་སྒེར་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་དང༌། ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞུ་དགོས་པ་ཞིག་ཆགས་སོང༌། མདོར་བསྡུ་ན་ཚོགས་གཙོ་གཉིས་ཀྱི་ངོས་ནས་ལས་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ཤུགས་ཏོག་ཙམ་བརྒྱབ་ཐུབ་པ་ཡིན་ན། གཅིག་རང་འཇགས་བསྡད་པ་ཡིན་ཙང༌། སྔོན་མའི་སྲོལ་རྒྱུན་རྒྱུས་ཡོད་བྱེད་རྒྱུ་དང༌། གཅིག་གསར་པ་སླེབས་པ་ཡིན་ཙང་གསར་བརྗེ་དང་མདུན་སྤོས་ཡོང་རྒྱུའི་དགེ་མཚན་གཉིས་ཆ་ཡོད་པ་འདྲ་པོ་ཞིག་བྱུང་འདུག སྐབས་བཅུ་གཅིག་པའི་སྤྱི་འཐུས་སྤྱི་ཡོངས་ཀྱི་ཆ་ནས་ལོ་ལྔའི་ལས་རིམ་གྱི་གནས་ཚུལ་དེ་ལ་ང་ཚོས་ཕྱི་བལྟས་བྱས་པའི་སྐབས་སུ་གཞི་རིམ་གྱི་གནས་ཚུལ་ཁ་ཤས་ཤིག་ང་ཚོས་ཐུགས་ལ་གཞག་དགོས་ཀྱི་གནད་འགག་ཅིག་ཡོད་རེད། སྐབས་བཅུ་པ་ཕན་ཆད་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོ་གྲོས་འདེབས་ཀྱི་ཚོགས་འདུ་ཞིག་གི་ངོ་བོ་ཡོད་པ་དེ་གློ་བུར་ཞིག་ལ་ྋསྐྱབས་མགོན་རིན་པོ་ཆེས་ཁྲིམས་བཟོའི་དབང་ཚད་ལྡན་པའི་གྲོས་ཚོགས་ཀྱི་ངོ་བོ་ལ་བསྒྱུར་གནང་བ་རེད། མི་གྲངས་མང་དུ་བཏང་བ་དང༌། ཚོགས་འདུའི་ངོ་བོ་བསྒྱུར་གནང་བ་དེ་ལས་ལམ་སྟོན་རླབས་ཆེན་གཉིས་བྱུང་བ་རེད། དང་པོ་སྤྱི་འཐུས་རྣམས་སྤྱི་ཡོངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་དུ་འདེམས་བསྐོ་བྱས་པའི་སྤྱི་འཐུས་ཤིག་ཡིན་ནའང༌། ལས་འགན་དང་པོ་དེ་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་བྱེད་དགོས་བྱུང་བ་རེད། དབྱིན་ཇིའི་སྐད་ལ་ Constituent Assembly ཟེར་དངོས་གནས་བྱས་པ་ཡིན་ན་རྒྱུན་ལྡན་གྱི་ཁྲིམས་བཟོའི་ལས་དོན་དང༌། རྩ་ཁྲིམས་ཁྲིམས་བཟོའི་ལས་དོན་གཉིས་པོ་དེ་ཚོགས་འདུ་མི་འདྲ་བ་ཞིག་གིས་བྱེད་དགོས་པ་ཞིག་རེད། འོན་ཀྱང་ང་རང་ཚོའི་བཙན་བྱོལ་གྱི་གནས་བབས་དང་བསྟུན་ནས་དུས་ཚོད་ཐུང་ཐུང་ཞིག་གི་དོན་དུ་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཤིག་འོས་འདེམས་བྱེད་རྒྱུ་དང༌། ཡང་བསྐྱར་ཁྲིམས་བཟོ་ལྷན་ཚོགས་ཤིག་འོས་འདེམས་བྱ་རྒྱུ་དེའི་དགོས་མཁོ་མ་གཟིགས་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་རང་གིས་རྩ་ཁྲིམས་ཁྲིམས་བཟོའི་ལས་དོན་གྱི་འགན་དེ་འཁྱེར་དགོས་ཀྱི་རེད་ཅེས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ཕེབས་པ་བཞིན། ང་རང་ཚོས་ཉི་མ་བཅོ་ལྔ་བཅུ་དྲུག་ཅིག་གི་རིང་ལ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚུལ་དུ་སྒྲིག་གཞི་དམིགས་བསལ་བ་ཞིག་གི་འོག་ལ་ང་ཚོས་ཕྱག་ལས་གནང་ནས་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། བཅའ་ཁྲིམས་གཏན་འབེབས་གནང་བ་དེ་ྋསྐྱབས་མགོན་རིན་པོ་ཆེ་ལ་སྙན་གསན་ཞུས་ཏེ་བཀའ་ཁྲོལ་ཕེབས་པ་ནས་བཟུང་སྟེ། ང་ཚོས་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་བཟུང་གིས་ཁྲིམས་བཟོ་ལྷན་ཚོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོ་ལ་བསྒྱུར་བ་རེད། དེ་ནས་བཟུང་སྟེ་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་གནང་བ་རེད། དེའི་འོག་ལ་ད་ལྟ་བར་དུ་ང་ཚོས་ཁྲིམས་བཟོའི་ལས་དོན་བྱས་ནས་བསྡད་པ་རེད། དེ་དང་ཆབས་ཅིག་ཏུ་ང་རང་ཚོ་ལ་དམིགས་བསལ་གྱི་དགོས་མཁོ་གཞན་པ་ཞིག་ག་རེ་བྱུང་བ་རེད་ཟེར་ན། དབང་ཚད་དང་ལས་དོན་བྱེད་ཕྱོགས་བགོ་བཤའ་ཐེབས་པའི་དེང་རབས་ཀྱི་མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་གི་འོག་ནས་ཁྲིམས་བཟོ་དབང་འཛིན། འཛིན་སྐྱོང་དབང་འཛིན། ཁྲིམས་ལུགས་དབང་འཛིན་གསུམ་དེ་ལས་དོན་སྡེ་ཚན་སོ་སོར་ཕྱེ་བའི་འོག་ནས་ང་ཚོས་ཁྲིམས་བཟོའི་དབང་འཛིན་གྱི་ལས་དོན་དེ་ཞུ་གི་ཡོད་རེད། འོན་ཀྱང་ཁྲིམས་བཟོ་དབང་འཛིན་གྱིས་འཛིན་སྐྱོང་དང་འབྲེལ་བ་བྱེད་ཕྱོགས་ཀྱི་ཐད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་གྲོས་ཚོགས་ཀྱི་ལམ་སྲོལ་དང་སྲིད་འཛིན་གྱི་ལམ་སྲོལ་གཉིས་ཀ་མིན་པར། ང་རང་ཚོའི་སྐབས་བབ་ཀྱི་དགོས་མཁོ་དང་འཚམས་པའི་ལམ་སྲོལ་ཞིག་གི་འོག་ནས་ཡོད་པ་དེ། ང་ཚོའི་དགེ་མཚན་ཞིག་ཀྱང་རེད་ལ། ང་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་རེད། དེ་དང་ཆབས་ཅིག་ཏུ་མང་གཙོའི་ལམ་སྲོལ་ཡོངས་སུ་རྫོགས་པ་ལག་ལེན་བསྟར་དགོས་པ་གང་ཞིག་ལ། སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་ཤིག་གི་ཐོག་ནས་བྱེད་དགོས་པ་འདི་ང་ཚོའི་གཟི་བརྗིད་དང་དཀའ་ངལ་གཉིས་པ་འདྲ་པོ་དེ་རེད། དེའི་འོག་ནས་ང་ཚོས་ག་རེ་བྱེད་དགོས་ཀྱི་ཡོད་རེད་ཟེར་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་བསྒྲུབ་བྱའི་ཐོག་ནས་གཞུང་འབྲེལ་ཚོགས་པའི་ལས་འགན་ཡོངས་སུ་རྫོགས་པ་བསྒྲུབས་ནས་གཞུང་གི་ཆབ་སྲིད་ལམ་སྟོན་དང་ལས་དོན་གྱི་འཆར་གཞི་ཚང་མ་གཏན་འབེབས་གནང་དགོས་པ་ཞིག་དང༌། ཕྱོགས་འགལ་ཚོགས་པའི་ལས་འགན་ཡོངས་སུ་རྫོགས་པ་དེ་ཡང་སྤྱི་འཐུས་སྤྱི་ཡོངས་ཀྱིས་བསྒྲུབས་ནས་ལས་དོན་དངོས་སུ་ལག་ལེན་བསྟར་བའི་སྐབས་ལ་ཉིན་རེ་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཞུ་དག་གཏོང་རྒྱུ་དང༌། དེའི་ཐོག་ལ་དྲི་བ་དྲིས་ལན་བྱེད་རྒྱུ། རྩིས་ལེན་རྒྱུའི་ལས་འགན་དེ་ཡང་ལྷན་ཚོགས་སྤྱི་ཡོངས་ཀྱི་ངོ་བོའི་ཆ་ནས་འགྲོ་དགོས་རྒྱུ། དེ་འདྲ་ཡིན་ཙང་ང་རང་ཚོའི་མདུན་ལ་དཀའ་རྙོག་གམ་ Challenge སྣ་ཚོགས་ཡོད་པ་ཞིག་དང༌། དེ་གདོང་ལེན་བྱེད་མཁན་གྱི་གང་ཟག་དེ་དག་ཀྱང་ལྷག་བསམ་དང་སྙིང་སྟོབས་ཀྱི་ཆ་ནས་གཞན་དྲིང་མེད་པ་ཞིག་ཡོད་པ་ཡིན་ནའང༌། མང་ཆེ་བ་དེང་རབས་ཀྱི་གྲོས་ཚོགས་ཀྱི་ལམ་སྲོལ་དང་མང་གཙོའི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་མཐོ་པོ་མེད་པ་ང་དང་ང་འདྲ་བ་ཞིག་སླེབས་ཡོད་པ་ཡིན་ཙང༌། ང་ཚོས་ལས་འགན་དེ་འཁྱོག་གི་ཡོད་དམ་མེད། འགྲུབ་ཡོང་ངམ་མི་ཡོང་བསམ་པའི་དྭོགས་པ་བྱེད་དགོས་པ་ཞིག་གི་གནས་ཚུལ་ཐོག་ནས་ང་ཚོས་འགོ་འཛུགས་བྱས་པ་རེད་དེ། ང་ཚོས་འཇོན་པོ་རྒོད་པོ་ཞེ་པོ་བཏང་བའི་ལོ་རྒྱུས་ཀྱི་ཕྲེང་བ་རིང་པོ་སྤེལ་རྒྱུ་གང་ཡང་ཡོད་མ་རེད། ལོ་ལྔའི་དུས་ཡུན་མ་རྫོགས་གོང་ནས་སྤྱི་འཐུས་ལྷན་ཚོགས་ཕྱིར་བསྡུ་བྱ་མ་དགོས་པར་གནས་ཐུབ་པ་ཁོ་རང་གཟི་བརྗིད་གྲུབ་འབྲས་ཤིག་ལ་བརྩིས་པ་ཡིན་ན། བརྩི་ཆོག་པ་ཞིག་རེད་བསམ་གྱི་འདུག གང་ལགས་ཤེ་ན། ང་ཚོས་ཐོག་མ་ཚོགས་དུས་དང་པོ་ཚོགས་པ་ནས་བཟུང་སྟེ་སྤྱི་འཐུས་ལྷན་ཚོགས་ཕྱིར་བསྡུ་བྱེད་དགོས་པའི་མང་ཚོགས་ནང་བསམ་ཚུལ་འདོན་མཁན་དང༌། བསམ་ཚུལ་དེ་བརྒྱུད་རིམ་སྣ་ཚོགས་ཤིག་གི་ཐོག་ནས་མྱོང་ཚོར་བྱུང་ཡོད་པ་དེ་ང་རང་ཚོ་ཚང་མས་ཐུགས་དྲན་གསོས་པ་ཞིག་རེད། འོན་ཀྱང་མང་གཙོའི་དཀའ་རྙོག་དེ་མང་གཙོའི་ཐབས་ལམ་གྱི་ཐོག་ནས་སེལ་ཐུབ་པའི་འབད་རྩོལ་ཞིག་སྐབས་བཅུ་གཅིག་པ་ཚོས་གནང་སྟེ་ལོ་ལྔ་ཆ་ཚང་བ་དེ་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་དང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་ད་ལྟ་གསེར་ཞལ་འཚོ་བཞུགས་དང༌། གསེར་ཞལ་འཚོ་བཞུགས་མེད་པ། སྐབས་བཅུ་གཉིས་པའི་གྲོས་ཚོགས་ནང་ལ་ཕེབས་པ་དང༌། མ་ཕེབས་པ་བཅས་ཚང་མའི་ཕྱག་ལས་ཀྱི་གྲུབ་འབྲས་ཤིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཅིག་ནས་ བྱབྱརང་གིས་རང་བསྐྱགས་རྣ་བས་རིལ་བ་བསྐྱགས་བྱབྱ ཟེར་བ་བཞིན་ཆགས་འགྲོ་གི་ཡོད་རེད་དེ། ཕྱོགས་གཞན་པ་ཞིག་ནས་ང་རང་ཚོ་རང་གིས་བསྡོམས་ཤིག་བརྒྱབ་པ་ཡིན་ན་ལས་དོན་ཐོག་ནས་འདི་འགྲིགས་འདུག་ཅེས་ལབ་ཆོག་པ་ཞིག་ཆགས་ཀྱི་ཡོད་རེད་དྲན་གྱི་འདུག འདི་དང་ཆབས་ཅིག་ང་ཚོས་གསལ་པོ་བྱས་ཏེ། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་འགོ་འཛུགས་ཐོག་ལ། ང་ཚོས་བྱ་རྒྱུའི་བསམ་བློ་བཏང་ནས་བྱས་མ་ཐུབ་པར་ལུས་བསྡད་པ་གང་ཡོད་པ་དེ་དག་མདོར་བསྡུས་ཤིག་ཕྱོགས་བསྡོམས་ཞུ་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཆགས་ཀྱི་འདུག སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ང་ཚོས་བསམ་བློ་བཏང་བ་དེ་དག་དགོས་པ་མེད་པ་དང་མི་འོས་པ་ཞིག་ལ་གཟིགས་པ་ཡིན་ན། མུ་མཐུད་དེ་དགོས་པ་མི་འདུག་ཅེས་ཐག་གཅོད་ཐུབ་པ་ཞིག་དགོས། གལ་ཏེ་དགོས་པ་ཡོད་པ་ཞིག་དང་མུ་མཐུད་དགོས་པར་གཟིགས་པ་ཡིན་ན། སྔ་མ་ལས་ནུས་ཤུགས་ཆེ་བའི་ཐོག་ནས་དེ་རྒྱུན་ཁྱོང་གནང་རྒྱུར་ཐུགས་ཁྱད་ཡོང་གི་རེད་བསམ་དྲན་བྱུང༌། དེ་འདྲ་མང་པོ་ཞིག་ཡོད་དུས་གཅིག་དང་གཉིས་ངས་ཚོགས་འདུ་འགོ་འབྱེད་ཀྱི་གསུང་བཤད་འདིའི་ཐོག་ནས་སྙན་གསན་ཞུ་ཐུབ་པ་ཞིག་ཡོད་མ་རེད་དེ། འོན་ཀྱང་གལ་ཆེ་བ་རེ་ཟུང་ཞིག་ཞུས་ན། ང་ཚོའི་ལས་དོན་མ་གྲུབ་པ་ཆེ་ཤོས་ནི་ས་གནས་འཐུས་མིའི་གྲོས་ཚོགས་ཡོངས་སུ་རྫོགས་པ་དེ་སྲ་ཐག་ཐག་ཅིག་བཟོ་མ་ཐུབ་པར་ལུས་བསྡད་ཡོད་པ་དེ་རེད། སྐབས་བཅིུག་པའི་སྤྱི་འཐུས་ཀྱིས་ཐོག་མར་བཅའ་ཁྲིམས་གཏན་འབེབས་བྱེད་སྐབས་ནས་ས་གནས་འཐུས་མིའི་གྲོས་ཚོགས་སྲ་ཐག་ཐག་ཡོང་ཐུབ་ཀྱི་མ་རེད་བསམ་པའི་བསམ་ཚུལ་དེ་དང་པོ་ནས་ང་ཚོས་འཁྱེར་སྡོད་ཡོད་རེད། དེ་ནས་སེམས་ཤུགས་ཆག་པའི་བཟོ་འདྲ་ཞིག་ཡོད་རེད། ང་ཚོ་ཚང་མར་རྒྱུས་ཡོད་ཡིན་ཙང༌། འདི་གྲུབ་ཀྱི་མ་རེད་ཅེས་བཅའ་ཁྲིམས་ཀྱི་ཟིན་བྲིས་ཐོག་ལ་འགྱུར་བ་བཏང་ནས། ྋསྐྱབས་མགོན་རིན་པོ་ཆེ་ལ་ད་འདི་དཀའ་ལས་ཆེན་པོ་འདུག་ཅེས་ཕུལ་བ་རེད་དེ། ཆོག་མཆན་མ་ཐོན་པ་རེད། གྲུབ་མིན་ལ་མ་ལྟོས་པར་ང་ཚོས་ཨུ་ཚུགས་བརྒྱབ་དགོས་རེད་ཅེས་བཀའ་ཕེབས་པ་སོང་ཙང༌། ང་ཚོས་གསར་དུ་བཅའ་ཁྲིམས་ནང་ལ་བཞག་པ་ཞིག་རེད། བྱས་ཙང་གཅིག་བྱས་ན་ང་ཚོས་ཐོག་མ་ནས་སེམས་ཤུགས་དེ་སྲ་ཐག་ཅིག་མ་འཁྱེར་བ་དེས་རྗེས་མ་དངོས་སུ་ལག་ལེན་ལ་བསྟར་བའི་སྐབས་ལའང༌། ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ས་གནས་འཐུས་མིའི་གྲོས་ཚོགས་དེ་དག་རང་གི་རྐང་པའི་ཐོག་ལ་རང་ལང་ཐུབ་པ་ཞིག་དང༌། ས་གནས་ཀྱི་ལས་དོན་མང་པོའི་ཐོག་ལ་ཕན་ནུས་འབྲེལ་བའི་ཐག་གཅོད་བྱེད་ཐུབ་པ་ཞིག མ་འོངས་བོད་རང་དབང་བསྐྱར་གསོ་བྱུང་བའི་སྐབས་ལ་མངའ་སྡེ་སོ་སོའི་ས་གནས་གྲོས་ཚོགས་ཀྱི་ངོ་བོ་ཞིག་ལ་ཕར་བསྒྱུར་ཐུབ་རྒྱུའི་གནས་ཚུལ་ཞིག་ང་ཚོས་ད་ལྟའང་བཟོ་ཐུབ་ཡོད་མ་རེད། ས་གནས་འགའ་ཤས་ལ་ས་གནས་གྲོས་ཚོགས་ཚུགས་མ་ཐུབ་པ་དང༌།ས་གནས་གྲོས་ཚོགས་ཚུགས་ཐུབ་པ་དེ་དག་ཀྱང་ཕན་ནུས་འབྲེལ་བའི་ཚོགས་འདུ་གནང་མི་ཐུབ་པ་དང༌། ཡང་ས་གནས་འགའ་ཤས་ལ་ནི་ཕུན་སུམ་ཚོགས་པ་ཆགས་ཡོད་རེད། འོན་ཀྱང་མང་ཉུང་བརྩི་བ་ཡིན་ན་མང་ཆེ་བ་ཞིག་ལ་སྲ་ཐག་ཐག་ཅིག་ཆགས་ཡོད་མ་རེད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞི་བཟུང་ས་གནས་འཐུས་མིའི་གྲོས་ཚོགས་དེ་དག་ཚད་ལྡན་ཡོང་བ་ཞིག་དང༌། ས་གནས་འཐུས་མིའི་གྲོས་ཚོགས་དང་ས་གནས་འགོ་འཛིན་གཉིས་ཀྱི་བར་ལ་གྲོས་ཚོགས་དང་འཛིན་སྐྱོང་གི་འབྲེལ་བ་བཞག་སྟངས་དེ། རྡ་རམ་ཤཱ་ལཱར་སྤྱི་འཐུས་དང་བཀའ་ཤག་གི་བར་དུ་འབྲེལ་བ་བྱེད་སྟངས་དང་མཚུངས་པ་ཞིག་ཡོང་ཐུབ་པ་བཟོ་རྒྱུ་དེ། ང་རང་ཚོ་སྤྱི་འཐུས་ཀྱི་སྐབས་བབ་ཀྱི་ལས་འགན་ཞིག་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་སྐབས་བཅིུག་པའི་ལས་དོན་འཕྲོ་འཛར་ལུས་པའི་ནང་ནས་དགོངས་པ་བཞེས་དགོས་པ་གཅིག་འདི་ཡིན་བསམ་དྲན་གྱི་ཡོད། ཁྲིམས་ལུགས་ཀྱིས་དབང་སྒྱུར་བྱེད་པའི་ལམ་སྲོལ་འོག་ལ་ང་ཚོ་ཕེབས་དགོས་ཀྱི་ཡོད་པ་ཡིན་ཙང༌། ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་ག་འདྲ་ཞིག་ཡིན་རུང༌། ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱས་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་དེ་སྨོས་མ་དགོས་པ་ཞིག་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལོ་ལྔའི་རིང་ལ་ཁྲིམས་བཟོའི་ལས་དོན་མང་དག་ཅིག་བྱས་ཡོད་པ་རེད། ཁྲིམས་དང་སྒྲིག་ལམ་མང་པོ་ཞིག་བཟོས་ཡོད་རེད། ང་ཚོའི་སྐབས་བབ་ཀྱི་ཛ་དྲག་དགོས་གལ་ཡོད་པའི་ཁྲིམས་དང་སྒྲིག་ལམ་མ་བཟོས་པ་ལུས་པ་རེ་ཟུང་ཡོད་ན་མ་གཏོགས། མང་ཆེ་བ་ང་ཚོས་བཟོས་ཟིན་པ་རེད། འོན་ཀྱང་དེ་ངས་ད་ལྟ་ལས་དོན་མ་གྲུབ་པའི་ནང་ལ་སྙན་གསན་ཞུ་དགོས་པ་དེ་གང་རེད་ཅེ་ན། ང་ཚོའི་ཁྲིམས་བཟོའི་ལས་དོན་ཡོངས་སུ་རྫོགས་པ་དེ་ཁྲིམས་ཀྱི་སློབ་སྦྱོང་མེད་མཁན་གྱི་མི་དེ་ཚོས་ཟིན་བྲིས་བརྒྱབས། ཁྲིམས་ཀྱི་སློབ་སྦྱོང་མེད་མཁན་གྱི་མི་དེ་ཚོས་བགྲོ་གླེང་བྱས་ནས་ཕྱིན་པ་ཞིག་རེད་མ་གཏོགས། ཁྲིམས་ཀྱི་གནས་ཚུལ་ཞིབ་ཚགས་པོ་དང་བསྟུན་ནས་ཁྲིམས་ཡིག་ཟིན་བྲིས་རྒྱག་མཁན་གྱི་ཁྲིམས་རྩོད་ཀྱི་ཉམས་མྱོང་ཡོད་པའི་ལས་བྱེད་པ་ཟུར་དུ་བཙུགས་ནས་བཟོས་ཡོད་མ་རེད། དེ་འདྲ་སོང་ཙང་ང་ཚོའི་ཁྲིམས་དང་སྒྲིག་གཞི་དེ་ཚོར་ཁྲིམས་ལུགས་ཀྱི་ཐོག་ནས་བརྟག་དཔྱད་བྱས་པ་ཡིན་ན་སྐྱོན་དང་ནོར་འཁྲུལ་ཡོད་བསྡད་པ་མང་པོ་ཡོད་རེད་བསམ་གྱི་འདུག དེ་དག་སྐབས་དེ་དུས་ང་ཚོས་ག་རེ་བྱས་ནས་ཐག་གཅོད་བྱས་པ་རེད་དམ་ཞེས་གསུངས་པ་ཡིན་ན། མཐུན་རྐྱེན་གྱིས་མ་འཛོམས་པ་དང༌། དུས་ཚོད་ཀྱིས་མ་ཡོང་བར་གནས་སྐབས་ཀྱི་དགོས་མཁོ་ལ་ལྟོས་ཏེ་དེ་ལྟར་ཐག་གཅོད་གནང་བ་རེད། དེ་འདྲ་ཡིན་ཙང་སྔར་ཐག་གཅོད་ཟིན་པའི་ཁྲིམས་གཞི་དེ་དག་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་བསྐྱར་ཞིབ་བྱེད་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་དེ་སྐབས་བཅུ་གཉིས་པའི་སྤྱི་འཐུས་ནས་གནང་ཐུབ་པ་ཡིན་ན་དགེ་མཚན་ཡོད་རེད་བསམ་གྱི་འདུག འདི་ལ་ཆ་ཤས་གཉིས་བཟོ་རྒྱུ་ཡོད། ཆ་ཤས་གཞན་པ་གཅིག་ག་རེ་རེད་ཅེ་ན། འཛིན་སྐྱོང་དང༌། གྲོས་ཚོགས། སྤྱི་འཐུས་རེ་རེའི་བསམ་བློའི་ནང་ལ་སྒྲིག་གཞི་ལག་ལེན་བསྟར་སྟངས་ཀྱི་གོམས་གཤིས་དང་ལེགས་བྱང་ད་ལྟའང་ལེགས་པོ་ཞིག་བསྐྲུན་ཐུབ་ཡོད་མ་རེད། སྒྲིག་གཞི་ཡག་པོ་མི་འདུག སྒྲིག་གཞི་ཉམས་ལེན་བྱེད་ཀྱི་མིན་ཞེས་དངོས་སུ་ཐོན་ནས་གསུང་མཁན་ཧ་ལམ་གཅིག་ཀྱང་ཡོད་མ་རེད། ཚང་མས་བཀའ་མོལ་གནང་སྐབས་སྒྲིག་གཞི་ཡག་པོ་ཡོད་རེད། སྒྲིག་གཞི་སྲུང་རྩི་བྱེད་དགོས་རེད་ཅེས་ཞལ་ནས་འདི་འགྲིགས་པ་ཞིག་དང་ཡང་དག་པ་ཞིག་མ་གཏོགས། འདི་འགྲིགས་མི་འདུག་གསུང་མཁན་ཡོད་མ་རེད། ཡིན་ནའང་བསམ་བློའི་གཏིང་ལ་དབྱིན་སྐད་དུ་ Sub-conscious ནང་ལ་དེ་ཅ་ཟིང་པོ་རེད་བསམ་པའི་ཚོར་བ་དེ་ང་ཚོས་མེད་པ་བཟོ་ཐུབ་ཡོད་མ་རེད། སྒྲིག་གཞི་མཐོང་དུས་སྐབས་ལ། ཨའོ། ད་དེ་སླེབས་ཡོང་གི་འདུག ལས་ཀ་བྱེད་བདེ་པོ་ཡོད་མ་རེད་བསམ་པ་ཞིག་ཡོང་གི་ཡོད་རེད། ཁྲིམས་དང་སྒྲིག་གཞི་དེ་ལས་ཀ་བྱེད་བདེ་རུ་འགྲོ་རྒྱུ་དང༌། ལས་ཀ་སྤུས་དག་ཏུ་འགྲོ་རྒྱུ། ལས་ཀ་མགྱོགས་པོ་ཚར་རྒྱུའི་ཆ་རྐྱེན་ཞིག་ཡིན་པ་ཧ་མ་གོ་བར། དེ་མ་ཕྱིན་པར་ཐབས་ཡོད་མ་རེད་བསམ་པའི་བསམ་བློའི་ནང་ལ་ལྗིད་གོག་ཚ་པོ་ཞིག་ཁྱེར་ནས། འདི་ཡང་བྱེད་ས་ཡོད་མ་རེད། དེ་ཡང་བྱེད་ས་ཡོད་མ་རེད་བསམས་ནས་རྐང་པ་ལག་པ་བསྡམས་བཞག་པའི་བཟོ་འདྲ་པོ་ཞིག་འདུག་ཅེས་མཚམས་རེ་དངོས་སུ་བཀའ་གནང་མཁན་དེ་འདྲའང་བྱུང་བ་རེད། ངའི་བསམ་པར་ཁྲིམས་དང་སྒྲིག་གཞི་ཡོད་སྐབས་རྒྱུག་ཤར་གཏོང་མཁན་ཞིག་ཡིན་ན་དམིགས་བསལ་གྱི་ལྷམ་གྱོན་ཡོད་པ་ལྟ་བུ་ཞིག་རེད་བསམ་དྲན་གྱི་ཡོད། བྱེད་ཆོག་ཆོག་དང་འགྲོ་ཆོག་ཆོག བསམ་བློ་མང་པོ་གཏོང་མི་དགོས་པར་ཁྲིམས་དང་སྒྲིག་གཞི་ནས་ཁ་གྲག་ཡོང་གི་རེད་མ་གཏོགས། གང་ཟག་གིས་རྣམ་དཔྱོད་འདོན་དགོས་ཀྱི་མ་རེད་བསམ་པའི་ཚོར་སྣང་དེ་འདྲ་ཞིག་ལས་བྱེད་པ་ཚང་མའི་བསམ་བློའི་ནང་ལ་སླེབས་དགོས་པ་ཞིག་རེད་དེ། ལས་བྱེད་པ་ཕར་བཞག་ནས་སྤྱི་འཐུས་རང་གི་ནང་ལའང་སོ་སོས་ཉམས་ལེན་བྱེད་དགོས་པའི་འགྲམ་དེར་སླེབས་དུས་རྒྱན་དུ་མ་སོང་བར་ཁུར་དུ་སོང་བའི་བསམ་ཚུལ་དེ་མེད་པ་བཟོས་མ་ཐུབ་པ་དེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱི་ལས་འགན་ཆེན་པོ་ཞིག་མ་གྲུབ་པ་རེད་བསམ་གྱི་ཡོད། དེ་འདྲ་སོང་ཙང་འཛིན་སྐྱོང་གི་ལས་བྱེད་ཡིན་ནའང་འདྲ། སྤྱི་འཐུས་ཡིན་ནའང་འདྲ། རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ། ཚང་མའི་བསམ་བློའི་ནང་ལ་ཁྲིམས་དང་སྒྲིག་གཞི་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། ལས་དོན་བྱེད་བདེ་རུ་འགྲོ་རྒྱུ་དང༌། མྱུར་དུ་འགྲོ་རྒྱུ། ལས་ཀ་ཡག་ཏུ་འགྲོ་རྒྱུའི་ཐོུང་མིན་པའི་ཆ་རྐྱེན་ཞིག་ཡིན་བསམ་པའི་ངམ་ངམ་ཤུགས་ཤུགས་ཀྱིས་བློ་ལྷན་སྐྱེས་ནང་ལ་འཆར་ཐུབ་པ་ཞིག་བཟོ་དགོས་རྒྱུ་དེ་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་ཡིན་བསམ་གྱི་འདུག བཟོ་མ་ཐུབ་པ་ཡིན་ན་ང་ཚོའི་ཁྲིམས་ཀྱི་ལམ་སྲོལ་ནང་ལ་འགྲོ་རྒྱུ་ཡིན་ཟེར་བའི་སྐད་ཆ་དེ་ཚིག་ཙམ་ཞིག་ཆགས་ཀྱི་རེད་མ་གཏོགས། དོན་ལ་ཉམས་ལེན་ཐུབ་པ་ཞིག་ཆགས་ཀྱི་ཡོད་མ་རེད། དོན་ཚན་གསུམ་པ་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་དེ་ཡིན། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་འབད་བརྩོན་ཆེན་པོ་ཞིག་ག་རེ་གནང་ཡོད་རེད་ཟེར་ན། གཞུང་གི་དཔལ་འབྱོར་གྱི་སྒྲིག་འཛུགས་དེ་ཡང་དག་པ་ཞིག་ཡོང་རྒྱུ་དང༌། དཔལ་འབྱོར་གྱི་འབྱུང་ཁུངས་དེ་ཡང་དག་པ་ཞིག་ཡོང་རྒྱུ། དཔལ་འབྱོར་གྱི་ལས་དོན་ཡོངས་སུ་རྫོགས་པ་དེ་དག་གྲོས་ཚོགས་ཀྱིས་སྔོན་རྩིས་བཏང་འཛིན་དང༌། རྩིས་ཞིབ་སྙན་ཤོག་གི་ཐོག་ནས་བཏང་འཛིན་བྱེད་ཐུབ་རྒྱུའི་ཐོག་ནས་གཞུང་གི་ལས་དོན་ཡོངས་སུ་རྫོགས་པ་ཁྲིམས་བཟོ་ལྷན་ཚོགས་ཀྱི་བཏང་འཛིན་འོག་ལ་ཡོད་པ་ཞིག་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཙོ་བོ་ཞིག་ལ་བཞག་པ་དེ་འདྲ་རེད། སྔོན་རྩིས་འཆར་གཞི་བཀའ་ཁྲོལ་གནང་རྒྱུ་དང༌། རྩིས་ཞིབ་སྙན་ཤོག་ཞིབ་འཇུག་བྱ་རྒྱུའི་ལས་དོན་དེ་ང་རང་ཚོས་འགྲིགས་ཀྱི་མི་འདུག་ལབ་ཀྱིན་ལབ་ཀྱིན་ལ་ཁྱ་རེ་ཁྱོ་རེ་ཞིག་བྱས་ཡོད་རེད། སྔོན་རྩིས་མཐའ་མ་དེ་ཡང་བྱུང་སོང་ཁ་འཐབ་མིན་པ་དེ་ཡང་མེད་པ་བྱས་ཏེ་བྱུང་སོང༌། ཁ་འཐབ་ཡོད་པ་ཞིག་ལ་དབང་ཤེད་ཀྱིས་བཟོས་ནས་མཐའ་མ་ལོ་ལྔའི་ལས་རིམ་གྱི་ནང་ལ་ལོ་དང་པོ་དེ་ཕུད་པའི་ལོ་བཞིའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང༌། རྩིས་ཞིབ་སྙན་ཤོག་ལ་ཞིབ་འཇུག་གནང་སྟེ་མུ་མཐུད་དེ་བཏང་འཛིན་གནང་རྒྱུ་དེ་ལ་མཇུག་ནོན་གནང་རྒྱུ་དེ་ང་རང་ཚོའི་བློ་ཁ་ཚིམས་པ་ཞིག་བྱུང་ཡོད་མ་རེད་དེ། གང་ལ་གང་འཚམས་ཤིག་བྱས་ཡོད་རེད། འོན་ཀྱང་ང་ཚོས་དགོངས་པ་བཞེས་ནས་མ་གྲུབ་པ་དེ་ག་རེ་ཆགས་ཡོད་རེད་ཅེ་ན། མ་འོངས་པ་ལ་གཞུང་གི་དཔལ་འབྱོར་གྱི་འབྱུང་ཁུངས་དེ་ཉི་མ་གང་འཁྱོལ་གྱི་འཕྲལ་སེལ་རིང་ལུགས་ཐོག་ལ་བསྡད་ནས་ད་ལོ་འགྲིགས་ན་རྗེས་མ་བལྟ་ཆོག་གི་རེད་བསམ་པ་ཞིག་དང༌། རྗེས་མ་གཅིག་བྱས་ན་དཔལ་འབྱོར་བཀའ་བློན་གསར་པ་ཞིག་ཕེབས་སོང་ན་ཁོང་རང་གིས་ལས་འགན་འཁྱེར་འགྲོ་གི་རེད། ངའི་འགན་དེ་ཁུངས་འཁྱོལ་བ་ཞིག་བྱུང་ན་བསམ་པ། དེ་འདྲའི་བཟོ་བལྟ་ཡོད་རེད། སྤྱི་འཐུས་ངོས་ནས་ཀྱང་སྐབས་བཅུ་གཅིག་པའི་སྤྱི་འཐུས་ནི་འཁྱུར་འགྲོ་གི་རེད། གནད་འགག་མི་འདུག་བསམ་པའི་ང་ཚོའི་དཔལ་འབྱོར་གྱི་འབྱུང་ཁུངས་དེ་ལོ་རེ་ལོ་རེའི་གང་ཟག་བྱེ་བྲག་པ་ཞིག་གི་འཚོ་བ་བཙལ་སྟངས་ནང་བཞིན་མིན་པར། གཞུང་གཅིག་གི་ཆབ་སྲིད་ཀྱི་གནས་སྟངས་ཤིག་ཡིན་པ་སོང་ཙང༌། ང་ཚོའི་དཔལ་འབྱོར་གྱི་འབྱུང་ཁུངས་གཏན་འཁེལ་བ་ཡོང་རྒྱུའི་གཏན་འཁེལ་བའི་འཆར་གཞི་ཞིག་དང༌། ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཡིན་པ་སོང་ཙང༌། དཔལ་འབྱོར་གྱི་འབྱུང་ཁུངས་དེ་དག་ལོག་འཚོ་དང་འཚེ་བ་དང་མ་འདྲེས་པ། འཚེ་བ་མེད་པ་དང་ལོག་འཚོ་སྤངས་པའི་དཔལ་འབྱོར་ཡང་དག་པ་ཞིག་ཡོང་རྒྱུའི་འཆར་གཞི་བློ་གཏད་བྱེད་འོས་པ་ཞིག་བཟོ་དགོས་པའི་བསམ་ཚུལ་ཡོད་རེད། དེའི་ཆེད་དུ་སྤྱི་འཐུས་རྒྱུན་ལས་དང་ཚོགས་གཙོ་ནས་ཕྲན་བུ་འབད་རྩོལ་བྱས་པ་རེད་དེ། ང་ཚོས་མཇུག་བསྡོམས་ཐུབ་པ་དང༌། ལག་ལེན་ལ་འཁེལ་བ་ཞིག་བྱུང་ཡོད་མ་རེད། དེ་དང་ཆབས་ཅིག་ཏུ་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་བཟོ་ཚོང་གི་སྡེ་ཚན་དེ་དག་གཞུང་འཛིན་མིན་པར་སྒེར་བདག་ཅན་དུ་བསྒྱུར་རྒྱུ་དང༌། མ་འོངས་པ་ལ་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་བཟོ་ཚོང་གི་སྡེ་ཚན་གསར་བཟོ་མི་བྱེད་རྒྱུའི་ཆབ་སྲིད་ཀྱི་ལམ་སྲོལ་ཞིག་གཏོད་རྒྱུའི་ཐོག་ལའང་ང་རང་ཚོས་འབད་རྩོལ་བྱས་པ་རེད་དེ། ལག་ལེན་ལ་འཁེལ་ཡོད་མ་རེད། དེའི་ཐད་ལ་ད་ལྟ་རྩོད་གཞི་ཡོད་པའི་གནས་སྟངས་ཤིག་རེད། ཁ་ཤས་ཀྱིས་དེ་ཡག་པོ་འདུག་དགོངས་ཀྱི་ཡོད་རེད། ཁ་ཤས་ཀྱིས་དེ་ཡག་པོ་མི་འདུག་དགོངས་ཀྱི་ཡོད་རེད། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་མདུན་ལ་དྲི་བ་འདིའི་གནད་འགག་འདི་ངས་བསྐྱར་དུ་གཞག་རྒྱུའི་འདོད་པ་བྱུང༌། དེ་འདྲ་ཡིན་ཙང་ང་ཚོས་འགོ་འཛུགས་འདིའི་ཐོག་ལ་དགོངས་པ་བཞེས་དགོས་པ་ཞིག་དང༌། རིང་པོ་མི་ཐོགས་པར་འདིའི་ཐོག་ལ་ཐག་གཅོད་གཙང་མ་བྱེད་དགོས་པ་ཞིག་ཐུགས་འགན་ཆེན་པོ་ཆགས་ཀྱི་ཡོད་བསམ་དྲན་གྱི་འདུག དོན་ཚན་བཞི་པ་དེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་བཙན་བྱོལ་བོད་མིའི་ཤེས་རིག་གི་སྲིད་བྱུས་ཡང་དག་པ་ཞིག་ལམ་སྟོན་གནང་རྒྱུའི་ཆེད་དུ་དགོངས་པ་བཞེས་པ་རེད། འབད་རྩོལ་གནང་བ་རེད། དེ་ཡང་ང་ཚོས་ལག་ལེན་ལ་བཀལ་ཐུབ་པ་ཞིག་བྱུང་ཡོད་མ་རེད། ལྔ་པ་དེ་ང་ཚོའི་ཤེས་རིག་གི་སྲིད་བྱུས་དང་བསྟུན་ནས་མ་འོངས་པར་མིའི་ནུས་ཤུགས་ཀྱི་འཆར་གཞི་བརྟན་པོ་ཞིག་བཟོ་རྒྱུའི་དགོངས་པ་བཞེས་པ་རེད། འབད་རྩོལ་གནང་བ་རེད། དེ་ཡང་ང་ཚོས་ལག་ལེན་ལ་འཁེལ་ཐུབ་ཡོད་མ་རེད། དེ་ལོ་རེ་རེ་བཞིན་དུ་ལག་ལེན་ལ་མ་འཁེལ་བར་འགྱངས་འགྲོ་བ་དེས་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་གནོད་ཚབས་ཆེན་པོ་ཞིག་འགྲོ་གི་ཡོད་པ་ང་རང་གི་ཚོར་སྣང་ལ་དེ་འདྲ་ཞིག་ཡོང་སྡོད་ཀྱི་འདུག དེ་འདྲ་ཡིན་ཙང་སྐབས་བཅུ་གཉིས་པས་དགོངས་བཞེས་གནང་དགོས་པའི་དོན་དག་ཅིག་ལ་སླེབས་ཡོང་གི་ཡོད་རེད་བསམ་དྲན་གྱི་འདུག དེ་མཚུངས་མཐའ་མར་མ་འོངས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འཆར་གཞི་དེ་རིང་པོ་མི་ཐོགས་པར་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་ཞིག་བྱུང་བ་ཡིན་ན། དེ་སྐབས་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་གནས་སྟངས་ྋསྐྱབས་མགོན་རིན་པོ་ཆེས་ལམ་སྟོན་གནང་བའི་འཚེ་བ་མེད་པ་ཞིག་དང༌། ཁོར་ཡུག་ལ་གནོད་སྐྱོན་མེད་པ། འགྲན་བསྡུར་མེད་པ། ཡང་དག་པ་དབུ་མའི་ལམ་གྱི་དཔལ་འབྱོར་གྱི་གནས་སྟངས་ཤིག་དགོས་པར་གསུངས་པ་གཞི་བཟུང་གིས་བོད་ལ་སླེབས་པའི་རྗེས་ལ་གཞི་ནས་ཀ་ཁ་བྱས་ཏེ་བསམ་བློ་གཏང་མི་དགོས་པར་ད་ལྟ་ནས་འདིའི་ཐོག་འཆར་གཞི་བསྒྲིག་དགོས་པའི་བསམ་ཚུལ་ཞིག་འཁོར་ཡོད་རེད། ལས་དོན་དེ་ང་ཚོས་ཐག་བཅད་ནས་བསྒྲུབས་ཐུབ་པ་ཞིག་བྱུང་ཡོད་མ་རེད། ང་ཚོ་སྐབས་བཅུ་གཅིག་པས་བསམ་བློ་བཏང༌། འགོ་འཛུགས་བྱས་ཏེ་མཐའ་མ་ལག་ལེན་ལ་མ་འཁེལ་བར་ལུས་པའི་དོན་ཚན་མང་པོ་ཞིག་ཡོད་པའི་ནང་ནས་ངས་ད་རིང་འདིར་བསྐྱར་ལྡབ་བྱས་ཏེ་ཞུ་འོས་པ་ཞིག་དང༌། ཞུ་དགོས་པ་ཞིག་གི་གནས་ཚུལ་དེའི་གྲས་དེ་དག་ཡིན་བསམ་པ་ཞིག་དྲན་གྱི་འདུག ང་རང་ཚོའི་ལས་དོན་གྲུབ་པའི་རིམ་པ་དེ་དག་གྲུབ་ཚར་བ་རེད། ང་ཚོས་འདི་དང་འདི་བསྒྲུབས་ཡོད་ཅེས་བཤད་དགོས་པའི་གནད་འགག་གང་ཡང་ཆགས་ཀྱི་མི་འདུག་སྟེ། འོན་ཀྱང་དེ་ཉམས་ཆག་མ་ཕྱིན་པར་བྱས་ཏེ་སྐབས་བཅུ་གཉིས་པའི་སྐབས་ལའང་མུ་མཐུད་དེ་འགྲོ་དགོས་པ་ཡིན་ཙང༌། དེའི་གནས་ཚུལ་ཡང་རེ་ཟུང་ཞིག་མདོར་བསྡུས་བྱས་ནས་ཞུས་པ་ཡིན་ན་ཐུགས་ཁྱད་མེད་འགྲོ་བསམ་བྱུང༌། བཅའ་ཁྲིམས་གཏན་འབེབས་བྱེད་རྒྱུ་དང༌། སྒྲིག་གཞི་གཏན་འབེབས་བྱེད་རྒྱུ། བཅའ་ཁྲིམས་བསྐྱར་བཅོས་རིམ་པས་བྱས་ཏེ་བྱ་རྒྱུ་བཅས་ཚང་མ་ང་ཚོའི་ཁྲིམས་བཟོའི་ལས་དོན་གྱི་གྲུབ་འབྲས་ཤིག་རེད། ཁྲིམས་བཟོའི་ལས་དོན་གྱི་གྲུབ་འབྲས་དེ་ལ་ང་རང་ཚོ་ཁྲིམས་བཟོ་བ་ཚོས་དེར་གོང་ཚད་ཅིག་རྒྱག་དགོས་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་ལ་ཁྲིམས་བཟོའི་ལས་དོན་དེ་ལ་ད་ལྟ་ཨང་གྲངས་ཤིག་རྩ་བ་ནས་རག་གི་མི་འདུག དེ་ང་ཚོ་ནང་ལ་བསྡད་དེ་བྱ་རྒྱུ་དང༌། ཤོག་བུའི་ཐོག་ལ་ལུས་འགྲོ་རྒྱུ་ཞིག་ཡིན་པ་སོང་ཙང༌། སྤྱི་འཐུས་ཚོས་ག་རེ་བྱེད་ཀྱི་ཡོད་རེད་ཅེས་དྲི་སྐབས། ང་ཚོས་ཁྲིམས་དང་སྒྲིག་གཞི་འདི་འདྲ་བཟོ་གི་ཡོད་ཟེར་དུས། དེའི་དོན་དག་དེ་དྲུང་ཡིག་ཅིག་གིས་བྱེད་དགོས་པ་ཞིག་མ་གཏོགས། ཞེ་པོ་ཞིག་ཕན་ནུས་འབྲེལ་བ་ཞིག་སྤྱི་ཚོགས་ཀྱི་ནང་ནས་མ་གཟིགས་མཁན་ཞིག་འདུག སྤྱི་ཚོགས་ཀྱི་ནང་ནས་མ་གཟིགས་པ་ཐུགས་ཁག་ཡོད་མ་རེད་དེ། ཁྲིམས་བཟོའི་ལས་དོན་གནང་མཁན་ཚོས་ཀྱང་དེ་ཙམ་གྱིས་དོ་ཁུར་དང་ཐུགས་སྣང་མེད་པའི་བཟོ་འདྲ་པོ་ཞིག་འདུག ད་ང་སྤྱི་འཐུས་ཡིན་ཙང་གཅིག་བྱ་དགོས་ཀྱི་རེད།ག་རེ་བྱ་རྒྱུ་འདུག་གམ་བསམས་ནས་འཚོལ་བའི་སྐབས་ལ་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ་དང༌། ཕྱི་ལ་འབྲེལ་བ་བྱེད་རྒྱུ། ཕར་རྒྱུག་ཚུར་རྒྱུག་བྱེད་རྒྱུ་དེ་དག་གྲུབ་འབྲས་ཡོད་པའི་ལས་ཀ་ཞིག་དང༌། ཁྲིམས་བཟོའི་ལྷན་ཚོགས་རང་གི་ནང་ལ་ཞུགས་ནས་སྤྱི་འཐུས་སྒེར་གྱི་ཁྲིམས་འཆར་འདོན་རྒྱུ་ཡིན་ནའང་རེད། གཞུང་འབྲེལ་གྱི་ཁྲིམས་འཆར་ཡིན་ནའང་རེད། དེའི་ཐོག་ལ་ཧ་ཅང་གིས་འབད་རྩོལ་གནང་ནས་དཀའ་ལས་བརྒྱབ་དགོས་པ་ཞིག་ལ་མ་གཟིགས་པ་འདྲ་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་འདྲ་སོང་ཙང་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱས་པའི་ཁྲིམས་བཟོའི་ལས་དོན་མང་པོ་དེ་ང་ཚོའི་གྲུབ་འབྲས་ཆེ་ཤོས་དེ་ཡིན་ཞེས་ཞུ་དགོས་པ་དེ་ང་རང་ཚོའི་སྤོབས་པ་སྟོན་པའི་ཆེད་དུ་གང་ཡང་མིན་སྟེ། དེ་ངོ་སྤྲོད་ཅིག་ཞུ་དགོས་རྒྱུ་དེ་གནད་འགག་ཆེན་པོ་འདུག་བསམ་དྲན་གྱི་འདུག ང་རང་ཚོ་འོས་འདེམས་བྱེད་རྒྱུ་དེ་ཁྲིམས་བཟོ་ལྷན་ཚོགས་ལ་འོས་འདེམས་བྱས་པ་རེད། ཁྲིམས་བཟོ་ལྷན་ཚོགས་ལ་འོས་འདེམས་བྱས་པ་སོང་ཙང༌། ང་ཚོས་གལ་ཆེ་ཤོས་བརྩི་དགོས་པ་ཞིག་དང༌། སྔོན་དང་པོ་བྱ་རྒྱུར་བརྩི་དགོས་རྒྱུ་དེ་ཁྲིམས་བཟོའི་ལས་དོན་དེ་རེད། ཁྲིམས་བཟོའི་ལས་དོན་དེ་ཞོར་ལ་བཞག་ནས་ལས་དོན་ཙག་ཙིག་གི་ཐོག་ལ་ག་རེ་གྲུབ་སོང༌། ག་རེ་གྲུབ་མ་སོང་དགོངས་པ་བཞེས་ན། ང་རང་ཚོའི་ལས་ཀའི་ངོ་བོ་དེ་ངོས་མ་ཟིན་པའི་གནས་སྟངས་ཤིག་ཆགས་སྲིད་པ་རེད་བསམ་གྱི་འདུག དེ་འདྲ་ཡིན་པ་སོང་ཙང་ང་ཚོས་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་དག་ཁྲིམས་ཡིག་ཤེས་མཁན་གྱི་མི་ཞིག་གིས་བལྟས་པ་ཡིན་ན། ཚིག་བེད་སྤྱོད་བྱེད་སྟངས་དང༌། ལེའུ་བཟོ་སྟངས། བར་མཚམས་བཞག་སྟངས་སོགས་དེ་འདྲའི་ཐོག་ནས་ལེགས་བཅོས་བྱ་རྒྱུ་ཡོད་པ་མང་པོ་ཡོད་ཀྱི་རེད་དེ། སུ་གང་གིས་ཀྱང་འདི་འགྲིགས་མི་འདུག་ཅེས། ཁྱེད་རང་ཚོས་ཁྲིམས་དང་སྒྲིག་གཞི་འདི་འདྲ་ཞིག་བཟོས་པ་འདི་རྩ་བའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་འགྲོ་གི་འདུག དེའི་ Spirit དང་མ་མཐུན་པ་ཆགས་འགྲོ་གི་འདུག་ཟེར་རྒྱུ་ལ་སོགས་པ་དེ་འདྲའི་སྐྱོན་བརྗོད་བྱེད་རྒྱུ་མེད་པ་ཞིག་ཆགས་ཡོད་རེད། ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱེད་རྒྱུ་དང་བསྐྱར་བཅོས་བྱེད་རྒྱུ་དེ་དག་ང་རང་ཚོའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་བསམ་དྲན་གྱི་འདུག སྤྱི་ཡོངས་མང་གཙོའི་ལམ་ལུགས་ཀྱི་ཐོག་ལ་ང་རང་ཚོ་འགྲོ་རྒྱུ་དང་སྤྱི་ཚོགས་འཁྲིད་རྒྱུའི་སྐོར་སྐབས་བཅུ་གཅིག་པའི་ལས་དོན་གྱི་ཐོག་ལ་ཉམས་ཞིབ་བྱས་ནས་གྲུབ་འབྲས་ཡིག་ཐོག་ལ་འགོད་མཁན་བཞི་བྱུང་འདུག ངས་ཤེས་ཚོད་བྱས་ན། བཞི་ག་ཕྱི་རྒྱལ་བ་ཤ་སྟག་རེད།བོད་པ་མ་རེད།ཉམས་ཞིབ་པ་བཞི་གས་སྐྱོན་བརྗོད་ཀྱང་མང་པོ་བྱས་ཡོད་རེད་དེ། བསྡོམས་བརྒྱབ་པ་ཡིན་ན། ང་ཚོའི་ལངས་ཕྱོགས་དང༌། ང་ཚོའི་འགྲོ་ཕྱོགས། ང་ཚོའི་ཐབས་ལམ་དེ་འགྲིགས་ཀྱི་འདུག ལེགས་པོ་ཞེ་དྲགས་འདུག བཙན་བྱོལ་བའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔགས་པའི་བསྔགས་བརྗོད་ཀྱི་ཡུལ་དུ་འགྱུར་གྱི་འདུག་ཟེར་བ་མ་གཏོགས། མཐའ་གཅིག་ཏུ་ང་ཚོ་ལམ་ལོག་པ་ཞིག་ལ་འགྲོ་གི་འདུག་ཅེས་ཉམས་ཞིབ་པ་དེ་ཚོས་བྲིས་མི་འདུག དེ་འདྲ་ཡིན་པ་སོང་ཙང་སོ་སོ་སོ་སོས་ཚོད་ཐིག་གི་མ་རེད་དེ། མིས་ཕྱི་ལོགས་ནས་ཉམས་ཞིབ་བྱས་ཏེ་རིན་ཐང་བརྒྱབས་ཡོང་བ་དེ་ང་རང་ཚོས་ཀྱང་བློ་བདེ་པོ་བྱེད་ཆོག་པ་ཞིག་གི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུགརྒྱལ་སྤྱིའི་ནང་ལ་བཙན་བྱོལ་གྲོས་ཚོགས་ཀྱི་ངོ་བོ་དེ་གསལ་པོ་བྱས་ནས་བསྟན་རྒྱུ་དང༌། ཡོ་རོབ་གྲོས་ཚོགས་དང་ཨ་རིའི་གྲོས་ཚོགས་གོང་འོགཇར་མན་ནང་གི་མངའ་སྡེ་དང་དབུས་ཀྱི་གྲོས་ཚོགས་ཁག་གིས་མཚོན་པའི་གྲོས་ཚོགས་མང་པོ་ཞིག་གི་ནང་ལ་ང་ཚོས་འབྲེལ་བ་བྱེད་ཐུབ་རྒྱུ་དང༌།རྣམ་པ་བསྟན་ཐུབ་པ་དེ་ཡང་གཅིག་བྱས་ན་ང་རང་ཚོའི་གྲུབ་འབྲས་ནང་ལ་བརྩི་འོས་པ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག ལྷག་པར་དུའང་རྒྱ་གར་ནང་ལས་འགུལ་སྤེལ་རྒྱུ་དང༌། རྒྱ་གར་མང་ཚོགས་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཁང་གིས་དམིགས་ཀྱིས་བཀར་ནས་ཁྲིམས་བཟོ་ཚོགས་པའི་ལས་འགན་ཡིན་མིན་ལ་མ་ལྟོས་པར།ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཕེབས་པ་ནང་བཞིན་རྒྱ་གར་ནང་ལ་གྲོས་ཚོགས་ཀྱི་ཚོགས་པ་གསར་པ་བཙུག་རྒྱུས་མཚོན་པ་དེའི་བརྒྱུད་ནས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པ་ཚོགས་རྒྱུ། རྒྱ་གར་གྱི་ནང་ལ་བོད་དོན་ཆབ་སྲིད་ཀྱི་གནས་སྟངས་དེ་སྤུས་ཁའི་ཐོག་ནས་ཁྱད་པར་འགྲོ་རྒྱུའི་འགྱུར་བ་ཞིག་ང་ཚོའི་སྐབས་ལ་བྱུང་ཐུབ་པ་དེ་ང་ཚོས་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་ལ་བརྩི་ན་མ་འགྲིགས་པ་མེད་པ་ཞིག་རེད་བསམ་གྱི་འདུག འདས་པའི་ཉམས་མྱོང་གི་ཐོག་ལ་ང་ཚོས་ཕྱི་བལྟས་བྱས་པའི་གནས་སྟངས་ད་རིང་ངས་འདིར་ཞུ་དགོས་པའི་རྒྱུ་མཚན་དེ་དག་འདི་འདྲ་ཡིན། སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་འདིའི་ནང་ལ་ངས་དགའ་བསུ་ཞུ་འོས་པ་ཞིག་ལ། ད་རེས་འདིར་ཆ་སྙོམས་པོ་ཞིག་ཕེབས་འདུག སྐབས་བཅུ་གཅིག་པའི་སྤྱི་འཐུས་རྙིང་པ་ནས་བསྐྱར་དུ་འོས་འདེམས་བྱས་ནས་ཕེབས་མཁན་དང༌། སྔ་མ་སྤྱི་འཐུས་གནང་མ་མྱོང་བ་ད་རེས་གསར་པ་གནང་མཁན་གཉིས་བར་གྱི་མང་ཉུང་དེ་ཡང་འཚམས་པོ་ཞིག་བྱུང་འདུག ཚང་མ་གསར་རྐྱང་མིན་པ་དང༌། ཚང་མ་རྙིང་པ་ཤ་སྟག་མིན་པར་ཆ་སྙོམ་པ། དེ་བཞིན་དགུང་ལོ་བགྲེས་པ་དང་གཞོན་པའི་བར་ལའང་དགུང་ལོ་འགྲེས་པ་སྲོལ་རྒྱུན་འཛིན་མཁན་བོད་ནས་སློབ་སྦྱོང་གནང་ནས་ཕེབས་པ་དེ་ཚོ་དང༌། དགུང་ལོ་གཞོན་པ་དེང་རབས་ཀྱི་སློབ་སྦྱོང་གནང་ནས་ཐོན་པ་དེ་གཉིས་ཀྱི་བར་གྱི་མང་ཉུང་དེ་ཡང་ཆ་མཚུངས་པོ་ཞིག་འདུག ལྷག་པར་དུའང་དེང་རབས་ཀྱི་སློབ་སྦྱོང་ཐོན་པ་ལོ་ན་གཞོན་པ་དེ་དག་སྔ་མ་ང་ཚོར་ཉུང་དྲགས་པའི་སྣང་བ་ཞིག་འཆར་གྱི་ཡོད་རེད། ད་རེས་དེ་འཆར་མི་དགོས་པ་གྲངས་ཚད་ཏག་ཏག་ཅིག་བྱུང་འདུག དེ་བཞིན་སྐྱེས་པ་དང་བེུད་ཀྱི་བར་གྱི་གྲངས་མང་ཉུང་གི་དབྱེ་བ་དེ་ལ་བལྟས་པ་ཡིན་ནའང༌། དེ་ཡང་ཆ་སྙོམས་པོ་ཞིག་དང༌། རབ་བྱུང་དང་ཁྱིམ་པའི་བར་གྱི་གྲངས་མང་ཉུང་དེ་ཡང་ཆ་སྙོམས་པོ་ཞིག་གི་གནས་ཚུལ་ལ་ལྟ་སྐབས་གྲུབ་ཆ་བཟོ་སྟངས་དེ་ཕུན་སུམ་ཚོགས་པ་ཞིག་བྱུང་འདུག་བསམ་པའི་ཚོར་སྣང་བྱུང༌། ལྷག་པར་དུའང་ང་ཚོའི་རྨོངས་ཞེན་གྱི་བསམ་པ་རྙིང་པ་ཕན་ཐོགས་མེད་པ་འདོར་དགོས་པ་དེ་དག་འདོར་མ་ཐུབ་མཁན་གྱི་རིགས་དེ་དག་ཕལ་ཆེར་ད་རེས་ཀྱི་གྲོས་ཚོགས་འདིའི་ནང་མི་སླེབས་པ་དང༌། གལ་སྲིད་སླེབས་ཡོད་པ་ཡིན་ནའང་ཧ་ཅང་གི་གྲངས་ཉུང་ཉུང་ཞིག་མ་གཏོགས། སླེབས་མ་ཐུབ་པ་ཆགས་འདུག་པའི་གནས་ཚུལ་ཞིག་ད་ལྟ་ང་རང་གིས་མཐོང་གི་འདུག རྗེས་སུ་ཉམས་སྣང་དེ་མ་ཡིན་པ་ཞིག་ཆགས་འགྲོ་གི་ཡོད་ན་ནི་གནས་ཚུལ་ལོགས་ཁ་རེད། ད་ལྟའི་ལྟ་ཐེངས་དང་པོ་ལ་མཐོང་ཚུལ་འདྲ་པོ་དེ་འདྲ་ཞིག་ཡོད་པ་ཡིན་ཙང༌། ང་ཚོའི་ལས་དོན་དེ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་བྱས་ཏེ་སྐབས་བཅུ་གཉིས་པའི་གྲོས་ཚོགས་འདིས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ལས་ལས་དོན་གྲུབ་འབྲས་ལྡབ་ཁ་ཤས་ཀྱི་ཆེ་བ་དང་ནུས་ཤུགས་ཐོན་པ་བྱས་ཏེ་ཡོང་རྒྱུའི་རེ་བ་བྱས་པ་ཡིན་ན། རེ་བ་བྱ་རྒྱུའི་གཞི་རྩ་ཞིག་ཆ་ཚང་འདུག་བསམ་པ་ཞིག་དྲན་གྱི་འདུག འདིའི་ཐོག་ལ་ངས་རེ་བ་ཆེ་ཤོས་ཤིག་ག་རེ་རྒྱག་གི་ཡོད་ཅེ་ན། ལོ་གཞོན་པ་དང་དེང་རབས་ཀྱི་སློབ་སྦྱོང་ཡོད་མཁན་མང་བ་ཆགས་པ་འདིའི་ཐོག་ནས་སྤྱིར་བཏང་གྲོས་ཚོགས་དང༌། ལྷག་པར་དུའང་ཚོགས་གཙོ་ལ་ལམ་སེང་ཡོང་རྒྱུའི་ཁེ་ཕན་ཞིག་གི་རེ་བ་ག་རེ་ཞུ་གི་ཡོད་དམ་ཞེ་ན། དོན་གནད་ཀྱི་ཐོག་ལ་བགྲོ་གླེང་བྱེད་པའི་སྐབས་ལ་བསམ་བློ་གུ་ཡངས་པོ་དང༌། གང་ཟག་ལ་མ་རྟོན་པར་ཆོས་ལ་རྟོན་མཁན་གྱི་རྒྱུ་མཚན་གྱི་ཐོག་ནས་བཤད་ན་གོ་བརྡ་འཕྲོད་སླ་པོ། དེའི་ཐོག་ལ་སྤུས་ཀ་དག་ཏུ་འགྲོ་གི་རེད་བསམ་པའི་རེ་བ་ཆེན་པོ་ཞིག་བྱེད་ཀྱི་ཡོད། ལས་དོན་མང་པོ་ཞིག་གི་ཐོག་ལ་ཆོས་ཅན་མཐུན་སྣང་བ་མེད་པའི་དབང་གིས་ཕན་ཚུན་བཤད་པ་དེ་དག་གོ་བརྡ་མ་འཕྲོད་པར་འགལ་འཛོལ་འགྲོ་རྒྱུ་མང་པོ་ཞིག་ཡང་ཡང་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་ཡོང་གི་ཡོད་རེད། གྲོས་ཚོགས་ཀྱི་ནང་ལ་དེ་ཡོང་བའི་སྐབས་ལ་དམིགས་བསལ་གྱི་དཀའ་ངལ་ཞིག་རེད། བྱས་ཙང་དཀའ་ངལ་དེ་དག་ང་ཚོས་སངས་ཐུབ་པ་ཞིག་དང༌། བསམ་བློ་གུ་ཡངས་པོ་ཞིག མཁྲེགས་བཟུང་ཞེ་འཛིན་མེད་པ་ཞིག་གི་ཐོག་ནས་རྒྱུ་མཚན་ཁོ་ན་གཙོ་བོར་བཟུང་སྟེ་འགྲོ་ཐུབ་པ་ཞིག་གི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་སྐབས་བཅུ་གཉིས་པའི་སྤྱི་འཐུས་མི་རེ་ངོ་རེ་ནས་འགན་ཁྱེར་ནས་གྲོས་ཚོགས་འདིའི་ལས་དོན་བྱེད་ཕྱོགས་ཡར་རྒྱས་གཏོང་རྒྱུ་དང༌། ལྷག་པར་དུའང་ཉག་ཕྲ་བའི་དུས་ཚོད་འདིའི་ཐོག་ལ་ང་ཚོས་ལས་འགན་གྱི་ཐོག་ལ་རྗེས་ལུས་མ་ཤོར་བ་ཞིག་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། སྤྱི་ཡོངས་ཀྱི་ཆ་ནས་ཞུས་པ་ཡིན་ན། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་ལས་འགོ་བརྩམས་ཚར་བའི་ལས་ཀ་འཕྲོ་འཛར་ལུས་ཡོད་པ་དེ་དག་མཇུག་བསྐྱལ་རྒྱུ་དེ་བཤད་མི་དགོས་པ་ཞིག་རེད། དེའི་ཐོག་ལ་ངས་གོང་དུ་ཞུས་པ་ནང་བཞིན་ཁྲིམས་བཟོའི་ལས་དོན་གྱི་ཐོག་ལ་སྤུས་ཀ་དག་ཏུ་གཏོང་རྒྱུའི་འབད་རྩོལ་ཞིག་ང་རང་ཚོའི་སྐབས་འདི་ལ་ད་རེས་ཚོགས་དུས་དང་པོ་ནས་དབུ་འཛུགས་གནང་སྟེ་གནང་ཐུབ་པ་ཡིན་ན་ལེགས་པོ་རེད་བསམ་དྲན་གྱི་འདུག ཁྲིམས་བཟོའི་ལས་དོན་སྤུས་ཀ་དག་ཏུ་གཏོང་རྒྱུ་ཟེར་བ་དེའི་ནང་ལ་དོན་དག་ཆེན་པོ་གཅིག་ཚུད་ཡོད་པ་ནི། ཁྲིམས་བཟོ་དང་འཛིན་སྐྱོང་བར་གྱི་འབྲེལ་བ་བྱེད་སྟངས་དེ་རེད། ད་ལྟ་ངས་གོང་དུ་ཞུས་པ་ཇི་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ད་ལྟའི་སྐབས་བབ་ཀྱི་བཅའ་ཁྲིམས་འདིའི་འོག་ལ་ང་ཚོས་འགན་འཛིན་དང་འགལ་ཟླ་ཚོགས་པ་གཉིས་ཀའི་ལས་འགན་དེ་བསྒྲུབ་དགོས་པ་ཡིན་དུས། ང་ཚོས་གྲོས་ཚོགས་དང་འཛིན་སྐྱོང་བར་གྱི་འབྲེལ་བ་བྱེད་སྟངས་དེ་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་རེད། ང་ཚོའི་འགྲོ་སྟངས་འདི་ཕྱོགས་གཞན་པ་ཞིག་ནས་བལྟས་ན་སྲིད་འཛིན་ལམ་ལུགས་ཀྱི་ནང་ལ་ཡོད་པའི་ཡོན་ཏན་དང་སྐྱོན་གྱི་ཆ་གང་ལ་གང་འཚམས་ཤིག་ང་ཚོའི་ལམ་ལུགས་ཀྱི་ནང་སླེབས་ཡོད་པ་རེད། དེ་འདྲ་སོང་ཙང་གྲོས་ཚོགས་ཀྱིས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གྱི་ཐོག་ལ་བཏང་འཛིན་དང་རྒྱབ་སྐྱོར་ནུས་པ་ཐོན་པ་ཞིག་ཡོང་བ་ལ་དྲི་བ་དྲིས་ལན་རྐྱང་རྐྱང་གིས་ཕན་ཐོགས་གང་ཡང་མི་འདུག དྲི་བ་དྲིས་ལན་གྱི་ལམ་ནས་ཕྲན་བུ་ཕན་ཐོགས་ཡོད་པ་ཞིག་ཡོང་མདོག་ཁ་པོ་རེད་དེ། འོན་ཀྱང་འཛིན་སྐྱོང་གི་ལས་དོན་དེ་གྲོས་ཚོགས་ཀྱི་ཐུགས་འདོད་ཁེངས་ངེས་ཤིག་ཡོང་བའི་ཆེད་དུ་ཁྲིམས་བཟོའི་ལས་དོན་དེ་རྒྱ་ཆེ་རུ་དང་སྤུས་དག་ཏུ་བཏང་ནས། ཨ་མི་རི་ཀའི་ནང་འཛིན་སྐྱོང་ལ་དམིགས་བསལ་གྱི་དབང་ཆ་དང་ཐོབ་ཐང་ཆེན་པོ་ཡོད་པ་ཡིན་ནའང༌། ཁྲིམས་བཟོ་ལྷན་ཚོགས་ཀྱིས་རླབས་ཆེན་གྱི་བཏང་འཛིན་བྱེད་ཐུབ་པ་དེ་ག་རེའི་ལམ་ནས་བྱེད་ཀྱི་ཡོད་རེད་ཅེ་ན། ཁྲིམས་བཟོ་རླབས་ཆེན་བྱས་ཏེ་འགྲོ་སོང་གཏོང་བ་དང་རྗེས་འབྲེལ་གྱི་འགྲོ་སོང་དབང་ཚད་སྤྲད་རྒྱུའི་བཀོད་ཁྱབ་དེའི་ནང་ལ་ཁྲིམས་གཞི་བརྒྱ་ཕྲག་མང་པོ་ཞིག་གཏན་ལ་ཕབ་སྟེ་འཛིན་སྐྱོང་གི་ལས་དོན་བྱེད་པའི་སྐབས་ལ་ཁྲིམས་གཞི་དེ་ཚོ་དང་མཐུན་པ་མ་བྱས་ཐབས་མེད་ཅིག་ཤུགས་མ་ཐུབ་ཀྱི་བྱེད་དགོས་པ་ཞིག་དང༌། ཁྲིམས་གཞི་དེ་ཚོའི་ཐོག་ནས་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་དུ་འགྲོ་བ་དང༌། འགྱོགས་སུ་འགྲོ་བ། གནད་དུ་སྨིན་པ་འགྲོ་བའི་ནུས་པ་ཞིག་སྤེལ་ཐུབ་ཀྱི་ཡོད་རེད། དེ་འདྲའི་ནུས་པ་སྤེལ་བྱེད་ཅིག་ང་རང་ཚོའི་ནང་ལའང་མ་བྱུང་བ་ཡིན་ན་དྲི་བ་དྲིས་ལན་དེ་འཁྲུག་འཛིངས་བྱེད་པ་འདྲ་པོ་ཞིག་ལས། གྲོས་ཚོགས་གྲོལ་ཚར་དུས་ལན་རྒྱག་མཁན་གྱིས་ཀྱང་ངས་གྲོས་ཚོགས་ནང་འདི་འདྲ་ཞིག་བཤད་ཡིན་བསམ་པའི་སྣང་བ་གཏོང་གི་ཡོད་མ་རེད། དྲི་བ་དྲི་མཁན་གྱིས་ཀྱང་ཕལ་ཆེར་གྲོས་ཚོགས་གྲོལ་ཚར་སྐབས་ཐུགས་བསྙེལ་ཚར་བ་རེད། དེ་ལ་མཇུག་ནོན་བྱས་ཏེ་སྔ་མ་ངས་དྲི་བ་འདི་དྲིས་ཡོད། ད་ག་རེ་བྱས་ཡོད་དམ་བསམ་པའི་སྒོ་ནས་ཕྱག་ལས་གནང་མཁན་གྲོས་ཚོགས་ནང་དཀོན་པོ་རེད། དེའི་སྐོར་ལ་ང་ཚོས་དམིགས་བསལ་གྱི་དགོངས་བཞེས་གནང་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་དག་ང་ཚོས་རིམ་གྱིས་ཕྱག་ལས་ལག་ལེན་བསྟར་བའི་སྐབས་ལ་ཡོང་གི་རེད་བསམ་གྱི་འདུག ད་རིང་ངས་དམིགས་ཀྱིས་བཀར་ཏེ་ང་ཚོའི་མདུན་ལ་ཡོད་པའི་ཛ་དྲག་གི་ལས་དོན་སྣ་ཁ་གཉིས་ཞུ་རྒྱུའི་འདོད་པ་བྱུང༌། ཚང་མས་མཁྱེན་གསལ་རེད། འདས་པའི་ལོ་གསུམ་ཙམ་གྱི་ནང་ལ་རྒྱལ་སྤྱིའི་ནང་ལ་བོད་དོན་གྱི་ཡར་རྒྱས་ཀྱི་ཐོག་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་རེད། ཁ་སང་ྋསྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བ་ནང་བཞིན་རེད། དེ་ལ་བརྟེན་ནས་རྒྱ་མིས་དམིགས་བསལ་གྱིས་ང་ཚོའི་ལས་དོན་གྱི་ནུས་པ་གཅོག་རྒྱུའི་ཆེད་ལས་དོན་སྣ་ཚོགས་སྤེལ་གྱི་ཡོད་པ་རེད། དེའི་ལས་དོན་གྱི་འཆར་གཞིའི་ནང་ལ་གང་ཡོད་པ་དེ་འདིར་ཚོགས་མི་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་ཚོའི་ནང་ནས་དམིགས་ཀྱིས་བཀར་བ་དེ་ྋསྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་ལ་གཞི་མེད་ཀྱི་སྐུར་འདེབས་ཞུས་ནས་མཚན་ཤས་བཟོ་བའི་ལས་འགུལ་སྤེལ་ནས་ད་རིང་སང་ཉིན་ནུས་པ་འཐོན་བཞིན་པ་རེད། དྲིན་ཐུ་དང༌། ཧོང་ཀོང༌། སིང་ག་པུར། དིལླཱི། པ་ཊ་ནཱ། ཀ་ཐ་མན་ཌུ་དེ་ཚོ་ཚང་མའི་ནང་ལ་འཆར་གཞི་ལྡན་པའི་སྒྲིག་འཛུགས་བཟོས་ཏེ། སྒྲིག་འཛུགས་དེ་ཚོའི་བརྒྱུད་ནས་རྒྱལ་སྤྱིའི་ནང་དང༌། བོད་མིའི་ནང་ལ་འཆལ་གཏམ་དང་སྒྲོ་སྐུར་གྱི་གཏམ་དེ་འདྲ་བཀྲམས་ནས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་འགྲོ་བའི་འབད་རྩོལ་ཤུགས་ཆེན་པོ་ཞིག་བྱས་དང་བྱེད་བཞིན་པ་དེ་ཉི་མ་ཤར་བ་སྦར་མོས་ཁེབས་པའི་དྭོགས་པ་ཡོད་མ་རེད། སྐྱག་རྫུན་བཤད་དེ་སྒྲོ་སྐུར་ཞུས་པ་དེ་དག་ལ་ནུས་པ་ཐོན་ཡོང་བསམ་པའི་ང་ཚོ་ལ་ཞེད་སྣང་དགོས་མ་རེད། བདེན་པ་དེ་རྫུན་གྱིས་བདེན་པ་མིན་པར་བཟོ་ཐབས་ཡོད་མ་རེད། ཡིན་ནའང་ལས་འགུལ་དེ་ཚོའི་ཐོག་ནས་བོད་པའི་སྤྱི་ཚོགས་དང༌། རྒྱལ་སྤྱིའི་ནང་ལ་ང་ཚོའི་འཕྲལ་རྐང་གི་དཀའ་ངལ་དང་རྙོག་དྲ་ཞིག་བཟོ་སྲིད་པ་དང༌། བཟོ་བཞིན་པ་ཡིན་ཙང༌། དེའི་ཐོག་ལ་གྲོས་ཚོགས་ཀྱི་ངོས་ནས་གདོང་ལེན་བྱེད་སྟངས་དེ་ང་རང་ཚོ་ཚོགས་འདུ་འདིའི་ཐོག་ནས་གསལ་པོ་བྱས་ཏེ་བཟོ་ཐུབ་པ་ཞིག་དང༌། དེ་ལ་ང་ཚོས་རིམ་པ་དང་ལྡན་པ་ཞིག་གི་ཐོག་ནས་གདོང་ལེན་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དོན་ཚན་གཉིས་པ་དེ་ྋསྐྱབས་མགོན་རིན་པོ་ཆེས་མང་མོས་ཐག་གཅོད་གནང་རྒྱུའི་གསལ་བསྒྲགས་གནང་ནས་ད་ཆ་ལོ་གཉིས་འགྲོ་གི་ཡོད་པ་རེད། གཞུང་འབྲེལ་གསལ་བསྒྲགས་ནང་ལ་བཏོན་པ་ལྟར་བྱས་ན་ལོ་འདིའི་ཕྱི་ཟླ་ ༨ ཚེས་ ༣༠ ཚུན་ཆད་ལ་ཐོག་མའི་མང་མོས་ཐག་གཅོད་ཀྱི་འོས་བསྡུ་མ་གནང་གོང་ལ་མང་ཚོགས་ཀྱི་བསམ་ཚུལ་ཡར་བསྡུས་ཟིན་པ་བྱེད་དགོས་ཀྱི་རེད་ཅེས་ད་ལྟ་ང་ཚོས་ལས་འགུལ་སྤེལ་བཞིན་པ་དེ་རེད། མང་མོས་ཐག་གཅོད་འོས་བསྡུ་ཟེར་བ་དེ་མང་གཙོའི་རིང་ལུགས་ཀྱི་ནང་ལ་ལག་ཆ་མཐའ་མ་འདྲ་པོ་ཞིག་རེད། ཚངས་པའི་གོ་ཆ་ལྟ་བུ་རྒྱ་གར་བའི་བཤད་སྟངས་བྱས་ན་བྲཧྨཱསྟྲ་ཟེར་བ་དེ་གྲོས་ཚོགས་དང༌། འཛིན་སྐྱོང༌། ཁྲིམས་ཀྱི་དབང་འཛིན་བཅས་རྒྱལ་ཁབ་དང་སྲིད་གཞུང་གི་གཙོ་འཛིན་ཚང་མས་ཐུགས་ཐག་གཅོད་མ་བདེ་བ་དང་ཐུགས་ཐག་མ་ཆོད་པའི་སྐབས་ལ་མི་མང་གི་མདུན་ལ་ཐད་ཀར་ཕྱིན་ནས་ Referendum བྱ་རྒྱུ་དེ་མང་གཙོའི་ཆབ་སྲིད་ཀྱི་ནང་ལ་ལག་ཆ་མཐའ་མ་དང༌། ལས་འགུལ་མཐའ་མ་དེ་རེད། ྋསྐྱབས་མགོན་རིན་པོ་ཆེས་བོད་ཀྱི་མང་ཚོགས་ལ་བརྒྱ་ཆ་བརྒྱ་ཐམ་པའི་ཐུགས་བློ་བཀལ་ཏེ་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཀྱི་ཐོག་ལ་མང་མོས་ཐག་གཅོད་ཀྱི་འོས་བསྡུ་གནང་རྒྱུ་གནང་བ་དེ་བླ་ན་མེད་པའི་རླབས་ཆེན་དང་གཟི་བརྗིད་ཅན་ཞིག་ཡིན་པ་དེ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་ད་ལྟའི་ཆབ་སྲིད་ཀྱི་འགྱུར་འགྲོས་དེ་རྒྱལ་སྤྱིའི་ནང་གི་གནས་སྟངས་དང༌། བོད་ནང་དང་ཕྱི་ལ་ཡོད་པའི་བོད་མིའི་ཆབ་སྲིད་ཀྱི་གོ་རྟོགས་ཀྱི་བསམ་ཚུལ་དེ་གཉིས་ཀ་གཞི་རྩར་བཞག་པའི་ཐོག་ནས་མང་མོས་ཐག་གཅོད་འོས་བསྡུ་ཟེར་བ་དེ་ངས་ག་དུས་ཡིན་ནའང་ཞུ་བཞིན་པ་ནི་ཕྱོགས་གཉིས་ཀར་རྣོ་ཡོད་པའི་རལ་གྲི་བཟོ་འདྲ་པོ་རེད། ཕྱོགས་གཉིས་ཀར་རྣོ་ཡོད་པ་དེས་ཕར་གཅོད་གྲབས་ཡོད་དམ། ཚུར་གཅོད་གྲབས་ཡོད་མ་ཤེས་པ་ཞིག་ཆགས་ཀྱི་ཡོད་ཙང༌། དེ་ལ་ང་ཚོས་གཟབ་གཟབ་བྱས་ཏེ་བསམ་བློ་བཏང་ནས་ྋརྒྱལ་བ་རིན་པོ་ཆེ་ལ་གསོལ་འདེབས་ཞུས་མ་ཐུབ་པ་ཡིན་ན། ང་ཚོས་མ་འོངས་པའི་ལམ་ཕྱོགས་ཆེན་པོ་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཙང༌། གལ་འགངས་ཆེན་པོ་ཞིག་ཆགས་ཡོད་རེད། ནར་འགྱངས་བྱས་པ་ཡིན་ན་ཕར་འགྱངས་ཕར་འགྱངས་ཀྱིས་དེ་འཕྲལ་དུ་ཐག་མ་ཆོད་པར་ལུས་པ་ཡིན་ན། ལས་དོན་མང་པོ་ཞིག་དེ་ལ་བརྟེན་ནས་འགག་འགྲོ་གི་ཡོད་རེད། མ་འོངས་བོད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་གསལ་པོ་ཞིག་མ་བྱུང་བར་ལ་འཛིན་སྐྱོང་གཞུང་གི་ངོས་ནས་ཡིན་ནའང་ཐག་བཅད་དེ་འགྲོ་བདེ་པོ་ཞིག་དང༌། ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་ཡིན་ནའང་མཛད་ཕྱོགས་གལ་ཆེ་བ་དེ་དག་ཐུགས་ཐག་མ་ཆོད་པར་སྒུག་བཞུགས་དགོས་པ་ཆགས་ན་གོ་སྐབས་མང་པོ་བརླག་རྒྱུ་དང༌། དུས་ཚོད་མང་པོ་ཆུད་ཟོས་ལ་འགྲོ་བའི་ཉེན་ཁ་ཡོད་པ་སོང་ཙང༌། ང་ཚོས་ངེས་པར་དུའང་དེའི་སྐོར་ལ་མགྱོགས་ནས་མྱུར་དུ་ཐག་གཅོད་ཐུབ་པ་ཞིག་དང༌། ཐག་ཆོད་པ་དེ་ཡང་ཡང་དག་པ་ནོར་འཁྲུལ་མེད་པ་ཞིག་ཡོང་རྒྱུར་འབད་རྩོལ་བྱེད་དགོས། དེ་གལ་ཆེན་ཞིག་མཐོང་གི་འདུག དེ་འདྲ་སོང་ཙང་ད་རེས་སྐབས་བཅུ་གཉིས་པའི་གྲོས་ཚོགས་འདིའི་ཐོག་ནས་མང་ཚོགས་ལ་འདིའི་སྐོར་བྱ་ལམ་བྱེད་བདེའི་ལམ་སྟོན་ཞིག་གནང་དགོས་པ་ཐུགས་འགན་ཆེན་པོ་ཞིག་ཆགས་ཀྱི་མེད་དམ་སྙམ་དྲན་གྱི་འདུག དེས་ན་འདི་དག་ཚོགས་གཙོའི་བསམ་ཚུལ་ལ་ཡོང་སྡོད་ཀྱི་འདུག དེ་གཉིས་པོ་ཚང་མའི་ཐུགས་ལ་བཞག་རོགས་གནང༌། ད་རིང་ཚོགས་འདུ་འགོ་འཛུགས་ཀྱི་ལས་རིམ་ཐོག་ནས་ངས་གལ་ཆེན་པོ་བྱས་ནས་བཤད་པ་དེ་འདྲ་ཡིན། ཞར་བྱུང་ལ་བདུན་ཕྲག་རྗེས་མའི་རྗེས་མ་ལ་ཕྱི་ཟླ་དྲུག་པ་འདིའི་ཚེས་བཅོ་ལྔ་ནས་ཇར་མན་གྱི་རྒྱལ་ས་སྦོན་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་རྫོགས་ཀྱི་ཚོགས་ཆེན་གཉིས་པ་དེ་ཚོགས་རྒྱུའི་གོ་སྒྲིག་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང༌། ཕིརིཌིརིཀ་ནོའུ་མན་ཐེབས་རྩ་གཉིས་མཉམ་མཐུན་གྱི་ཐོག་ནས་ཞུས་དང་ཞུ་བཞིན་པ་རེད། དེའི་ཐོག་ལ་རྒྱ་ནག་གིས་སྔར་དང་མི་འདྲ་བར་གནོན་ཤུགས་སྤྲད་དེ་ད་ལྟ་ང་ཚོར་དཀའ་རྙོག་མང་པོ་ཞིག་ཡོང་གི་ཡོད་རེད། དཀའ་རྙོག་གི་གནས་ཚུལ་དེ་ཚོ་ལ་བལྟས་པ་ཡིན་ན་ཕལ་ཆེར་ཚོགས་འདུ་དེ་ཕྱིར་འགྱངས་བྱ་དགོས་པའི་གནས་སྟངས་ཤིག་རེད་དེ། འོན་ཀྱང་ད་ལྟ་ཕིརིཌིརིཀ་ནོའུ་མན་ཐེབས་རྩས་ལངས་ཕྱོགས་མཁྲེགས་པོ་ཞིག་བཟུང་ནས་ཚོགས་འདུ་དེ་ཕྱིར་འགྱངས་བྱེད་ཀྱི་ཡོད་མ་རེད། ད་ལྟའི་གནས་སྐབས་འདིར་རྒྱ་ནག་ལ་ཡོད་པའི་ FNF གྱི་ལས་ཁུངས་ཚང་མ་སྒོ་བརྒྱབས་ཏེ། དེའི་ལས་བྱེད་པ་རྣམས་ཕྱིར་སློག་བྱ་རྒྱུ་དང༌། ང་ཚོའི་ཚོགས་འདུའི་ཆེད་དུ་སྔོན་རྩིས་བཞག་པའི་ཇར་མན་གྱི་སྒོར་མོ་ཉིས་འབུམ་དགུ་ཁྲི་གཞུང་གིས་མ་སྤྲད་པར་ཁོང་ཚོའི་དངུལ་འབབ་ཀྱི་ཆ་ནས་གཅོག་ཆ་བྱས་ཏེ་ད་ལྟ་དངུལ་མེད་པ་དང༌། ལས་ཁུངས་སྒོ་རྒྱག་དགོས་པ། ཇར་མན་གཞུང་ལ་ཁ་གཏད་གཅོག་དགོས་པ། རྒྱ་མི་དང་ཁ་གཏད་གཅོག་དགོས་པ། དེ་འདྲའི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ། ང་ཚོའི་ཚོགས་འདུ་དེ་ངེས་པར་ཚོགས་ཐུབ་པ་ཞིག་དང༌། ཚོགས་ཐུབ་པ་ཙམ་དུ་མ་ཟད། སྔར་ལས་ལྷག་པའི་གྲུབ་འབྲས་ཐོན་པ་ཞིག་ཡོང་བའི་ཡིད་ཆེས་དང་འབད་རྩོལ་གཉིས་ཀ་བྱེད་བཞིན་ཡོད། དེའི་ཐོག་ལ་གྲོས་ཚོགས་ཀྱིས་ད་ལྟ་ལམ་སེང་དམིགས་བསལ་གང་ཡང་བྱ་རྒྱུ་མེད་རུང༌། གྲོས་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ། དེ་དག་གྲོས་ཚོགས་ཚོགས་བཞིན་སྐབས་ལ་འབྱུང་བཞིན་པའི་དོན་གནད་ཅིག་ཡིན་ཙང༌། གྲོས་ཚོགས་ཀྱིས་མཁྱེན་དགོས་པའི་གནས་སྟངས་ཤིག་ཡིན་དུས། ཐོག་མ་ངས་བཀའ་བློན་ནས་གསལ་བཤད་ཅིག་གནང་ན་ཞེས་བསམ་འཆར་ཞིག་འདོན་ན་བསམ་པ་བྱུང་སྟེ། འོན་ཀྱང་ཚོགས་གཙོའི་སྔོན་འགྲོའི་གཏམ་བཤད་ཀྱི་ནང་ལ་ཟུར་ཙམ་ཞིག་སྨོས་པ་ཡིན་ན། ཕལ་ཆེར་འགལ་བ་མི་འདུག་བསམ་དྲན་བྱུང༌། དེས་ན་ད་ལྟ་ངས་ཚང་མས་མཁྱེན་རྟོགས་ཀྱི་ཆེད་དུ་ཟུར་ཙམ་ཞིག་ཞུས་པ་དེ་འདྲ་ཡིན། དེས་ན་དེའི་ཐོག་ལ་སེམས་ཤུགས་ཀྱི་རྒྱབ་སྐྱོར་གནང་རྒྱུ་དང༌། ཕྱི་དྲིལ་ལྷན་ཁང་གི་ཐོག་ལ་རྒྱབ་སྐྱོར་གནང་རྒྱུ་དང༌།ཕྱི་དྲིལ་ལྷན་ཁང་གི་ཐོག་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་དང་ཤུགས་ནུས་རྒྱབ་སྐྱོར་གང་གནང་རྒྱུ་ཡོད་རུང༌། གྲོས་ཚོགས་སྤྱི་དང༌། སྤྱི་འཐུས་བྱེ་བྲག་པ་སུས་ཀྱང་གནང་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་ངའི་མཐོང་སྣང་དེ་འདྲ་བྱུང༌། གནས་ཚུལ་དེ་འདྲ་ཞིག་གི་ཐོག་ནས་ང་ཚོ་ད་རིང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་དེ་འགོ་འཛུགས་ཞུ་རྒྱུ་ཞིག་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དང་པོ། ༡༩༩༦/༠༦/༠༢ ་་་ ༡༩༩༦/༠༦/༠༦