ཤེས་རབ་ཀྱི་ཉི་མ།

དྷ་ས། སོག་ཚང་ལེགས་བཤད།
རྣམ་འདྲེན་ཤཱཀྱའི་ལུང་རྟོགས་བསྟན་པའི་ཆོས།།
འཛིན་ཅིང་སྤེལ་ལ་དཔའ་བའི་བདག་ཉིད་ཆེ།།
ལས་བསོད་རྟེན་འབྲེལ་སྨིན་པའི་རོལ་གར་ལས།
འཕགས་མཆོག་ཕྱག་ན་པད་མོའི་སྲས་སུ་བྱོན།།རིག་པ་ཡེ་ཤེས་སྣང་སྲིད་གསེབ་ནས་མཆེད།།
དྲི་མེད་བྱམས་བརྩེ་ཉམ་ཐག་ལས་ལ་བྲེལ།།
ཟབ་བརླིང་གསུང་གིས་བླང་དོར་འབྱེད་མཁས་པ།།
རིག་པའི་དབང་ཕྱུག་ཀུན་ལས་རྣམ་པར་རྒྱལ།།
གངས་ལྗོངས་བསྟན་འགྲོའི་བདེན་དོན་རྩོད་པའི་ཚེ།།
ཆོས་སྲིད་བྱ་བའི་ལས་ལ་བརྩོན་པས་གཞོལ།།
འཕྲལ་ཕུགས་ཀུན་ལ་ཕན་བདེའི་ཕྱོགས་སྟོན་བྱས།།
ཕུལ་བྱུང་སྲིད་ཀྱི་དེད་དཔོན་རྣམ་པར་བརྗིད།།
མཐོན་པོའི་རིགས་ལ་ངོ་སོའི་བསྟོད་ཚིག་བྲལ།།
དམན་པའི་རིགས་ལ་བཏང་སྙོམས་སེམས་ཀྱིས་སྐྱོང་།།
ཆོས་ལུགས་ཆོལ་ཁའི་ཞེན་ཕྱོགས་ཀུན་བྲལ་བའི།།
དྲང་བདེན་གཙུག་ཏུ་བཀུར་བའི་དྲང་སྲོང་ཉིད།།
འཇིག་རྟེན་སྣང་བའི་འགྲོས་ཀྱིས་མ་སྒྱེལ་བ།།
གཡོ་མེད་ཏིང་འཛིན་ལྷུན་པོའི་དེ་ཉིད་བཞིན།།
ཟོལ་མེད་སྤོབས་པས་བཏེགས་པའི་ལམ་ཞུགས་པ།།
མི་ཤིགས་རྟེན་འབྲེལ་འཁོར་བའི་རྙི་ལས་འགོངས།།
འཁོར་བའི་གནས་ལ་འཁོར་བའི་རྐྱེན་བྲལ་ཡང།།
རིང་ནས་གོམས་པའི་གཡར་དམ་བསླུ་མེད་དང་།།
སྙིང་རྗེ་ཆུ་ཀླུང་ཟབ་མོའི་རླབས་ཤུགས་གཉིས།།
གཞན་ཕན་ལས་ལ་འདུན་པའི་གར་གྱིས་བསྒྱུར།།
ཇི་སྲིད་ཉི་མའི་སྣང་བའི་དཀར་ངོགས་ན།།
ལྷག་བསམ་པད་མའི་ལང་ཚོ་མཛེས་པ་བཞིན།།
ཁྱེད་སྐུ་གསང་གསུམ་འཕྲིན་ལས་འོད་དཀར་ཟླ།།
མི་ནུབ་བརྟན་ཅིང་བརྗིད་པའི་རྒྱན་དུ་བཞུགས།།
ཞེས་རླབས་ཆེན་ཤེས་རབ་ཟབ་མོའི་དེ་ཉིད་ལ་རྟེན་འབྲེལ་གྱི་གོམས་པ་གཅིག་ཏུ་འབྲེལ་བའི་སྙིང་རྗེ་ཆེན་པོའི་རང་གཟུགས་མངོན་པར་བཞད་དེ་ངུར་སྨྲིག་རྒྱལ་མཚན་འཆང་བའི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཛད་པ་གཞན་དོན་དུ་བསྐྱངས་ནས་དགུང་གྲངས་དོན་ལྔར་སོན་པའི་སྐུའི་འཁྲུངས་སྐར་ལ་མི་ཕྱེད་དད་པའི་མོས་གུས་ཡིད་ལ་བརྣག་པས་ཕྲན་རང་དབང་བའམ་སོག་ཚང་ལེགས་བཤད་ཀྱིས་དྷ་ས་ནས་གུས་པས་ཕུལ།། ཕྱི་ལོ་༢༠༡༤ཟླ་༩ཚེས༣༠ཉིན།