བོད་འབངས་ཡོངས་ཀྱིས་བརྗེད་མེད་ཡིད་ཀྱི་རི་མོ།
༸རྒྱལ་བའི་རྒྱལ་སྲས་ཟམ་གདོང་མ་ཧཱཱ་པཎྜི་ཏའི་རང་བཞིན་དྲང་པོར་བརྗོད་པ་བོད་འབངས་ཡོངས་ཀྱིས་བརྗེད་མེད་
ཡིད་ཀྱི་རི་མོ། ཨཱཅཱརྱ་སོག་རྫོང་བཀྲ་ཤིས་རྒྱལ་པོ།
གང་སྐུ་མཇལ་ན་དད་པས་ལུས་ཉིད་གཡོ།།
གང་གསུང་ཐོས་ན་རྩོམ་ལ་ཚེགས་མེད་འགྱུར།།
གང་ཉིད་བསྒོམས་ན་སེམས་ལ་ཞི་བ་ཐོབ།།
རྒྱལ་སྲས་ཁྱེད་ལ་མི་དད་རང་དབང་ཅི།།
སངས་རྒྱས་བསྟན་པ་ཐུགས་ཀྱིས་ཉམས་སུ་མྱོང་།།
གྷན་དྷིའི་ལྟ་གྲུབ་འཇིག་བརྟེན་བདེ་ཐབས་སྤྱོད།།
༸རྒྱལ་བའི་བཀའ་དགོངས་སྤྱི་བོའི་གཙུག་ཏུ་མཛེས།།
རྒྱལ་སྲས་ཁྱེད་ལ་མི་དད་རང་དབང་ཅི།།
རང་དོན་ཐམས་ཅད་རྩ་ལྟར་རྒྱང་དུ་དོར།།
སྤྱི་དོན་མ་ལུས་སྲོག་ལྟར་གཅེས་པར་འཛིན།།
ཉེ་རིང་མེད་པར་བོད་འབངས་སྐྱོང་བྱེད་པའི།།
རྒྱལ་སྲས་ཁྱེད་ལ་མི་དད་རང་དབང་ཅི།།
རྒྱལ་བསྟན་འཆད་ལ་རྒྱལ་སྲས་ཡང་རྩེ་དང་།།
རྒྱལ་སྲིད་སྐྱོང་ལ་དཔེ་ཟླ་མ་མཆིས་པའི།།
རྒྱལ་བ་བཞིན་དུ་ཤེས་ཀུན་མངའ་གྱུར་པའི།།
རྒྱལ་སྲས་ཁྱེད་ལ་མི་དད་རང་དབང་ཅི།།
བདག་ནི་དུག་གསུམ་ནག་པོའི་བཙོན་དུ་ཚུད།།
མ་རིག་ལྕགས་ཀྱི་ཐག་པས་དམ་པོར་བཅིངས།།
སྒྲིབ་གཉིས་མུན་པས་འདྲེན་བྱེད་ལྡོངས་ན་ཡང་།།
ཁྱེད་སྐུ་ལོག་པར་མ་མཐོང་སྐལ་བཟང་སྙམ།།
ཁྱེད་ཀྱི་ལེགས་བཤད་གཏམ་གྱི་ཕྱག་ཟུང་གིས།།
ཁོ་བོའི་སྙིང་ལ་དལ་གྱིས་རེག་པ་དེ།།
མུན་ནག་ཁྲོད་དུ་གློག་འགྱུ་གཡོ་བ་བཞིན།།
ཤར་ནུབ་མ་འཁྲུལ་འདི་ཡང་སྐལ་བཟང་སྙམ།།
དུས་ངན་སྙིགས་མའི་རང་མཚང་ཆེས་ཆེར་བདོ།།
དམར་ནག་དགྲ་ཡི་རླུང་དམར་གང་སར་གཡོས།།
བརྟན་མེད་བོད་འབངས་ཁ་མཆུ་ཟུག་པའི་ཁྲོད།།
ཆོལ་གསུམ་གཅིག་ཏུ་སྦྲེལ་བ་ཁྱེད་ཀྱི་དྲིན།།
གཞིས་སྐྱེས་ཁ་རུ་རྒྱ་བོད་མཉམ་དུ་བསྲེས།།
བྱེས་སྐྱེས་ཁ་ན་ཧིན་བོད་བསྲེས་པའི་ཁྲོད།།
རང་སྐད་གཙང་མའི་ལེགས་བཤད་ཟབ་མོ་ཡིས།།
ཕ་སྐད་གསོན་ཙམ་བྱུང་བ་ཁྱེད་ཀྱི་དྲིན།།
སློབ་ཡོན་བསྡུ་དང་ཞལ་འདེབས་ཐོབ་པའི་ཆེད།།
འཕྲལ་ཕན་ཕུགས་གནོད་སློབ་གྲྭ་མང་བའི་ཁྲོད།།
མེས་པོའི་དབུགས་ཀྱི་རྒྱུ་བ་གནས་བྱེད་པའི།།
དཔེ་སྟོན་སློབ་གྲྭ་ཚུགས་པ་ཁྱེད་ཀྱི་དྲིན།།
ཆོལ་ཁའི་མིང་འཁྱེར་རང་གཅེས་ཕྱོགས་ཞེན་མེས།།
སྤྱི་ལྷན་ཐལ་བར་བསྒྱུར་ལ་ཉེ་བ་ན།།
དཔེ་ཟླ་མེད་པའི་རྒྱལ་ཐབས་སྦྲང་ཆར་གྱིས།།
གྲོས་ཚོགས་ལྗོན་དབང་བརྟན་པ་ཁྱེད་ཀྱི་དྲིན།།
སྐུ་དྲགས་ངན་གོམས་ཐོག་མ་ཉིད་ནས་གོས།།
དམར་པོའི་གཅིག་སྡུད་ནད་ཀྱིས་གློ་བུར་གཙེས།།
བོད་འབངས་འགྲོ་ལམ་ཤོར་བའི་མི་ཡུལ་དུ།།
མང་གཙོའི་ལམ་ཆེན་ཐོབ་པ་ཁྱེད་ཀྱི་དྲིན།།
བྲམ་ཟེའི་སྐུ་ངོ་ལྐོག་དངུལ་ཟ་ལ་རྔམས།།
བཀའ་བློན་སྐུ་དྲགས་མིང་གི་ཆེད་དུ་བྲེལ།།
ཝཱར་ཎ་སློབ་ཆེན་མིང་ཙམ་མེད་པ་ནས།།
གྲགས་སྙན་ས་གསུམ་གཡོས་པ་ཁྱེད་ཀྱི་དྲིན།།
བཤད་གྲྭ་ཁག་ཏུ་རང་གི་ཆོས་བརྒྱུད་ཙམ།།
གྲྭ་ཚང་དག་ཏུ་ཡིག་ཆ་ཁོ་ན་སྟེ།།
འོན་ཀྱང་ཝཱར་ཎ་གཙུག་ལག་སློབ་ཆེན་དུ།།
རིས་མེད་བསྟན་པ་མཇལ་བ་ཁྱེད་ཀྱི་དྲིན།།
འཕགས་ཡུལ་སློབ་ཆེན་ཡོངས་རྫོགས་རིན་ཆེན་ཁྲིར།།
བཅུ་ཕྲག་རིག་པའི་གཙོ་བོར་དབང་བསྒྱུར་དེས།།
གངས་ཅན་མེས་པོའི་དབུ་འཕང་མཐོར་འཕགས་པའི།།
ལོ་རྒྱུས་ཟིན་ཐོ་དང་པོ་ཁྱེད་ཀྱིས་མཛད།།
བླ་ཆེན་ཕལ་ཆེར་ཡོ་རོབ་འགྲོ་ལ་བྲེལ།།
བཀའ་ཟུར་ཕལ་ཆེར་སྒྲོ་ལར་ཐོག་ཏུ་ཞེན།།
༸རྒྱལ་བའི་སྐུ་གམ་སྐུ་ཚེ་ཧྲིལ་པོའི་རིང་།།
བོད་འབངས་བརྩེ་བས་སྐྱོང་མཁན་རྒྱལ་སྲས་ཉིད།།
མང་ཚོགས་མདུན་དུ་ལྷག་བསམ་ཆེ་རབ་བཤད།།
༸རྒྱལ་བའི་སྐུ་གམ་དད་པ་ཆེ་ཁུལ་བསྟན།།
ཁ་ཞེ་མི་མཚུངས་གཡོ་ཅན་མང་བའི་ཁྲོད།།
རྒྱབ་མདུན་མཚུངས་པ་རྒྱལ་སྲས་ཁྱེད་ཉིད་ཙམ།།
༸རྒྱལ་བའི་བཀའ་ལུང་མ་རྟོག་འདྲེན་མཁན་མང་།།
རྟོགས་ཀྱང་ལོག་པར་སྒྲོག་མཁན་མང་བའི་ཁྲོད།།
བཀའ་གསུང་སྐྱོན་མེད་འགྲོ་ལ་འགྲེལ་མཁས་པ།།
བཀའ་བློན་ཁྱོད་ལས་ལྷག་པ་བྱུང་བ་མེད།།
༸རྒྱལ་བའི་བཀའ་གསུང་སྒྲུབ་ཅེས་ཡོངས་འཛིན་གྱི།།
ཞལ་ཆེམས་སྲོག་བཞིན་གཅེས་པར་ལེགས་བཅངས་ནས།།
བོད་འབངས་བླ་མེད་སྲི་ཞུ་སྒྲུབ་མཁས་པ།།
རྒྱུ་འབྲས་མིག་ལས་གཅེས་ཤེས་ཁྱེད་ཁོ་ན།།
བླ་མའི་མཚན་དང་སྙན་བརྒྱུད་མིང་འཁྱེར་ནས།།
དམ་ཉམས་དགྲ་བོས་བསྟན་འགྲོར་འཚེ་བའི་དུས།།
ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་ཀྱིས།།
བསྟན་སྲིད་གྲུ་བཞི་ལམ་མེར་འཛིན་ལ་བསྟོད།།
༸རྒྱལ་བའི་དགོངས་པ་བོད་འབངས་བདེ་བའི་གཞི།།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མཆོག།།
མི་མཐུན་ཚོགས་ཀྱིས་ལོག་འགྲེལ་མུན་ནག་ཆེ།།
བདེན་གཏམ་ཉི་མས་གསལ་མཁས་ཁྱེད་ཉིད་ཙམ།།
༸རྒྱལ་བ་ཐམས་ཅད་མཁྱེན་པའི་ཕྱག་གཡས་ཞེས།།
གྲགས་པ་དོན་མཐུན་རྒྱལ་སྲས་ཟམ་གདོང་རྗེའི།།
མཛད་པའི་ཟུར་ཙམ་དྲང་པོར་བརྗོད་པའི་དགེས།།
བོད་འབངས་བདེན་པའི་མིག་དབང་འབྱེད་བྱེད་ཤོག།
(ཅེས་པ་འདི་ཡང་རྒྱལ་སྲས་ཟམ་གདོང་བླ་མའི་ལེགས་བཤད་ཟབ་མོ་མང་པོ་ཞིག་ཞི་མཚོ་དཔེ་མཛོད་ཁང་གི་སྒྲ་སྡུད་འཕྲུལ་ཐག་དང་། དཔེ་དེབ་སོགས་མཇལ་བའི་སྐལ་བ་བྱུང་བ་ལས་གང་ལ་དད་པ་སྙིང་ནས་ཐོབ་པ། དེང་གི་ཆར་མོན་ཡུལ་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་དུ་རིག་དགེའི་མིང་ཙམ་འཛིན་པ་ཨཱ་ཅཱརྱ་སོག་རྫོང་བཀྲ་ཤིས་རྒྱལ་པོས། རིན་པོ་ཆེའི་ཕྱི་གསལ་ནང་གསལ་དུ་གྱུར་པའི་མཛད་པ་འཕྲིན་ལས་དངོས་མཐོང་འགའ་མ་བཅོས་དྲང་པོའི་ལམ་ནས་སྤེལ་བ་ལ་དགེ་བ་ཕྲན་བུ་རེ་མཆིས་ན། རྒྱལ་བ་ཡབ་སྲས་ཟུང་འབྲལ་མེད་དུས་རྟག་ཏུ་བོད་འབངས་སྐྱེ་བོ་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་སྐུ་ཚེ་མི་འགྱུར་རྡོ་རྗེའི་བྲག་ལྟར་བརྟན་པའི་སྨོན་འདུན་ཞུ།།