དཔེ་སྟོན་ཡབ་ཆེན།

བསྟན་འཛིན་ཚེ་བརྟན་ཆེ་བ། རང་ལོ་ ༡༥ འཛིན་གྲྭ་བཅུ་པ། དཔེ་སྟོན་སློབ་གྲྭ
ན་ཆུང་ང་ཚོའི་སྐྱབས་གཅིག་དཔེ་སྟོན་ཡབ་ཆེན་ལགས།།
བཙན་བྱོལ་བོད་མིའི་སེམས་ཀྱི་ཉི་མ་སེར་པོ་ཁྱེད།།
དེ་རིང་སྐུ་ཡི་འཁྲུངས་སྐར་ཉིན་མོ་བཟང་པོ་འདིར།།
ན་ཆུང་ང་ཡིས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།།

བཙན་བྱོལ་སློབ་གྲྭའི་ར་བ་ཆུང་ཆུང་དེ་ཡི་ནང།།
མཁས་དབང་ཁྱེད་ཀྱིས་རིག་གཞུང་དར་སྤེལ་གནང།།
ཉིན་ལྟར་ཁྱེད་ཀྱིས་བྱ་བཟང་ཁོ་ན་བྱེད་པ་ལ།།
ང་ཡིས་ཁྱེད་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་ལགས།།

ཉིན་ཞིག་གི་ཕྱི་དྲོར་གསེར་མདོག་ཅན་གྱི་ཉི་མ་དེ་འཁྲེང་སེམས་ཀྱི་རི་བོའི་མགོ་ལ་ནུབ་སོང། སྐབས་དེར་གྱང་སྦྱར་སྟེང་དུ་སྦྱར་ཡོད་པའི་གསལ་བསྒྲགས་ཀྱི་ཤོག་བུ་དེ་རླུང་གིས་གཡུགས་ཐེངས་རེར། ངའི་རྣ་བར་ཤག་སྒྲ་གསལ་པོར་ཐོས། ངས་མིག་ཟུང་གཉིས་སྒོ་སམ་གྱི་ངོས་སུ་ཕྱོགས་པ་ན། དཔེ་སྟོན་ཡབ་ཆེན་ཞེས་པའི་རྩོམ་ཡིག་གི་བརྗོད་གཞི་དེ་སྐར་མ་འོད་ཆེན་བཞིན་འོད་དུ་འཚེར། ངའི་སེམས་པ་དེ་སླར་ཡང་ཁྱེད་ཀྱི་ཕྱོགས་སུ་བཞུད་པ་ན། མིག་ཀོང་ནས་མིག་ཆུ་བཞུར་ཏེ་འགྲམ་པར་ལྷུང། རིམ་བཞིན་ཁྱེད་ཀྱི་བཞིན་རས་ངའི་དྲན་ངོགས་སུ་འཆར་བྱུང་བས། ངས་མཛུབ་རྩེ་ཡིས་སྨྱུ་གུ་ཞིག་བཟུང་ནས། དལ་པོའི་ངང་དཔེ་སྟོན་ཡབ་ཆེན་ཞེས་ཡིག་ཐོག་ཏུ་བཀོད་པ་དང་། བརྗོད་གཞི་འདི་ལ་འཚམས་པའི་ཚིག་བརྗོད་ལ་བསམ་བློ་གཏོང་སྐབས། ཁྱེད་ཉིད་ཀྱི་གསུང་སྐད་དྭངས་མ་དང་བྱམས་བརྩེས་ཁེངས་པའི་བཞིན་རས་ལྷམ་མེར་དྲན་པ་ན། ལུས་སེམས་གཉིས་བདེ་ཤིག་ཤིག་ཏུ་གྱུར།
༢༠༡༤ ཟླ་༡༡ ཚེས་༥ཉིན་དེར་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ཡིན་པས། སློབ་མ་ཡོངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བའི་རྩོམ་ཡིག་འབྲི་བར་བྲེལ་བཞིན་འདུག། ཁྱེད་ཀྱི་འཕྲིན་ལས་ནི་བུ་མོ་ངའི་སྙིང་ཆུང་གི་དཔེ་ཁུག་ནང་ལྷོད་ཀྱིས་ཉལ་ནས་བཞག་ཡོད། ཁྱེད་ནི་བོད་མི་ང་ཚོའི་ཉི་མའི་འོད་ཟེར་ཡིན། ཁྱེད་ནིི་བོད་སྐད་ཡིག་གི་མཁར་རྫོང་ཡིན་པ་མ་ཟད་དཔེ་སྟོན་སློབ་གྲྭའི་ཡབ་ཆེན་ཡང་ཡིན། ཁྱེད་ཀྱིས་ཆུང་བྱིས་པའི་དུས་ནས་བརྩོན་འགྲུས་ཀྱི་གཤོག་ཟུང་ལ་བརྟེན་ནས། ནམ་མཁར་འཕུར་ལྡིང་བྱས་ཏེ་ཤེས་བྱའི་རྩི་བཅུད་ལ་རོལ། ཁྱེད་རང་ཐོག་མར་རྒྱ་གར་དུ་བཙན་བྱོལ་ཡུལ་ལ་ཕེབས་སྐབས། བོད་པའི་ཐོག་དང་པོ་སློབ་གྲྭ་ཝཱ་རཱ་ཎ་སི་རུ་སློབ་སྤྱིའི་འགན་བཞེས་པ་ནི་ཁྱེད་ཀྱི་གཟི་བརྗིད་མ་ཡིན་ནམ། དེ་ནི་གཞན་དང་མི་འདྲ་བའི་བོད་དང་བོད་ཀྱི་རིག་གཞུང་སྦྱང་སའི་མཐོ་སློབ་དང་པོ་དེ་ཡིན། ཕྱི་ལོ་༢༠༠༡ ལོར་རང་གི་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་དང་ལ་རྒྱ་འཛིན་པའི་མཁས་དབང་མཆོག་གིས། བོད་མི་རིགས་ཀྱི་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས། རེད་ཡ། ཁྱེད་ནི་འཇིག་རྟེན་གྱི་མུན་པ་སེལ་མཁན་གྱི་ཉི་མ་ཡིན། ཁྱེད་ནི་ང་ཚོའི་བཙན་བྱོལ་བོད་མིའི་སྐྱབས་རྟེན་གཅིག་པོ་ཡིན། ཁྱེད་ཉིད་ས་ཁུལ་གང་ཞིག་ཏུ་བཞུད་ཀྱང་། རང་ཉིད་ཀྱི་སྐད་ཡིག་གང་ཡིན་པ་དེ་བེད་སྤྱོད་གནང་གི་ཡོད།
ཁྱེད་ཀྱི་ལམ་སྟོན་འོག་སྤྱི་ཚོགས་རིག་གནས་དང་ཚན་རིག་ཨང་རྩིས་ལ་སོགས་བོད་སྐད་ཡིག་ཏུ་བསྒྱུར་བའི་ཐུགས་ཁུར་གནང། ཁྱེད་ཀྱིས་ལེགས་བཅོས་གནང་བ་རྣམས་ནི་བོད་ཀྱི་སོན་རྩ་རྣམས་ལ་གནང་བའི་ཕྱག་རྟགས་ཡག་ཤོས་རེད། ༢༠༠༥ ལོར་ཁྱེད་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པའི་ཆེད་ལྷིང་འཇགས་དང་མཛེས་སྡུག་ལྡན་པའི་དཔེ་སྟོན་སློབ་གྲྭ་ཞིག་འཛུགས་སྐྲུན་གནང། ཁྱེད་མེད་ན་དཔེ་སྟོན་སློབ་གྲྭ་མེད་ཅིང། ཁྱེད་མེད་ན་བུ་མོ་ང་རང་སློབ་གྲྭར་འགྲོ་བའི་གོ་སྐབས་ཀྱང་མེད། ཁྱེད་ཉིད་མཇལ་ཐེངས་རེར་སེམས་ལ་དགའ་སྤྲོའི་དཔལ་ཡོན་རྒྱས། ཁྱེད་ནི་ང་ཚོའི་སྙིང་དབུས་ནས་དད་ས་ཡིན། ཁྱེད་ཀྱི་བཀའ་དྲིན་གྱིས་སློབ་གྲོགས་རྣམས་ཀྱི་བསམ་བློ་རུ་མཛའ་སེམས་དང་སྙིང་རྗེ་བཅངས་པ་ལས། ངན་སེམས་ཀྱི་དྲི་མ་འགོས་མེད། ཁྱེད་ནི་སློབ་མ་ང་ཚོའི་ཨ་ཕ་ཡིན་ལ་ཁྱེད་ཀྱི་བཀའ་སློབ་ནི་ང་ཚོའི་སྙིང་ཁོངས་སུ་བཅང་ཡོད། དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་གསུམ་ཡོངས་ནས་ཁྱེད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས།