བགྲོ་གླེང་གི་གནས་ཚད་མཐོ་རུ་གཏོང་དགོས།
བགྲོ་གླེང་གི་གནས་ཚད་མཐོ་རུ་གཏོང་དགོས་དང༌། རང་དོན་ལས་སྤྱི་དོན་གལ་ཆེ་བ་འཛིན་དགོས་ཚུལ།
སྤྱི་འཐུས་ཀྱི་ཚོགས་འདུའི་སྒྲིག་གཞི་ལྟར་རེས་གཟའ་པ་སངས་སྔ་དྲོའི་ཚོགས་ཐེངས་དང་པོ་སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་རྒྱུའི་དུས་ཚོད་ཡིན་པས་ད་ལན་གྲོས་འཆར་ཁ་ཤས་གནང་མཁན་བྱུང་ཡང༌། གྲོས་འཆར་གཅིག་ལས་ངོས་ལེན་ཞུས་མེད། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་གྲོས་ཚོགས་གསར་པ་ཞིག་ཡིན་པ་མ་ཟད། ང་ཚོ་ཚང་མ་གྲོས་ཚོགས་འགྲོ་ལུགས་ཀྱི་ཉམས་མྱོང་དང༌། སློབ་སྦྱོང་གནང་མ་མྱོང་བ་ཤ་སྟག་ཡིན་སྟབས། ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་ལམ་ལུགས་ལ་སློབ་སྦྱོང་གང་ཐུབ་བྱས་ཏེ་ད་ལན་ལམ་ལུགས་བརྟན་པོ་ཞིག་ཆགས་ན་སྙམ་པའི་རེ་བ་བྱེད་ཀྱི་ཡོད། སྤྱི་འཐུས་རྣམ་པས་ཀྱང་ལས་དོན་འདིའི་ཐོག་གལ་ཆུང་དང་སྣང་ཆུང་མ་གནང་བར་ཉིན་རེ་ལས་ཉིན་རེ་བགྲོ་གླེང་གི་གནས་ཚད་མཐོ་རུ་འགྲོ་ཐབས་གནང་དགོས། ཤོག་ཁག་དང་སྡེ་ཚན་གྱི་ཁེ་ཕན་ཞིག་ལ་བརྟེན་ནས་གྲོས་ཚོགས་ཀྱི་གྲོས་གཞི་ཁ་སྒྱུར་ཐབས་གནང་ན་སྐྱོ་པོ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་ནང་པའི་ཆོས་ཀྱི་གནས་ལུགས་རིགས་པའི་ལམ་ནས་བརྟག་དཔྱད་བྱེད་སྟངས་དང༌། དེང་རབས་ནུབ་ཕྱོགས་སུ་དར་བའི་གྲོས་ཚོགས་ཀྱི་བགྲོ་གླེང་གི་འགྲོ་སྟངས་གཉིས་མཚུངས་པོ་ཡོད་དུས། གལ་སྲིད་འདུལ་བ་ལ་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་ན། གྲོས་ཚོགས་ཀྱི་བགྲོ་གླེང་བྱ་ཚུལ་དང་འདུལ་བའི་ལས་ཀྱི་རྣམ་བཞག་གཉིས་གཅིག་དཔེ་གཅིག་ལ་བྱེད་ཆོག་ཆོག་ཡིན། རང་ཉིད་ཀྱི་རྣམ་རྟོག་གི་འཆར་སྒོ་ངག་གི་དམ་བཅའི་ཐོག་ནས་གྲོས་འཆར་བཏོན་ཏེ་ལེགས་བཅོས་གནང་འོས་རིགས་བགྲོ་གླེང་གི་ལམ་ནས་གནང་སྟེ་གྲུབ་འབྲས་སྤུས་གཙང་ཞིག་འཐོན་ཐབས་གནང་དགོས། དེ་ཡང་རང་གི་བདེན་པ་ལ་ཡིད་ཆེས་དང་གཞན་གྱི་ལྷག་བསམ་ལ་ཡིད་ཆེས་བརྟན་པོ་ཞིག་དགོས་པ་ལས། དེ་མིན་མི་སྟོང་འཛོམས་ཀྱང་དོན་འབྲས་སོན་པའི་གྲུབ་འབྲས་ཐོན་མི་ཐུབ། གཙོ་བོ་རང་གི་ཁེ་ཕན་དང་སྤྱི་དོན་གཉིས་འགལ་ཟླ་འགྲོ་བའི་སྐབས་རང་དོན་བཏང་ཐུབ་པ་དང་སྤྱི་དོན་ཐེ་ཚོམ་མེད་པར་དང་བླང་ཐུབ་དགོས་རྒྱུ་ནི་ཡ་རབས་སྤྱོད་བཟང་གི་རང་གཤིས་མེད་དུ་མི་རུང་བ་ཡིན། དཔེར་ན། ཆོས་བརྒྱུད་གཅིག་གི་ཁེ་ཕན་དང་ྋགོང་ས་མཆོག་གི་བཀའ་དགོངས་གཉིས་བདམ་དགོས་བྱུང་ཚེ་ཆོས་བརྒྱུད་ཀྱི་ཁེ་ཕན་གཙོ་བཟུང་དང༌། དེ་བཞིན་དུ་ཆོལ་ཁ་གཅིག་གི་ཁེ་ཕན་དང་ྋགོང་ས་མཆོག་གི་བཀའ་དགོངས་གཉིས་ལས་ཆོལ་ཁའི་ཁེ་ཕན་བདམས་པ་སོགས་མདོར་ན་རང་གི་ཁེ་ཕན་དང་ྋགོང་ས་མཆོག་གི་བཀའ་གཉིས་ལས་རང་གི་ཁེ་ཕན་གཙོ་བོར་བཟུང་ན་སྤྱི་མི་བྱེད་པའི་གཞི་རིམ་གྱི་ཁྱད་ཆོས་ཚང་མི་ཐུབ་པས་སྤྱི་མིའི་ཁྱད་ཆོས་ཚང་བ་ཞིག་གནང་དགོས་པ་དང༌། དམིགས་ཡུལ་བཟང་པོ་ཞིག་བསྒྲུབ་དགོས་ཡོད་ཚེ་ཐབས་ལམ་ཡང་དྲང་བདེན་ལས་གཞན་མེད་པ་ནི་འགྱུར་དུ་མེད་པའི་དངོས་པོའི་རང་བཞིན་ཡིན་ཚུལ་སོགས་གསུངས།། །།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༢/༠༡/༡༤ ་་་ ༡༩༩༢/༠༢/༠༣