འཛིན་སྐྱོང་གིས་བགྲོ་གླེང་སྐབས་དགོངས་ཚུལ་གསལ་སྟོན་དང༌།

འཛིན་སྐྱོང་གིས་བགྲོ་གླེང་སྐབས་དགོངས་ཚུལ་གསལ་སྟོན་དང༌། རྒྱུ་མཚན་དང་མཐུན་པ་དགོས་ཚུལ། ཁྲིམས་ཀྱི་དབང་སྒྱུར་ཡོང་བའི་ཆ་རྐྱེན་ཁག ནམ་རྒྱུན་ཚོགས་གཙོའི་ཚོར་སྣང་ཞིག་ལ། གྲོས་ཚོགས་ནང་ལས་དོན་སྣ་ཚོགས་ཀྱི་ཐོག་བགྲོ་གླེང་གནང་སྐབས་བཀའ་བློན་རྣམ་པ་ཚོས་བགྲོ་གླེང་ནང་ཤུགས་ཆེན་པོས་ཆ་ཤས་མི་བཞེས་པའི་ཚོར་སྣང་ཡོད། འོན་ཀྱང་ད་རེས་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོའི་ཐོག་བཀའ་བློན་རྣམ་པས་བགྲོ་གླེང་ཐོག་གང་ཟབ་ཀྱིས་ཆ་ཤས་བཞེས་པ་ལ་ང་རང་དགའ་པོ་བྱུང༌། འཛིན་སྐྱོང་ངོས་ནས་གྲོས་ཚོགས་ཀྱི་ནང་ལ་བགྲོ་གླེང་གནང་སྐབས་རང་རང་གི་དགོངས་ཚུལ་གྲོས་ཚོགས་ནང་གསལ་པོ་ཞིག་སྟོན་མ་ཐུབ་པ་དང༌། དེ་གྲོས་ཚོགས་ཀྱིས་མ་མཁྱེན་པའི་ཐོག་ནས་ཐག་གཅོད་སོང་བ་ཕྱིས་སུ་ལག་ལེན་བསྟར་སྐབས་ལག་ལེན་དུ་མ་འཁེལ་བ་ཞིག་བྱུང་ཚེ། འཛིན་སྐྱོང་གིས་གྲོས་ཚོགས་ནང་བསྣམ་དགོས་པའི་ཐུགས་འགན་ཞིག་མ་གྲུབ་པ་རེད། དེས་ན་དམིགས་བཀར་སྐོར་གྱི་ལས་རིམ་འདི་ཙམ་མ་ཡིན་པར་ཁྲིམས་བཟོའི་ལས་དོན་དང༌། གྲོས་ཆོད་གྲོས་འཆར། སྤྱི་ཡོངས་ཀྱི་བགྲོ་གླེང་ལ་སོགས་པ་གང་ཅིའི་ཐོག་ཏུའང་འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ཀྱི་ལས་རིམ་ལ་ཐུགས་སྣང་གྲུང་པོས་ཞིབ་འཇུག་གནང་ཞིང༌། དེ་ལ་འཛིན་སྐྱོང་ངོས་ནས་གསལ་བཤད་བྱེད་དགོས་པའི་གོ་སྐབས་ནམ་བྱུང་ལ་གསལ་པོ་དང༌། ནན་པོ། ཤུགས་ཆེན་པོའི་ཐོག་ནས་གསུང་གནང་ཐུབ་པའི་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད།
དེ་དང་ཆབས་ཅིག་ཏུ་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་རྒྱུ་མཚན་གྱི་ཐོག་ལ་འགྲེལ་བཤད་བསྐྱོན་སྐབས་རྒྱུ་མཚན་གྱི་འགྲོས་གང་དུ་བབས་པ་དེ་དང་མཐུན་པར་དགོངས་པ་བཞེས་དགོས་མ་གཏོགས། རྒྱུ་མཚན་ཟུར་དུ་བཞག་ནས་སོ་སོའི་ཕུགས་ཀྱི་ཞེ་འདོད་ཁོ་ན་འདོན་ན། བགྲོ་གླེང་དེ་ཕུན་སུམ་ཚོགས་པ་དང་ཡང་དག་པ་ཞིག་མི་ཡོང༌། དྲང་དོན་ལ་མ་རྟོན་ངེས་དོན་ལ་རྟོན། གང་ཟག་ལ་མ་རྟོན་ཆོས་ལ་རྟོན། ཚིག་ལ་མ་རྟོན་དོན་ལ་རྟོན། རྣམ་ཤེས་ལ་མ་རྟོན་ཡེ་ཤེས་ལ་རྟོན་ཞེས་ནང་པའི་རིག་གཞུང་ནང་མི་ཚེའི་འགྲོ་སྟངས་ཐུན་མོང་མིན་པའི་རྟོན་པ་བཞིའི་བྱེ་བྲག་ཕྱེ་ཚུལ་རླབས་ཆེན་གྱི་བསླབ་བྱ་ཞིག་ཡོད་པ་དེ་ཆོས་དང་འཇིག་རྟེན་གང་ལའང་སྦྱར་དུ་རུང་བ་ཞིག་ཡིན་སྟབས། དེ་ཚོའི་ཐོག་ཚང་མས་ཐུགས་སྣང་གནང་དགོས་པ་གལ་གནད་ཆེ།
སྐབས་བཅུ་གཅིག་པའི་སྤྱི་འཐུས་རྒྱ་བསྐྱེད་གནང་བ་ནས་བཟུང་ད་བར་ལོ་བརྒྱད་ཀྱི་རིང་ང་ཚོའི་ངོས་ནས་བསྒྲུབ་དགོས་པའི་ལས་དོན་མ་གྲུབ་པའི་རིགས་དེ་དག་ད་རེས་ཚོགས་འདུ་འདིའི་ཐོག་རིམ་བཞིན་ཞུ་རྒྱུ་ཁ་སང་སྙན་གསན་ཞུས་པ་ཡིན། དེའི་ནང་གི་དོན་ཚན་དང་པོ། བོད་མིའི་སྤྱི་ཚོགས་དང༌། སྤྱི་འཐུས། བཀའ་བློན་རྣམ་པ། འཛིན་སྐྱོང་ལས་བྱེད་ཚང་མའི་ནང་མང་གཙོའི་བསམ་སྤྱོད་དང་ལེགས་བྱང་ཡང་དག་པ་ཞིག་བསྐྲུན་མ་ཐུབ་པ་དེ་ང་ཚོའི་ལས་འགན་མ་གྲུབ་པ་གཅིག་རེད་ཅེས་ཞུས་ཟིན་པའི་དོན་གནད་དེ་དང་འབྲེལ། ང་ཚོའི་ལས་དོན་གནད་ཆེ་ཞིག་མ་གྲུབ་པའི་དོན་ཚན་གཉིས་པ། བཙན་བྱོལ་བོད་གཞུང་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཚད་ལྡན་ཞིག་བསྐྲུན་མ་ཐུབ་པ་དེ་ཡིན། ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༥ པའི་ནང་སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་དུ། ད་རིང་གི་ཉིན་མོ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་དུ་འཕོས་པའི་དུས་ཚིགས་ཤིག་ཡིན་ཞེས་ཞུས་པ་དེ་ད་ཆ་ཕྱིར་བལྟས་སློག་སྐབས་ངས་རྫུན་ཞིག་ཞུས་ཤག་བསམ་གྱི་འདུག ཁྲིམས་ཀྱི་དབང་བསྒྱུར་ཡོང་བ་ལ་ཁ་སང་ཞུས་པ་ནང་བཞིན་མི་ཚང་མར་མང་གཙོའི་ལེགས་བྱང་དང་བསམ་སྤྱོད་ཅིག་ཡོད་དགོས་པ་དེ་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། དེ་དང་ཆབས་ཅིག་མང་ཚོགས་སྤྱི་དང༌། ཁྱད་པར་སྤྱི་འཐུས། བཀའ་བློན། གཞུང་ཞབས་བཅས་ཁྲིམས་ཀྱི་དབང་བསྒྱུར་དུ་འགྲོ་རྒྱུའི་མངོན་འདོད་དང་ཆོད་སེམས་བརྟན་པོ་ཞིག་དགོས་པ་དང་གཅིག ཁྲིམས་དང་སྒྲིག་གཞི་རྣམས་ལས་དོན་ཚགས་ཚུད་དང་བྱེད་སྟབས་བདེ་བའི་ཆ་རྐྱེན་བཟང་པོ་ཡིན་པའི་འདུ་ཤེས་དགོས་པ་དང་གཉིས། ཁྲིམས་དང་སྒྲིག་གཞིའི་སྤྱི་ཁོག་གི་འགྲོ་སྟངས་ལ་གོ་བ་ཆགས་པ་ཞིག་དགོས་པ་དང་གསུམ་དེ་མེད་ཐབས་མེད་པ་ཞིག་རེད། འོན་ཀྱང་ང་ཚོས་ཆ་རྐྱེན་དེ་ཚོ་ཚད་ལྡན་བསྐྲུན་ཐུབ་ཡོད་མ་རེད། འགའ་ཤས་ཀྱིས་ཁྲིམས་དང་སྒྲིག་གཞི་དེ་ཚོ་ལས་ཀ་བྱེད་མཁན་ཚོར་རྐང་ལག་བསྡམས་པའི་བཟོ་འདྲ་ཞིག་འདུག་དགོངས་ཀྱི་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་བརྒྱད་ཀྱི་རིང་ཁྲིམས་དང་སྒྲིག་གཞི་ལ་བརྟེན་ནས་བོད་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འདི་འདྲ་ཞིག་འཐུས་ཤོར་ཕྱིན་སོང་ཞེས་ར་སྤྲོད་གནང་མཁན་མ་བྱུང་ཞིང༌། གྲོས་ཚོགས་སུའང་ཁྲིམས་སྒྲིག་གལ་ཆེ་ཡིན་པའི་གསུང་བཤད་ཚང་མས་ཡང་ཡང་གནང་བཞིན་པ་རེད། གལ་སྲིད་དངོས་དོན་ལ་བོད་མི་མང་ཆེ་བས་ཁྲིམས་སྒྲིག་དགོས་པ་མི་འདུག་དགོངས་ཀྱི་ཡོད་ན། ཁྲིམས་མེད་རིང་ལུགས་ཞེས་པའི་རིག་པའི་གཞུང་ལུགས་ཀྱང་ཡོད་པ་དེ་ཡང་ཚོད་བལྟ་གནང་ཆོག་པ་ཞིག་རེད་དེ། དེ་ཡང་བོད་མིའི་བློ་སྤོབས་ཀྱིས་ལྡེང་གི་མ་རེད་བསམ་གྱི་འདུག་ལ། བོད་མི་དཀྱུས་མ་མང་ཆེ་བས་ཁྲིམས་དང་སྒྲིག་གཞིས་ཕན་ཐོགས་ཆེན་པོ་བྱུང་སོང་ཟེར་མཁན་ཡང་འདུག བཅའ་ཁྲིམས་གཏན་འབེབས་མ་བྱས་པའི་སྔོན་དང་དེའི་རྗེས་གཉིས་བསྡུར་ན་བཅའ་ཁྲིམས་གཏན་འབེབས་བྱས་རྗེས་རྒྱལ་སྤྱིའི་ནང་བོད་མིའི་གཟུགས་བརྙན་དང༌། བོད་མིའི་ནང་སྲིད་གཞུང་ལ་ཡིད་ཆེས་དང༌། ཆབ་སྲིད་དང་འཛིན་སྐྱོང་གི་ནུས་པ་གང་ལའང་ཕན་ཐོགས་བྱུང་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠