བཙན་བྱོལ་བའི་ཟླ་བ་དཀར་བོ།
སྒྲོལ་མ་བཟང་མོ། ལོ་ ༡༥ འཛིན་རིམ་ ༡༠ དཔེ་སྟོན་སློབ་གྲྭ།
ཤེས་བྱའི་གནས་ལ་མཁས་པའི་སློབ་དཔོན་ཟམ་གདོང་ཁྱེད། །
བོད་དང་བོད་ཀྱི་སྐད་ཡིག་མུན་སེལ་སྒྲོན་མེ་ཁྱེད། །
བོད་མི་ས་ཡ་དྲུག་གི་སྙིང་གི་ནོར་བུ་ཁྱེད། །
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་འཚམས་འདྲིར་གུས་ཕྱག་འཚལ། །
རྟ་བདུན་དབང་པོ་ཤར་འགོ་ཚུགས་སོང། བྱ་བྱིའུ་ཚོའི་སྐད་སྒྲ་སྙན་མོ་དག་གིས་རྨི་ལམ་འདི་འཛུམ་གྱིས་བསུས། གློ་བུར་དུ་འབྲུག་སྐད་སྒྲོག་པ་ལྟར་རྒྱང་རིང་ནས་ཤོག་དཀར་སྟེང་དུ་ནག་ནོག་གི་ཡི་གེ་བྲིས་པའི་འཕྲིན་ཡིག་དེ་ངའི་ཕྱོགས་སུ་ལྷུང། ངས་དགའ་ཚོར་ཆེན་པོའི་ངང་དེ་ཡར་བསྒྲུགས་ཏེ་ཡིག་འབྲུ་རེ་རེ་བཞིན་ཞིབ་ཅིང་ཕྲ་བར་བཀླགས་པ་ན། ཁྱེད་ཀྱི་འཁྲུངས་སྐར་ཆེད་བཀའ་དྲིན་རྗེས་དྲན་གྱི་རྩོམ་བསྡུའི་གསལ་བསྒྲགས་ཤིག་ཡིན་པས། ངས་ཀྱང་གོ་སྐབས་འདི་བཟུང་སྟེ་སེམས་ཀྱི་སྐད་ཆ་འགའ་ཞུ་འདོད་བྱུང།
དཔེ་སྟོན་གྱི་ཡབ་ཆེན་ལགས། ༢༠༡༤ ཟླ་༡༡ ཚེས་༥ ཉིན་ནི་ཁྱེད་ཀྱི་འཁྲུངས་སྐར་ཡིན་པར། གུས་མོས་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ། སྐད་རིགས་སྣ་ཚོགས་ཤེས་མཁན་གྱི་ཡབ་ཆེན་ལགས། ཁྱེད་ནི་བོད་མི་ཙམ་མ་ཡིན་པར་ཕྱི་མི་རྣམས་ཀྱི་མེད་དུ་མི་རུང་བའི་ནོར་བུ་ཞིག་ཏེ། རླབས་ཆེན་གྱི་མི་སྣ་ཞིག་རེད་ཨང། ཁྱེད་རང་ཟླུམ་གཟུགས་གོ་ལ་འདིའི་ནང་འཁྲུངས་པ་དེ་དངོས་གནས་ཡ་མཚན་ཆེ་བ་སྟེ། མི་མང་གི་དཀའ་སྡུག་སེལ་ཏེ་བདེ་སྐྱིད་བསྐྲུན་མཁན་ནི་ཁྱེད་ཁོ་ན་ཡིན། ཁྱེད་ནི་བོད་མི་ང་ཚོའི་ཕྱག་རྟགས་ཡག་ཤོས་ཏེ། འཛམ་གླིང་གི་མུན་པ་སེལ་བའི་ཉི་མའམ་ཟླ་དཀར་ཞིག་དང་མཚུངས། སྐུ་ཉིད་ཆུང་དུས་ནས་རིག་པ་རྣོ་ཞིང། སྤྱང་གྲུང་དོད་ལ་སློབ་སྦྱོང་ཐོག་ལ་ཕུལ་དུ་བྱུང་བ་ཞིག་ཡིན་པ་བཤད་ཅི་དགོས། ཁྱེད་ནི་ཤེས་བྱ་རིག་གནས་ལ་མཛངས་པའི་བླ་མ་ཞིག་དང་། ཕ་སྐད་ལ་མཁས་པར་མ་ཟད། རང་གི་རྩ་ཆེའི་དུས་ཚོད་དེ་དམ་འཛིན་བྱས་ཏེ་ལེགས་པར་སྦྱངས་པས། ཡུལ་གཞན་གྱི་སྐད་ཡིག་ཐོག་ལ་བྱང་ཆུབ་པའི་མཁས་དབང་སྤྱོད་བཟང་ལྡན་པ་ཞིག་རེད། ཁྱེད་ནི་ཐུགས་རྒྱུད་བཟང་ཞིང་མི་མང་ཚོའི་ཡིད་སེམས་འགུག་པའི་རྩ་ཆེན་གྱི་མི་སྣ་ཞིག་མ་ཡིན་ནམ། ཁྱེད་རང་གི་སྐྱིད་པའི་ཕ་ཡུལ་བཞག་ནས་རྒྱ་གར་འཕགས་པའི་ཡུལ་གྱི་ཞིང་ཁམས་སུ་བཙན་བྱོལ་དུ་ཕེབས་ཏེ། བོད་མིའི་དཀའ་སྡུག་ལ་གཟིགས་ནས་སློབ་ཕྲུག་ཚོ་ནར་སོན་སྐབས་མི་ཡ་རབས་ཅན་དང་ཤེས་ཡོན་མི་སྣ་ཞིག་བཟོ་དགོས་དགོངས་ཏེ། བཙན་བྱོལ་ནང་དུ་ཡོད་པའི་མཐོ་སློབ་ཝཱ་རཱ་ཎ་སི་རུ་སློབ་སྤྱིའི་ཕྱག་ལས་གནང། ཁྱེད་ཀྱིས་ཉིན་མཚན་རྟག་ཏུ་ངལ་བ་ཚད་མེད་ཀྱིས་བོད་ཕྲུག་ཚོར་སློབ་ཁྲིད་གནང། ངོ་མ། ཁྱེད་ཀྱིས་ད་བར་བོད་མི་ང་ཚོའི་ཆེད་དུ་སྐུ་ལས་བསྐྱོན་པ་དག་ངའི་དྲན་པ་ནས་ནམ་ཡང་བརྗེད་ཐབས་བྲལ། དེ་ཡང་ཆུང་ཙག་ནས་བཤད་ན། སྤྱི་ཚོགས་རིག་གནས་དང་ཚན་རིག་གི་སློབ་ཚན་རྣམས་བོད་ཕྲུག་ཚོས་ལས་སླ་པོར་ཤེས་ཆེད། ཀློག་དེབ་དེ་དག་བོད་ཡིག་ཐོག་ཏུ་བསྒྱུར་གནང་བ་འདི་ནི་ཁོང་གཅིག་པོའི་བྱས་རྗེས་ཡིན། ཁྱེད་ཀྱི་ཞལ་ནས་གསུངས་པའི་བཀའ་སློབ་དག་གིས་བོད་མིའི་སྤྱི་ཚོགས་སྤྱོད་བཟང་ཞིག་ཏུ་བསྐྲུན། ཞི་བདེ་དང་བྱམས་པའི་སྒོ་ནས་སློབ་གསོ་གནང་ཐེངས་རེར། མི་རྣམས་དེ་མུར་ཀུན་སྤྱོད་བཟང་པོར་གྱུར། ཁྱེད་ཀྱིས་རང་གི་སྐུ་ཚེ་གང་པོ་དེ། བོད་མི་ཚོའི་ཆེད་དུ་བློས་བཏང་བྱས་པ་ནི་བཀའ་དྲིན་གསབ་ཐབས་དྲལ་བ་ལགས། ཁྱེད་རང་སློབ་གྲྭ་ཞིག་གི་སློབ་སྤྱི་ཆགས་པ་ནས་བཟུང་། བོད་ཕྲུག་ཡི་གེ་གཏན་ནས་མི་ཤེས་མཁན་དག་ཀྱང་ད་ལྟ་སྐད་གྲགས་ཅན་ཆགས་ཡོད་པ་ངའི་མིག་མདུན་དུ་མཐོང་མྱོང་ཞིང། ཁྱེད་རང་ཝཱ་རཱ་ཎ་སིའི་སློབ་སྤྱི་ཆགས་པ་ནས་བཟུང་བོད་ཕྲུག་མང་པོ་ཞིག་གི་སློབ་སྦྱོང་ཡར་རྒྱས་ཆེན་པོ་ཕྱིན་པ་དེ་ཡང་། ཁྱེད་ཀྱི་བྱས་རྗེས་ཟབ་མོ་ཡིན། ཁྱེད་ཀྱིས་བྱ་བ་ཅི་འདྲ་ཞིག་བྱེད་ནའང་བོད་མི་ཀུན་ལ་ཕན་པ་དང་བོད་མི་ཀུན་གྱིས་བསྔགས་བརྗོད་བྱས་ཆོག་པ་ཞིག་ཡིན།
ཕྱི་ལོ་༢༠༠༡ ལོར་ཁྱེད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ། དུས་དེ་ནས་བཟུང་ཁྱེད་ནི་ང་ཚོ་བོད་ཀྱི་བཀའ་བློན་ཁྲི་པར་གྱུར་ནས། ཁྱེད་ལ་བཀའ་ཁྲི་ཟམ་གདོང་མཆོག་ཅེས་པའི་མཚན་ཡང་ཐོབ། ཁྱེད་རང་བཀའ་བློན་ཁྲི་པའི་འགན་དབང་འཁུར་བ་ནས་བཟུང་བོད་མི་ཡི་མུན་ནག་གི་མཁར་རྫོང་དེ་འོད་མདངས་ཅན་ཞིག་ཏུ་གྱུར། ཁྱེད་ནི་བློ་དཀར་གཞུང་དྲང་ཅན་གྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་མཆོག་ཡིན། ཁྱེད་རང་བཀའ་བློན་ཁྲི་པ་ལོ་ངོ་བཅུ་ལ་བཞུགས། ཁྱེད་ནི་མི་དཀྱུས་མ་ཞིག་དང་ཁྱོན་ནས་མི་འདྲ་བ་སྟེ་ལྷག་བསམ་དཀར་པོ་ཞིག་ཡིན། བོད་མི་ཡི་སྐད་ཡིག་འཛམ་གླིང་ཡོངས་གྲགས་སུ་ཁྱབ་སྤེལ་ཐུབ་པ་དེ་ཡང་ཁྱེད་ཉིད་བཀའ་ཁྲིར་བཞུགས་པའི་བཀའ་དྲིན་ཡིན། ཁྱེད་ཀྱིས་བོད་མི་ང་ཚོར་བཅངས་པའི་རེ་བ་རྣམས་ངའི་སེམས་ངོས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཅངས་བཞིན། ཕུགས་སུ་བསྒྲུབ་ཐུབ་པ་བྱ་ངེས་ཡིན། ཕྱི་ལོ་༢༠༠༥ ལོར་དྷ་རམ་ས་ལའི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་གི་ནང་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་བསྐྲུན་གནང། ད་ཆ་ང་ཡང་ཁྱེད་ཀྱིས་བཙུགས་གནང་བའི་སློབ་གྲྭ་དེའི་ནང་གི་སློབ་མ་ཞིག་ཡིན། སློབ་གྲྭ་དེ་ནི་རྒྱ་ཧ་ཅང་ཆུང་ཡང་སློབ་མར་ཤེས་བྱ་སློབ་ཁྲིད་གནང་སྟངས་ལ་ཆ་བཞག་ན། རང་དབང། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ལྡན་པའི་སློབ་གྲྭ་ཞིག་ཡིན་པ་ངས་ཤེས་རྟོགས་གསལ་པོར་བྱུང། དེ་ཡང་ངའི་སློབ་གྲྭ་ནི་གཞན་གྱི་སློབ་གྲྭ་དང་གཏན་ནས་མི་འདྲ་བར་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་མ་བྱེད་མཁན་ཡིན། ངའི་སློབ་གྲྭ་དེར་ཕྱི་ནས་བལྟས་ཚེ་ཧ་ཅང་ཆུང་ཡང་དེའི་ནང་གི་ན་ཆུང་བྱིས་པ་རྣམས། བཀའ་མོལ་གནང་སྐབས་ཞེ་ས་དང་བཅས་བོད་ཡིག་ལ་ཧ་ཅང་མཁས་པ་ཙམ་མ་ཟད། དམིགས་བསལ་བོད་ཡིག་ནི་ང་ཚོའི་སློབ་གྲྭའི་སློབ་ཕྲུག་ཚོའི་བླ་སྲོག་ལྟ་བུ་ཡིན། གལ་ཏེ་ཁྱེད་ཀྱིས་སློབ་གྲྭ་དེ་འཛུགས་བསྐྲུན་བྱས་མེད་ཚེ་དངོས་གནས་བུ་མོ་ངས་ཡིག་འབྲུ་ཀ་ཞེས་པ་དེ་ཡང་ཤེས་མི་ཐུབ། སློབ་གྲྭ་དེ་ཡང་མཐོང་ག་ལ་སྲིད། ཁྱེད་ཀྱི་བཀའ་དྲིན་གྱིས་བུ་མོ་ང་སྐྱིད་པའི་སློབ་གྲྭ་དེའི་ནང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང། མཚམས་རེ་ཁྱེད་རང་ང་ཚོའི་སློབ་གྲྭ་རུ་ཕེབས་སྐབས། ང་དང་སློབ་གྲོགས་གཅིག་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁྱེད་ཀྱི་རླངས་འཁོར་ཆུང་ཆུང་དེར་སྒུག་ནས་བསྡད། ཁྱེད་ཀྱི་རླངས་འཁོར་མཐོང་མ་ཐག་རང་གི་རྩ་བའི་བླ་མ་མཇལ་བ་ལྟར་སེམས་ལ་དགའ་སྤྲོས་ཁེངས། དེ་བས་ཀྱང་ང་ཚོའི་སློབ་གྲྭ་དེ་འཛམ་གླིང་དུ་སྐད་གྲགས་དང་བསྔགས་བརྗོད་བྱེད་སའི་སློབ་གྲྭ་རུ་གྱུར་བ་དེ་ཡང་ཁྱེད་ཀྱི་བཀའ་དྲིན་ཁོ་ན་ཡིན། སྤྱི་ཚོགས་ནང་གནས་པའི་ཡུལ་མི་རྣམས་ཀྱིས་ང་ཚོའི་སློབ་གྲྭའི་མིང་ཐོས་པ་ན། སེམས་ལ་སྐྱིད་སྣང་དང་རེ་བ་སྦྱིན་པ་དེ་ཡང་ཁྱེད་གཅིག་པུའི་བཀའ་དྲིན་ཡིན། སློབ་གྲྭ་འདིའི་ནང་དུ་གནས་པའི་སློབ་ཕྲུག་ཚོ་འདབ་གཤོག་གཉིས་ལྡན་རྐྱང་རྐྱང་རེད།
མཐར་ང་ཡི་རྩོམ་ཡིག་འདི་འབྲི་མཚམས་མ་བཞག་གོང་དེ་རིང་ཁྱེད་དགུང་ལོ་༧༥ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན། ང་ཚོའི་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་། ཁྱེད་ཀྱིས་ལོ་ངོ་དུ་མའི་རིང་བོད་མི་ང་ཚོ་ཙམ་མ་ཡིན་པར། མི་མང་གི་ཁྲི་སྟོང་མང་པོའི་དཀའ་སྡུག་སེལ་བ་དང་ཞི་བདེ་ལྷིང་འཇགས་བསྐྲུན་སྟབས། ཁྱེད་ཀྱིས་གང་གསུངས་པ་ལྟར་ང་ཚོས་དུས་རྒྱུན་དུ་ལག་བསྟར་དང་ཉམས་ལེན་བྱ་ངེས་ཡིན། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་བོད་ལ་གདན་འདྲེ་ཞུ་བ་དང་ང་ཚོའི་བརྩེ་བའི་བོད་རིགས་སྤུན་ཟླ་ཐུག་འཕྲད་ཡོང་ཆེད། ང་ཚོས་དགྲ་བོའི་ལག་ནས་བོད་རང་དབང་བླངས་ནས་སྐྱིད་པའི་ཕ་ཡུལ་བསྐྲུན་ཐུབ་ངེས། ན་ཆུང་སློབ་མ་ཡོངས་ཀྱིས་ཁྱེད་ནད་མེད་ཚེ་རིང་ཡོང་བ་དང་། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པའི་སྨོན་ལམ་འདེབས་སོ།།