འཆར་འགོད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ཀྱི་འཛིན་སྐྱོང་བཀོད་ཁྱབ།
༡ ངོ་སྤྲོད། མིའི་སྤྱི་ཚོགས་ཀྱི་ཚོགས་སྡེ་དང་སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ནའང༌། དེའི་བསྒྲུབ་བྱའི་དམིགས་ཡུལ་དང༌། སྒྲུབ་བྱེད་ཀྱི་ཐབས་ལམ། དེ་ལག་ལེན་དུ་བསྟར་བའི་རིམ་པ་བཅས་ཚང་ལ་མ་ནོར་བའི་འཆར་གཞི་ཚད་ལྡན་ཞིག་མེད་ན་ལས་དོན་གང་ཡང་སྒྲུབ་དཀའ་བ་དང༌། ལྷག་པར་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་དང༌། ཁྱད་པར་ཡར་རྒྱས་འཛུགས་སྐྲུན་གྱི་ལས་རིམ་ཁག་ལྟ་གྲུབ་དང༌། རིག་པའི་གཞུང་ལུགས་ཀྱི་གཞི་རྩ་དང་ལྡན་པའི་འཆར་གཞི་ཞིག་མེད་ན་ལས་གཞི་ཇི་འདྲ་ཞིག་ཡིན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་དམིགས་དང་མཐུན་པ་ཡོང་དཀའ་བའི་ཁར། ལྷག་ཆད་ཟློས་པའི་སྐྱོན་དང༌། དཔལ་འབྱོར་གྱིས་མི་ལྡེང་བའམ་བེད་སྤྱོད་ཇི་བཞིན་མ་བྱུང་བ། ལས་གཞི་ཆ་ཚང་མ་འགྲུབ་པ་དང༌། གྲུབ་ཀྱང་ཕུགས་འཕེར་རྒྱུན་གནས་མ་ཐུབ་པ་སོགས་ཡོང་རྒྱུར་ངེས་པས། སྲོལ་རྒྱུན་དང༌། དེང་རབས་གཉིས་ཀས་ལས་གཞི་ཇི་འདྲ་ཞིག་ཡིན་རུང་འཆར་གཞི་ཚད་ལྡན་སྔོན་ཚུད་བསྒྲིག་དགོས་པ་ཤིན་ཏུ་གལ་གནད་ཆེ་བར་བརྩི་ཡོད་པ་དང༌། ལྷག་པར་དེང་རབས་ཅན་དུ་གྲགས་པའི་ནུབ་ཕྱོགས་པ་རྣམས་ཀྱིས་མཐུན་རྐྱེན་དང་དུས་ཚོད། རང་བྱུང་འབྱུང་ཁམས་བཅས་གསུམ་ག་མཐའ་མེད་མ་ཡིན་པར་ཚད་གཞི་ཅན་ཡིན་སྟབས། ལས་དོན་གང་ཡང་འཆར་གཞི་མེད་ན་མི་རུང་བར་འཛིན་སྟེ་ཡར་རྒྱས་འཛུགས་སྐྲུན་གྱི་ལས་རིམ་ཁག་ལོ་ལྔ་ཚན་གྱི་འཆར་གཞི་སྒྲིག་པའི་ལྟ་གྲུབ་དང་རིག་གཞུང་ཟབ་རྒྱས་དར་ཡོད།
དེར་བརྟེན་བཙན་བྱོལ་བོད་གཞུང་གིས་ཀྱང་ཕྱི་ལོ་ ༡༩༨༧་་་༨༨ ཙམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་ལས་རིམ་རྣམས་གཞི་རྒྱ་ཇེ་ཆེར་སོང་བའི་དབང་གིས་འཆར་འགོད་ཀྱི་ལས་དོན་གལ་ཆེར་མཐོང་སྟེ། སྐུ་ཞབས་ Richard Weingarter གིས་རྒྱབ་གཉེར་གནང་བ་ལྟར་འཆར་འགོད་ལྷན་ཚོགས་གསར་འཛུགས་ཀྱིས་འཕྲལ་མཁོའི་བཙན་བྱོལ་བོད་མིའི་ལོ་ལྔ་ཚན་གྱྀ་འཆར་གཞི་དང༌། འབྱུང་འགྱུར་བོད་ཀྱི་འཛུགས་སྐྲུན་འཆར་གཞི་ཁག་རིམ་བསྒྲིག་བྱ་རྒྱུའི་ལས་འགོ་ཚུགས་འདུག འོན་ཀྱང་འཆར་འགོད་ལྷན་ཚོགས་འགོ་འཛུགས་ཇི་ལྟར་བྱས་པའི་བཀའ་ཤག་གི་ཐག་གཅོད་དང༌། བཀོད་ཁྱབ་སོགས་ཡིག་ཆ་གང་ཡང་རྙེད་སོན་མ་བྱུང༌། ཐོག་མ་ལྷན་ཚོགས་འདིའི་ལས་དོན་གྱི་འབྱོན་ཚད་དང་གྲུབ་འབྲས་གཉིས་ཀ་གང་ལེགས་བྱུང་འདུག་ཀྱང༌། རིམ་བཞིན་གཏན་འབེབས་སྒྲིག་གཞི་ཟུར་བཞག་གིས་ལས་དོན་མང་ཆེ་བ་སྐབས་མཚམས་སོ་སོར་ལས་བྱེད་པས་ཐག་གཅོད་བྱས་པ་དང༌། ལྷན་ཚོགས་ཀྱི་ཚོགས་འདུའང་ལོ་མང་རིང་མ་ཚོགས་པ་སོགས་ཅི་རིགས་ཤིག་བྱུང་འདུག་པ་མ་ཟད། འཆར་འགོད་ལྷན་ཚོགས་ཟུར་འཛུགས་ཡོད་བཞིན་དུ་ལས་གཞི་མང་ཆེ་བ་ས་གནས་སོ་སོ་དང༌། ལས་ཁུངས་སོ་སོས་བཀོད་བསྒྲིགས་ལག་བསྟར་བྱས་པ་མ་གཏོགས། འཆར་འགོད་ལྷན་ཚོགས་བརྒྱུད་མི་དགོས་པ་དང༌། འཆར་འགོད་རང་གིས་བཀོད་བསྒྲིགས་བྱས་པའི་ལོ་ལྔ་ཚན་གྱི་འཆར་གཞི་ཡང་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ཁག་དང་འབྲེལ་བ་མེད་པ་དང༌། འཆར་འགོད་ལྷན་ཚོགས་རང་གིས་ཀྱང་འཆར་འགོད་ཀྱི་ལས་དོན་ཙམ་མ་ཟད། དགོས་དངུལ་འདུ་འགོད་དང་ལས་འཆར་ལག་བསྟར་བྱས་པ་སོགས་མདོ་དོན་འཆར་འགོད་ལྷན་ཚོགས་ཀྱི་མིང་དོན་དང་མཚུངས་པའི་ལས་དོན་ཇི་བཞིན་མ་བྱུང་བའམ། ཡང་ན་ཁྱད་ལས་པའི་རྣམ་པ་དོད་པའི་ལས་དོན་མ་བྱུང་བར་མངོན་གྱི་འདུག
སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང༌། ལས་དོན་ཆེ་ཕྲ་ཡོངས་རྫོགས་རིག་པའི་གཞུང་ལུགས་དང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་སྲ་བརྟན་ཡོད་པའི་ཐོག ཁྱད་ལས་པའི་རྣམ་པ་ཐོན་པ་ཞིག་ཡོང་ཐབས་སུ་འབད་བརྩོན་གང་ཐུབ་བྱས་ཁུལ་ཡང༌། ད་བར་འཆར་འགོད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་དང༌། ལས་དོན་ཚུལ་མཐུན་ཡོང་ཐབས་ཀྱི་བསྒྱུར་བཅོས་ལག་བསྟར་མ་ཐུབ་པར་ནར་འགྱངས་སུ་ལུས་ནའང༌། ༢༠༠༣ ཕྱི་ཟླ་གསུམ་པའི་ནང་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་འཆར་འགོད་ལྷན་ཁང་གི་ལྟ་གྲུབ་ཀྱི་སྒྲོམ་གཞི་དང་ལམ་སྟོན་བཅས་འབུལ་ལམ་ཞུས་པར་སྤྱི་མོས་རྒྱབ་སྐྱོར་བྱུང་ཟིན་པ་ལྟར། ད་ལམ་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༧ ཚེས་ ༡༠ ནས་འཆར་འགོད་ལྷན་ཚོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་བསྐྱར་བཅོས་བགྱིས་པའི་རྩ་འཛིན་ལམ་སྟོན་གཤམ་གསལ།
༢ སྒྲིག་འཛུགས་ཀྱི་མིང༌།
ཀ དེ་སྔོན་བོད་སྐད་དུ་ ‘འཆར་འགོད་ལྷན་ཚོགས་’ དང༌། དབྱིན་སྐད་དུ་ ‘Planning Council’ ཞེས་ཡིག་ཆ་ཕལ་ཆེ་བའི་ནང་བཀོད་འདུག་ཀྱང༌། སྐབས་རེ་བོད་སྐད་དུ་ ‘འཆར་འགོད་ལས་ཁུངས་’ ཞེས་བྲིས་པའང་འདུག འབྱུང་འགྱུར་བོད་སྐད་ཀྱི་མིང་ ‘འཆར་འགོད་ལྷན་ཁང་’ དང༌། དབྱིན་སྐད་དུ་ ‘Planning Commission’ ཞེས་འབོད་རྒྱུ།
ཁ འཆར་འགོད་ལྷན་ཁང་གི་ ‘ལས་ཁུངས་’ ལའང༌། ‘འཆར་འགོད་ལྷན་ཁང་’ ཞེས་འབོད་མ་བདེ་བས་བོད་སྐད་དུ་ ‘འཆར་འགོད་ལས་ཁུངས་’ དང༌། དབྱིན་སྐད་དུ་ ‘Office of the Planning Commission’ ཞེས་འབོད་རྒྱུ།
༣ འཆར་འགོད་ལྷན་ཁང་གི་གྲུབ་ཆ།
བཙན་བྱོལ་བོད་གཞུང་འཆར་འགོད་ལྷན་ཁང་གི་གྲུབ་ཆ་གཤམ་གསལ།
ཀ བཀའ་བློན་ཁྲི་པ། ཚོགས་གཙོ་ མཚན་གནས་རྗེས་འབྲེལ།
ཁ དཔལ་འབྱོར་བཀའ་བློན། ཚོགས་གཞོན་ མཚན་གནས་རྗེས་འབྲེལ།
ག བཀའ་བློན་གཞན་ཡོངས་རྫོགས། ཚོགས་མི་མཚན་གནས་རྗེས་འབྲེལ།
ང བཀའ་དྲུང༌། ཚོགས་མི་ མཚན་གནས་རྗེས་འབྲེལ།
ཅ ཁྱད་ལས་པ་གཉིས་ནས་གསུམ་བར། ཚོགས་མི་བཀའ་ཤག་གིས་བསྐོ་གཞག་གནང་རྒྱུ།
ཆ སྤྱི་ཁྱབ་འཆར་འགོད་པ། ཚོགས་མི་ མཚན་གནས་རྗེས་འབྲེལ།
ཇ འཆར་འགོད་འཛིན་སྐྱོང་དོ་དམ་པ། ཚོགས་མི་མིན་པའི་ཚོགས་དྲུང་ མཚན་གནས་རྗེས་འབྲེལ།
མཆན། གོང་གསལ་མཚན་གནས་རྗེས་འབྲེལ་གྱི་ཚོགས་མི་རྣམས་སོ་སོའི་ལས་རྒྱུན་རིང་དང༌། བཀའ་ཤག་གིས་བསྐོ་འཛུགས་ཁྱད་ལས་ཚོགས་མི་རྣམས་ཀྱི་ལས་ཡུན་ལོ་གསུམ་རེ་ཡིན། བསྐྱར་དུ་བསྐོ་འཛུགས་བྱ་རྒྱུར་དགག་བྱ་མེད། ཁྱད་ལས་པའི་ཚོགས་མི་མེད་ཀྱང་འཆར་འགོད་ལྷན་ཁང་གི་གྲུབ་ཆ་མ་ཚང་བ་མིན།
༤ འཆར་འགོད་ལྷན་ཁང་གི་འགན་དབང༌།
བཙན་བྱོལ་བོད་མིའི་འཆར་འགོད་ཀྱི་སྒྲོམ་གཞིའི་ནང་འཁོད་པའི་ལས་འགན་སྤྱི་དང༌། ཁྱད་པར་གཤམ་གསལ།
ཀ བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་བདེ་དོན་གྱི་ལས་གཞི་ཡོངས་རྫོགས་གཞུང་གི་ལྟ་གྲུབ་དང་སྲིད་བྱུས་ཇི་བཞིན་དུས་རིང་དང་དུས་ཐུང་གི་འཆར་གཞི་ཁག་གི་ནང་འཆར་འགོད་བྱ་རྒྱུ།
ཁ ཁྱབ་ཁོངས་སྡེ་ཚན་ཁག་ནས་ཐད་ཀར་འཆར་འགོད་བྱས་པའི་ལས་གཞི་རྣམས་གཞུང་གི་འཆར་འགོད་ཀྱི་ལྟ་གྲུབ་དང་མཐུན་མིན་དང༌། སྤྱི་ཡོངས་དུས་རིང་འཆར་གཞི་ཁག་གི་ཆ་ཤས་སུ་འགྲོ་ཐུབ་མིན། འཆར་གཞིའི་ཡིག་ཆ་ཚད་ལྡན་བྱུང་མིན། དཔལ་འབྱོར་གྱི་འབྱུང་ཁུངས་ཚད་ལྡན་ཡིན་མིན་ནམ། དགོས་དངུལ་སྤྲོད་མཁན་རིགས་གང་དང་གང་ལ་གཏོང་འཐུས་བཅས་ཀྱི་ཞིབ་འཇུག་དང་འབྲེལ་རྒྱབ་གཉེར་རམ་བསྐྱར་བཅོས། ཡང་ན་བཀག་འགོག་བྱ་རྒྱུ།
ག ལྷན་ཁང་གི་ཆོག་མཆན་ཐོན་པའི་ལས་གཞི་རྣམས་ལག་བསྟར་དུས་ཐོག་དང༌། གྲངས་དང་སྤུས་ཀ་ཚད་ལྡན། དཔལ་འབྱོར་དང་རྩིས་ཀྱི་ལམ་སྲོལ་དང་མཐུན་པ་ཡོང་མིན་རྟོག་ཞིབ་བྱ་རྒྱུ།
ང ལག་བསྟར་ཟིན་པའི་ལས་འཆར་ཁག་གྲུབ་འབྲས་ཚད་ལྡན་ཐོག་མའི་དམིགས་ཡུལ་དང༌། འཆར་གཞི་གཞིར་བཟུང་བྱུང་ཡོད་མིན་བསྐྱར་ཞིབ་བྱ་རྒྱུ།
ཅ གཞན་ཡང་དམིགས་བསལ་གྱི་ལས་དོན་དུས་ནས་དུས་སུ་བཀའ་ཤག་གིས་བཀོད་མངགས་ཇི་བྱུང་ལྟར་བྱ་རྒྱུ།
ཆ བོད་ཀྱི་ས་ཁུལ་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་ལས་འཆར་ཁག་ལ་རྒྱུན་ལྡན་ཉམས་ཞིབ་དང་འབྲེལ་མ་འོངས་བོད་ཀྱི་གཞི་རིམ་འཛུགས་སྐྲུན་ལས་འཆར་གྱི་ཁ་ཕྱོགས་དང་ཐབས་ལམ་ངེས་ཅན་གྱི་འཆར་གཞི་བཀོད་བསྒྲིགས་བྱ་རྒྱུ་བཅས།
༥ འཆར་འགོད་ལྷན་ཁང་གི་ཚོགས་འདུ་དང་ལས་དོན་བྱེད་ཕྱོགས།
ཀ འཆར་འགོད་ལྷན་ཁང་གི་ཚོགས་འདུའི་ཚོགས་གཙོ་དང༌། སྤྱི་ཁྱབ་འཆར་འགོད་པ་གཉིས་ཀྱིས་དགོས་གལ་ནམ་བྱུང་ལ་ཚོགས་བསྐོང་ཆོག་ཅིང༌། ཉུང་མཐར་ལོ་རེར་ཐེངས་རེ་ངེས་པར་དུ་ཚོགས་དགོས།
ཁ ལོ་ལྔ་ཚན་གྱི་འཆར་གཞིའི་ཡིག་ཆ་དང༌། འཆར་འགོད་དང་འབྲེལ་བའི་སྲིད་བྱུས། འཆར་གཞིའི་དུས་ཡུན་སོ་སོའི་ཤུགས་སྣོན་བརྒྱབ་ཡུལ་བྱེ་བྲག་པ་གཏན་འབེབས་བྱ་རྒྱུ་བཅས་འཆར་འགོད་ལྷན་ཁང་གི་བཀའ་འཁྲོལ་དགོས་ཤིང༌། ལས་འཆར་བྱེ་བྲག་པའི་རིགས་སྤྱི་ཁྱབ་འཆར་འགོད་པའི་རྒྱབ་གཉེར་ལྟར་འཆར་འགོད་ལྷན་ཁང་གི་ཚོགས་གཙོས་བཀའ་འཁྲོལ་གནང་ཆོག
ག བཙན་བྱོལ་གཞུང་གི་ལོ་འཁོར་སྔོན་རྩིས་ཀྱི་དངུལ་འབོར་ཡོངས་རྫོགས་འཆར་གཞི་དང༌། འཆར་གཞི་མིན་པའི་སྡེ་ཚན་གཉིས་སུ་དབྱེ་དགོས་ཤིང༌། རྒྱུན་གྲོན་དང་དམིགས་བསལ་གཉིས་འཆར་གཞི་མིན་པ་དང༌། དམིགས་བཀར་ཡོངས་རྫོགས་འཆར་གཞིའི་ཁོངས་སུ་བརྩི་དགོས།
ང འཆར་གཞིའི་ཁོངས་ཀྱི་འགྲོ་གྲོན་རྣམས་སྐྱོབ་གསོ་བདེ་དོན་དང༌། ཡར་རྒྱས་འཛུགས་སྐྲུན་གཉིས་སུ་ཕྱེ་སྟེ་འཚོ་སྣོན་དང༌། རྒས་གསོ། སྨན་བཅོས། སློབ་ཡོན། རྒས་གསོ་ཁང་དང༌། སློབ་གྲྭའི་རྒྱུན་གྲོན། གཞན་ཡང་དེ་དང་མཚུངས་པའི་རིགས་རྣམས་སྐྱོབ་གསོ་བདེ་དོན་གྱི་ཁོངས་ཡིན་པས་ལས་ཁུངས་སོ་སོས་ཐད་ཀར་སྔོན་རྩིས་སུ་འགོད་འབུལ་ཆོག་པ་དང༌། ཨར་ལས་དང༌། བསྒྱུར་བདེ་མིན་པའི་མཁར་དབང་ཉོ་སྒྲུབ། གཞན་ཡང་སྒྲོམ་གཞི་དང་ཐོན་སྐྱེད་འཛུགས་སྐྲུན་གྱི་རིགས་མཐའ་དག་ཡར་རྒྱས་འཛུགས་སྐྲུན་གྱི་ཁོངས་སུ་གཏོགས་པ་དང༌། དེ་རིགས་འཆར་འགོད་ལྷན་ཁང་ནས་བཀའ་འཁྲོལ་མ་ཞུས་པར་སྔོན་རྩིས་སུ་ངེས་གཏན་འཁེལ་བའི་ལས་གཞིའི་ངོ་བོར་འབུལ་བ། རོགས་ཚོགས་དང་སྦྱིན་བདག་ཁག་ལ་འབུལ་བ། ལས་གཞི་ལག་བསྟར་བཅས་བོད་གཞུང་དབུས་མཐའི་ལས་ཁུངས་མ་ལག་སུ་ཞིག་གིས་ཀྱང་བྱེད་མི་ཆོག
༦ འཆར་འགོད་ལྷན་ཁང་གི་ལས་ཁུངས་ཀྱི་སྒྲོམ་གཞི།
ཀ འཆར་འགོད་ལྷན་ཁང་གྀ་ལས་ཁུངས་སུ་སྤྱི་ཁྱབ་འཆར་འགོད་པ་གཅིག་གི་འོག་འཆར་འགོད་པ་དང༌། ཉམས་ཞིབ་པ་སོགས་སྐབས་སོ་སོའི་ལས་གཞིའི་དགོས་མཁོ་དང་བསྟུན་པའི་ས་མིག་ཇི་དགོས་བཀའ་ཤག་ནས་བཀའ་འཁྲོལ་ཞུ་དགོས།
ཁ སྤྱི་ཁྱབ་འཆར་འགོད་པ་ Chief Planning Officer ཁྱད་ལས་པའི་ཁོངས་སུ་བསྐོས་པ་ཞིག་ཡིན་ན་འཛིན་སྐྱོང་གི་ལས་དོན་ཆེད་འཛིན་སྐྱོང་དོ་དམ་པ་ཞིག་ཟུར་དུ་བསྐོ་གཞག་བྱེད་དགོས། འཛིན་སྐྱོང་དོ་དམ་པ་དེས་སྤྱི་ཁྱབ་འཆར་འགོད་པ་ལ་འགན་ཁུར་ཞུ་དགོས།
༧ འཆར་འགོད་ཚོགས་ཆུང༌།
ལས་གཞི་ཆེ་ཁག་ལ་བཀའ་བསྡུར་དང་རྟོགས་ཞིབ་མཐིལ་ཕྱིན་ཡོང་སླད་འཆར་འགོད་ལྷན་ཁང་གིས་འཆར་འགོད་ཚོགས་ཆུང་ཇི་དགོས་དུས་ནས་དུས་སུ་ཆེད་འཛུགས་ཆོག་ཅིང༌། འཆར་འགོད་ཚོགས་ཆུང་གི་གྲུབ་ཆ་གཤམ་གསལ་ལྟར་དགོས།
ཀ འབྲེལ་ཡོད་བཀའ་བློན། ཚོགས་གཙོ་
ཁ འབྲེལ་ཡོད་དྲུང་ཆེ། ཚོགས་མི་
ག ཁྱད་ལས་པ། དགོས་གལ་བྱུང་ན་ཚོགས་གཙོས་བསྐོ་རྒྱུ། ཚོགས་མི་
ང སྤྱི་ཁྱབ་འཆར་འགོད་པ། ཚོགས་མྀ་ཚོགས་དྲུང༌། ཚོགས་ཆུང་འདིས་ལས་གཞི་བྱེ་བྲག་པའི་ཐོག་བཀའ་བསྡུར་གྱིས་རྒྱབ་གཉེར་ཞུ་འོས་ཞུ་རྒྱུ།
༨ ཁྱབ་ཁོངས།
ད་ཕན་འཆར་འགོད་ལྷན་ཚོགས་ཀྱི་ལས་ཁུངས་ཁྱབ་ཁོངས་འདི་ཡིན་གྱི་གསལ་ཁ་མེད་པར། སྔོན་རྩིས་ཀྱང་ཐད་འབུལ་བྱ་ལམ་འདུག་ཅིང༌། ངོ་སྤྲོད་ཡིག་ཆ་ཁ་ཤས་ནང་བཀའ་དྲུང་ཡིག་ཚང་གི་ཁུངས་གཏོགས་ཡིན་ཚུལ་བྲིས་འདུག་ཀྱང༌། དངོས་དོན་ལག་བསྟར་དུ་མི་འདུག འོན་ཀྱང་ལས་ཁུངས་གང་ཡང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་སྒྲིག་གཞི་དོན་ཚན་ལྔ་པའི་ནང་གསེས་ཀྱི་སྡེ་ཚན་གང་རུང་དུ་གཏོགས་དགོས་ཤིང༌། གཤམ་འོག་ལས་ཁུངས་ཀྱི་སྡེ་ཚན་དུ་འཚམས་ཤོས་ཡིན་སྟབས། སླད་ཕྱིན་ལྷན་ཁང་གི་ཚོགས་གཙོའི་ལས་དོན་རྗེས་འབྲེལ་གྱིས་བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་སུ་འཇོག་རྒྱུ།
༩ སྒྲིག་གཞི་ཕྱིར་བསྡུ།
ཀ ༡༩༩༠ ཕྱི་ཟླ་ ༦ ཚེས་ ༡༦ འཁོད་པའི་སྙན་ཞུ་དང་མཉམ་དུ་འཆར་འགོད་ལྷན་ཚོགས་ཀྱི་སྒྲིག་གཞི་ཞིག་བཀའ་ཤག་གི་བཀའ་འཁྲོལ་གཏན་འབེབས་སླད་ཕུལ་འདུག་པ་དེ་གཏན་འབེབས་བཀའ་འཁྲོལ་གནང་བའི་ཡིག་ཆ་མ་རྙེད་ཅིང༌། འཆར་འགོད་ལྷན་ཚོགས་ཀྱི་ལས་དོན་ཡང་སྒྲིག་གཞི་དེ་གཞིར་བཟུང་བྱས་མི་འདུག་ཀྱང༌། སྒྲིག་གཞི་དོན་ཚན་ ༡༢ ཅན་ཞིག་ཡིག་ཆའི་ཁོངས་སུ་འདུག་པ་གཏན་འབེབས་ཡོད་ཤག་ལ་བརྩིས་ཏེ་ད་ལམ་སྒྲིག་གཞི་དེ་དག་ཕྱིར་བསྡུས་ཀྱིས་ ༢༠༠༣ ཕྱི་ཟླ་ ༧ ཚེས་ ༡༠ ནས་ནུས་མེད་དུ་བྱས་པ་ཡིན།
ཁ འབྱུང་འགྱུར་སྒྲིག་གཞི་དགོས་གལ་མཐོང་ཚེ་སྒྲིག་གཞི་གསར་བསྒྲིག་བྱ་རྒྱུ་བཅས།
བཙན་བྱོལ་བོད་གཞུང་བཀའ་ཤག་གིས། ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༧ ཚེས་ ༡༠ ལ། །