རང་དབང་ཅན་གྱི་སྡེ་ཚན་ཁག་དང་འབྲེལ་བའི་ལས་བྱེད་གནས་སྤོས་གནས་སྤར་གཏོང་ཕྱོགས་ལས་འཕྲོས་པའི་གསལ་བཤད།
རྩིས་ཞིབ་ལས་ཁང་གིས་ཐོག་མར་སྒྲིག་གཞི་གཏན་འབེབས་གནང་བའི་སྐབས། གཞུང་ཞབས་འདེམས་ལྷན་དང༌། འོས་བསྡུ་ལས་ཁང་དང་མི་འདྲ་བར། རྩིས་ཞིབ་པའི་སྒྲིག་གྲལ་ལོགས་སུ་དབྱེ་ནས་རྩིས་ཞིབ་རང་གི་ཐོག་ཆེད་སྦྱོང་དང་ཉམས་མྱོང་ཡོད་པའི་རྩིས་ཞིབ་པའི་སྒྲིག་གྲལ་ཞིག་བཟོ་རྒྱུའི་དམིགས་ཡུལ་དུ་བཞག་ནས་ད་ལྟ་སྒྲིག་གཞི་དེ་དག་བཟོས་པ་ཞིག་རེད། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ཐོག་ད་བར་གཞུང་ཞབས་འདེམས་ལྷན་ནས་རྩིས་ཞིབ་རང་ལ་ཆེད་དུ་དམིགས་ཏེ་བསྐོ་གཞག་གནང་བའི་ལས་བྱེད་དང༌། སྤྱི་ཡོངས་གཞུང་ཞབས་ཀྱི་སྒྲིག་གྲལ་ནས་རྩིས་ཞིབ་ལས་ཁང་ནང་བཀོད་བསྒྲིགས་ཡོད་པའི་སྒྲིག་གྲལ་གཉིས་ནས་སྤྱི་ཡོངས་གཞུང་ཞབས་མང་བ་ཡོད་པ་རེད། དེ་འདྲ་སོང་ཙང་ད་ལྟ་རྩིས་ཞིབ་པའི་སྒྲིག་གྲལ་ཟུར་དུ་གཏོད་མ་ཟིན་ཡང་གཞུང་ཞབས་འདེམས་ལྷན་གྱིས་ཐོག་མར་རྩིས་ཞིབ་པའི་ཆེད་དུ་དམིགས་བསལ་གསལ་བསྒྲགས་དང་བསྐོ་གཞག་གནང་བའི་ལས་བྱེད་ཀྱི་རིགས་གནས་སྤོས་བཏང་དགོས་བྱུང་སྐབས་ངེས་པར་དུ་རྩིས་ཞིབ་ལས་ཁང་ལ་བཀའ་བསྡུར་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་མིན་སྤྱིའི་སྒྲིག་གྲལ་དུ་ཡོད་པའི་གཞུང་ཞབས་འཕོ་འགྱུར་གཏོང་སྐབས་རྩིས་ཞིབ་ལས་ཁང་ལ་བཀའ་བསྡུར་ཞུ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། གནས་སྤར་ལ་བཀའ་བསྡུར་ཞུ་དགོས་པའང་གང་ཡིན་ཤེས་ཀྱི་མི་འདུག གསང་སྙན་ལ་གཟིགས་ན་མ་འགྲིགས་པ་མེད་པ་ལྟ་བུ་རེད། སྒྲིག་གཞི་འདིའི་དབང་གིས་གཞུང་ཞབས་སྤྱིའི་སྒྲིག་གྲལ་དུ་ཡོད་པའི་ལས་བྱེད་ད་ལྟ་རྩིས་ཞིབ་ནང་ཚུད་བསྡད་པ་དེ་ཚོ་ཡང་གནས་སྤོས་བཀོད་བསྒྲིགས་བྱེད་སྐབས་རྩིས་ཞིབ་ལས་ཁང་དང་གོ་བསྡུར་ཞུ་དགོས་པ་དེ་དགོས་མཁོ་ཡོད་པ་ཞིག་ང་ཚོས་མཐོང་གི་ཡོད་པ་མ་རེད། ཡིན་ཡང་སྔོན་གྱི་སྒྲིག་གཞི་རྙིང་པར་བསྐྱར་བཅོས་གནང་རོགས་ཞུས་ཡོད་མ་རེད་ལ། བར་ལམ་མ་གསལ་བ་ཡང་ཡར་བཅུག་དགོས་ཀྱི་འདུག་ཀྱང་ཞུས་ཡོད་པ་མ་རེད། ད་ལྟ་ཐག་གཅོད་གནང་སྐབས་གང་དུ་ཐག་གཅོད་གནང་ཡང་ཁྱད་པར་མི་འདུག འོན་ཀྱང་ཐོག་མར་སྒྲིག་གཞི་བཟོ་བའི་སྐབས་གཞུང་ཞབས་འདེམས་ལྷན་དང་འོས་བསྡུ་ལས་ཁང་གི་ལས་བྱེད་རྣམས་གནས་སྤོས་དང་བཀོད་བསྒྲིགས་སྐབས་ལས་ཁང་སོ་སོ་དང་བཀའ་བསྡུར་དགོས་པ་བཀོད་མེད་ཅིང༌། རྩིས་ཞིབ་ཁང་གཅིག་པུར་བཀོད་དགོས་པ་ནི་རྩིས་ཞིབ་པའི་སྒྲིག་གྲལ་ཟུར་དུ་གཞག་རྒྱུའི་བསམ་བློ་ཡོད་པའི་རྒྱུ་མཚན་གྱི་རེད། གཞུང་ཞབས་སྤྱིའི་སྒྲིག་གྲལ་ལ་ཡོད་པ་རྣམས་གནས་སྤོས་སྐབས་བཀའ་བསྡུར་ཞུ་དགོས་པ་ཞིག་བཟོས་ན་དགོས་མཁོ་གང་ཡང་མ་མཐོང༌།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣