ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་གཟུགས་སུ་རོལ་བ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ཅན་པ་རྣམས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད། བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེ་ཞལ་སྔ་ནས། ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། དེ་རིང་འདི་གར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང༌། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་ཚོགས་གཙོ་མཆོག་དང་ཚོགས་གཙོ་གཞོན་པ། ཕྱག་སྦྲེལ་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྣམ་པ། སྐུ་མགྲོན་མཁས་དབང་རྣམ་པ། དྲུང་ཆེ་རྣམ་པ། གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། བོད་རིགས་དགེ་རྒན་རྣམ་པ་བཅས་ལྷན་རྒྱས་ལ་ཞུ་རྒྱུ། ད་རེས་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་འདིར་ཕེབས་པའི་བོད་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། དགེ་རྒན་རྣམ་པ་བཅས་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་ནི་འདས་པའི་མི་ལོ་ཉིས་སྟོང་སུམ་བརྒྱ་ཙམ་གྱི་རིང་ས་གཞིའི་སྟེང་གི་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་བཟང་ཤོས་སུ་གནས་པར་བརྟེན། རྒྱལ་ཁབ་དང་མི་རིགས་གཞན་སུས་ཀྱང་འགྲན་མི་བཟོད་པའི་མཁས་པ་མང་པོའི་འབྱུང་གནས་སུ་གྱུར་ནས་སྒྲ་སྒྱུར་དང་རང་རྩོམ་གྱི་གཞུང་ལུགས་གཉིས་ཆ་ནས་ས་སྟེང་འདིའི་ཡུལ་ཁམས་ཐམས་ཅད་ལས་བཟང་ཤོས་དང་མང་ཤོས་བྱུང་བའི་ཁར། ལྷག་པར་ཚད་མ་རིག་པ་དང༌། གསོ་བ་རིག་པ། ནང་དོན་རིག་པ་གསུམ་གྱི་ཐོག་ཆེས་རྨད་དུ་བྱུང་བའི་ལེགས་བཤད་ཀྱིས་འཇིག་རྟེན་མཛེས་པར་བྱས་པ་དང༌། སྒྲ་དང་བཟོའི་གནས་ལའང་འཕགས་པའི་ཡུལ་དང་དོ་མཉམ་པ་བྱུང་བའི་ལོ་རྒྱུས་ངོམས་སུ་འོས་པ་ཡོད་པ་དེ་ལྟར་ཡང༌། ད་ལྟ་རང་རེའི་མི་རབས་འདིའི་ཐོག རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་དབང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་མི་འབུམ་ལ་ཉེ་བ་ཕྱི་རྒྱལ་དུ་བཙན་བྱོལ་ཡོང་དགོས་བྱུང་བ་ནས་བཟུང་བོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ལ་འགྱུར་བ་ཧ་ཅང་ཆེན་པོ་གཉིས་བྱུང་ཡོད། གཅིག་ནི། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་གཉིས་དགེའི་རླབས་ཆེན་གྱི་དགོངས་གཞི་ལ་བརྟེན་ནས་བཙན་བྱོལ་དུ་འབྱོར་བའི་བོད་རིགས་ལོ་ན་ ༡༦ མན་གྱི་ན་གཞོན་ཡོངས་རྫོགས་གཞི་རིམ་སློབ་གྲྭ་ཁག་དང་བུ་གསོ་ཁང་དུ་འཇུག་བཞེས་མཛད་དེ་བཙན་བྱོལ་བོད་ཕྲུག་ཡོངས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྩལ་བ་དང༌། འགྱུར་བ་གཉིས་པ་ནི་རྒྱ་གར་དུ་དར་ཁྱབ་ཡོད་བཞིན་པའི་དེང་རབས་ཀྱི་སློབ་སྦྱོང་གི་ལམ་སྲོལ་ངོས་བཞེས་མཛད་པ་དང་ཆབས་ཅིག བོད་ཕྲུག་རྣམས་རྒྱ་གར་གྱི་གཞི་རིམ་སློབ་གྲྭ་ཁག་ཏུ་ཁ་འཐོར་དུ་མ་བཏང་བར་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཟུར་འཛུགས་ཀྱིས་དེང་དུས་ཀྱི་སློབ་ཚན་ཁག་གི་སྟེང་དུ་བོད་ཀྱི་སྐད་ཡིག་དང༌། བོད་ཀྱི་རིག་གནས་སྣེ་འཛོམས་ཀྱི་སློབ་ཚན་ཡོད་པའི་བོད་མིའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་གཞི་རྟེན་བརྟན་པོ་ཞིག་བསྐྲུན་གནང་མཛད་པ་འདི་ཡིན། སྐབས་དེར་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་གྱིས་ཐུགས་ཁུར་ཇི་ལྟར་བཞེས་པའི་སྐོར་ྋགོང་ས་མཆོག་གི་རང་རྣམ་དུ་ཞིབ་བཀོད་མཛད་པའི་མཐའ་བསྡོམས་སུ་ “ཁོང་ཚོ་ནི་ང་ཚོས་གཅེས་སྐྱོང་བྱ་འོས་པའི་ཆོས་སྤྱོད་ཞི་བའི་ས་བོན་ལྟ་བུར་འགྱུར་གྱི་རེད་” ཅེས་བཀའ་བསྩལ་ཡོད། གནས་ཚུལ་འདི་གཉིས་ནི་བོད་ཀྱི་ཤེས་ཡོན་གྱི་བྱུང་བའི་ནང་རླབས་ཆེན་གྱི་འགྱུར་བ་ཁྱད་པར་བ་ཞིག་ཡིན། ྋགོང་ས་མཆོག་གི་ལམ་སྟོན་དེའི་འོག་གསར་བརྗེའི་འགྱུར་འགྲོས་དེ་སླར་ཡང་རྒྱུན་སྲོལ་ཕལ་པ་ཞིག་ཏུ་འགྱུར་དུ་མ་བཅུག་པར་ལོ་རེ་བཞིན་མདུན་ནས་མདུན་དུ་གོམ་བགྲོད་ཐུབ་པ་ཞིག་བྱེད་རྒྱུ་དེ་བཙན་བྱོལ་གཞུང་གི་སྲི་ཞུ་བ་རྣམས་ཀྱི་སྐབས་བབ་ཀྱི་ལས་འགན་ཞིག་ཡིན་ནའང༌། ལས་བྱེད་དང་ཕ་མ་གཉིས་ཐད་ནས་བཙན་བྱོལ་དུ་གཞིས་ཆགས་ཕྲ་ཚུགས་ཀྱིས་འཚོ་ཐབས་དང༌། དཔལ་འབྱོར་གྱི་དཀའ་ངལ་རིམ་སེལ་བྱུང་བ་དང་མཉམ་དུ་ཛ་དྲག་གི་ཚོར་བ་ཡལ་ཏེ་བོད་མིའི་ཤེས་ཡོན་གྱི་ལམ་སྲོལ་ཐོག་དགོས་ངེས་ཀྱི་འགྱུར་བ་དང༌། ཡར་རྒྱས་གང་ཡང་བཏང་མ་ཐུབ་པ་མ་ཟད། ལམ་སྲོལ་འདིའི་ནང་ནས་ཐོག་མར་བྱུང་བའི་གྲུབ་འབྲས་ཀྱི་གནས་ཚད་དེ་ཙམ་ཡང་རྒྱུན་འཛིན་མ་ཐུབ་པར་ཉམས་ཆག་ཕྱིན་པའི་གནས་སྟངས་འདི་ནི་ང་ཚོའི་མི་རབས་ཀྱི་ལས་འགན་མ་འགྲུབ་པ་ཞིག་ལ་ངོས་འཛིན་མི་བྱ་མཐུ་མེད་རེད། ཕྱི་ལོ་ ༡༩༥༩ ནས་ ༡༩༧༠ ཙམ་གྱི་བར་བཙན་བྱོལ་བའི་མི་ཚེའི་ལོ་རིམ་བཅུ་ཕྲག་དང་པོའི་ནང་གཏན་ཉིན་གྱི་སློབ་གྲྭ་ཁག་མང་གསར་འཛུགས་དང༌། སྔོན་མེད་ཀྱི་སློབ་དེབ་གསར་བཟོ། བོད་མིའི་དགེ་རྒན་འོས་སྦྱོང་སྔ་རྗེས་བྱས་པ་སོགས་སྐབས་དེའི་མཐུན་རྐྱེན་གྱི་གནས་བབས་ལ་གཞིགས་པའི་ཧ་ལས་པའི་ལས་དོན་མང་པོ་བྱས་ཡོད་ནའང༌། རིམ་གྱིས་ཕྱིའི་མཐུན་རྐྱེན་ཇེ་བཟང་དུ་སོང་བའི་སྐབས་དགེ་རྒན་དང༌། སློབ་ཕྲུག ཕ་མ་ཚང་མའི་ངོས་ནས་ལོ་རེ་བཞིན་ལྷོད་ཡངས་ཇེ་ཆེར་སོང་སྟེ་ཡར་རྒྱས་ཀྱི་ཚབ་ཏུ་ཉམས་རྒུད་བྱུང་བའི་དབང་གིས་ད་ཆ་འབ་སུ་མ་འདུས་པའི་ཚད་དུ་སླེབས་ཡོད། རང་རེ་ཐོག་མ་བཙན་བྱོལ་དུ་འབྱོར་སྐབས་གནས་སྐབས་ལོ་བཅུ་སྐོར་ཞིག་གི་རིང་རྒྱ་གར་གྱི་ཤེས་ཡོན་གྱི་ལམ་སྲོལ་ལ་མ་བརྟེན་ཐབས་མེད་ཡིན་ནའང༌། རིམ་བཞིན་གནས་ཚུལ་ཤེས་རྟོགས་དང་མྱོང་གོམས་བྱུང་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་དམིགས་ཀྱི་དགོས་མཁོར་འཚམས་པའི་བོད་མིའི་ཤེས་ཡོན་གྱི་ལམ་སྲོལ་ཁྱད་པར་བ་ཞིག་གསར་གཏོད་བྱེད་དགོས་པ་ནི་སྨོས་མ་དགོས་ཀྱང༌། དེ་ལྟའི་མངོན་འདོད་དང་སྤོབས་པ་མ་བྱུང་བ་མ་ཟད། ཤེས་ཡོན་སློབ་སྦྱོང་གི་སྐད་ཡིག་རང་སྐད་དུ་བསྒྱུར་རྒྱུ་ཡང་དྭང་ལེན་བྱེད་རྒྱུའི་ཚབ་ཏུ་འགོག་རྐྱེན་གནང་མཁན་མང་བ་ཞིག་བྱུང་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ཚ་ནན་ལན་མང་ཕེབས་པའི་ཞལ་ངོ་མ་གཅོག་པ་ལྟ་བུས་བོད་ཕྲུག་ཁྱིམ་སྡེ་ནས་ཐུགས་འགན་བཞེས་ཏེ་ཕྱི་ལོ་ ༡༩༨༦ ནས་བཟུང་བོད་ཁྱིམ་སློབ་གྲྭ་ཁག་དང༌། ༡༩༩༤ ནས་བཟུང་བོད་སློབ་འཛིན་ཚོགས་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་སྦྱོང་གི་བརྒྱུད་ལམ་རང་སྐད་དུ་བསྒྱུར་ཐུབ་ཙམ་ཞིག་བྱུང་ཡོད་ནའང༌། དེ་ནས་བཟུང་ད་ལྟའི་བར་འཛིན་རིམ་གོང་མ་རྣམས་ཀྱི་སློབ་སྦྱོང་གི་བརྒྱུད་ལམ་རང་སྐད་དུ་བསྒྱུར་རྒྱུའི་ཐོག་གྲུབ་འབྲས་ཡོད་པའི་ལས་དོན་གང་ཡང་བརྩམས་ཐུབ་མེད་པར་མ་ཟད། དེ་ལ་འགོག་རྐྱེན་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་འདི་རིགས་ཧ་ཅང་བློ་ཕམ་བྱ་དགོས་པའི་གནས་ཚུལ་ཞིག་རེད།

ད་ལྟ་རྒྱ་གར་རྒྱལ་ཡོངས་ནང་ཡོངས་ཁྱབ་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འདི་ནི་ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་རྒྱ་གར་གྱིས་མཚོན་ཤར་གླིང་གི་རྒྱལ་ཁབ་མང་པོའི་ཐོག་དབྱིན་ཇིའི་དབང་བསྒྱུར་སྲ་བརྟན་རྒྱུན་གནས་ཐུབ་ཐབས་ཀྱི་མཐུན་རྐྱེན་དུ་ཆེད་མངགས་ལོར་ཌི་མེ་ཀོ་ལེས་དབུ་ཁྲིད་པའི་ཤེས་ཡོན་ཚོགས་ཆུང་ཞིག་གིས་བཟོས་པའི་ལམ་སྲོལ་དེ་དུས་ད་ལྟའང་གྲྭ་མ་ཉམས་གྲུ་མ་ཞིག་པར་གནས་པ་དེ་རང་ཡིན་པའི་དབང་གིས་ཆབ་སྲིད་ཀྱི་རང་བཙན་ཐོབ་ནས་ལོ་ ༥༥ ཙམ་སོང་བའི་རྗེས་སུའང་རྒྱ་གར་གྱི་གནས་སྟངས་སྤྱི་དང༌། ལྷག་པར་ཤེས་ཡོན་སློབ་ཐོན་ན་གཞོན་རྣམས་ཀྱི་གནས་སྟངས་ཇི་འདྲ་ཞིག་གྱུར་ཡོད་པ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་འདི་རེད།

བོད་མི་ཚོའང་ལམ་སྲོལ་དེ་གའི་འོག་མུ་མཐུད་དེ་གནས་པ་ཡིན་ན་འབྱུང་འགྱུར་བོད་རིགས་སློབ་ཐོན་པ་རྣམས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་དང༌། འབྱུང་འགྱུར་བོད་གསར་པའི་འཛུགས་སྐྲུན་གྱི་ལས་དོན་གྱི་ཐོག་ཆ་ཤས་ཕྲ་མོ་ཙམ་ཡང་བླང་ཐུབ་རྒྱུ་ཕར་བཞག གནས་སྐབས་བཙན་བྱོལ་དུ་གནས་རིང་བོད་ཀྱི་གནའ་སྲོལ་དང་བོད་མིའི་ངོས་འཛིན་སྲུང་སྐྱོབ་བྱ་རྒྱུ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་རྩ་འཐོར་མི་འགྲོ་བའི་ཆེད་གཞིས་ཆགས་ཁག་ཏུ་གཏན་སྡོད་ཀྱིས་རང་ཁ་རང་འཚོ་ཐུབ་པ་ཞིག་བྱ་རྒྱུའང་མི་འཇོན་པའི་ན་གཞོན་ལས་མེད་བར་ལྡིང་དུ་འཁྱམས་ཏེ་བོད་མིའི་ངོས་འཛིན་དང་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མི་བྲོ་བའི་མྱོས་འགྱུར་གྱི་རྫས་ལ་སྤྱོད་མཁན་གྱི་ཁྱུ་ཚོགས་ཤིག་བསྐྲུན་རྒྱུ་ཡིན་པ་ད་ལྟ་ནས་གསལ་པོ་མཐོང་ཐུབ། ད་ལྟའི་ཤེས་ཡོན་གྱི་ལམ་སྲོལ་འདིའི་གནས་སྟངས་ལ་ཕྱོགས་གཞན་ཞིག་ནས་བལྟས་ན། འདས་པའི་མི་ལོ་ ༤༣ རིང་བཙན་བྱོལ་བའི་སློབ་ཕྲུག་སྟོང་ཕྲག་མང་པོ་ཞིག་ནས་ལམ་སྲོལ་འདིའི་འོག་སློབ་སྦྱོང་སྤྲད་ཟིན་ནའང་ཚད་ལྡན་གྱི་མཁས་པ་དེ་སྔོན་བོད་ཀྱི་སློབ་སྦྱོང་གི་ལམ་སྲོལ་ནས་ཐོན་པ་དང་མཚུངས་པ་ཞིག་སུ་ཐོན་འདུག་ཅེས་དྲིས་པ་ཡིན་ན། མཚན་གཞི་གཟུང་རྒྱུ་ཧ་ཅང་དཀོན་པོ་ཆགས་ཡོད། མདོར་བསྡུས་ཏེ་ཞུ་ན། རང་མགོ་རང་གིས་བཏོན་མི་ཐུབ་པར། གཞན་བརྟེན་གྱི་བསམ་པའི་བག་ཆགས་གཏིང་ཟབ་ཡོད་པའི་བྲན་གཡོག་བཟང་པོ་ཞིག་བསྐྲུན་པའི་ཆེད་དུ་ལོར་ཌི་མེ་ཀོ་ལེས་བཟོས་པའི་ཤེས་ཡོན་ལམ་སྲོལ་གྱི་བརྒྱུད་རིམ་དེའི་འོག་ནས་ཆེ་ས་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། མ་འོངས་བོད་ཀྱི་འཛུགས་སྐྲུན་ལ་ཕན་པའི་བོད་ཀྱི་མི་རབས་གསར་པ་ཞིག་དང༌། ཆུང་ས་ནས་གཞན་གྱི་བྲན་གཡོག་རྒྱུག་མ་དགོས་པར་རང་ཁ་རང་འཚོ་ཐུབ་པའི་རང་དབང་ཅན་གྱི་མི་ཚད་ལྡན་ཞིག་ཐོན་རྒྱུའི་རེ་བ་མེད་པ་དེ་ངས་རྒྱུ་མཚན་གྱི་ལམ་ནས་ཐག་བཅད་དེ་ཞུ་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟའི་སྨྲ་བ་པོ་འདིས་བོད་མིའི་ཤེས་ཡོན་ལམ་སྲོལ་ཚད་ལྡན་ཞིག་དགོས་པའི་རེ་བསྐུལ་ཡང་ཡང་ཞུས་བཞིན་པའི་ངང་ཕྱི་ལོ་ ༡༩༨༤ ལོར་བཀའ་ཤག་གིས་ཤེས་རིག་ལས་དོན་སྐོར་ལྷན་ཚོགས་ཤིག་ཏུ་བསྐོངས་འབོད་བྱུང་བའི་སྐབས་ལྷན་ཚོགས་ཀྱི་མདུན་སར་ད་ཡོད་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སྒྲིག་འཛུགས་དང༌། སློབ་སྦྱོང་གི་ལམ་སྲོལ་གཉིས་ཀ་རང་རེའི་དགོས་མཁོ་དང་མ་འཚམས་པར་གྱུར་ཟིན་པ་དང༌། གནས་ཚུལ་འདིའི་ཐོག་གཞི་རྩའི་གསར་བརྗེ་ཞིག་གནང་ན་མ་གཏོགས་ཆད་མཐུད་ཡོ་བསྲངས་ཀྱི་ཉམས་གསོ་ཕྲན་བུ་རེ་མཛད་པས་ཐུགས་ཕན་གསོས་མིན་གྱི་གནས་ཚུལ་ཞུ་རྒྱུ་བྱུང་ཞིང༌། དེའི་རྗེས་ཤེས་རིག་དྲུང་ཆེ་མཆོག་ནས་བོད་ཀྱི་ཤེས་རིག་ལམ་སྲོལ་ཐོག་ཁོ་བོའི་བསམ་ཚུལ་ཇི་ཡོད་ཡིག་ཐོག་ཏུ་འགོད་དགོས་ཡང་ཡང་ཕེབས་པར་བརྟེན། མ་འོངས་རང་སྲིད་རང་སྐྱོང་གི་གནས་བབས་ལྡན་པའི་བོད་ཀྱི་ཕུགས་དམིགས་བསྒྲུབ་བྱར་བཟུང་ཞིང༌། གནས་སྐབས་བཙན་བྱོལ་དུ་གནས་རིང་གི་འཕྲལ་གྱི་དགོས་མཁོ་དང་བསྟུན་ནས་སློབ་སྦྱོང་གི་དགོས་དམིགས་དང༌། ངོ་བོ། ལས་རིམ་འཆར་གཞི། སློབ་ཚན། སློབ་སྟོན་གྱི་སྐད་ཡིག འཛིན་སྐྱོང༌། སློབ་ཕྲུག དགེ་རྒན། རྒྱུགས་སྤྲོད་ཀྱི་ལམ་སྲོལ། སློབ་ཐོན་པའི་མདུན་ལམ་འཆར་གཞི་བཅས་འཁོད་པའི་ས་བོན་ཞིག་དང༌། དེ་དག་ཕྱག་ལེན་དུ་བསྟར་ཕྱོགས་དུས་ཚོད་ཀྱི་རྒྱས་བཅད་དང་བཅས་ཏེ་ལམ་སྲོལ་གསར་པའི་འོག་ཚོད་བལྟའི་སློབ་གྲྭ་ཞིག་ཕྱི་ལོ་ ༡༩༨༦ ནང་འཛིན་རིམ་དང་པོ་ནས་འགོ་འཛུགས་ཐུབ་པ་ཡིན་ན། ཕྱི་ལོ་ ༢༠༠༢ ལོར་ཆེས་མཐོའི་འཛིན་གྲྭ་ཐོན་རྒྱུ་དང༌། དེ་སྐབས་ལམ་སྲོལ་དེའི་སློབ་ཐོན་པ་དེའི་གྲས་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་ཤར་བསྐྱོད་ཐུབ་པ་ཡོང་མིན་གྱི་ཐག་གཅོད་གསལ་པོ་ཡོང་ངེས་ཞེས་ཞུས་མྱོང་ཡང༌། ཚིག་གི་མེ་ཏོག་འབྲས་བུས་སྟོང་པ་ལ་འགྱོད་པས་ཅི་ལ་ཕན། ཕྱི་ལོ་ ༡༩༨༠ མཇུག་ཙམ་ནས་ཤེས་ཡོན་གྱི་ལམ་སྲོལ་གསར་གཏོད་དང༌། སློབ་སྦྱོང་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ་ཤེས་ཡོན་གྱི་གནས་ཚད་དང་སྒྲིག་ལམ་ཀུན་སྤྱོད་གང་ཐད་ནས་ཉམས་ཆག་ཇེ་ཆེར་སོང་བའི་གནས་ཚུལ་འགྲེལ་བརྗོད་ཞུ་མ་དགོས་པར་ཚང་མའི་དགོངས་གསལ་དེ་ལྟར་ལགས། ད་ཆ་ཤེས་ཡོན་འཛིན་སྐྱོང་གི་འགན་དབང་རང་ཐོག་ཏུ་བབས་པའི་སྐབས་གསར་བརྗེ་དང་མདུན་མཆོང་བྱ་རྒྱུའི་རེ་བའི་ལྷག་མ་ཙམ་བློ་ཡུལ་དུ་ལུས་པ་དེ་ལྟར་ཡང༌། གནའ་བོའི་བོད་ཀྱི་གཏམ་དཔེར། སེམས་བསམ་པས་བར་སྣང་ལ་རྟ་རྒྱུགས་ཀྱང༌། དོན་ཡང་ཏིག་སྦར་མཐིལ་ལ་སོ་མི་ཐེབས་ཞེས་པ་ལྟར། ཤེས་ཡོན་ལམ་སྲོལ་གྱི་ཐོག་གསར་བརྗེའི་ལས་འགུལ་ཞིག་རྩོམ་པ་ལ་དགེ་རྒན་དང༌། ཕ་མ། སྤྱི་ཚོགས་གསུམ་གའི་མཐུན་རྐྱེན་མ་འཛོམས་ན་འགོ་ཁྲིད་རེ་ཟུང་གིས་བསམ་པ་ཙམ་གྱིས་སྒྲུབ་ཐབས་མེད་པ་མ་ཟད། ཉུང་མཐར་ཡང་ལོ་ངོ་བཅུ་ཕྲག་ལྷག་ཙམ་མུ་མཐུད་ཚོད་བལྟ་དང་འབད་བརྩོན་བྱེད་དགོས་པའི་གནས་ཚུལ་ཞིག་ཡིན་པར་བརྟེན། བཀའ་ཤག་སྐབས་བཅིུས་པས་ལས་ཁུར་བླངས་ཏེ་དུས་ཡུན་ཟླ་བ་བཅོ་ལྔ་ལྷག་སོང་ཡང་ད་བར་ཤེས་ཡོན་སློབ་སྦྱོང་གི་ཐོག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐབས་སྐོར་དོན་སྙིང་ལྡན་པའི་སྲིད་བྱུས་དང་ལས་འཆར་གང་ཡང་གཏན་ལ་ཕབ་ཐུབ་པ་བྱུང་མེད། ཤེས་ཡོན་སློབ་སྦྱོང་གི་ཐོག་ལོ་ཟླ་ཉིན་ཞག་ཇི་ཙམ་ཞིག་འཐུས་ཤོར་ཕྱིན་པ་དེ་དག་ནི་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ་ནམ་ཡང་གུན་གསབ་བྱེད་མི་ཐུབ་པའི་གྱོང་གུན་ཞིག་ཡིན་སྟབས། ཧ་ཅང་བློ་འཚབ་ཡོང་གི་འདུག

དེར་བརྟེན་བཀའ་ཤག་གིས་གྲོས་ཚོགས་སུ་ཕུལ་བའི་ལས་དོན་སྙན་ཞུ་སྔ་རྗེས་གཉིས་ཀྱི་ནང་ཤེས་ཡོན་སློབ་སྦྱོང་སྐོར་གྱི་བློ་འཚབ་ཇི་ཡོད་གསལ་པོ་ཞུས་ཡོད། བློ་འཚབ་ཇི་ཙམ་ཆེ་ནའང་ལས་དོན་འཆར་འགོད་དང་ཐག་གཅོད་མ་བྱས་གོང་ད་ལྟ་ཕྱག་ལས་གནང་བཞིན་པའི་ཉམས་མྱོང་ཅན་གྱི་དགེ་རྒན་དང༌། སློབ་སྤྱི་རྣམ་པ་ཚོ་དང་ལྷན་དུ་གོ་བསྡུར་གཏིང་ཟབ་ཅིག་མ་བྱུང་ན་རྗེས་སུ་ལག་བསྟར་ཡོང་ཐབས་བྲལ་བར་མཐོང་སྟེ་ད་ལམ་ཤེས་རིག་ལས་ཁུངས་ནས་འགྲོ་གྲོན་དང་ངལ་བ་གང་ལའང་མ་འཛེམས་པར་ཤེས་རིག་ཚོགས་ཆེན་འདི་བསྡུ་བསྐོང་ཞུས་པ་ཡིན། འདི་ནས་རེ་འདུན་ཞུས་དོན་ལྟར་སློབ་སྤྱི་དང་བོད་རིགས་དགེ་རྒན་ཕལ་ཆེ་བས་སྐུ་ངལ་འཛེམས་མེད་ཀྱིས་ཚོགས་ཕེབས་གནང་ཐུབ་པ་འདི་ལ་བཀའ་ཤག་གིས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཕྲུག་སློབ་གྲྭ་ཁག་གི་ནང་རྒྱ་གར་གྱི་ལས་བྱེད་དང་དགེ་རྒན་མང་པོ་ཡོད་ནའང༌། བཀའ་ཤག་གི་བསམ་ཚུལ་དུ་དགེ་རྒན་གྱི་ལས་འགན་རང་གི་འཚོ་ཐབས་ཀྱི་མདུན་ལམ་ཙམ་མ་ཡིན་པར། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཞིག་ཡིན་པའི་འདུ་ཤེས་ཀྱིས་འགན་ཁུར་བླང་རྒྱུའི་འོས་བབས་དེ་བོད་རིགས་དགེ་རྒན་ཚོ་རྐྱང་པ་ལ་མ་གཏོགས་མི་རིགས་གཞན་གྱི་དགེ་རྒན་ལ་མེད་སྟབས། ཁོང་ཚོ་ལ་སྤྱིར་བཏང་ལས་བྱེད་པའི་ཡུལ་སྲོལ་ཁྲིམས་མཐུན་གྱི་ལས་ཀ་བསྐུལ་རྒྱུ་ཙམ་མ་གཏོགས་དེ་ལས་ལྷག་པ་ཞིག་ང་ཚོས་རེ་འདུན་བྱ་དབང་བྲལ་བ་ཡིན་གཤིས། གནད་འགག་ཆེ་བའི་ཚོགས་འདུ་འདིའི་ནང་བོད་རིགས་དགེ་རྒན་ཁེ་གཙང་བསྡུ་བསྐོང་ཞུས་པའི་རྒྱུ་མཚན་དེ་ལྟར་ཡིན། ད་རེས་ཚོགས་འདུ་འདི་ཐོག་ནས་གཤམ་གསལ་གྱི་གྲུབ་འབྲས་རྣམས་ཐོན་པའི་རེ་བ་བྱེད་ཀྱི་ཡོད།

༡ ད་ལྟ་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་ཇི་ཕྱིན་དང༌། དེའི་རྒྱུ་རྐྱེན་གང་ལ་ཐུག་པའི་སྐོར་སློབ་སྤྱི་དང༌། དགེ་ལས་ཚོའི་གཟིགས་ཚུལ་གང་ཡོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང༌།

༢ རྒྱུ་རྐྱེན་དེ་དག་སེལ་བའི་ཐབས་ལམ་ཇི་ཡོད་དང༌། ཁྱད་པར་དེའི་ཐད་བཙན་བྱོལ་བོད་གཞུང་གི་ཞུ་སྒོ་ཇི་ཡོད་སྐོར་སློབ་སྤྱི་དང་དགེ་རྒན་རྣམ་པའི་དགོངས་ཚུལ་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༣ འབྱུང་འགྱུར་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་ཐོག་སློབ་སྤྱི་དང་དགེ་རྒན་རྣམ་པའི་དགོངས་ཚུལ་ཇི་ཡོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༤ བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱེད་པ་ཡིན་ན་དེ་ལ་སློབ་སྤྱི་དང་དགེ་རྒན་རྣམ་པས་ཕྱག་བསྟར་གནང་ཐུབ་རེ་ཡོད་མིན་དང༌། མཐུན་འགྱུར་རྒྱབ་སྐྱོར་ཇི་ཙམ་ཐོབ་ཐུབ་མིན་སྐོར་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༥ འགྲེམས་སྤེལ་ཞུས་པའི་གྲོས་གཞི་སོ་སོའི་ཐོག་དགོངས་འཆར་དང༌། མཐའ་དོན་གྲོས་ཆོད་གང་བཞག་རྣམས་ཁུངས་སོ་སོས་ཕྱག་བཞེས་གནང་ཐུབ་པ་ཡོང་བ་ཞུ་རྒྱུ་བཅས་ཡིན།

ད་ཕན་འབྲེལ་ཡོད་ཕལ་མོ་ཆེས་རང་རེའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་འགྲོ་བ་ཞིག་ངོས་བཞེས་གནང་གི་ཡོད་ཀྱང༌། རྒྱུ་མཚན་བརྩད་གཅོད་ཞུ་སྐབས་འཛིན་སྐྱོང་དང༌། དགེ་རྒན། ཕ་མ། སློབ་ཕྲུག སློབ་ཚན། སློབ་དེབ། མཐུན་རྐྱེན། སྤྱི་ཚོགས། ཁོར་ཡུག་སོགས་ཀྱིས་མ་འགྲིགས་པ་ཡིན་ཚུལ་གཅིག་ཁ་གཅིག་བཞག་བྱེད་པ་ཙམ་དང༌། རེ་ཟུང་གིས་ནི་བོད་མིའི་སློབ་གྲྭ་ཙམ་དུ་མ་ཟད། རྒྱ་གར་དང་རྒྱལ་ཁབ་གཞན་གྱི་སློབ་གྲྭ་ཁག་ཏུའང་སློབ་སྦྱོང་ཉམས་ཆག་འགྲོ་བཞིན་ཡོད་པས་འཇིག་རྟེན་སྤྱིའི་གནས་བབས་ཤིག་ཡིན་པས་ཐབས་ཤེས་མེད་ཚུལ་གསུང་མཁན་ཡང་ཡོང་གི་འདུག ཡང་འགན་འཛིན་རྣམ་པ་དང་འབྲེལ་ཡོད་དགེ་རྒན་ཁ་ཤས་ཀྱིས་ལོ་རེའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་བརྒྱ་ཆའི་གྲངས་ཚད་རྒྱུ་མཚན་དུ་བཀོད་དེ་ཤེས་ཡོན་གནས་ཚད་གོང་མཐོར་ཕྱིན་པ་མ་གཏོགས་ཉམས་ཆག་ཕྱིན་མེད་པའི་དགོངས་ཚུལ་གསུང་མཁན་ཡང་མི་ཉུང་བ་ཞིག་ཡོང་གི་འདུག་མོད། སློབ་ཕྲུག་སོ་སོའི་མི་ཚེའི་འཚོ་བའི་ནང་དངོས་དོན་སློབ་སྦྱོང་གི་གནས་ཚད་ཅིག་མེད་ན། རྒྱུགས་སྤྲོད་ཨང་ཤོག་གིས་ཕན་ཐོགས་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་པར་བརྟེན། ང་ཚོ་མི་རིགས་ཀྱི་ཁུར་འགན་ཡོད་པའི་ལས་ཀྱི་སྣེ་མོ་བ་རྣམས་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཤོག་བུ་ལ་བལྟས་ཏེ་བློ་ཁ་ཚིམས་ཐབས་མེད། མདོ་དོན་བོད་མི་རིགས་དང༌། ཆོས་དང་རིག་གཞུང༌། ལེགས་བྱང༌། ཡུལ་གོམས་གཤིས་ལུགས་དང་བཅས་པ་ཆགས་འཇིག་གི་སོ་མཚམས་ལ་སླེབས་པའི་གཉན་འཕྲང་ཅན་གྱི་དུས་རབས་འདིའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀྲིན་ལ་བརྟེན་ནས་བཙན་བྱོལ་བོད་ཕྲུག་ཡོངས་ལ་གནས་ཡུལ་ཡུལ་མི་ལས་ཀྱང་ཆེས་ལྷག་པའི་སློབ་སྦྱོང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་ཡོད་ནའང༌། དངོས་དོན་སློབ་སྦྱོང་དང་བཟང་སྤྱོད་གཉིས་ཕྱོགས་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་འདི་བཙན་བྱོལ་གཞུང་དང༌། ཕ་མ། དགེ་རྒན། ལས་བྱེད་སུ་ཐད་ནས་ཀྱང་རང་བཞིན་དེ་མུར་འཇོག་ཐབས་མེད་པའི་གནས་ཚུལ་ཚབས་ཆེ་ཞིག་ཡིན། ཚང་མས་མཁྱེན་གསལ་ལྟར། འདས་པའི་ལོ་ ༤༣ རིང་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་གོ་སྒྲིག་དང་འགྲོ་གྲོན་ཇི་ཙམ་ཞིག་བཏང་ཡོད་པ་དེ་འདྲ་ནི་འཛམ་བུ་གླིང་གི་སྐྱབས་བཅོལ་སུ་ཞིག་ལའང་བྱུང་མ་མྱོང་བ་ཞིག་རེད། ཕྱི་ལོ་ ༢༠༠༡ ནས་ ༢༠༠༢ ཀྱི་རྩིས་ལོ་རྐྱང་པར་ཆ་མཚོན་ན་དབུས་བོད་སློབ་འཛིན་སྐྱོང་དང༌། བོད་ཕྲུག་ཁྱིམ་སྡེ་ཁག སཾ་བྷོ་ཊ་བཅས་ཀྱི་འཛིན་སྐྱོང་གི་འོག་བོད་མིའི་སློབ་ཕྲུག ༢༨༠༠༠ ཙམ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང༌། དེའི་ཆེད་ལོ་གཅིག་གི་འགྲོ་གྲོན་ཧིན་སྒོར་ ༩༤༤༣༦༧༠༥༥ ལྷག་འགྲོ་སོང་ཕྱིན་ཡོད། འདིའི་ནང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། སྨན་རྩིས་ཁང་ལ་སོགས་པ་དང༌། གཞན་ཡང་གདན་ས་སོ་སོའི་ནང་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ལྟ་བུ་སྤྱི་སྒེར་ཅི་རིགས་ཀྱིས་བདག་གཉེར་བྱས་པའི་སློབ་གྲྭ་ཁག་མང་པོ་ཚུད་མེད། གོང་གསལ་འགྲོ་གྲོན་གྱི་དངུལ་འབབ་ནི་བཙན་བྱོལ་གཞུང་གི་ལོ་དཻའི་སྔོན་རྩིེས་ལས་བརྒྱ་ཆ་ ༣༥ མང་བ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ཆ་བོད་ཕྲུག་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་ལམ་སྲོལ་ཚད་ལྡན་དང༌། ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཐབས་ཀྱི་བྱེད་ཕྱོགས་གསར་པ་ཞིག་མ་བྱུང་ཐབས་མེད་ལ་བརྟེན་ད་རེས་འདིར་ཕེབས་ཀྱི་ཚོགས་འཐུས་ཚང་མས་འཛེམས་ཟོན་མེད་པའི་དགོངས་འཆར་ལྷུག་པོ་གནང་བའི་རེ་བ་ཡོད། འདིའི་སྐོར་བཀའ་ཤག་གི་མཐོང་ཚུལ་དང༌། གཞི་རྩའི་ལྟ་གྲུབ། བསམ་ཚུལ། བྱེད་འཆར་ཇི་ཡོད། ལྷག་པར་ཤེས་རིག་གི་སྲིད་བྱུས་ཀྱི་སྒྲོམ་གཞི་བཅས་ཚོགས་ཐེངས་རྗེས་མའི་ནང་བཀའ་ཤག་གི་གསལ་བཤད་དུ་ཞུ་རྒྱུ་ཡིན་ཞིང༌། སློབ་གྲྭ་ཁག་ནས་དགོངས་འཆར་ཡིག་ཐོག་ཏུ་འབྱོར་བ་རྣམས་ཀྱང་ཕྱོགས་བསྡོམས་ཀྱིས་ཚོགས་འཐུས་ཚང་མར་འགྲེམས་སྤེལ་ཞུས་ཡོད་པ་ལའང་གཟིགས་ཞིབ་ཡོད་པ་དང༌། ཚོགས་འདུར་ཕེབས་མཁན་ཚང་མར་དགོངས་འཆར་གསུང་རྒྱུའི་གོ་སྐབས་ཐོབ་པའི་ཆེད་ཚོགས་འདུ་ཉིན་གཉིས་པར་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་རྒྱུ་ཡིན་པས་ཚང་མས་ཐུགས་སྣང་ཆེན་པོས་ཆ་ཤས་བཞེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང༌། འབྱུང་འགྱུར་གྱི་བོད་དེ་ཡང་གནའ་རབས་ཀྱི་བོད་བཞིན་ཤེས་ཡོན་དང་མཁས་པའི་འབྱུང་གནས་ཤིག་ཏུ་རྒྱུན་གནས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།