དྲིན་དྲན་ཡིད་ཀྱི་མཆོད་པ།

ཚེ་རིང་ཟླ་བ། ས་རཱ་མཐོ་སློབ།
མེས་པོའི་མཁར་རྫོང་ཞིག་པའི་སོ་མཚམས་དེར།།
གང་གི་ལྟེ་མཚལ་ཐོར་སྟངས་ནོར་བ་སྟེ།།
དེ་མིན་སྐུ་ཚེ་གང་པོར་བྲན་པོ་བཞིན།།
རིགས་འདིའི་ཆེད་དུ་རྔུལ་ཆུ་གཏོར་དོན་མེད།།

བྱིས་པའི་སྤྲོ་སྣང་གཞུང་ཆེན་སློབ་པས་འཕྲོག།།
བླ་མར་གུས་པས་ཅི་མཛད་ལེགས་མཐོང་བ།།
ཉིན་མཚན་དབྱེར་བྲལ་ཐོས་པར་ཞུགས་པ་ཁྱེད།།
བླུན་པོའི་མིག་ན་སྡུག་པོ་མྱོང་མཁན་ཞིག།།

བཙན་བྱོལ་ལོ་ནག་ཐོད་པར་བབས་ཀྱང་སྙིང་སྟོབས་ཤུགས་ཀྱི་མཆེད་ཟླ་སྟེ།།
ཌལ་ཧོར་དང་ནི་ཝཱར་ཎ་གཉིས་ཀྱི་སློབ་གསོའི་སྟེགས་བུ་མཐོ་བར་བསྐྱངས།།
སྤྱི་འཐུས་ར་བར་སེང་གེའི་སྟོབས་ཀྱིས་མང་གཙོའི་ལམ་བཟང་ཁོད་ཡངས་མཛད།།
བཀའ་བློན་ཁྲི་པའི་ཁུར་ཆེན་བསྣམས་ནས་༸རྒྱལ་བའི་དཔུང་ཁ་ལྷོད་པར་གནང་།།
བོད་ཀྱི་རིག་གནས་ཀུན་ལ་བྱང་ཆུབ་སྔོན་གྱི་ལོ་པཎ་གཉིས་པ་སྟེ།།
ལེགས་སྦྱར་དབྱིན་ཡིག་ཧིན་དཱི་སྨྲ་ལ་ལྕེ་བརྒྱར་སྤྲུལ་བའི་མཁས་མཆོག་དང་།།
སྲིད་ལུགས་སྨྲ་ཚེ་འདི་ནི་སུ་ཞེས་བརྒྱ་བྱིན་ཧད་པའི་ཡ་མཚན་ཅན།།
མཁས་དགུའི་མགོ་སྐྱེས་ཐང་དུ་མཛད་པའི་བོད་ཀྱི་ལ་རྒྱ་འདེགས་པོ་ཁྱོད།།

རང་ཉིད་བོར་ཏེ་གཞན་རྗེས་སྙེག་པའི་བཙན་བྱོལ་སློབ་གསོའི་ཁ་ཕྱོགས་དེ།།
ཧུབ་ཀྱིས་བཞིབས་ཏེ་རང་སྲོག་སྲུང་བའི་ཤེས་ཡོན་སྲིད་བྱུས་གསར་པ་དྲངས།།
ཐི་གུ་སྣེ་ཤོར་གཞུང་གི་སྒྲོམ་གཞི་གསར་བཅོས་དེང་གི་སྟེགས་བུར་བོས།།
བཀའ་ཁྲི་ཟམ་གདོང་བླ་མ་ཞེས་སུ་གཞིས་བྱེས་བོད་མིའི་སྙིང་ལ་ཞིམ།།

ཁྱེད་ལ་བསྟོད་འདི་ཟོལ་ནས་མ་ཡིན་བཀའ་དྲིན་དྲན་པའི་མཆོད་པ་སྟེ།།
ཡོངས་སུ་བརྗོད་ན་ཚིག་གིས་ཕོངས་ལ་ཡིག་ཚོགས་མང་བས་འཇིགས་གྱུར་ཏེ།།
འདི་ཙམ་ཞིག་གིས་གང་སྐུ་མཉེས་ཤིང་དེ་ཡི་བསོད་ནམས་ཕུང་པོ་ཡིས།།
བོད་ཀྱི་དྲིན་ཅན་རྟ་བདུན་ཅན་ཁྱེད་ཞབས་པད་ཡུན་ཏུ་བརྟན་གྱུར་ཅིག།།