བཀའ་ཟུར་ལྷན་ཚོགས་ཐོག་དྲི་བ་དྲིས་ལན།
སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས། དཔལ་ལྡན་རང་གཞུང་བཀའ་ཤག་གི་གོ་སྒྲིག་འོག་བཀའ་བློན་རྣམ་པ་དང་བཀའ་ཟུར་རྣམ་པའི་ཚོགས་འདུ་ཞིག་ ༢༠༠༥ ཟླ་ ༩ ཚེས་ ༣ ཉིན་བཀའ་ཤག་ཚོགས་ཁང་དུ་བསྐོང་ཚོགས་གནང་འདུག་ན། ཚོགས་འདུའི་གྲོས་གཞི་གང་དང་གང་ཡིན། ཚོགས་འདུའི་ཐོག་གྲོས་ཆོད་སོགས་སྣོལ་འཇོག་གནང་ཡོད་དམ་མེད། ཡོད་ན་དེ་དག་གང་དང་གང་ཡིན་བཅས་ཐོག་བཀའ་ལན་གནང་བདེ་མཆིས་ཚེ་གནང་སྐྱོང་ཡོང་བ་ཞུ།
བཀའ་ལན།
ཕྱི་ལོ་ ༢༠༠༥ ཟླ་ ༩ ཚེས་ ༣ ཉིན་རྒྱ་གར་ནང་བཞུགས་བཀའ་ཟུར་རྣམ་པའི་བཞུགས་མོལ་ཚོགས་འདུ་ཞིག་གནང་བ་དེའི་ནང༌། གྲོས་གཞི་དམིགས་བསལ་མེད་ཀྱང་བོད་རྒྱའི་འབྲེལ་ལམ་གྱིས་གཙོས་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་བཀའ་སློབ་ཞུས་པ་ལས་གྲོས་ཆོད་གང་ཡང་སྣོལ་འཇོག་མེད།
སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
འཕྲོས་དོན་དྲི་བ་ཁག་ཁ་ཤས་ཤིག་ཞུ་དགོས་པ་ཆགས་ཀྱི་འདུག ལན་འདེབས་ཀྱི་ནང་ལ་གྲོས་ཆོད་གང་ཡང་སྣོལ་འཇོག་མེད་ཅེས་གསུངས་འདུག རང་དབང་གསར་ཤོག་ནང་ལ་གསལ་བ་ལྟར་ན་སྐབས་དེར་བཀའ་ཟུར་རྣམ་པས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ཐོག་ལ་བཀའ་མོལ་གནང་ཡོད་ཚོད་གསལ་འདུག དེ་དག་གི་དོན་ཚན་ཁག་དེ་ཚོ་གལ་སྲིད་ལན་གནང་བདེ་པོ་ཡོད་ན་གྲོས་ཚོགས་ཀྱི་ནང་ལ་གནང་རོགས་གནང་ཞུ་རྒྱུ་ཡིན། ཕྱི་དྲིལ་ལས་ཁུངས་ནས་བཏོན་པའི་རང་དབང་གསར་ཤོག་གི་ནང་དུ་ཕྱི་དྲིལ་དྲུང་ཆེས་བོད་རྒྱ་ཞི་མོལ་གྱི་སྐོར་ཞེས་གསལ་པོ་བྱས་ནས་གསུངས་གནང་འདུག་པས། ལན་གྱི་ནང་གསལ་བའི་བོད་རྒྱའི་འབྲེལ་ལམ་གྱི་སྐོར་མ་གཏོགས་མ་གསལ་བ་དེ་གཉིས་ཀྱི་བར་ཏག་ཏག་ཅིག་བསྡད་ཀྱི་ཡོད་དམ་ཞེས་དྭོགས་འདྲི་ཞུ་རྒྱུ་ཡིན། ཡང་ཚགས་པར་གྱི་ནང་ལ་ཚོགས་འདུ་ཞེས་གསལ་པོ་བྱས་ཏེ་བཀོད་འདུག་ཀྱང༌། འདིའི་ནང་ལ་བཞུགས་མོལ་ཚོགས་འདུ་ཞེས་འཁོད་འདུག་པས་དེ་གཉིས་བར་ལ་ཁྱད་པར་ག་འདྲ་ཞིག་ཆགས་ཀྱི་ཡོད་དམ།
བཀའ་ལན།
ད་རེས་ཕྱི་ཟླ་ ༩ ཚེས་ ༣ ཉིན་བཀའ་ཟུར་རྣམ་པ་ལྷན་ཚོགས་གནང་བའི་སྐབས་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་ལམ་གཅིག་པུའི་ཐོག་ལ་མ་གཏོགས་དགོངས་འཆར་གནང་རོགས་ཞུས་མེད། ནམ་རྒྱུན་འཛིན་སྐྱོང་དང་ཆབ་སྲིད་གཉིས་ཀའི་ཐོག་བཀའ་བསྡུར་ཞུ་སྲོལ་ཡོད་ཀྱང་ད་རེས་བོད་རྒྱའི་འབྲེལ་ལམ་ཐོག་དུས་ཚོད་རིང་པོ་དགོས་ཀྱི་ཡོད་ཅེས་བཀའ་ཟུར་ཁ་ཤས་ཀྱིས་བཀའ་གནང་སོང༌། འབྲེལ་མོལ་ཐེངས་བཞི་པའི་སྐབས་གང་བྱུང་བ་དེ་དག་མདོར་བསྡུས་ཤིག་སྙན་གསན་ཞུས་ནས་དེའི་སྐོར་མ་འོངས་བྱེད་འཆར་ཐོག་བཀའ་སློབ་ཞུས་པ་ཡིན། ཡིན་ན་ཡང་བཀའ་ཟུར་རྣམ་པས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་དགོངས་འཆར་གནང་སོང༌། དེ་འདྲ་སོང་ཙང་དྲིས་ལན་གྱི་ནང་ལ་བོད་རྒྱ་འབྲེལ་ལམ་གྱིས་གཙོས་ཞེས་འབྲེལ་ལམ་རྐྱང་པ་ལ་ཐག་མ་བཅད་པར་གཞན་དག་ཀྱང་ཚུད་པ་བྱས་དགོས་པའི་རྒྱུ་མཚན་དེ་ལྟར་རེད། བོད་མིའི་རང་དབང་གསར་ཤོག་ནང་ཐོན་པ་དེ་ཐོག་མར་བཀའ་ཤག་གིས་ཚོགས་སྐོང་བྱེད་པའི་སྐབས་ཀྱི་གནས་ཚུལ་ལ་གཞིར་བཞག་པ་ཡིན་ཙང༌། བོད་རྒྱ་འབྲེལ་ལམ་གྱི་སྐོར་ལ་བཀའ་མོལ་གནང་བ་རེད་ཅེས་པ་དེ་ཡང་བདེན་པ་རེད།
དགོངས་འཆར་ཟབ་ཅིང་རྒྱས་པ་མང་པོ་གནང་ཡོད་རེད། ཡིན་ན་ཡང་དགོངས་འཆར་རྣམས་ཀྱི་ཚིག་ཐོ་བཞག་པ་མ་གཏོགས་གྲོས་ཆོད་བཞག་ཡོད་མ་རེད། བཞུགས་མོལ་ཚོགས་འདུ་ཡང་ཚོགས་འདུ་རེད། བཞུགས་མོལ་ཚོགས་འདུ་ཚོགས་འདུ་མིན་པ་ལྟ་བུའི་དགོངས་པ་བཞེས་དགོས་ཀྱི་མ་རེད། བོད་མིའི་རང་དབང་ནང་ཚོགས་འདུ་ཞེས་བཀོད་ཡོད་པ་དང༌། འདིའི་ནང་ལ་བཞུགས་མོལ་ཚོགས་འདུ་ཞེས་འཁོད་པ་དེ་གཉིས་ལ་འགལ་བ་གང་ཡང་མེད། བཞུགས་མོལ་ཚོགས་འདུ་ཞེས་ལབ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། གྲོས་གཞི་གྲོས་ཆོད་དང༌། བཀའ་མོལ་གནང་ཕྱོགས་ཀྱི་སྒྲིག་ལམ་ཀུན་སྤྱོད་ལ་སོགས་པ་མི་དགོས་པར་ཚང་མ་ལྷུག་པོ་བྱས་ནས་ག་རེ་ཞུས་ཞུས་དང༌། ག་རེ་གསུངས་གསུངས་དེ་འདྲའི་ཁོར་ཡུག་གི་ནང་ཚོགས་པའི་དབང་གིས་རེད། སྤྱི་འཐུས་རྣམ་པ་ཚོས་བཞུགས་མོལ་དང་གྲོས་ཚོགས་ཚོགས་འདུ་གཉིས་ཀྱི་བར་ཁྱད་པར་ག་རེ་ཡོད་པ་མཁྱེན་བཞིན་པ་ཞིག་རེད། བཀའ་ཤག་ཚོགས་པའི་སྐབས་ལ་ཡང་བཀའ་ཤག་བཞུགས་མོལ་ཚོགས་འདུ་དང་བཀའ་ཤག་གི་འཆར་ཅན་གྱི་ཚོགས་འདུ་གྲངས་ཀ་ཡོད་པ་དེ་གཉིས་ལ་ཡང་ཁྱད་པར་ཡོད་རེད། བྱས་ཙང་བཀའ་ཟུར་རྣམ་པའི་ཚོགས་འདུ་དེ་ཡང་བཞུགས་མོལ་ཚོགས་འདུ་རང་རེད་མ་གཏོགས་གྲོས་གཞི་དང་གྲོས་ཆོད་སོགས་ཡོད་པའི་ཚོགས་འདུ་དབྱིན་སྐད་དུ་ཕོར་མལ་Formal ཟེར་བ་དེ་འདྲ་མ་རེད། ཨིན་ཕོར་མལ་Informal བྱས་ཏེ་ཚོགས་པ་རེད།
དེའི་ནང་ལ་བཀའ་བསྡུར་ག་རེ་བྱུང་བ་དེ་ཚོའི་དོན་སྙིང་ཞིག་གྲོས་ཚོགས་ལ་སྙན་གསན་ཞུ་ཐུབ་ཀྱི་རེད་དམ་ཞེས་བཀའ་གནང་སོང༌། དེ་དང་དེ་འདྲའི་ཚོགས་འདུ་ཁག་གི་བགྲོ་གླེང་ཇི་བྱུང་གྲོས་ཚོགས་སུ་སྙན་གསན་ཞུ་དགོས་པ་ཞིག་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་བཀའ་ཤག་གི་ལས་འགན་ཡིན་པར་མཐོང་གི་མེད། འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་དབར་ལ་ས་མཚམས་ཤིག་བཟུང་ཡོད་རེད། ས་མཚམས་དེ་ཕྱོགས་གཉིས་ཀ་ནས་ཕར་ཚུར་མ་བརྒལ་བ་ཞིག་བྱུང་ན་མང་གཙོའི་ལམ་སྲོལ་ལ་ཕན་ཐོགས་ཆེ་བ་དང་འདྲ་ཆགས་པ་ཡོང་གི་རེད་བསམ་གྱི་འདུག ཡིན་ན་ཡང་བཞུགས་མོལ་ཚོགས་འདུ་དེའི་ནང་ལ་གང་བཀའ་མོལ་གནང་བ་དེ་དག་གཞུང་གི་གསང་བའི་སྡེ་ཚན་ཟུར་དབྱེ་ཀ་ལ་སི་ཕ་ཡིཊ་Classified དེ་འདྲ་གང་ཡང་མ་རེད། ལར་ནས་བཀའ་ཟུར་རྣམ་པས་གསང་བ་གནང་མདོག་ཁ་པོ་མ་རེད་ལ། ང་ཚོས་ཀྱང་གསང་བ་ཞུ་དགོས་ཀྱི་མ་རེད། ཡིན་ན་ཡང་ཉིན་མ་གཅིག་གི་ཚོགས་འདུའི་བཀའ་མོལ་ཆ་ཚང་ངས་ཞུ་ཐུབ་ཀྱི་མི་འདུག་སྟེ་གལ་ཆེ་རིགས་ཞུས་པ་ཡིན་ན། བོད་རྒྱ་ཞི་མོལ་འདི་བཞིན་བོད་མི་མང་ཚོགས་ཀྱིས་སྐོམ་པ་ཆུ་འདོད་བཞིན་དུ་སྒུག་གི་ཡོད་པ་དང༌། ཕྱི་ནང་གི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ང་ཚོས་ནུས་པ་ཐོན་པ་ཞིག་བྱས་ན་མ་གཏོགས་འགྲིགས་ཐབས་མེད་པའི་སེམས་ཚོར་ཤུགས་ཆེན་པོ་ཡོད་སྐོར་རྒྱས་ཤིང་རྒྱས་པ་བཀའ་གནང་མཁན་བྱུང་སོང༌། གཅིག་མ་བྱས་ན་འགྲིག་གི་མེད་པ་དེ་ཤུགས་ཆེན་པོས་གསུངས་ནའང་བྱེད་རྒྱུ་གཅིག་དེ་འདི་རེད་ཅེས་བཀའ་གནང་མ་སོང༌། ྋགོང་ས་མཆོག་འཚོ་བཞུགས་ཀྱི་རིང་ལ་བོད་ཀྱི་གནས་སྟངས་འདི་ཐག་གཅོད་མ་བྱུང་བ་ཡིན་ན་རྗེས་མར་དཀའ་ངལ་འཕྲད་ཀྱི་རེད་ཅེས་བཀའ་གནང་མཁན་བྱུང་སོང༌། ྋསྐྱབས་མགོན་རིན་པོ་ཆེ་བོད་དང་རྒྱ་ནག་ལ་ཆིབས་བསྒྱུར་གནང་ཐུབ་པའི་ཐབས་ཤེས་ཞུ་དགོས་རེད་ཅེས་བཀའ་གནང་མཁན་བྱུང་སོང༌། ཐབས་ཤེས་བྱེད་རྒྱུ་ཡོད་མ་རེད། དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། བོད་རྒྱ་ཞི་འགྲིགས་མ་བྱུང་བར་དུ་ྋརྒྱལ་བ་རིན་པོ་ཆེ་ཕེབས་རྒྱུའི་དགོངས་པ་བཞེས་རྒྱུ་ཡོད་མ་རེད་ཅེས་བཀའ་གནང་མཁན་བྱུང་སོང༌། བཀའ་ཤག་གི་གཏམ་བཤད་དང་ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་ཁག་ལ་འགལ་བ་ཡོང་གི་འདུག་ཅེས་བཀའ་གནང་མཁན་བྱུང་སོང༌། བོད་རྒྱ་ཞི་མོལ་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་བཀའ་ཤག་གིས་ད་ལྟ་བར་དུ་ཕྱག་ལས་གནང་བ་དེ་དག་འགྲིགས་འདུག ཡག་པོ་བྱུང་འདུག རྒྱབ་སྐྱོར་ཡོད་ཅེས་བཀའ་གནང་མཁན་བྱུང་སོང༌། ཡང་བོད་རྒྱ་འབྲེལ་ལམ་གྱི་ལས་རིམ་འདི་ལ་རེ་བ་ཁྱོན་ནས་མི་འདུག ད་ལྟ་བར་དུ་མགོ་སྐོར་ཐེབས་པ་རེད། དུས་ཚོད་འཕྲོ་བརླག་བཏང་བསྡད་པ་རེད། ཡོང་རྒྱུ་གང་ཡང་ཡོད་མ་རེད། ཡོང་རྒྱུ་མེད་པ་དེ་ང་ཚོ་ཚང་མས་ཤེས་དགོས་ཀྱི་རེད། བཟང་ཐག་ངན་ཐག་གཅོད་དགོས་ཀྱི་རེད་ཅེས་དེ་འདྲ་བཀའ་གནང་མཁན་ཡང་བྱུང་སོང༌། འཛིན་སྐྱོང་གི་ནང་མང་གཙོའི་ལམ་སྲོལ་ད་དུང་ཡར་རྒྱས་ཤུགས་ཆེན་པོ་གཏང་དགོས་ཀྱི་འདུག་ཅེས་བཀའ་གནང་མཁན་བྱུང་སོང༌། མཐའ་མ་དེ་ལ་བཀའ་ཤག་གི་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་དང་བཀའ་ཤག་གི་གཏམ་བཤད་བར་འགལ་བ་མེད་པའི་གནས་ཚུལ་ཡིག་ཆ་ངོ་སྤྲོད་བྱས་ནས་འགྲེལ་བཤད་ཞུ་རྒྱུ་དང༌། ལྷག་པར་དུ་བཙན་བྱོལ་གཞུང་གི་ལངས་ཕྱོགས་གསལ་པོ་ཡིན་པ་ད་རེས་འབྲེལ་མོལ་ཐེངས་བཞི་པའི་སྐབས་སུ་ང་ཚོའི་ངོས་ནས་ཕར་གསུང་རྒྱུའི་ཡིག་ཆ་གྲ་སྒྲིག་གནང་བ་དེ་ཚོའི་ཆ་ཤས་གང་འཚམས་ཤིག་སྙན་སྒྲོན་ཞུས་ཏེ་འགྲེལ་བཤད་ཞུས་པ་ཡིན། དེའི་རྗེས་ལ་བཀའ་ཟུར་ཁ་ཤས་ཀྱིས་ད་བློ་ཡིད་དྭངས་སོང༌། ཧ་ཅང་ཡག་པོ་འདུག དཔེ་འདྲ་ཞིག་བྱུང་འདུག་ཅེས་གསུངས་སོང༌། ཁ་ཤས་ཀྱིས་དེ་ལ་ཁྲེལ་བགད་འདྲ་པོ་ཡང་གནང་སོང༌། ཁ་ཤས་ཀྱིས་གང་ལྟར་ང་ཚོ་མགོ་སྐོར་གྱི་འོག་ལ་འགྲོ་བསྡད་ཀྱི་ཡོད་རེད། དེ་ངོ་ཤེས་པ་བྱེད་དགོས་ཀྱི་རེད་ཅེས་གསུངས་སོང༌། མདོར་བསྡུས་ཏེ་ཞུས་ན་དེ་ཙམ་ཡིན།
སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
ངའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ག་རེ་ཡིན་ཟེར་ན། ང་ཚོའི་བཀའ་ཟུར་ཚོགས་འདུ་ན་ནིང་གཅིག་ཚོགས་ཡོད་རེད། ད་ལོར་གཅིག་ཚོགས་ཡོད་རེད། གཅིག་ཚོགས་ཡོད་རེད་ཟེར་བ་འདྲ་པོ་ཞིག་གོ་སོང་སྟེ། ཚོགས་ནས་དགོས་པ་རྒྱུ་མཚན་དང༌། དམིགས་ཡུལ་ག་རེ་ཡིན་པ་དེ་གང་ཡང་ཤེས་མ་སོང༌། ད་ཐེངས་བཀའ་བློན་ཁྲི་པའི་གསུང་སྟངས་ལ་བལྟས་ན་བཀའ་ཟུར་ཚོགས་པ་དེ་ཆབ་སྲིད་སྐོར་གང་ཡང་མ་རེད། དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་ཞི་འགྲིགས་ཡོང་བའི་སྐོར་ལ་འཚོགས་པ་རེད་གསུངས་སོང༌། ངས་དབུ་མའི་ལམ་དེ་བོད་གཞུང་གི་ཆབ་སྲིད་ཀྱི་སྲོག་རྩ་ངོ་མ་དེ་ཡིན་བསམ་གྱི་འདུག དེ་འདྲ་ཡིན་པའི་ཆ་ནས་བཀའ་ཟུར་རྣམ་པ་ཚོགས་པའི་དོན་དག་དེ་བཀའ་ཟུར་རྣམ་པའི་བསམ་འཆར་ཞིག་ཡོད་རེད། བསམ་འཆར་དེ་བོད་གཞུང་བཀའ་ཤག་གི་ངོས་ནས་ཕན་ཐོགས་རྒྱུ་དེ་རྩ་འཛིན་བྱས་ཏེ་ལག་ལེན་བསྟར་གྱི་ཡོད་རེད་དམ་མ་རེད། དེ་གཅིག་ཡིན།
དོན་དག་གཉིས་པའི་ཐོག་ནས་བཀའ་ཟུར་རྣམ་པ་གལ་ཆེན་པོ་ཞིག་དང་ས་ཁུལ་ཐག་རིང་པོ་ནས་རྡ་རམ་ས་ལར་འཛོམས་ནས་བཀའ་ཟུར་རྣམ་པའི་དགོངས་འཆར་འདི་འདྲ་ཞིག་འདུག་ཅེས་ྋརྒྱལ་བ་རིན་པོ་ཆེ་ལ་སྙན་གསན་ཞུས་ཡོད་རེད་དམ་མ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་ཆེད་མངགས་བཀའ་ཟུར་རྣམ་པ་འདིར་ཚོགས། འདིར་བཞུགས་མོལ་ཚོགས་འདུ་ཚོགས་ནས་རྩ་འཛིན་གང་ཡང་བྱེད་མ་དགོས་པའི་རྒྱུ་མཚན་ཡོད་རེད་དམ་མ་རེད། བཀའ་ཟུར་རྣམ་པ་ཚོགས་དགོས་པའི་རྒྱུ་མཚན་དེ་བོད་གཞུང་གི་རྩ་དོན་ཡིན་ནའང་འདྲ། དབུ་མའི་ལམ་གྱི་ཞི་མོལ་བྱེད་ཕྱོགས་ཡིན་ནའང་འདྲ། འགན་ཡོད་ན་དེ་ྋརྒྱལ་བ་རིན་པོ་ཆེ་ལ་ཞུ་དགོས་རེད་དམ་མ་རེད། ངས་ཞུ་རྒྱུ་འདི་ཡིན།
བཀའ་ལན།
བཀའ་ཟུར་ཚོགས་འདུ་ཆབ་སྲིད་ཀྱི་སྐོར་མ་རེད་ཅེས་ངས་གྲོས་ཚོགས་འདིའི་ནང་རྩ་བ་ནས་ཞུ་རྒྱུ་མ་བྱུང་ལ། ང་ཚོའི་ཡིག་ཆའི་ནང་ལའང་མེད། སྔོན་མ་ཡིན་ན་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་སྐོར་བཀའ་བསྡུར་གནང་གི་ཡོད་རེད། ད་རེས་ཆབ་སྲིད་གཅིག་པུའི་ཐོག་བཀའ་སློབ་ཞུས་པ་ཡིན། འོན་ཀྱང་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་བཀའ་སློབ་གནང་སོང་ཞེས་ཞུས་པ་ཡིན། བོད་རྒྱའི་ཞི་མོལ་སྐོར་དེ་ཆབ་སྲིད་རེད་མ་གཏོགས་སུས་ཀྱང་ཆབ་སྲིད་མ་རེད་ཟེར་མདོག་ཁ་པོ་མ་རེད། བཀའ་ཟུར་རྣམ་པའི་དགོངས་འཆར་ཧ་ཅང་གལ་ཆེན་པོར་བརྩི་བ་ཡིན། དགོངས་འཆར་དེ་ཚོའི་ནང་ནས་ཕན་ཐོགས་ཡོད་པ་དང༌། ལག་བསྟར་དགོས་པ་དེ་ཚོ་ལག་ལེན་བསྟར་གྱི་ཡོད། དེ་མིན་ཚིག་ཐོའི་ནང་ལ་བཞག་སྟེ་དཔྱད་གཞི་དང་མ་འོངས་པར་ཕན་ཐོགས་ཡོང་སྲིད་པ་རེད།
ཡང་བཀའ་ཟུར་རྣམ་པས་དགོངས་འཆར་གནང་བ་དེ་ཚོ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་གསན་ཞུས་ཡོད་དང་མེད་ཅེས་བཀའ་འདྲི་གནང་སོང༌། དེ་ལ་ལན་ཞུ་རྒྱུ་མིན། སྙན་གསན་ཞུས་ཡོད་མེད་ཇི་ལྟར་ཡང་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་འགན་ཁུར་དང་སྙན་གསན་ཞུ་ཕྱོགས་ཀྱི་སྐོར་གྲོས་ཚོགས་སུ་དྲི་བ་གནང་མི་ཆོག་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་གསལ་བ་ཞིག་རེད།
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
ངས་བཀའ་འདྲི་ཞུ་རྒྱུ་དེ་ད་ལྟ་འདིར་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་གར་ནང་བཞུགས་བཀའ་ཟུར་རྣམ་པའི་བཞུགས་མོལ་ཡིན་ཞེས་བཀའ་གནང་བ་དེ་དང་འབྲེལ་བ་ཆགས་སོང༌། རྒྱུ་མཚན་ནི་ཉེ་བའི་ཆར་རྒྱ་གར་ནང་གཅིག་པུ་མ་ཡིན་པར་བཀའ་ཟུར་བཀྲིས་དབང་འདུད་ལགས་དང་སྐོུ་རྒྱལ་ལོ་དོན་གྲུབ་ལགས་གཉིས་ཀྱང་རྡ་རམ་ས་ལར་ཆིབས་བསྒྱུར་གནང་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་སོང་ཙང་ཚེས་ ༣ དེའི་ནང་ལ་ཁོང་ཚོ་བཞུགས་ཡོད་པ་ཡིན་ན། རྒྱ་གར་ནང་ལ་ཡོད་པའི་བཀའ་ཟུར་གཅིག་པུ་ཞིག་ཆགས་ཀྱི་མི་འདུག དེ་ག་འདྲ་ཡིན་ནམ་ཞུ་རྒྱུ་ཡིན། གལ་སྲིད་ཁོང་ཚོ་ཡོད་པའི་ཚོགས་འདུ་དེ་ཚེས་ ༣ ཉིན་དེ་ག་རང་མིན་པ་ཡིན་ན། དེ་མ་ཡིན་པའི་ཚོགས་འདུ་ཞིག་གི་ནང་ལ་ཁོང་ཚོ་བཞུགས་ཡོད་དམ། དེ་ཚོགས་འདུ་དེ་ག་རེ་ཡིན་ནམ།
བཀའ་ལན།
བཀའ་ཤག་གིས་བཀའ་ཟུར་ཚོགས་འདུ་གལ་ཆེན་པོ་བརྩི་ནའང་བཀའ་ཟུར་མང་པོ་ཞིག་སྟོབས་ཆེན་རྒྱལ་ཁབ་ཏུ་བཞུགས་ཡོད་པ་ཡིན་ཙང་རྒྱ་གར་དུ་ཚོགས་འདུར་གདན་འདྲེན་ཞུ་རྒྱུའི་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་ཀྱི་མི་འདུག དེ་འདྲ་སོང་ཙང་རྒྱ་གར་དུ་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་དང་ཨ་རིར་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་ལོགས་སུ་ཚོགས་བསྐོང་ཞུས་པ་རེད། བཀའ་ཟུར་ཚང་མས་དགོངས་འཆར་གནང་རྒྱུའི་གོ་སྐབས་ཡོང་བའི་ཆེད་དུ་ཨ་རིར་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་སྔ་ལོ་ཨ་རིར་ཚོགས་པ་རེད། ད་རེས་རྒྱ་གར་དུ་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་དྷ་སར་ཚོགས་བསྐོང་ཞུས་པ་ཡིན། སྐབས་དེར་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཀྱང་རྒྱ་གར་དུ་བཞུགས་དུས་འཁེལ་བ་ཡིན་ཙང་གདན་འདྲེན་ཞུས་པ་ཡིན། སྐོུ་རྒྱ་གར་ལ་མ་བཞུགས་པའི་སྐབས་བཀའ་ཟུར་ཚོགས་འདུར་གདན་འདྲེན་ཐུབ་ཀྱི་ཡོད་མ་རེད།
ད་ལན་བཀའ་ཟུར་ཚོགས་འདུ་ཚོགས་རྒྱུའི་ཉིན་ཤས་སྔོན་ཚོགས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ནང་ཨ་རི་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུད་མཆོག་དང༌། དམིགས་བསལ་སྐུ་ཚབ་བཀའ་ཟུར་བློ་གྲོས་རྒྱལ་མཚན་མཆོག་གཉིས་ཕེབས་ཡོད་རེད། ཡིན་ནའང་ལས་དོན་ཚོགས་ཆུང་གི་ཚོགས་འདུ་གྲོལ་འཕྲལ་ཨ་རི་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུད་ཕྱིར་ལོག་གནང་དགོས་བྱུང་ཡོད། གང་ཡིན་ཞེ་ན་ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་ཉེར་སོང་ཙང་དོན་གཅོད་ས་གནས་སུ་མེད་ཐབས་མེད་པ་རེད། བཀའ་ཟུར་བློ་གྲོས་རྒྱལ་མཚན་དེ་ཙམ་ཐུགས་བྲེལ་མེད་པ་ཡིན་ཙང་ད་རེས་ཕེབས་ཞོར་དུ་བཀའ་ཟུར་ཚོགས་འདུ་ལ་བཞུགས་ན་ལེགས་ཚུལ་ཞུས་པ་རེད། ལྷག་པར་དུ་ཨ་རིར་ཡོད་པའི་བཀའ་ཟུར་ཚོགས་འདུ་བསྡུ་བསྐོང་གནང་མཁན་བཀའ་ཟུར་བློ་གྲོས་རྒྱལ་མཚན་ཡིན་སྟབས་ཨ་རིར་བཞུགས་པའི་བཀའ་ཟུར་རྣམས་ཀྱི་དགོངས་ཚུལ་དང༌། རྒྱ་གར་དུ་བཞུགས་པའི་བཀའ་ཟུར་རྣམས་ཀྱི་དགོངས་ཚུལ་རྣམས་ཕན་ཚུན་མཚམས་སྦྱར་གནང་ན་ཡག་པོ་ཡོང་གི་རེད་བསམས་ནས་གདན་འདྲེན་ཞུས་པ་ཡིན། ཡིན་ནའང་ཁོང་ཨ་རི་ནས་རྒྱ་གར་དུ་བཀའ་ཟུར་ཚོགས་འདུའི་ཆེད་ཕེབས་པ་མ་རེད། ཨ་རི་དང་རྒྱ་གར་དུ་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་ས་གནས་སོ་སོར་ཚོགས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཨ་རིར་བཞུགས་མཁན་གྱི་བཀའ་ཟུར་རྣམ་པ་རྒྱ་གར་དུ་བཀའ་ཟུར་ཚོགས་འདུར་ཕེབས་མ་ཆོག་པ་དང༌། རྒྱ་གར་དུ་བཞུགས་མཁན་བཀའ་ཟུར་རྣམས་ཨ་རིའི་བཀའ་ཟུར་ཚོགས་འདུའི་ནང་ཕེབས་མི་ཆོག་པའི་གནས་ཚུལ་གང་ཡང་ཡོད་མ་རེད།
སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
ཕྱི་ལོ་ ༢༠༠༥ ཟླ་བ་ ༩ ཚེས་ ༣ ཉིན་རྒྱ་གར་ནང་བཞུགས་བཀའ་ཟུར་རྣམ་པའི་བཞུགས་མོལ་ཚོགས་འདུ་ཞིག་གནང་བ་དེའི་ནང་ཞེས་པ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཙང༌། དེའི་ཐོག་ལ་འཕྲོ་དོན་དྲི་བ་ཞུ་རྒྱུ་ལ། བཞུགས་མོལ་ཚོགས་འདུ་དེའི་ནང་ལ་བཀའ་ཟུར་རྣམ་པ་ག་ཚོད་ཅིག་བཅར་ཐུབ་ཡོད་དམ། བཅར་མ་ཐུབ་པ་དེ་འདྲ་བྱུང་ཡོད་དམ་མེད།
བཀའ་ལན།
རྒྱ་གར་དུ་བཞུགས་མཁན་གྱི་བཀའ་ཟུར་རྣམ་པ་བཅུ་བཞི་འདུག རྒྱ་གར་དུ་བཞུགས་མཁན་ཡིན་ནའང་ཕྱི་རྒྱལ་དུ་བཞུགས་མཁན་ཡིན་གསལ་པོ་རང་མེད་པའི་བཀའ་ཟུར་གཅིག་འདུག བཀའ་ཟུར་རྣམ་པ་བཅོ་ལྔ་ལ་རྒྱ་གར་དུ་བཞུགས་མཁན་ཡིན་པར་རྩིས་ནས་མགྲོན་ཤོག་ཕུལ་ཡོད། ཡིན་ནའང་རྒྱ་གར་དུ་བཞུགས་མཁན་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་དུས་དབང་གོ་སྒྲིག་ཚོགས་འདུར་ཕེབས་དགོས་བྱུང་བ་དང༌། བཀའ་ཟུར་ཀིརྟི་རིན་པོ་ཆེ་བསྙེན་མཚམས་སུ་བཞུགས་ཡོད་པ། བཀའ་ཟུར་རྗེ་བཙུན་པདྨ་དྷ་སར་མ་བཞུགས་པ་བཅས་ལ་བརྟེན་ཁོང་རྣམ་པ་གསུམ་བཀའ་ཟུར་ཚོགས་འདུར་ཕེབས་ཐུབ་མ་སོང༌། བཀའ་ཟུར་བཟོད་པ་རྒྱ་མཚོ་དང་པོ་རྒྱ་གར་དུ་ཡོད་ཚུལ་ཐོས་ནས་མགྲོན་ཤོག་ཕུལ་ཏེ་ཕེབས་རྒྱུའི་ཞལ་བཞེས་གནང་སོང་ཡང༌། རྗེས་སུ་ཚོགས་ཕེབས་གནང་མ་སོང༌། བཀའ་ཟུར་ཚོགས་འདུར་ཕེབས་མ་ཐུབ་མཁན་ཁོང་རྣམ་པ་བཞི་རེད། ཚོགས་འདུར་ཕེབས་མཁན་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང༌། བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ། བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱས། བཀའ་ཟུར་ས་འདུ་རིན་ཆེན། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད། བཀའ་ཟུར་ཕུན་རབ་བློ་བཟང་དར་རྒྱས། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས། བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ། བཀའ་ཟུར་རིན་ཆེན་མཁའ་འགྲོ བཀའ་ཟུར་མདོ་སྔགས་བསྟན་འཛིན། བཀའ་ཟུར་བསྟན་པ་ཚེ་རིང་བཅས་ཀྱི་ཐོག་བཀའ་ཟུར་བློ་གྲོས་རྒྱལ་མཚན་ཚོགས་འདུའི་ནང་ཕེབས་ཡོད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ནས།
སྤྱིར་བཏང་འགྲོ་སྟངས་བྱས་པ་ཡིན་ན། སློབ་སྟོན་ཞུ་ཡུལ་དེ་ཚོ་དང་པོ་ཚོགས་འདུ་ཚོགས། རྗེས་ནས་ལས་ཀ་བཀོད་བསྒྲིགས་བྱེད་མཁན་ཚོགས་འདུ་ཚོགས་ཀྱི་ཡོད་རེད། དེ་མ་བྱས་པར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་དང་པོ་ཚོགས་ཏེ། དེའི་རྗེས་ལ་བཀའ་ཟུར་གྱི་ཞི་མོལ་དང་འབྲེལ་བའི་ཚོགས་འདུ་ཚོགས་རྒྱུའི་གོ་སྒྲིག་བྱས་པ་དེ་ལ་དགོས་པ་འདྲ་པོ་ག་རེ་གཟིགས་པ་རེད་དམ།
གཉིས་ནས། ཚོགས་འདུ་ཚོགས་སྐབས་བཀའ་ཟུར་ཚོས་ཉིན་མ་གཅིག་ཉུང་དྲགས་པ་རེད། དོན་དག་ག་རེ་བཤད་ཐུབ་ཀྱི་རེད། ག་རེ་ཐག་གཅོད་ཡོང་གི་རེད། ག་རེ་བཤད་རྒྱུའི་ཚོུད་ཡོད་རེད་ཅེས་དེ་འདྲ་སྐད་བརྒྱབས་པ་རེད་ཟེར་གྱི་འདུག བྱས་ཙང་བཀའ་ཤག་གིས་ཚོུད་དེ་ཉུང་དྲགས་པ་ཞིག་ལ་གཟིགས་ཀྱི་ཡོད་དམ་མེད། རྗེས་མ་དེ་འདྲའི་བཞུགས་མོལ་ཚོགས་འདུ་ཚོགས་པའི་སྐབས་ལ་བཀའ་ཤག་གིས་ཚོུད་ཏོག་ཙམ་མང་བ་འབུལ་ཐུབ་ཀྱི་རེད་དམ་མ་རེད།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་འཕྲོས་དོན་དྲི་བ་ཞི་མོལ་ལས་དོན་ཚོགས་ཆུང་སྔོན་ལ་ཚོགས་ནས་བཀའ་ཟུར་ཚོགས་འདུ་རྗེས་སུ་ཚོགས་དགོས་པའི་རྒྱུ་མཚན་གང་རེད་ཅེས་བཀའ་གནང་བའི་ཐད། ཚོགས་འདུ་དེ་གཉིས་ལ་འབྲེལ་བ་དང་གོ་རིམ་གང་ཡང་ཡོད་མ་རེད། ལར་ནས་ཞི་མོལ་ལས་དོན་ཚོགས་འདུ་དང༌། བཀའ་ཟུར་ཚོགས་འདུ་གཉིས་ཀ་ལས་དོན་ཐག་གཅོད་བྱེད་རྒྱུའི་དབང་ཚད་ལྡན་པའི་ཚོགས་འདུ་མ་རེད། གོ་བསྡུར་དང་བཀའ་སློབ། རྒྱབ་གཉེར་གནང་མཁན་གྱི་ཚོགས་འདུ་ཞིག་རེད། བཀའ་ཟུར་ཚོགས་འདུ་མ་ཚོགས་གོང་ཞི་མོལ་ལས་དོན་ཚོགས་ཆུང་གི་གྲོས་གཞི་ཚང་མ་ཐག་བཅད་ཟིན་ནས་བཀའ་ཟུར་ཚོགས་སྐབས་གང་ཡང་གནང་རྒྱུ་མེད་པ་ལྟ་བུ་རྩ་བ་ནས་མ་རེད། བཀའ་ཟུར་རྣམ་པས་དགོངས་འཆར་གནང་བའི་གྲས་ནས་བོད་རྒྱ་ཞི་མོལ་དང་འབྲེལ་བ་ཡོད་པ་རྣམས་ཞི་མོལ་ལས་དོན་ཚོགས་ཆུང་དུ་སླེབས་ཀྱི་རེད། ཐོག་མ་འཆར་གཞི་སྒྲིག་སྐབས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཕྱི་ཟླ་ ༩ ཚེས་ ༤ ནས་འགོ་འཛུགས་བྱ་རྩིས་རེད། འོན་ཀྱང་དོན་རྐྱེན་འགའ་ཞིག་དབང་གིས་ཉིན་ཁ་ཤས་སྔ་བསྣུར་བྱེད་དགོས་བྱུང་བ་རེད། དེ་ལ་བརྟེན་ནས་བཀའ་ཟུར་ཚོགས་འདུ་གལ་ཆུང་དུ་འགྲོ་བའི་རྒྱུ་མཚན་གང་ཡང་ཡོད་མ་རེད།
ཉིན་མ་གཅིག་གི་དུས་ཚོད་ཐུང་དྲགས་པ་རེད་ཅེས་བཀའ་ཟུར་ཚོགས་འདུའི་ནང་བཀའ་གནང་མཁན་སུའང་བྱུང་མ་སོང༌། ཚོགས་འདུ་མ་ཚོགས་གོང་བཀའ་ཟུར་གཅིག་གིས་ཉིན་གཅིག་དུས་ཚོད་ཐུང་དྲགས་ཀྱི་རེད། ལྷོད་ལྷོད་བྱེད་དགོས་རེད་ཅེས་ལན་ཞིག་གནང་འདུག དེ་ལ་ལྷོད་ལྷོད་གནང་ཆོག་གི་རེད། ཉིན་གཉིས་གསུམ་འགོར་ཡང་འགྲིགས་ཀྱི་རེད་ཅེས་ལན་ཕུལ་ཡོད། བཀའ་ཟུར་ཚོགས་འདུ་ཚོགས་པའི་ཉིན་མོ་དེར་ཡང་ལྷོད་ལྷོད་གནང་རོགས་གནང་ཞུས་པ་ཡིན་མ་གཏོགས་ཚོགས་འདུ་དེ་རིང་གྲུབ་དགོས་ཀྱི་རེད། སང་ཉིན་ཚོགས་འདུ་མེད་ཅེས་ཞུས་མེད། ཡིན་ནའང་ཕྱི་དྲོ་ཚོུད་ ༥།༠༠ མ་ཟིན་གོང་ནས་བཀའ་ཟུར་རྣམ་པ་ཚོས་དགོངས་འཆར་ཡོངས་རྫོགས་གནང་གྲུབ་སོང༌། ང་ཚོའི་བསམ་པ་ལ་དེའི་དགོང་མོ་ཕྱིས་པོའི་བར་འགོར་རྒྱུ་དང་ཕལ་ཆེར་སང་ཉིན་བསྐྱར་དུ་ཚོགས་དགོས་ཡོང་སྲིད་ཀྱི་རེད་བསམས་ནས་གྲ་སྒྲིག་ཞུས་ཡོད་ཀྱང༌། དེ་འདྲ་དགོས་གལ་བྱུང་མ་སོང༌། བཀའ་ཟུར་རྣམ་པ་ཚོས་གང་གསུང་རྒྱུ་ཡོད་པ་དང༌། གང་གསུང་སྙིང་འདོད་པ་ཚང་མ་གསུང་རྒྱུའི་གོ་སྐབས་བྱུང་ནས་ལས་དོན་གྲུབ་པའི་རྗེས་སུ་ཚོགས་འདུ་གྲོལ་བ་རེད། དུས་ཚོད་མ་འདང་བ་བྱུང་མ་སོང་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚེ་རིང་མཚོ་མོ་ལགས་ནས།
བཀའ་འདྲི་ཞུ་རྒྱུ་གསུམ་ཙམ་ཞིག་ཆགས་བསྡད་ཀྱི་འདུག དྲི་བ་དང་པོ་དེ། ངའི་གོ་ཐོས་བྱས་ན་བཀའ་ཟུར་ལྷན་འཛོམས་འདི་ཐེངས་གསུམ་པ་དེ་ཚོགས་གནང་བ་འདྲ། འདིའི་སྔོན་ལ་ཐེངས་དང་པོ་དང་གཉིས་པ་ཚོགས་གནང་ཡོད་རེད། བྱས་ཙང་ད་ལྟའི་ཐེངས་གསུམ་པ་ཚོགས་གནང་བ་དེ་ལ་དམིགས་བསལ་གྲུབ་འབྲས་ག་རེ་ཐོན་ཡོད་དམ།
བཀའ་འདྲི་ཞུ་རྒྱུ་གཉིས་པ་དེ་ལ་བཀའ་ཤག་སྐབས་བཅུ་གཅིག་པའི་སྐབས་ལ་ཚོགས་འདུ་འདི་འདྲ་གོ་སྒྲིག་གནང་རྒྱུ་བྱུང་ཡོད་དམ་མེད།
གསུམ་པ་དེ་ལ། ཕྱི་རྒྱལ་ལ་བཞུགས་པའི་བཀའ་ཟུར་རྣམ་པའི་ལྷན་འཛོམས་གནང་གི་རེད་ཅེས་ད་ལྟ་བཀའ་གནང་སོང༌། བྱས་ཙང་དེ་འདྲ་གནང་རྒྱུ་ཡིན་ནམ་མིན།
བཀའ་ལན།
སྔོན་མ་རྒྱ་གར་དུ་བཞུགས་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་ཐེངས་གཉིས་ཚོགས་པ་རེད། ད་རེས་འདི་ཚོགས་འདུ་ཐེངས་གསུམ་པ་རེད། ཨ་རི་ལ་ཡོད་པའི་བཀའ་ཟུར་རྣམ་པའི་ཚོགས་འདུ་ཐེངས་གཅིག་ཚོགས་པ་རེད། ཕྱི་ལོ་ ༢༠༠༤ ལ་ཡིན་པ་ཡོད། ཚེས་གྲངས་གསལ་པོ་ཞུ་རྒྱུ་མི་འདུག
ད་རེས་ཚོགས་འདུ་གསུམ་པ་འདི་ལ་དམིགས་བསལ་གྲུབ་འབྲས་ག་རེ་ཐོན་པ་རེད་ཅེས་གསུངས་པའི་ཐད། ཚོགས་ཐེངས་གསུམ་པ་འདིར་ཚོགས་འདུ་དང་པོ་གཉིས་པ་དང་མི་འདྲ་བར་དམིགས་བསལ་གྲུབ་འབྲས་འདི་ཐོན་སོང་ཞེས་ངས་ཞུ་ཤེས་ཀྱི་མི་འདུག ཐེངས་དང་པོ་དང་གཉིས་པ་གཉིས་ཀ་ཚོགས་འདུ་ཧ་ཅང་ཡག་པོ་བྱུང་ཡོད་རེད། ཐེངས་གསུམ་པའང་ཡག་པོ་བྱུང་སོང༌། ང་ཚོ་བོད་པའི་ཤོད་སྟངས་ལྟར་བྱས་ན་ཚོགས་འདུ་གསུམ་ག་རྒྱལ་ཁའི་ངང་ནས་གྲོལ་བ་རེད། དགོངས་འཆར་གནང་བ་རྣམས་ང་ཚོས་བསམ་བློ་གཏོང་རྒྱུའི་གཞི་རྩར་ཕན་ཐོགས་ཆེན་པོ་བྱུང་སོང༌།
བཀའ་ཤག་སྔོན་མའི་སྐབས་བཀའ་ཟུར་ཚོགས་འདུ་གནང་བ་བྱུང་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། ངས་ལན་ཞུ་ཐུབ་ཀྱི་མི་འདུག བྱུང་ཡོད་པ་ཞིག་གོ་མ་སོང་ཡང་བྱུང་ཡོད་མ་རེད་ཅེས་ངས་ཐག་བཅད་ནས་ཞུ་རྒྱུ་མེད། དགོས་གལ་ཡོད་ན་རྗེས་སུ་རྩད་གཅོད་བྱས་ནས་ཟུར་དུ་ཞུས་ཆོག་པ་ཞུ་རྒྱུ་ཡིན།
ཕྱི་རྒྱལ་ལ་ཡོད་མཁན་བཀའ་ཟུར་དེ་ཚོའི་ཚོགས་འདུ་ཡང་བསྐྱར་ཚོགས་རྩིས་ཡོད་དམ་ཞེས་གསུངས་པའི་ཐད། གོ་སྐབས་འགྲིགས་པ་ཡིན་ན་ད་ལོ་ཨ་རིར་བཞུགས་མཁན་གྱི་བཀའ་ཟུར་ཚོའི་ཚོགས་འདུ་ཞིག་ཚོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣