བོད་སྐད་ཡིག་གི་རྒྱབ་རི་སྨུག་པོ།

ངག་དབང་དབང་མོ། འཛིན་གྲྭ་ ༡༠ རང་ལོ་ ༡༤ དཔེ་སྟོན་སློབ་གྲྭ།
གངས་ཅན་པ་ཡི་བླ་སྲོག་ལྟ་བུའི་བོད་ཀྱི་སྐད་ཡིག་རྒྱབ་བརྟེན་ལགས།།
དཔེ་སྟོན་དགེ་ལས་སློབ་གསུམ་ཡོངས་ཀྱིས་རྟག་ཏུ་བཀུར་བའི་ཡབ་ཆེན་ལགས།།
སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་གནང་མཁན་བཙན་བྱོལ་ཉི་མ་སེར་བོ་ལགས།།
བྱ་བཟང་འདི་གསུམ་ལྡན་པའི་མཁས་པའི་དབང་བོ་མཆོག་ལ་སྙིང་ནས་འདུད།།རྒྱུན་ལྡན་དུ་སློབ་གྲྭའི་སྒོ་སམ་ངོས་ཀྱི་དཔེ་སྟོན་ན་ཆུང་རྩོམ་ཡིག་དང་གསལ་བརྡ་རྣམས་ལྟ་ཀློག་བྱེད་རྒྱུ་ནི་ངའི་གོམས་གཤིས་ཤིག་ཡིན་པས། དེ་རིང་ཡང་ངས་ང་ཚོའི་དཔེ་སྟོན་ཡབ་ཆེན་མཆོག་ད་ལོ་དགུང་ལོ་༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། དམིགས་བསལ་དེབ་ཅིག་པར་སྐྲུན་གནང་རྒྱུའི་གསལ་བསྒྲགས་ཤིག་མཐོང་སོང། ངས་ཀྱང་ཡབ་ཆེན་མཆོག་ལ་སྙན་འཇེབས་ལྡན་པའི་རྩོམ་ཡིག་ཅིག་འབྲི་འདོད་ཤིན་ཏུ་སྐྱེས་ནས། དུང་ལྟར་དཀར་བའི་ཤོག་དཀར་སྟེང་དུ་རྩོམ་ཡིག་སྙན་མོ་ཞིག་ཕབ་རྒྱུར་བརྩོན་པ་བྱས།

ཡབ་ཆེན་མཆོག་ནི་ཆུང་བྱིས་དུས་ནས་ཕྲུ་གུ་དཀྱུས་མ་ཞིག་དང་ཁྱོན་ནས་མི་འདྲ་བར་སྤྱང་གྲུང་ཧ་ཅང་དོད་པོ་ཡོད་ལ། བོད་སྐད་ཡིག་ཐད་དམིགས་བསལ་གྱི་དོ་སྣང་ཆེ་ཞིང་བོད་སྐད་ཡིག་ཡང་དག་པ་ཞིག་ཤེས་པར་འབད་བརྩོན་ལྷོད་མེད་གནང་མཁན་གྱི་བྱིས་པ་བཟང་པོ་ཞིག་རེད། འོན་ཀྱང་ནམ་ཡང་གསུབ་ཐབས་མེད་པའི་ང་དགུའི་ལོ་ཡི་དུད་སྨུག་གི་ལོ་རྒྱུས་ནག་པོས། མདོ་དབུས་ཁམས་གསུམ་གྱི་ཡུལ་མི་སྤུན་ཟླ་རྣམས་མ་ཡུམ་གྱི་པང་ལས་བྲལ་དགོས་བྱུང་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་མི་ཡུལ་འགྲིམ་དགོས་འཁེལ། སྐབས་དེར་ཁོང་ཉིད་ཀྱང་རང་གི་ཕ་གཞིས་གཉེན་དང་བྲལ་ཏེ། ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་དུ་ཕེབས་ནས་ཉིན་མཚན་ཀུན་ཏུ་དཀའ་སྤྱད་འབད་བརྩོན་དང་། དབྱར་དགུན་སྟོན་དཔྱིད་དུ་བོད་དང་བོད་མི་ཁོ་ནའི་ཆེད་དུ་ཡོད་ཚད་བློས་བཏང་སྟེ་སྐུ་ལས་ཚད་མེད་བསྐྱོན།
ཁོང་ཉིད་ཝཱར་ཎ་སློབ་གཉེར་ཁང་གི་སློབ་སྤྱིའི་ལས་ལ་ཞུགས་ཏེ་སློབ་ཕྲུག་མང་པོར་བོད་སྐད་དང་བོད་ཡིག་སློབ་སྟོན་མཛད་པར་མ་ཟད། ར་བ་ཆུང་ངུ་དེ་ནས་བོད་སྐད་ཡིག་གི་ཁོར་ཡུག་བསྐྲུན་འགོ་བཙུགས། བློ་ཡུལ་དུ་གཤོངས་དཀའ་བའི་བྱ་གཞག་དེ་དག་བོད་མི་ཡོངས་ཀྱིས་བསྔགས་བརྗོད་གཏོང་ཡུལ་དང་ཡིད་སྨོན་སྐྱེས་ཡུལ་དུ་གྱུར་ནས། ༢༠༠༡ ལོར་བོད་ཀྱི་བཀའ་བློན་ཁྲི་པར་འདེམས་བསྐོས་གནང། ཁོང་གི་ཕྲག་ཏུ་འགན་ལྕི་མོ་ཞིག་བླངས་ནས་དུས་རྟག་ཏུ་བཙན་བྱོལ་མི་མང་རྣམས་ཀྱི་བདེ་སྡུག་ཁོ་ན་བསམ་བཞིན། བྱ་བ་ཆེ་འབྲིང་ཆུང་གསུམ་སྒྲུབ་པར་འབད། ཁོང་གིས་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གཞུང་འབྲེལ་ཡི་གེ་ཆ་ཚང་བོད་ཡིག་ཐོག་བྱེད་རྒྱུའི་ཁྲིམས་གཞི་གསར་གཏོད་གནང་བ་མ་ཟད། ༢༠༠༥ ལོར་དྷ་སའི་ལུང་ཁུག་ཅིག་ན་བོད་ཀྱི་སྐད་དང་ཡི་གེས་གཙོས་བོད་ཀྱི་རིག་གཞུང་དག་རྒྱུན་འཛིན་གནང་མཁན་གྱི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་གསར་དུ་འཛུགས་སྐྲུན་གནང་བ་རེད།
སློབ་གྲྭ་འདིའི་ནང་ང་དང་ང་འདྲ་བའི་སློབ་མ་མང་པོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང། དེ་ཡང་སློབ་ཆུང་འདིའི་ནང་ཡོད་པའི་སློབ་མ་དག་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྙིང་ནས་ཤ་ཚ་དང་ཡིད་ཆེས་ཀྱི་ངང་ནས། ཉིན་མཚན་རྟག་ཏུ་སློབ་སྦྱོང་བྱས་དང་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་སྐད་མཉམ་བསྲེས་མེད་པར་སྲ་ཐག་ཐག་ཅིག་ཤོད་ཀྱི་ཡོད་ལ། སློབ་གྲྭ་གཞན་དང་གཏན་ནས་མི་འདྲ་བར་སློབ་གྲོགས་ཕན་ཚུན་གླེང་མོལ་གནང་སྐབས་ཕ་སྐད་གཙང་མ་བསྐྱོན་གྱི་ཡོད། ད་ཆ་ང་ནི་དཔེ་སྟོན་དུ་འོང་ནས་ལོ་ངོ་ཧྲིལ་པོ་དགུ་ལྷག་འཁོར་ཟིན་ལ། ལོ་ངོ་དགུའི་རིང་ལ་ངས་ཤེས་བྱ་ཡོན་ཏན་གསར་པ་མང་པོ་ཞིག་རྟོགས་པ་མ་ཟད། དམིགས་བསལ་བོད་སྐད་ཡིག་གི་ཐོག་ནས་སྤྱི་ཚོགས་ནང་མགྲིན་པ་གཟེངས་སུ་བཏེགས་ཏེ་བསྐྱོད་ཆོག་ཆོག་ཡིན་ཞེས་སྨྲ་བར་སྤོབས།
ཁོང་ལ་དུས་ཁོམས་བྱུང་ཐེངས་རེར་དཔེ་སྟོན་དགེ་ལས་སློབ་གསུམ་ལ་བླང་དོར་གྱི་བཀའ་སློབ་ཡང་ནས་ཡང་དུ་གནང་བར་ཕེབས་སྐབས། ཟམ་གདོང་རིན་པོ་ཆེས་གསུངས་སྐད་འདར་བཞིན་དུ་ན་ཆུང་སློབ་ཕྲུག་ང་ཚོར་བྱམས་བརྩེའི་འོད་མདངས་ཀྱི་ཁེངས་པའི་སྤྱན་ཟུང་གིས་གཟིགས་བཞིན། འབྱུང་འགྱུར་ཁྱེད་ཚོའི་ཁྲོད་ནས་བོད་ཀྱི་རིག་གཞུང་གི་རྐང་འཛིན་པའི་མེ་ཏོག་གཅིག་རྗེས་གཉིས་མཐུད་ཀྱིས་བཞད་པའི་རེ་བ་ཡོད་ཅེས་པའི་སེམས་གཏམ་དེ་དག་ནི་ནམ་ཡང་ངའི་སྙིང་དབུས་སུ་དམ་པོར་བཅངས་ཡོད།
དཔེ་སྟོན་གྱི་ཡབ་ཆེན་ལགས། ངོ་མཚར་ལྡན་པའི་དཔེ་སྟོན་གྱི་ཡབ་ཆེན་ལགས། ཁྱེད་ཀྱིས་ང་ཚོའི་སློབ་གྲྭ་ཙམ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོན་པའི་འབད་པ་གནང་ཡོད། ཁྱེད་ཀྱི་བྱས་རྗེས། ཁྱེད་ཀྱི་གཟི་བརྗིད། ཁྱེད་ཀྱི་བག་ཆགས་ནི་དགུང་སྔོན་དཀྱིལ་གྱི་རྟ་བདུན་དབང་པོ་དང་མཚུངས་ཤིང། ཁྱེད་ཀྱིས་བཙན་བྱོལ་ནང་བོད་པའི་མི་རིགས་མང་པོ་ཞིག་སྐྱེད་སྲིང་ངང་བོད་སྐད་ཡིག་གི་གཞི་རྩའམ་ས་བོན་ཞིག་འདེབས་གནང་སོང། ཁྱེད་ཀྱིས་བོད་སྐད་ཡིག་བེད་སྤྱད་སའི་ཁོར་ཡུག་རྒྱ་ཇེ་ཆེར་བཏང་སོང་ལ། ད་ཆ་ང་ཚོའི་མིག་མདུན་དུ་ཡང་དག་པའི་བོད་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་བྱུང་བ་ནི་ཁྱེད་ཀྱི་རླབས་ཆེ་བའི་དཀའ་ཚེགས་ཀྱི་ངལ་རྩོལ་གྱི་འབྲས་བུ་ཁོ་ནའོ། །
ངའི་དྲན་ཤེས་ཀྱི་ཡོལ་བར་ཁོང་གི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་ཡོད་ལ་གཟི་བརྗིད་ཀྱི་ཟིན་ཐོ་བཀོད་ཡོད། ཁོང་ནི་ནམ་ཡིན་རུང་གཞན་ཕན་ཁོ་ན་བསྒྲུབ་པར་མཉེས་པར་དང། རང་གི་བདེ་སྐྱིད་གཞན་ལ་སྦྱིན་ཏེ་གཞན་གྱི་སྡུག་བསྔལ་སེལ་བར་བརྩོན་མཁན་གྱི་བྱམས་སེམས་ཆེ་བའི་མི་སྣ་ཞིག་རེད། དར་དཀར་ལྟ་བུའི་སེམས་ཁམས་ལྡན་པའི་མི་རྗེ་ཟམ་གདོང་མཆོག་ནི་དུས་ནམ་ཡང་ང་ཚོའི་གློ་སྙིང་མཆིན་གསུམ་ནང་གནས་ཡོད་ལ། ཁྱེད་ཀྱིས་མ་འོངས་སོན་རྩ་ང་ཚོར་བཅོལ་བའི་རེ་བ་མཐའ་དག་ཆད་ལྷག་མེད་པར་གསལ་པོར་ངེས་ཤིང། མ་འོངས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་ཏུ་གྱུར་ཏེ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་ངེས་ཡིན། དེ་རིང་ཁོང་ཉིད་དགུང་ལོ་དོན་ལྔར་ཕེབས་པའི་དགའ་སྟོན་གྱི་ཉིན་མོར་དམར་ཆུང་སྙིང་དབུས་ནས་འཚམས་འདྲི་གྲངས་མེད་ཞུ་ཞིང་། མ་འོངས་ལམ་ལྷོངས་དང་སྐུ་ཚེ་ཞབས་པད་བརྟན་པར་སྨོན།