བོད་ནང་གི་གནས་སྟངས་སྐོར་གསར་འགོད་གསལ་བསྒྲགས།

༢༠༠༨ ཕྱི་ཟླ་ ༤ ཚེས་ ༡༨ ཉིན། བོད་ནང་གནས་སྟངས་ཇེ་ཞན་དང༌།
ད་དུང་དེ་བས་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ།
ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་དབུས་གཙང་དང༌། ཁམས། ཨ་མདོའི་ས་ཁུལ་ཁག་གཙོས་བོད་རིགས་འདུ་སྡོད་བྱེད་སའི་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་གཞི་རྒྱ་ཆེ་བའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་བྱུང་ཡོད།
དེ་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དང་དེའི་ཕྱི་ལོགས་ས་གནས་མང་པོར་བོད་མི་སེར་སྐྱ་ཉུང་ཤས་ནས་ཞི་བའི་གྱེན་ལངས་བྱས་པར་ཚད་ལས་བརྒལ་བའི་དྲག་གནོན་དང་གདོང་ལེན་སྡུག་པོ་བྱས་རྐྱེན། འདས་པའི་མི་ལོ་ལྔ་བཅུའི་རིང་ནས་བོད་མི་རིགས་ཀྱི་སྙིང་ཁུངས་སུ་འདོད་བློ་མ་ཁེངས་པ་དང༌། ཞེ་འཁོན་རིམ་བསགས་བྱས་པ་རྣམས་ཕྱིར་རྡོལ་བྱུང་བ་ཞིག་རེད།
ཕྱི་ཟླ་ ༣ ཚེས་ ༡༠ ནི་བོད་མི་ཚོར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་རེད། ལོ་ལྟར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་རིགས་ཡོང་གི་ཡོད་ཀྱང་ཉིན་མོ་དེ་ལས་བརྒལ་གྱི་མེད། འོན་ཀྱང་འདི་ལོ་དགོས་མཁོ་མེད་པའི་དྲག་གནོན་གྱི་བྱེད་ཐབས་དང་དབང་ཤུགས་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཉིན་མང་རིང་མུ་མཐུད་གནས་པ་རེད།
གལ་སྲིད་རྒྱ་ནག་གི་དབང་འཛིན་པས་དྲག་ཤུགས་བེད་སྤྱོད་གཏོང་བའི་དགོས་དམིགས་བོད་ནང་ཞི་བདེ་ལྷིང་འཇགས་ཡོང་ཆེད་ཡིན་ན་ཉིན་དེ་རང་ལ་ཁོ་ཚོས་བསྒྲུབ་ཐུབ་པ་ཞིག་རེད། འོན་ཀྱང་ད་ཆ་བདུན་ཕྲག་ལྔ་ལྷག་སོང་ཟིན་ནའང་ལྷིང་འཇགས་ཡོང་མི་ཐུབ་པ་དང༌། ཉིན་རེ་བཞིན་གྱེན་ལངས་དང་དྲག་གནོན་ཇེ་མང་འགྲོ་བཞིན་པར་བརྟེན་རྒྱ་ནག་དབང་འཛིན་པ་ཚོའི་ཀུན་སློང་ལ་དྭོགས་པ་ཡོང་གི་ཡོད། དྭོགས་གཞི་ཅན་གྱི་གནས་ཚུལ་མང་པོ་ཡོད་པའི་ནང་ནས་མངོན་གསལ་ཆེ་བ་ཁག་གཤམ་གསལ།
ཀ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སར་རྒྱུན་ལྡན་དང་མི་འདྲ་བའི་དུས་ཟིང་བྱུང་བར་དབང་འཛིན་པ་ཚོས་ཆུ་ཚོད་མང་པོའི་བར་འགོག་ཐབས་མ་བྱས་པར་བཞག་པ་དང༌།
ཁ དེ་ཉིན་གྱེན་ལངས་ནང་འཚེ་བའི་ལས་འགུལ་བྱེད་མཁན་མང་ཆེ་བ་ས་གནས་མང་ཚོགས་ཀྱིས་ངོ་ཤེས་ཀྱི་མེད་ཅིང༌། ལྷག་པར་དུ་རྒྱ་ནག་གི་ཉེན་རྟོག་པ་བོད་ཆས་དང་གྲྭ་ཆས་གྱོན་ནས་གྱེན་ལངས་སྣེ་ཁྲིད་བྱས་པ་མི་ཚོས་མཐོང་བའི་གནས་ཚུལ་བྱུང་བ།
ག རྒྱ་ནག་དབང་འཛིན་པ་ཚོས་དགོན་པའི་མགོན་ཁང་ནང་བོད་མིས་ལུང་པ་རང་ནས་བཟོས་པའི་གྲི་དང་མེ་མདའ་རྙིང་སོང་བེད་མེད་རིགས་དེ་སྔ་ནས་ཕུལ་ནས་ཡོད་པ་རྣམས་ལ་ཁ་གཡར་ནས་བོད་མིའི་དགོན་པ་ཁ་ཤས་ནས་མེ་མདའ་དང་མདེའུུ་འཐོན་ཚུལ་བཤད་པ་དང༌། དེ་མཚུངས་དམག་མི་ཁོ་རང་ཚོས་དགོན་པའི་ནང་གོ་མཚོན་འཁྱེར་ནས་ཡོང་བ་རྣམས་རྗེས་སུ་དགོན་པ་ནས་རྙེད་ཚུལ་དང༌། བོད་མི་ཚོས་དགོན་སྡེའི་ནང་གོ་མཚོན་ཉར་ཚུལ་སྐྱོན་འཛུགས་བྱེད་པ།
ང རྒྱ་ནག་དབང་འཛིན་པ་ཚོས་བོད་རང་བཙན་དཔུང་སྡེས་རང་ཤི་རྒྱག་པའི་ཐབས་ལམ་ལ་བརྟེན་ནས་གཏོར་རྒོལ་བྱེད་རྒྱུའི་འཆར་གཞི་སྒྲིག་ཀྱི་ཡོད་ཚུལ་བཤད་པ།
ཅ བོད་ཤར་ཕྱོགས་ཆབ་མདོར་དགེ་འདུན་པ་ཁ་ཤས་ནས་འབར་རྫས་སྤར་ནས་ཁང་པ་གཏོར་སྐྱོན་བཏང་ཚུལ་བཤད་ཀྱང༌། དབང་འཛིན་པ་ཚོས་ད་བར་ཡིད་ཆེས་འཕེར་བའི་དན་རྟགས་གང་ཡང་བསྟན་རྒྱུ་བྱུང་མེད་པ།
ཆ རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་བསྐྱར་དུ་འགོ་ཚུགས་པ་དང༌། དགོན་པ་དང་ཁྱིམ་ཚང་གི་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ།
ཇ ྋགོང་ས་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་ས་ཁུལ་གང་སར་དོ་ནན་ཚ་ནན་གྱིས་སྤེལ་ནས་བོད་མིའི་སེམས་ཚོར་ལ་ཕོག་ཐུག་ཚབས་ཆེ་བཟོ་བཞིན་པ།
ཉ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པ་དང་རྩོལ་ཤུགས་ཆེན་པོས་བོད་རིགས་དང་རྒྱ་རིགས་དབར་འགལ་ཟླ་བཟོ་ཐབས་བྱེད་ཅིང༌། དེ་ཡང་དྲིལ་བསྒྲགས་ཤུགས་ཆེས་རྒྱ་རིགས་ཀྱི་རིགས་ཞེན་བསླངས་ཏེ་རྒྱ་རིགས་ཁྲོད་ྋགོང་ས་མཆོག་ལ་མི་དགའ་བ་བཟོ་ཐབས་བྱེད་པ་བཅས། བྱེད་ཐབས་འདི་དག་གིས་བོད་ནང་སེམས་ཀྱི་ཞི་བདེ་དང༌། སྤྱི་ཚོགས་ལྷིང་འཇགས་ལ་ཕན་གྱི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་བོད་མི་ཚོས་ཁོང་ཁྲོ་སློང་རྐྱེན་ཆེ་ཤོས་སུ་བརྩི་བའི་སེམས་གཏིང་ལ་ཕོག་པའི་རིགས་ལག་བསྟར་བྱེད་བཞིན་འདུག དེ་ནི་བོད་མི་ཚོའི་བཟོད་བསྲན་བརླག་ཐབས་དང༌། འཚེ་བའི་འཁོན་ལན་སློག་ཐབས་ལ་དམིགས་པ་ཞིག་ཏུ་མཐོང༌། དེ་མཚུངས་ཉེས་མེད་བོད་མིར་ནག་ཉེས་འགེལ་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་པ་ཁག་ནས་གཏོར་རྒོལ་དང༌། འབར་རྫས་འཕེན་པའི་བྱ་སྤྱོད་མང་པོ་ཞིག་ལག་བསྟར་བྱེད་རྒྱུའི་འཆར་གཞི་ཡོད་པའང་གསལ་ཡོད།

ད་ལྟ་འགྲོ་བཞིན་པའི་དྲག་གནོན་གྱི་ལས་དོན་དཔེར་ན། ཚབས་ཆེའི་རྡུང་རྡེག་དང༌། མནར་གཅོད། དམར་གསོད། གཞི་རྩའི་བཟའ་བཏུང་གི་ཆ་རྐྱེན་རྣམས་ཕོངས་པར་བཟོས་ནས་འབྲེལ་ཡོད་བོད་མི་རྣམས་མུ་གེ་ཐེབས་སུ་འཇུག་པ་བཅས་ལ་ང་ཚོ་སེམས་འཚབ་དྲག་པོ་ཡོང་གི་འདུག ད་དུང་ཟླ་བ་མང་པོའི་བར་དེ་ལྟ་བུའི་དྲག་གནོན་མུ་མཐུད་གནས་སྲིད་སྙམ་ནས་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག
བོད་ཡོངས་རྫོགས་ཕྱི་ལ་སྒོ་བརྒྱབས་ཟིན་སྟབས་རྒྱ་ནག་དབང་འཛིན་པ་ཚོས་དུས་ཡུན་ཐུང་ངུའི་ནང་ཉེས་མེད་བོད་མི་རྣམས་སྲོག་ཐོག་བཏང་ནས་དན་རྟགས་ཆ་ཚང་རྩ་མེད་བཟོ་གི་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་འཕྲལ་དུ་བར་འདུམ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར་མནར་གཅོད་འདི་དག་མཚམས་འཇོག་ཡོང་བའི་སྐུལ་དེད་གནང་དགོས།
བོད་ནང་ཟུག་རྔུ་ཅན་གྱི་གནས་སྟངས་མུ་མཐུད་གནས་པ་དེ་ཕྱི་ལོ་ ༡༩༥༧།༥༨ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་གཡོན་ཐལ་ཆེ་བའི་སྲིད་བྱུས་ལག་བསྟར་དབང་གིས་བྱུང་ཞིང༌། མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་གྱེན་ལངས་གྲགས་ཆེ་བ་དེ་བྱུང༌། དེ་ནས་བཟུང་བོད་མི་ཚོས་སྡུག་བསྔལ་ཚབས་ཆེ་མྱོང་བཞིན་ཡོད། བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་སོང་བ་དང༌། གནས་འབབ་མུ་མཐུད་རྙོག་ཟིང་ཅན་དུ་གནས་ཡོད། སྲིད་བྱུས་འདི་དག་རྒྱ་ནག་སྐམ་ས་ཆེན་པོའི་ནང་ནོར་འཁྲུལ་ཡིན་པར་ངོས་འཛིན་གྱིས་ཕྱིར་འཐེན་བྱས་ཀྱང༌། བོད་རིགས་ཐད་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད། ད་ལྟ་ཡང་ཇི་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་གཞི་རིམ་གྱི་འགྱུར་བ་ཞིག་མ་བཏང་བར། དྲག་ཤུགས་ཀྱི་ལམ་ནས་བོད་མི་རྣམས་ནམ་ཡང་དབང་སྒྱུར་ཐུབ་ཐབས་མེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་བོད་ནང་ལྷིང་འཇགས་ཡོང་ཆེད་ྋགོང་ས་མཆོག་གི་ཤུགས་རྐྱེན་བེད་སྤྱོད་གཏོང་དགོས་པ་བཤད་ཀྱང༌། ཕྱོགས་གཞན་ཞིག་ནས་ཁོང་ཚོས་ྋགོང་ས་མཆོག་གི་ཤུགས་རྐྱེན་བོད་ནང་ཡོང་དུ་འཇུག་རྒྱུའི་བརྒྱུད་ལམ་ནམ་ཡང་བཟོས་ཀྱི་མེད། ད་དུང་དེ་ལས་ལྡོག་སྟེ་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ས་ཡོངས་སུ་ྋགོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུའི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་བོད་ནང་ལྷིང་འཇགས་མེད་པའི་རྒྱུ་རྐྱེན་དངོས་གནས་ཇི་ཡིན་ཤེས་ཐབས་དང༌། དེ་དག་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་དཀའ་རྙོག་ཇེ་ཆེར་བཟོ་ཐབས་བྱེད་ཀྱི་ཡོད། འདིས་ཁོང་ཚོར་བོད་ནང་ཞི་བདེ་ལྷིང་འཇགས་བཟོ་འདོད་མེད་པ་གསལ་པོ་བསྟན་གྱི་ཡོད།
དེས་ན་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་དྲག་གནོན་འགོག་ཐབས་དང༌། འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་ལེགས་བྱང་རྩ་བརླག་གཏོང་བའི་སྲིད་བྱུས་ཁག་མཚམས་འཇོག་ཡོང་ཆེད་འཕྲལ་དུ་ཕན་ནུས་ལྡན་པའི་ལས་དོན་ལག་བསྟར་ཡོང་བའི་ཛ་དྲག་གིས་འབོད་སྐུལ་ཞུ་རྒྱུ་ཡིན།
བཀའ་བློན་ཁྲི་པས་ ༢༠༠༨ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་སྤེལ།།