བསྟོད་ཚིག་མེ་ཏོག་ཕྲེང་རྒྱན།

དྷ་ས། ཁ་ཏཱ་བསྟན་འཛིན་མགོན་པོ།
གངས་ལྗོངས་བོད་ཀྱི་བསྟན་སྲིད་ཆེད་སྲུང་སླད།།
མགོན་པོའི་བཀའ་བཞིན་སྒྲུབ་པའི་མཁས་དབང་མཆོག།
འཇམ་དབྱངས་རྣམ་རོལ་མི་ཡི་ཤ་ཚུགས་ཅན།།
༸སྐྱབས་རྗེ་བླ་མའི་ཞབས་ལ་སྤྱི་བོས་འདུད།། 

ནང་ན་ཡོན་ཏན་རྒྱ་མཚོའི་རླབས་གཡོས་ཀྱང་།།
སྣང་ཚུལ་འདུལ་འཛིན་དགེ་སློང་རྣམ་པ་ཙམ།།
བདག་ཉིད་ཆེན་པོའི་མཚན་བཟང་ཅི་ཡང་ལྡན།།
དད་དཀར་འོ་མས་ཞབས་ཟུང་ཡང་དག་བསིལ།།
བདག་སོགས་སློབ་མའི་ཚེ་སྔོན་ལས་བཟང་གིས།།
འབྲེལ་བའི་བཤེས་གཉེན་དམ་པའི་འཁྲུངས་སྐར་འདིར།།
ཇི་མཆིས་བསྟོད་པའི་མེ་ཏོག་སྣ་ཚོགས་མཆོད།།
བཀྲ་ཤིས་རྟེན་འབྲེལ་དགེ་ལེགས་ཚོགས་གྱུར་ཅིག།།
དཔལ་ཡོན་ཆུ་ཕྲན་མ་ལུས་བསྡུས་མཛད་ཀྱང་།།
མི་ངོམས་ཆུང་ཐིགས་ཙམ་ཡང་བསྣན་འབད་མཚར།།
མཁྱེན་པའི་མཚོ་ལ་མུ་མཐའ་མེད་པ་ཡིན།།
འགྲན་ཟླ་མེད་པ་ཁྱེད་ལ་ལན་བརྒྱར་བསྔགས།།
བླང་དོར་གནས་ལ་ངང་པའི་རྒྱལ་པོ་བཞིན།།
སོ་སོར་འབྱེད་པའི་མཁྱེན་རྩལ་ཡོངས་སུ་རྫོགས།།
ཤེས་རྩོད་གཡུལ་སར་རལ་གྲི་འཛིན་པ་བཞིན།།
བློ་ངན་རྒོལ་བའི་སྤོབས་པ་འབུར་འཇོམས་མཛད།།
ཤེས་བྱའི་མཁའ་ལ་མཁས་བཙུན་བཟང་པོ་ཡི།།
དཀར་དྭངས་རྒྱན་ལྡན་ཆུ་ཤེལ་དབང་པོ་བཞིན།།
གང་གི་གསུང་གི་འོད་ཟེར་རྒྱས་པ་ཡིས།།
ངོ་མཚར་དད་པའི་ཀུ་མུད་སྙིང་ཁར་བཞད།།
བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་མཆོག།།
བསླབ་གསུམ་འཕགས་པའི་ནོར་གྱིས་བྱུར་བུར་གཏམས།།
རྒྱལ་སྲས་སྤྱོད་པའི་ལམ་ཞུགས་འཇིགས་མེད་དབང་།།
མཁྱེན་བརྩེ་ནུས་པའི་བདུད་རྩིའི་ཆར་རྒྱུན་སྩོལ།།
རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན།།
ཆོས་བརྒྱད་དྲི་མ་ཙམ་ཡང་མི་མངོན་མཚར།།
སྙིགས་དུས་བསྟན་འགྲོའི་དོན་རྣམས་ཁུར་དུ་བཞེས།།
མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།།
བསྟོད་སྨད་རླུང་གིས་མི་གཡོ་ཀུན་བརྩེ་མཉམ།།
དགྲ་གཉེན་ཕྱོགས་རེ་འབྱེད་པར་ཤིན་ཏུ་བླུན།།
ཡང་དག་ཆོས་བཞིན་སྤྱོད་པའི་ཚུལ་ཁྲིམས་ཅན།།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པར་ཤོག
མ་འོངས་ཆོས་ལྡན་ཞིང་གི་ལྡུམ་ར་རུ།།
སྣ་ཚོགས་བློ་ལྡན་མེ་ཏོག་བཞད་པའི་ཕྱིར།།
མཐོ་སློབ་ཁང་སོགས་རིགས་སློབ་ལྟེ་གནས་བཙུགས།།
བླ་མའི་བཀའ་དྲིན་གཞལ་དུ་མེད་པ་ལགས།།
ཕྱི་ནང་གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན།།
མ་ལུས་རྟོགས་དང་སྨྲ་ལ་འགྲན་ཟླ་བྲལ།།
མཁས་དང་མཁས་པའི་ཚོགས་ན་སྒེག་ཉམས་ཅན།།
མཁས་མཆོག་བློ་གསར་མགོན་དུ་བཞུགས་སུ་གསོལ།།
གྲངས་མེད་བསོད་ནམས་ཚོགས་ཀྱིས་སྐྱེད་ཚལ་དུ།།
འཁྲུངས་པའི་རྒྱ་སེའི་དྲོ་བསུང་ཕྱོགས་བཅུར་ཐུལ།།
རིས་མེད་བློ་ལྡན་དག་གིས་ཆེད་བསྟོད་བཀུར།།
དམ་པ་གང་ཉིད་བོད་ཀྱི་སྤོབས་པ་ལགས།།
འཆད་རྩོད་རྩོམ་ལ་གཞན་དྲིང་མི་འཇོག་པའི།།
མཁས་གྲུབ་ཆེན་པོའི་མཐའ་ཡས་མཛད་ཕྲིན་ཀུན།།
ཉིན་མཚན་གཅིག་ཏུ་བརྗོད་ཀྱང་ངོམས་པ་མེད།།
མདོར་ན་སྐྱེ་འགྲོའི་བདེ་སྐྱིད་དཔལ་དུ་བཞད།།
སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་ཀྱིས་བརྒྱན།།
རྟག་ཏུ་རྨི་ལམ་ན་ཡང་སྡོམ་པར་གནས།།
ཆོས་ཀྱི་གནས་ལུགས་ཇི་བཞིན་རྟོགས་བསྟན་མཁས།།
ཕྱག་ན་པད་མོའི་ཐུགས་སྲས་ཁྱོད་ལ་འདུད།།
ལྷག་པར་ཕན་བདེའི་འབྱུང་གནས་ཞིང་ཁམས་ཀྱི།།
མ་རིག་མུན་པས་རྨོངས་པའི་ཉམ་ཐག་རྣམས།།
མི་བཟོད་སྡུག་བསྔལ་རྒྱ་མཚོ་ལས་གྲོལ་ཕྱིར།།
མན་ངག་ཡང་དག་འབྱིན་པར་བཞུགས་སུ་གསོལ།།
བསླབ་པ་རྒྱ་མཚོའི་ཕ་རོལ་སོན།།
ངོ་མཚར་དཔལ་ཡོན་ཅི་ཡང་ལྡན།།
རང་ཉིད་གོ་འཕང་མཐོར་སོན་ཡང་།།
དམའ་ས་འཛིན་འདི་ཨེ་མ་ཧཱོ།།