ཉམ་ཐག་རོགས་སྐྱོར་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། རང་གཞུང་ནས་ཉམ་ཐག་ལ་རོགས་སྐྱོར་གནང་ཆེད་ལས་གཞི་མང་དག་ཡོད་པ་དང༌། དེ་དག་གིས་དགོས་ངེས་ཅན་ལ་ཕན་ཐོགས་ཡོང་གི་ཡོད་པར་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག་བཀའ་འདྲི་ཞུ་རྒྱུར། ༡ ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཇི་ཙམ་ཡོད་དམ།
༢ ན་གཞོན་རམ་འདེགས་བུན་གཏོང་ལས་གཞི་འདིའི་འོག་ད་བར་ན་གཞོན་ག་ཚོད་དང་དངུལ་འབོར་ཇི་ཙམ་བུན་གཏོང་གནང་ཡོད།
༣ ལས་གཞི་འདིས་གྲུབ་འབྲས་ཇི་བྱུང་དང༌། བུན་གཏོང་དུས་ཡུན་རྫོགས་མཚམས་སུ་ཕྱིར་སློག་མ་ཐུབ་པའི་རིགས་ཡོད་མེད། ཡོད་ན་དེའི་གྲངས་དང་དངུལ་འབོར། རྒྱུ་མཚན་ཇི་ཆགས་བཅས་ཀྱི་བཀའ་གསལ་གནང་སྐྱོང་ཞུ།

བཀའ་ལན།
༡ ཕྱི་ལོ་ ༢༠༠༥ ལོའི་ནང་ནང་སྲིད་ལས་ཁུངས་ནས་གཞོན་སྐྱེས་ལས་མེད་ཞིབ་གཤེར་སྐབས་རྒྱ་བལ་འབྲུག་གསུམ་གྱི་ནང་ན་གཞོན་ལས་མེད་གྲངས་ ༢༢༨༩ ཙམ་གསལ་ཡོད། དེ་རྗེས་ཞིབ་འཇུག་བྱུང་མེད།
༢ ན་གཞོན་རོགས་སྐྱོར་བུན་གཏོང་ལས་གཞི་འདིའི་འོག་ད་བར་ན་གཞོན་གྲངས་ ༡༡༣ ལ་དངུལ་འབོར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་བཅུ་གསུམ་དང༌། སུམ་འབུམ་ཆིག་ཁྲི་དྲུག་སྟོང་བཞི་བརྒྱ་བཞི་བཅུ་དང༌། པད་དགུ་བཅུ་གོ་དྲུག་གཏོང་ཞུས་ཡོད།
༣ བུན་གཏོང་ལས་གཞི་འདིས་གཞོན་སྐྱེས་ ༡༠༩ ལ་སོ་སོའི་འདོད་མོས་ལྟར་ལས་འཆར་ཁག་ལག་བསྟར་གྱིས་འཚོ་བའི་འདུན་ལམ་ལ་དངོས་སུ་ཕན་ཐོགས་བྱུང་ཡོད། གོང་གསལ་གཞོན་སྐྱེས་ ༡༡༣ ཁོངས་གཞོན་སྐྱེས་གྲངས་ ༤ ནས་དུས་ཡུན་རྫོགས་མཚམས་བུན་དངུལ་ཕྱིར་སློག་མ་ཐུབ་པའི་དངུལ་འབོར་ཁྱོན་བསྡོམས་སྒོར་ ༥༡༥༡༦༠།༠༠ ཐམ་པ་བྱས་ཁོངས་ནས་ད་བར་བསྡུ་ལེན་ཐུབ་པ་སྒོར་ ༢༡༢༧༢༦།༠༠ ཕུད་འཕྲོས་སྒོར་ ༣༠༢༤༣༤།༠༠ བསྡུ་བསྡད་ཡིན། དེ་ནི་དོ་བདག་སོ་སོའི་ཐོག་མའི་འཆར་རྩིས་ལྟར་ལག་བསྟར་མ་ཐུབ་པ་དང་ཚོང་ཐབས་ལམ་ལྷོང་མ་བྱུང་བ་ལ་བརྟེན་ནས་ཡིན་འདུག

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
འཕྲོས་དོན་དྲི་བ་དང་པོ་དེ་ ༢༠༠༥ ཡི་རྗེས་ལ་མི་འབོར་ཞིབ་གཤེར་དེ་བྱུང་མི་འདུག ཞིབ་གཤེར་གནང་རྒྱུ་དེ་ཕན་ཐོགས་ཤིག་དང་དགོས་པ་ཆེན་པོ་ཞིག་ཏུ་གཟིགས་ཀྱི་ཡོད་དམ་མེད། གལ་སྲིད་ཕན་ཐོགས་དང་དགོས་པ་ཡོད་པ་ཞིག་ཡིན་ན་ཞིབ་གཤེར་གནང་འཆར་ཡོད་དམ་མེད་ཅེས་གཅིག་བཀའ་འདྲི་ཞུ་རྒྱུ་ཡིན།
དེ་ནས་གཉིས་པ་དེ་ལ་ན་གཞོན་ ༡༠༩ སོ་སོའི་འཚོ་བའི་མདུན་ལམ་ལ་དངོས་སུ་ཕན་ཐོགས་བྱུང་ཡོད་པ་དེར་བཀྲིས་བདེ་ལེགས་ཞུ་རྒྱུ་དང༌། དེའི་ནང་ནས་འཚོ་བའི་མདུན་ལམ་གྱི་ལས་ཀ་ག་རེ་དང་ག་རེ་ལ་མང་པོ་ཡོད་རེད་གསུང་རོགས་བྱེད་ཅེས་ཞུ་ཡི་མེད། ཡིན་ནའང་ ༡༠༩ དེའི་ནང་ནས་མང་ཆེ་ཤོས་ག་པར་ག་པར་གནང་ཡོད་རེད། མདུན་ལམ་དང་འཚོ་བའི་རྟེན་གཞི་ག་རེ་ག་རེའི་ཐོག་ལ་བྱུང་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ན་གཞོན་ལས་མེད་ཞིབ་བཤེར་བྱེད་རྒྱུ་སྤྱིར་བཏང་དགོས་གལ་ཆེན་པོ་མཐོང་གི་ཡོད། དེ་འདྲ་ཡིན་ཙང་ ༢༠༠༥ ལ་ཞིབ་བཤེར་ཞིག་བྱས་པ་རེད། ༢༠༠༦།༠༧ ལ་ཞིབ་གཤེར་བྱས་ཐུབ་ཡོད་མ་རེད། མ་ཐུབ་པའི་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་དེ་ ༢༠༠༥ ལ་ཞིབ་བཤེར་བྱས་པའི་ན་གཞོན་ལས་མེད་དེ་ཚོ་ལ་གཞུང་གི་ངོས་ནས་མངོན་གསལ་དོད་པོའི་ཕན་གནོད་འབྲེལ་བའི་ལས་ཀ་སྤྲད་པའི་ལས་གཞི་གང་ཡང་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་མ་ཐུབ་དུས་ལས་ཀ་སྤྲད་པའི་མཐུན་རྐྱེན་བསྐྲུན་མ་ཐུབ་པའི་སྐབས་དེ་ལ་ཡང་བསྐྱར་ཞིབ་གཤེར་བྱས་པ་ཡིན་ན་དགོས་པ་མེད་པ་འདྲ་པོ་ཞིག་ཏུ་མཐོང་སྟབས། རྒྱུ་མཚན་གཅིག་དེ་རེད། རྒྱུ་མཚན་གཉིས་པ་དེ་ ༢༠༠༨ ལ་སྤྱིར་བཏང་མི་འབོར་ཞིབ་བཤེར་ཞིག་ཡོང་གི་ཡོད་རེད། དེའི་ནང་ལ་ན་གཞོན་ལས་མེད་དེ་གསལ་པོ་ཞིག་ཆགས་ཐུབ་པའི་རེའུ་མིག་བཟོས་ཡོད་རེད། དེའི་ནང་ལ་ག་ཚོད་ཡོད་པ་དེ་གསལ་པོར་འཐོན་ཡོང་གི་རེད་ཞུ་རྒྱུ་ཡིན།
དེ་ནས་བུ་ལོན་བཏང་བ་དེ་ཚོའི་ནང་ལ་ལས་གཞི་མང་ཆེ་བ་ག་རེ་རེད་ཅེས་བཀའ་གནང་ཐད། ལས་གཞི་འདྲ་མི་འདྲ་སྣ་ཚོགས་འདུག འཁོར་གསུམ་སྣུམ་འཁོར་དེ་འདྲ་གླ་གཡར་གཏོང་རྒྱུའི་ལས་གཞི་ཁག་བདུན་ཙམ་བྱུང་འདུག ཀེ་ལ་དང་འབྲས་ཀྱི་ཞིང་ཁ་བཏབ་རྒྱུའི་ལས་གཞི་གཅིག་བྱུང་འདུག སྒ་མུག་བཏབ་རྒྱུའི་ལས་གཞི་ཁག་ ༤ ཙམ་བྱུང་འདུག དེ་ནས་མཛེས་བཟོ་ཁང་གི་ལས་གཞི་ ༡ འདུག ས་འོག་གི་ཆུ་འདྲེན་གཏོང་བྱེད་རྒྱུའི་ལས་གཞི་ ༢ འདུག གྲུམ་གདན་དང་འབྲེལ་བའི་ལས་གཞི་ ༢ ཀམ་སྤུ་ཀྲར་གློག་ཁང་གི་ལས་གཞི་ ༡ ཚོང་ཁང་འབྲེལ་བའི་ལས་གཞི་ཁག ༢༩ ཕྱུགས་གསོ་ཁང་གི་ལས་གཞི་ ༤ འཚེམས་བཟོ་ཁང་གི་ལས་གཞི་ ༡ ཞིང་ས་རྭ་སྐོར་དང་འབྲེལ་བའི་ལས་གཞི་ ༢ རྩམ་འཐག་གི་ལས་གཞི་ ༡ སྐྲ་གཞར་ཁང་གི་ལས་གཞི་ ༡ ཇིབ་འཁོར་གཏོང་གླའི་ལས་གཞི་ ༣ ཐུག་པ་བཟོ་གྲྭའི་ལས་གཞི་ ༣ པདྨའི་ལས་གཞི་ ༩ འདྲ་དཔར་གྱི་ལས་གཞི་ ༡ ཟ་ཁང་ལས་གཞི་ ༨ Taxi གཏོང་བའི་ལས་གཞི་ ༢༤ འདི་མང་ཤོས་རེད་འདུག ཤིང་ཏོག་དང་སྔོ་ཚལ་ཚོང་ལས་ཀྱི་ལས་གཞི་ ༢ Tractor གླ་གཏོང་གི་ལས་གཞི་ ༧ བཅས་ལས་གཞི་མི་འདྲ་བ་དེ་དག་ཡིན་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
ཉེ་ཆར་རྒྱ་གར་གྱི་སྔོན་རྩིས་གཏན་འབེབས་གནང་བའི་སྐབས་སུ། རྒྱ་གར་གྱི་ཞིང་པ་མང་དག་ཅིག་བུ་ལོན་ནང་ལ་ཐིམ་པ་ཚང་མ་སྔོན་རྩིས་སྐབས་ཆག་ཀྱང་གནང་བ་རེད། དེ་ནང་བཞིན་ན་གཞོན་བཞི་ཙམ་ཞིག་འཚོ་ཐབས་ལམ་སྟོན་མ་བྱུང་བའི་རྐྱེན་གྱིས་བུ་ལོན་ནང་ལ་ཚུད་པ་དེ་དག་ལ་རང་གཞུང་ནང་སྲིད་ལས་ཁུངས་ཀྱི་ཐོག་ནས་དེ་ལའང་ཆག་ཡང་གནང་ཐུབ་ཀྱི་ཡོད་དམ་མེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ན་གཞོན་བཞི་པོ་དེ་ད་ལྟ་སེམས་ཤུགས་ཆེན་པོ་ཞེ་དྲགས་བྱས་ནས་ཁོ་རང་ཚོས་ག་ལེ་ག་ལེར་འབུལ་གྱི་ཡིན་ཞེས་ཁས་ལེན་གནང་གི་འདུག་མ་གཏོགས། ཆག་ཡང་གནང་རོགས་གནང་གསུང་གི་མི་འདུག ཁོ་ཚོའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འབུལ་མ་ཐུབ་པའི་གནས་སྟངས་དང༌། ཁོ་རང་ཚོའི་ངོས་ནས་ཆག་ཡང་ཞུ་ཡི་ཡོད་པ་ཡིན་ན་དགོངས་བཞེས་ངེས་པར་དུ་གནང་རྒྱུ་ཡོད་ཀྱི་རེད་བསམ་གྱི་འདུག
སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
ན་གཞོན་རོགས་སྐྱོར་བུན་གཏོང་ལས་གཞི་འདིའི་འོག་ད་བར་ན་གཞོན་གྲངས་ ༡༡༣ ཙམ་ཞིག་ཡོད་གསུངས་འདུག ༡༡༣ དེ་ས་གནས་ག་པར་ག་པར་ཡིན་ན་གྲངས་འབོར་ཞིག་གསུང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུ་འདོད་བྱུང༌།

བཀའ་ལན།
སྦེལ་ཀོབ་བདེ་སྐྱིད་སླར་གསོ་ནས་མི་གྲངས་ ༩ སྦེལ་ཀོབ་ལུགས་བསམ་ནས་མི་གྲངས་ ༨ ཧུན་སུར་རབ་རྒྱས་གླིང་ནས་མི་གྲངས་ ༨ ཨོ་རི་ས་ཕུན་ཚོགས་གླིང་ནས་མི་གྲངས་ ༡༢ མོན་གྷོ་འདོད་དགུ་གླིང་ནས་མི་གྲངས་ ༡༥ ཀོ་ལི་གྷལ་དོན་ལྡན་གླིང་ནས་མི་གྲངས་ ༡༣ མན་སྤར་ཕན་བདེ་གླིང་ནས་མི་གྲངས་ ༡༢ བྷན་རྡ་ར་ནོར་རྒྱས་གླིང་ནས་མི་གྲངས་ ༦ ལ་དྭགས་བསོད་ནམས་གླིང་ནས་མི་གྲངས་ ༢༦ མེའོ་ཆོས་འཕེལ་གླིང་ནས་མི་གྲངས་ ༡ རྡ་ས་བདེ་དོན་འོག་ལ་མི་གྲངས་ ༡ སྤོན་ཌ་ཆོལ་གསུམ་ནས་མི་གྲངས་ ༡ པུ་རུ་ཝ་ལ་ནས་མི་གྲངས་ ༡ བཅས་ ༡༡༣ དེ་ཡིན་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་ནས།
བོད་གཞུང་གི་ན་གཞོན་ལས་མེད་ལ་དངུལ་བུན་གཏང་རྒྱུའི་འཆར་གཞི་གནང་བ་དེ་དཔེ་མི་སྲིད་པའི་ཡག་པོ་འདུག་བསམ་གྱི་འདུག ན་གཞོན་ ༢༠༠༥ ལོ་ལ་ ༢༠༠༠ ལྷག་ཙམ་ཞིག་ཡོད་རེད་ཅེས་ཞིབ་གཤེར་གནང་ནས་ཡོད་རེད་གསུང་གི་ཡོད་རེད། དེ་ལོ་གསུམ་གྱི་གོང་ལ་རེད། ངས་ཚོད་དཔག་བྱས་ན་ད་དུང་དེ་ལས་མང་བ་ཡོད་རེད་བསམ་གྱི་འདུག རྒྱ་བལ་འབྲུག་གསུམ་ནང་ལ་གཞོན་སྐྱེས་ལས་མེད་ ༢༠༠༠ གིས་ཚད་ཀྱི་མ་རེད་བསམ་གྱི་འདུག ན་གཞོན་ལས་མེད་དེ་ཚོ་ལ་དངུལ་གཡར་པ་དེ་ལ་ཁོ་རང་ཚོ་རང་ངོས་ནས་མ་རྩ་ཆ་རྐྱེན་ཞིག་དགོས་ཀྱི་ཡོད་རེད་ཡོད་མ་རེད་ཞུ་རྒྱུ་གཅིག་དང༌། བུ་ལོན་བཏང་གནང་བ་དེ་ལ་སྐྱེད་ཀ་བཞེས་ཀྱི་ཡོད་རེད་ཡོད་མ་རེད། དེ་གཉིས་འདྲི་རྒྱུ་འདུག གཞན་ཡང་ན་གཞོན་ཚོ་ལ་ཚོང་གི་ཐོག་ལ་ཟབ་སྦྱོང་གནང་རྒྱུ་དང༌། ཚོང་གི་ཐོག་ལ་སྐད་ཆ་བཤད་སྟངས་རེད། དེང་དུས་དང་མཐུན་པའི་ཚོང་ལས་འདི་དང་འདི་ཡོད་རེད། འཛམ་བུ་གླིང་ལ་ཚོང་འདི་འདྲ་འགྲོ་གི་ཡོད་རེད་ཅེས་གོ་སྐོན་སློབ་གསོ་གནང་གི་ཡོད་དམ་མེད་ཅེས་ཞུ་རྒྱུ་དེ་འདྲ་ཞིག་ཡིན། བུ་དང་བུ་མོ་མང་བ་དེ་འདྲས་ Call Center ལྡི་ལི་ནང་ལས་ཀ་བྱེད་ཀྱི་ཡོད་རེད། ཁ་ཤས་སྐད་ཆ་བཤད་སྟངས་མ་ཤེས་པ་དང༌། ལས་ཀ་བྱེད་སྟངས་མ་ཤེས་ནས་ལས་ཀ་ཐབས་སྐྱོ་པོ་དེ་འདྲའི་ནང་ལ་ལས་ཀ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག ཡིག་ཚད་དང་སློབ་སྦྱོང་ཐོན་པ་ཡིན་ནའང་ཕ་གིར་ Interview བཏང་དུས་སྐད་ཆ་བཤད་སྟངས་ཤེས་ཀྱི་ཡོད་མ་རེད། གང་ལྟར་ཡར་ཚུད་ཀྱི་ཡོད་མ་རེད། ཡི་གེ་བྲིས་ཀློག་ཤེས་ཀྱི་ཡོད་རེད། སློབ་སྦྱོང་ཡོད་རེད། ཚོང་གི་ཐོག་ལ་སློབ་སྟོན་ད་ལྟ་བར་དུ་གནང་ཡོད་དམ་མེད། མ་འོངས་པར་གནང་འཆར་འདྲ་ག་རེ་ཡོད་དམ་མེད་ཞུ་རྒྱུ་ཡིན།

བཀའ་ལན།
ང་ཚོས་བུ་ལོན་གཏོང་བའི་སྐབས་ལ་སྐྱེད་ཀ་བརྒྱ་ཆ་ ༢ ལེན་གྱི་ཡོད་རེད་ཞུ་རྒྱུ་ཡིན། དེ་བཞིན་བུ་ལོན་ཞུ་མཁན་ཁོ་རང་ཚོའི་ངོས་ནས་བརྒྱ་ཆ་ ༢༥ ལས་མི་ཉུང་བ་ཞིག་གི་མ་རྩ་ཞིག་ཡོད་དགོས་ཀྱི་ཡོད་རེད། དེའི་ཐོག་ལ་བུན་གཏོང་བྱེད་ཀྱི་ཡོད་རེད། ནང་སྲིད་ལས་ཁུངས་ནས་ཚོང་གི་ཟབ་སྦྱོང་སྤྲད་རྒྱུ་དང་དེ་འདྲའི་ལས་གཞི་དེ་སྔ་ཕན་ཆད་ལའང་ཞུས་ཡོད་མ་རེད་ལ། མ་འོངས་པ་ལའང་དེའི་ལས་གཞི་དེ་མེད། གང་ཡིན་ཟེར་ན། དེ་དཔལ་འབྱོར་ལས་ཁུངས་ཀྱིས་གནང་གི་ཡོད་རེད། དཔལ་འབྱོར་ལས་ཁུངས་ཀྱིས་ཚོང་གི་ཆེད་ན་གཞོན་ཚོར་ཟབ་སྦྱོང་གནང་རྒྱུ་དང༌། ཚོང་གི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་དུས་དེབ་བཏོན་རྒྱུ་དང་དེ་དག་དྲྭ་རྒྱའི་ཐོག་ལ་བཀོད་རྒྱུ་བཅས་དེ་འདྲའི་ལས་དོན་བྱེད་ཀྱི་ཡོད་ཙང༌། དེ་ནང་སྲིད་ནས་བྱེད་རྒྱུ་དེ་ཉིས་བརྩེགས་ལྟ་བུ་ཞིག་ཆགས་ཀྱི་འདུག བརྒྱུད་ལམ་གཞན་པ་གཞུང་འབྲེལ་མིན་པའི་ཚོགས་པ་དེ་འདྲའི་ཟབ་སྦྱོང་གནང་སྐབས་དེ་འདྲ་ལ་དཔལ་འབྱོར་དང་ནང་སྲིད་གཉིས་ཀ་ནས་མཐུན་འགྱུར་གནང་གི་ཡོད་ཞུ་རྒྱུ་ཡིན།
སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
བཀའ་ལན་ཨང་དང་པོའི་ནང་ལ་ ༢༠༠༥ ལོར་ནང་སྲིད་ཀྱིས་ལས་མེད་ཀྱི་ཞིབ་གཤེར་གནང་སྐབས་ན་གཞོན་ལས་མེད་གྲངས་ ༢༢༨༩ ཙམ་ཡོད་རེད་གསུང་གི་འདུག དེ་ས་གནས་གང་ཞིག་ནས་གྲངས་ཀ་ཇི་ཡོད་གསུང་རྒྱུ་ཡོད་དམ།
དེ་ནས་ ༢༢༨༩ ནས་འཛིན་གྲྭ་ ༣ ཐོན་པ་གྲངས་ཀ་ག་ཚོད་ཡོད་དམ། དེ་བཞིན་དུ་མཐོ་སློབ་ཐོན་པའི་གྲངས་ཀ་ག་ཚོད་ཡོད་དམ།
དེ་ནས་བཀའ་འདྲི་ཞུ་རྒྱུ་གཅིག་ལ་གཞུང་ནས་བུ་ལོན་གནང་ནས་ལས་མེད་ ༡༡༣ ལྷག་ཙམ་ལ་ཐུགས་ཕན་གསོ་ཡོད་རེད། དེ་དཔེ་བཀྲིན་ཆེན་པོ་རེད། རང་ཉིད་ནས་བཀའ་འདྲི་ཞུ་རྒྱུ་གཅིག་ལ། བུ་ལོན་ད་དུང་མང་དུ་གནང་ཡས་ཀྱི་འཆར་གཞི་ཡོད་དམ་མེད། དེ་ནས་བརྒྱ་ཆ་ ༢༥ མ་རྩ་གསུངས་པ་དེ་མཐོ་དྲག་གི་ཡོད་དམ་མེད། དེ་བསྐྱར་ཞིབ་གནང་ཡས་བྱུང་ཡོད་དམ་མེད། རང་ཉིད་ཀྱིས་བལྟ་དུས་འབུམ་ ༡ གནང་དུས་སྟོང་ཕྲག ༢༥ ནི་སོ་སོས་མ་རྩ་བཏོན་དགོས་ཀྱི་ཡོད་རེད། མང་པོ་ཞིག་ལ་མཐོ་སློབ་ཐོན་པ་ཡིན་ནའང་སྟོང་ཕྲག ༢༥ བཏོན་ཡག་ཁག་པོ་ཡོད་ཀྱི་རེད་བསམ་གྱི་འདུག དེ་དམའ་ཙམ་གཏང་རྒྱུའི་དགོངས་བཞེས་ཡོད་དམ་མེད་ཅེས་ཞུ་རྒྱུ་གཅིག་དང༌། དཔལ་ལྡན་ཚོགས་གཙོ་མཆོག ཡང་བཀའ་འདྲི་ཞུ་རྒྱུ་གཅིག་ལ། འཛིན་སྐྱོང་བཀའ་ཤག་ནས་ལས་མེད་ཚོ་ལ་ལས་ཀ་རག་རྒྱུའི་ཆེད་དུ་དམིགས་བསལ་གྱི་ལས་ཁུངས་སམ་སྡེ་ཚན་གཅིག རྒྱ་གར་རྒྱལ་ཡོངས་བལ་ཡུལ་ལ་ཡོད་མེད་ཧ་གོ་གི་མི་འདུག ལས་ཀ་ཡོད་པ་དེ་ཚོ་ལས་ཁུངས་དེས་ཞིབ་འཇུག་བྱས། དེ་ནས་དེ་རྒྱ་གར་གྱི་ཚགས་པར་ཡོད་རེད། ཚོང་གི་སྡེ་ཚན་འདྲ་མི་འདྲ་བརྒྱུད་ནས་ཞིབ་འཇུག་གནང་ཀྱིས་དྲྭ་རྒྱ་བརྒྱུད་ནས་ཡིན་ནའང་རེད། གསར་ཤོག་སོགས་བརྒྱུད་ནས་གསལ་བསྒྲགས་གནང༌། ལས་མེད་ཚོས་འབྲེལ་བ་བྱེད་ས་བོད་གཞུང་གི་ལས་ཁུངས་ཤིག་ཡོད་དམ་མེད། དེ་གལ་ཆེན་པོ་མཐོང་གི་འདུག དེ་གནད་འགག་གཟིགས་ཀྱི་ཡོད་དམ་མེད་ཅེས་ཞུ་རྒྱུ་ཡིན།
བཀའ་ལན།
འཕྲོས་དོན་དྲི་བ་དང་པོ། ན་གཞོན་ལས་མེད་གྲངས་ ༢༢༨༩ དེ་ས་གནས་ག་པ་ག་པར་རེད་ཅེས་བཀའ་གནང་ཐད། དེ་སྦེལ་ཀོབ་བདེ་སླར་ ༡༡༣། ཀོ་ལི་གྷལ་དོན་ལྡན་གླིང་ ༢༧༣ མོན་གྷོ་འདོད་རྒུ་གླིང་ ༢༠༥། སྦེལ་ཀོབ་ལུགས་བསམ་ ༢༨། ཧུན་སུར་རབ་རྒྱས་གླིང་ ༡༣༩། བྷན་རྡ་ར་ནོར་རྒྱས་གླིང་ ༢། མན་སྤར་ཕན་བདེ་གླིང་ ༤། ཨོ་རི་ས་ཕུན་ཚོགས་གླིང་ ༢༡༧། ལྡི་ལི་བསམ་ཡས་གླིང་ ༢། སྦིར་བོད་ཚོགས་ ༨ སྦིར་སྡེ་དགེ་ ༦ ཌལ་ཧོར་ ༧ རྡ་ས་བདེ་དོན་ཁྱབ་ཁོངས་ ༨༠། ས་ཊོན་ཁམས་ཀཿཐོག་ ༣། ཅོན་ཏ་ར་ནང་ཆེན་ ༤། སྤོན་ཌ་ཆོལ་གསུམ་ ༢། པུ་རུ་ཝ་ལ་ ༡༩། སིམ་ལ་ ༡༠། ཀུམ་རའོ་ ༡༣། བོན་གཞིས་ ༩། ཀུ་ལུ་དཔལ་རབ་གླིང་ ༡༤། ལྡེ་ར་དུན་ ༨༥། རྡོ་རྗེ་གླིང་ ༡༤། ཀ་ལིན་པོང་ ༤། ཤི་ལོང་ ༢༥། སོ་ན་རྡ ༡། ར་ཝང་ལ་ཀུན་ཕན་གླིང་ ༢༤། མེའོ་ཆོས་འཕེལ་གླིང་ ༡༣། འབུམ་ལ་བསྟན་སྒང་ལ་ ༡༡། ཏེ་ཛུ་དར་རྒྱས་གླིང་ ༡༣། ལ་དྭགས་བསོད་ནམས་གླིང་ ༥༧༥། བཅས་དང༌། དེ་ནས་བལ་ཡུལ་ལ་འཇོ་ལ་ཁེལ་ ༧༧། གློ་སྒྲིག ༡༢། གློ་ཚེ་རོགས་ལ་ ༤། ནོར་འཛིན་གླིང་ ༧། གཞུང་ཚབ་ཁང་ ༦༥ བཀྲིས་དཔལ་འཁྱིལ་ ༢༥། བཀྲིས་གླིང་ ༣༦། ཝ་ལུང་ ༨། འབྲུག་ལ་ ༡༨། བཅས་དེ་འདྲ་ཞིག་ཞུ་རྒྱུ་ཡིན། དེ་དག་ལ་འཛིན་གྲྭ་ ༡༢ ཐོན་པ་དང་མཐོ་སློབ་ཐོན་པ་ག་ཚོད་ཡོད་རེད་གསུངས་པ་དེའི་གྲངས་ཀ་ནང་སྲིད་ལས་ཁུངས་ལ་མི་འདུག་ཞུ་རྒྱུ་ཡིན།
དེ་ནས་བུ་ལོན་ད་ལྟ་ལས་མང་བ་གཏོང་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་གནང་ཐད། བུ་ལོན་ག་ཚོད་མང་མང་གཏོང་རྒྱུའི་འཆར་གཞི་ཡོད། སྔོན་རྩིས་ནང་ལ་ཞུས་པ་དེས་མ་འདང་བ་ཡིན་ན། ཡང་བསྐྱར་བསྐྱར་བཅོས་སྔོན་རྩིས་ནང་ལ་ཞུ་རྒྱུའི་བང་བསྒྲིགས་ཡོད། ད་ལྟ་སྔོན་རྩིས་ནང་ལ་ཞུས་པ་དེའང་རྫོགས་ཀྱི་མི་འདུག གང་ཡིན་ཟེར་ན། ས་གནས་སོ་སོ་ནས་བུ་ལོན་ལེན་མཁན་གྱི་ལས་གཞི་དང་དེ་དང་ཕྱོགས་མཚུངས་ཀྱི་བུ་ལོན་སྤྲད་ཆོག་པའི་ཆ་རྐྱེན་ཚང་བ། སྙན་ཐོ་ཡར་གཏོང་མཁན་དཀོན་པོ་ཞེ་པོ་ཞིག་རེད། ཆ་རྐྱེན་མ་ཚང་བའི་སྙན་ཐོ་དེ་ཚོའང་ང་ཚོས་བསྐྱར་ལྡབ་ཡང་ལྡབ་བྱས་ནས་ཆ་རྐྱེན་ཚང་བར་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། སྙན་ཞུ་ཕུལ་ནས་ཆ་རྐྱེན་ཚང་ཡོད། བུ་ལོན་མ་རག་པ་གཅིག་ཀྱང་ལྷག་གི་ཡོད་མ་རེད། ཆ་རྐྱེན་ཚང་བའི་སྙན་ཞུ་འབུལ་མཁན་ཡོད་པ་ཡིན་ན། སྔོན་རྩིས་ནང་གི་དངུལ་འབོར་དེ་བརྒལ་ནའང་ད་དུང་བསྐྱར་བཅོས་སྔོན་རྩིས་ལ་ཞུ། བར་བརྒལ་བཀའ་འཁྲོལ་ཞུས་ནས་གཏང་རྒྱུ་རང་གི་སྲིད་བྱུས་འཛིན་ཡོད། ཡིན་ནའང་སྙན་ཞུ་དེ་ཏོག་ཙམ་དཀོན་པོ་ཆགས་ཀྱི་འདུག ད་ལྟ་མ་རྩ་བརྒྱ་ཆ་ ༢༥ ཁོ་རང་ཚོའི་ངོས་ནས་དགོས་ཀྱི་ཡོད་ཟེར་རྒྱུ་དེ་སྤྱི་ཡོངས་འདྲ་པོ་ཞིག་རེད། ལས་གཞི་མི་འདྲ་བ་མི་འདྲ་བ་ལ་བསྡུ་ཆ་དགོས་རྒྱུ་དེ་ཕྲན་བུའི་མི་འདྲ་བ་མི་འདྲ་བ་ཞིག་ཡོད་རེད། ཆ་སྙོམ་བྱས་ནས་བརྒྱ་ཆ་ ༢༥ འདྲ་ཞིག་ཆགས་ཀྱི་ཡོད་རེད་སེམས། ཡང་ཁ་ཤས་ལ་དེ་འདྲའི་མ་རྩ་བཏོན་རྒྱུ་མེད་ནའང༌། ལས་གཞི་དེའི་ཐོག་ནས་ཏན་ཏན་ལངས་ཐུབ་རྒྱུའི་ཡིད་ཆེས་རྙེད་པ་དེ་འདྲ་ཡོད་ན། དེ་ཚོའི་ཐོག་ལ་ཕྲན་བུ་ཆག་ཡང་བྱེད་རྒྱུ་དང་སྔ་འདོན་གཏོང་རྒྱུའི་འཆར་གཞི་ཡོད་རེད། སྒྲིག་གཞིའི་འོག་ནས་དེ་འགྲོ་སྟངས་བཟོ་རྒྱུ་ཡོད་རེད་ཞུ་རྒྱུ་ཡིན། བསྡུ་ཆ་མེད་པ་རྐྱང་རྐྱང་གིས་ལས་གཞི་ཡག་པོ་ཡོད་པ་ཡིན་ན་འགག་མི་དགོས་རྒྱུའི་ང་ཚོས་ཐབས་ཤེས་བྱེད་ཀྱི་ཡོད་ཞུ་རྒྱུ་ཡིན།
དེ་ནས་ལས་འཚོལ་གྱི་ཆེད་དུ་ག་རེ་བྱེད་ཀྱི་ཡོད་གསུངས་སོང༌། ནང་སྲིད་ལས་ཁུངས་ཀྱི་ནང་ལ་ལས་འཚོལ་སྡེ་ཚན་གཅིག་ཟུར་འཛུགས་བྱས་ཡོད་རེད། ཉེ་ཆར་ལས་འཚོལ་སྡེ་ཚན་དེ་ཡར་རྒྱས་གཏང་རྒྱུའི་ཆེད་དུ་འགན་འཛིན་དང་བློན་ཆེན་དེ་ཚོའང་བརྗེ་པོ་བརྒྱབ་རྒྱུ་མར་བང་ཞིག་སྒྲིག་གི་ཡོད། བྱས་ཙང་ ༢༠༠༨ ཀྱི་ནང་ལ་ལས་འཚོལ་སྡེ་ཚན་དེ་ཕྲན་བུ་ཡར་རྒྱས་གཏང་རྒྱུའི་འཆར་གཞི་ཡིན། ཡིན་ནའང་སྔོན་མ་ནས་ཡོ་ཊ་Yota ཞེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེས་ལས་འཚོལ་གྱི་ལས་ཀ་དེ་ཤུགས་ཆེ་བ་གནང་རྒྱུ་བྱས་པ་རེད། ཚོགས་པ་དེ་གཞུང་གི་རོགས་སྐྱོར་གྱི་ཐོག་ནས་བཙུགས་པ་ཞིག་རེད། དེའི་ནང་ལ་ང་ཚོའི་གཞུང་གི་སྐུ་ཚབ་ཀྱང་ཡོད་རེད། དེ་འདྲ་ཡིན་ཙང་ལས་ཀ་ལྡབ་སྐྱོར་མི་དགོས་པའི་ཆེད་དུ་ལས་ཀ་འཚོལ་རྒྱུ་དང༌། ལས་ཀའི་ཆེད་དུ་ངག་རྒྱུགས་སྤྲད་དུ་འགྲོ་དུས་སྐབས་ལ་བྱེད་སྟངས་དེ་འདྲའི་བཟོ་དེ་ཚོ་ཡོ་ཊས་བྱེད་ཀྱི་ཡོད་རེད། ཡིན་ནའང་ལས་འཚོལ་སྡེ་ཚན་དེ་ཡར་རྒྱས་གཏང་ཐུབ་པ་ཡིན་ན། གཏང་རྒྱུའི་འཆར་གཞི་ཞུ་ཡི་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ནས།
ངའི་དྲི་བ་དང་པོ་དེ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་དང་པོའི་ནང་ལ་ལས་མེད་གྲངས་ ༢༢༨༩ གསུངས་པའི་ནང་དུ། རྡ་རམ་ས་ལ་གྲངས་ ༨༠ ཡོད་གསུངས་སོང༌། དེ་གཞི་གང་འདྲར་བཞག་ནས་རྩིས་པ་ཡིན་ནམ། རྡ་རམ་ས་ལར་ལ་བོད་ནས་གསར་དུ་ཡོང་མཁན་མང་པོ་ཞིག་ལས་ཀ་མེད་པ་ལྷག་བསྡད་ཀྱི་ཡོད་རེད། ༨༠ ཙམ་ཞིག་མ་གཏོགས་མེད་པ་ཡིན་ནམ། དེ་གཞི་གང་འདྲ་ཞིག་ལ་བཞག་ནས་རྩིས་པ་ཡིན་ནམ།
དྲི་བ་གཉིས་པ་དེ་ཉམ་ཐག་ལ་རོགས་རམ་གྱི་སྐོར་ཡིན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཉམ་ཐག་གི་ཚད་འདྲ་པོ་དེ་གང་འདྲ་ཞིག་ལ་འཛིན་གྱི་ཡོད་དམ། ངས་གོ་ཡས་ལ་རྡ་ས་མཉམ་ལས་གཉིས་ཀྱི་ལས་མི་མང་ཆེ་བའི་ཟླ་རེའི་གླ་དེ་སྒོར་མོ་ ༧༠༠ དང་ ༨༠༠ མ་གཏོགས་མི་འདུག ལས་ཀ་བྱས་ནས་ལོ་བཅུ་ཙམ་སོང་མཁན་ཚོ་ལའང་སྒོར་ ༨༠༠ ཙམ་མ་གཏོགས་རག་གི་མི་འདུག ཉི་མ་རེར་བགོས་པ་ཡིན་ན་ཧ་ལམ་ཉི་མ་གཅིག་ལ་ཧིན་སྒོར་ ༢༥།༢༦ ཙམ་ཆགས་ཀྱི་འདུག དེའི་གྲས་དེ་ཉམ་ཐག་ནང་ཚུད་ཀྱི་ཡོད་དམ་མེད།
དྲི་བ་གསུམ་པ་དེ་ཉེ་བའི་ལོ་ཤས་རིང་ལ་བོད་ནང་དུ་རྒྱ་མིས་གཞིས་གསར་པ་མང་པོ་ཞིག་སྤེལ་བ་དང༌། ལྷག་པར་དུ་གཏེར་ཁ་སྔོག་འདོན་དང་བཅས་པ་མང་པོ་ཞིག་བྱེད་ཡོང་དུས། བོད་མི་མང་པོ་ཞིག་རྒྱ་མི་དང་གདོང་ཐུག་བྱུང་སྟེ། སྐབས་སྐབས་ལག་པ་ཤོར་ཏེ་རྒྱ་མི་དང་རྒྱ་མིའི་དཔོན་རོགས་བསད་པའི་དཀའ་ངལ་འཕྲད་ནས་བཙན་བྱོལ་དུ་ཡོང་མཁན་ཤིན་ཏུ་མང༌། དེའི་རིགས་ལ་བུན་གཏོང་གི་རོགས་དངུལ་རག་གི་ཡོད་དམ་མེད། དེ་ཚོ་ལ་སྐྱབས་བཅོལ་ལག་དེབ་མེད་དུས་ཆ་རྐྱེན་གང་འདྲ་ཞིག་གི་འོག་ནས་ཞུ་དགོས་ཡོད་དམ། ངའི་དྲི་བ་གསུམ་པ་དེ་ཡིན།

བཀའ་ལན།
གཞི་བཞག་ས་དེ་ལས་ཀ་བྱེད་རྒྱུའི་ནུས་པ་ཡོད་པ་དང༌། ནད་གཅོང་མ་ཡིན་པ། ལས་ཀ་གང་ཡང་རུང་བ་ཞིག་གི་ཆེད་དུ་ཆ་རྐྱེན་ཚང་བ་གང་ཞིག་ལ་མ་རྩའམ་ལས་སྤྲོད་པ་མ་རྙེད་པའི་དབང་གིས་ལུས་བསྡད་པ་དེ་འདྲ་ཞིག་ལ་གཞི་འཇོག་གི་ཡོད་རེད་ཅེས་ཞུ་རྒྱུ་ཡིན། ང་ཚོས་ ༢༠༠༥ ལོར་གྲངས་བཤེར་བྱས་པའི་སྐབས་དེ་གྲངས་བཤེར་བྱེད་སྟངས་ཁོ་རང་གང་རྒྱ་ཆེ་ཆེ་ཞིག་རེད་མ་གཏོགས་ཡོངས་སུ་རྫོགས་པ་ཞིག་བྱས་ཐུབ་ཡོད་མ་རེད། དེ་འདྲ་ཡིན་དུས་སྐབས་དེ་དུས་ཀྱི་རྡ་ས་བདེ་དོན་གྱི་འོག་ལ་ཞིབ་འཇུག་གནང་བ་དེའི་ནང་ལ་ ༨༠ ཐམ་པ་ཐོན་འདུག ༨༠ ཐམ་པ་དེ་ཉུང་དྲགས་པ་རེད་གསུངས་པ་ཡིན་ན། གཅིག་བྱས་ན་ཞིབ་བཤེར་སྐབས་ལུས་པ་དེ་འདྲ་ཡོད་སྲིད་པ་རེད། གཅིག་བྱས་ན་ཞེ་དྲགས་མང་པོ་མེད་པའང་ཡོང་སྲིད་ཀྱི་རེད། ཡང་ཁ་ཤས་དེའི་ནང་ལ་ཐོ་བསྐྱོན་འདོད་མེད་པ་དེ་འདྲའང་ཡོད་སྲིད་པ་རེད། དེ་ཅི་རིགས་སྣ་ཚོགས་ཤིག་རེད་ཞུ་རྒྱུ་ཡིན། ང་ཚོའི་ཉམ་ཐག་ཞིབ་འཇུག་གི་ལས་གཞིའི་ལམ་སྟོན་གྱི་ནང་ལ་ཉམ་ཐག་གི་གནས་ཚད་བརྩི་རྒྱུ་དེ་གླ་ཆ་ཆེ་ཆུང་འདི་འདྲ་ཞིག་གི་འོག་ལ་མར་ཡིན་པ་ཡིན་ན་དེ་ཉམ་ཐག་བརྩི་གི་རེད་ཟེར་བ་དེ་འདྲ་ཡོད་མ་རེད། འཛམ་བུ་གླིང་གི་ཉམ་ཐག་དབུལ་པོའི་ཐོག་ཚད་ཀྱི་འོག་ལ་ཡོད་པ་དང་སྒང་ལ་ཡོད་པ་ཟེར་བ་དེ་ནང་བཞིན་བྱས་ནས། གླ་འབབ་ཆེ་ཆུང་གི་ཐོག་ནས་ཉམ་ཐག་བརྩི་གི་ཡོད་མ་རེད། དངོས་སུ་རང་མི་དེའི་མི་ཚེ་སྐྱེལ་སྟངས། འཚོ་བ་སྐྱེལ་སྟངས་ཀྱི་ཐོག་ནས་མ་འདང་བ་གཅིག་དང༌། ཁུངས་མ་འཁྱོལ་བ་ཞིག་ཡོད་ན། དེ་ལ་ཉམ་ཐག་བརྩི་གི་ཡོད་རེད། རང་སྐྱོང་སྡེ་ཚན་ཁག་གི་བཟོ་གྲྭ་དེ་ཚོའི་ནང་ལ་ལས་ཀ་བྱེད་མཁན་དེ་ཚོ་གླ་འབབ་ག་ཚོད་རག་གི་ཡོད་དམ་མེད་དེའི་ཐོག་ལ་བཙན་བྱོལ་གཞུང་གིས་ཐད་ཀའི་བཏང་འཛིན་གང་ཡང་ཡོད་མ་རེད། ཡིན་ནའང་བཙན་བྱོལ་གཞུང་གིས་མཉམ་སྦྲེལ་དང་རང་སྐྱོང་སྡེ་ཚན་ཡོངས་སུ་རྫོགས་པ་ལ་ལམ་སྟོན་བྱེད་རྒྱུ་ལ། ལས་མེད་ཉུང་དུ་གཏོང་དགོས་རེད། གླ་འབབ་ཆེ་རུ་གཏོང་དགོས་རེད་ཅེས་དེ་ལམ་སྟོན་བྱས་ཡོད་རེད། ལྷག་པར་དུའང་མངའ་སྡེ་སོ་སོའི་ནང་ལ་གླ་འབབ་དམའ་མཐའི་ཁྲིམས་གཞི་ཞིག་ཡོད་རེད། དེ་ལོ་རེ་ལོ་རེར་འགྱུར་བ་འགྲོ་གི་ཡོད་རེད། སྦྱོང་བརྡར་མ་ཐོན་པའི་སྤྱིར་བཏང་གི་ལས་བྱེད་དམ་ལས་མི་གང་འདྲ་ཞིག་ཡིན་ནའང་དེ་ཚོར་དམའ་མཐའ་འདི་འདྲ་ཞིག་ལས་ཉུང་བའི་གླ་ཆ་སྤྲད་ཆོག་གི་མ་རེད་ཅེས་པའི་ས་གནས་སོ་སོའི་ཁྲིམས་ཞིག་ཡོད་རེད། ས་གནས་སོ་སོར་ཁྲིམས་གང་ཡོད་པ་དེ་ལས་ཉུང་བ་ཞིག་སྤྲད་ན་ཁྲིམས་འགལ་ཆགས་ཀྱི་རེད་ཅེས་དེའང་ལམ་སྟོན་བྱེད་ཡོད་རེད། དེ་འདྲའི་གླ་ཆ་ཉུང་ཉུང་སྤྲད་ནས་བསྡད་མཁན་དེ་ཚོ་ས་གནས་མངའ་སྡེ་གཞུང་གི་ལས་མི་ལྟ་རྟོག་ཚོགས་པས་ཞིབ་འཇུག་འདྲ་བྱས། ཁྱེད་ཚོས་གླ་ཆ་གང་འདྲ་སྤྲོད་ཀྱི་ཡོད་ཅེས་ལབ་པ་ཡིན་ན་དཀའ་ལས་ཁག་པོ་ཆགས་རྒྱུའི་གནས་ཚུལ་ཡོད་པ་ཞིག་རེད། དེ་ཚོ་ཡང་ང་ཚོས་ལམ་སྟོན་བྱས་ཡོད། དེ་མ་གཏོགས་བཙན་བྱོལ་གཞུང་ངོས་ནས་ཁྱེད་ཚོས་ལས་མི་ལ་གླ་ཆ་འདི་འདྲ་ཞིག་སྤྲད་དགོས་རེད་ཟེར་ནས་དེ་ལབ་ཐུབ་པ་ཡོད་མ་རེད།
དེ་ནས་སྐྱབས་བཅོལ་ལག་འཁྱེར་ཡོད་མེད་ཀྱི་དབང་གིས་མཐུན་རྐྱེན་དེ་དག་རག་རྒྱུར་རག་ལུས་ཀྱི་རེད་དམ་ཞེས་བཀའ་གནང་ཐད། དེ་རག་ལུས་ཀྱི་ཡོད་རེད། ང་ཚོས་སྙན་ཞུ་བསྡུ་བའི་སྐབས་ལ་སྐྱབས་བཅོལ་ལག་འཁྱེར་རམ། དམིགས་བསལ་འཛུལ་ཞུགས་ལག་འཁྱེར་གང་ཡང་རུང་བ་ཞིག་མེད་ན་ཆ་རྐྱེན་ཚང་གི་ཡོད་མ་རེད། ད་ལྟའི་གནས་སྐབས་ལ་སྐྱབས་བཅོལ་ལག་འཁྱེར་མེད་ནས་བསྡད་དགོས་རྒྱུའི་གནས་སྟངས་ཤིག་ཡོད་མ་རེད་བསམ་གྱི་འདུག སྐྱབས་བཅོལ་ལག་འཁྱེར་ལག་པར་རག་ཚར་ན་རག་ཚར་བ་རེད། རག་མ་ཚར་བ་ཡིན་ན་དམིགས་བསལ་འཛུལ་ཞུགས་ལག་འཁྱེར་ཡོད་རེད། དེའང་མེད་ན་བདེ་སྲུང་ལས་ཁུངས་ལ་ཐོ་བརྒྱབ་བཞག་པའི་མིང་ཐོའི་ཨང་གྲངས་ཡོད་རེད། དེ་ཚོ་ཚང་མས་སྐྱབས་བཅོལ་ལག་འཁྱེར་གྱི་གོ་ཆོད་ཀྱི་ཡོད་རེད། སོ་སོས་འདོད་པ་དྭང་བླང་བྱས་ནས་བལ་ཡུལ་ལ་མ་སྒུག་པ་བྱས། འཛུལ་ཞུགས་ལག་འཁྱེར་མ་ལེན་པ་བྱས་ནས་སོང༌། ཡང་ན་བདེ་སྲུང་ལས་ཁུངས་ལ་ཐོ་མ་བརྒྱབ་པ་དེ་འདྲ་ཡིན་ན། དེ་ཚོའི་རིགས་དེ་ང་ཚོས་མཐུན་འགྱུར་སྤྲོད་རྒྱུ་དེའི་སྒང་ལ་རྩིས་ཀྱི་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
ང་ཚོས་ལས་མེད་ལས་འཚོལ་དེ་དག་གི་ཆེད་དུ་གཞུང་གི་ངོས་ནས་འབུམ་ ༣༣༣ ལྷག་ཙམ་ཞིག་དུས་ད་ལྟ་བར་དུ་དེ་འདྲ་ཞིག་བཏང་འདུག དེ་དཔེ་མི་སྲིད་པའི་ཡག་པོ་རེད་ཅེས་ཞུ་རྒྱུ་གཅིག་དེ་ཡིན། དེ་ནས་མི་ ༡༡༣ ཙམ་ཞིག་ལ་སྤྲད་བཞག སྤྲད་སའི་མིང་གཞུང་དེ་མར་ཀློག་ཡོང་དུས་རྡ་རམ་ས་ལ་འདྲ་ཞིག་ལ་མི་ ༡ རེད་ཅེས་དེ་འདྲ་ཞིག་གོ་སོང༌། རྡ་རམ་ས་ལ་འདྲ་ཞིག་ལ་ཆ་འཇོག་ན། ཕལ་ཆེར་ལས་མེད་ ༤༠༠།༥༠༠ ཡོད་ཀྱི་རེད། ྋརྒྱལ་བ་རིན་པོ་ཆེ་དང་བོད་སྐྱབས་བཅོལ་གཞུང་ལ་བལྟས་ནས་སླེབས་འོང་མི་ཤ་སྟག་རེད་མ་གཏོགས། གཞན་གང་ཡང་མ་རེད། དེ་འདྲ་ཞིག་གི་ནང་ལ་མི་༡ ལ་མ་གཏོགས་རག་མེད་པའི་རྒྱུ་མཚན་ཞིག་གསུངས་སོང༌། དེ་གང་འདྲ་ཡིན་ནམ་བསམ། ང་ཚོའི་གཞུང་གི་ཐབས་བྱུས་གང་འདྲ་ཞིག་ཡིན་ནའང༌། ཚང་མ་ཐམས་ཅད་ངོས་འཛིན་གཅིག་པ་བྱེད་རྒྱུ་ཞིག་བྱེད་ཀྱི་ཡོད་མདོག་ཁ་པོ་རེད་བསམ་པ་དྲན་གྱི་ཡོད། དེ་སྔ་ཡང་བྱས་རེད། ད་དུང་ཡང་བྱེད་མདོག་ཁ་པོ་རེད་དྲན་སོང༌། དེ་འདྲ་ཡིན་ན་རྡ་རམ་ས་ལའི་མི་ ༡ ལ་མ་གཏོགས་རག་མི་དགོས་པའི་རྒྱུ་མཚན་ག་རེ་ཡིན་ན། ཆ་རྐྱེན་ག་རེ་མ་ཚང་བ་ཡིན་ནམ། དོན་དག་གཅིག་དེ་ཡིན་ནམ། དོན་དག་གཉིས་པ་དེ་ལ་ལྡི་ལི་ལ་རྩ་བ་ནས་མི་འདུག ལྡི་ལི་འདྲ་ཞིག་ལ་ཆ་བཞག་ན་ལས་མེད་ཕལ་ཆེར་ ༣༠༠།༤༠༠ དེ་འདྲ་འདུག དེ་འདྲ་རག་གི་ཡོད་རེད་ཟེར། ང་ཚོ་ལ་རྩ་བ་ཉིད་ནས་རག་གི་མི་འདུག་ཅེས་ཚུར་སྐད་ཆ་དྲི་ཡི་འདུག ཕར་ག་རེ་ཞུས་ཡིན་ཟེར་ན་དེ་ལ་ཁག་ཐེག་འདྲ་ཞིག་དགོས་རེད་གོ་སོང༌། མ་གཏོགས་ག་རེ་མི་རེད་ཡིན་ན། ཚང་མ་གཅིག་གྱུར་ཡིན་མདོག་ཁ་པོ་རེད་ཟེར། དེ་ཡང་རྩ་བ་ནས་མི་འདུག གཅིག་གྱུར་ཅིག་གནང་གི་ཡོད་དམ་རེད་ཡོད་མ་རེད། གཅིག་གྱུར་གནང་གི་ཡོད་ན་རྡ་རམ་ས་ལ་ནས་མི་དེ་འདྲ་ཞིག་མ་གཏོགས་རག་མི་དགོས་པའི་རྒྱུ་མཚན་ག་རེར་ཐུག་པ་རེད། དཀའ་ངལ་ག་རེ་འཕྲད་རེད། ཁོ་ཚོར་ཆ་རྐྱེན་ག་རེ་མ་འདང་བ་རེད། དེའི་གནས་སྟངས་དེ་ག་འདྲ་ཆགས་ཀྱི་ཡོད་རེད། འབུམ་ ༣༣༣ ལྷག་ཙམ་ཞིག་བཏང་ཚར་ཡོད་རེད། མི་གཉིས་ཀྱིས་མ་གཏོགས་ཚང་མ་ཐམས་ཅད་ཀྱིས་མི་གཉིས་ཀྱིས་སྤྲད་ཐུབ་མ་སོང༌། དེ་ཡང་སློག་གི་ཡིན་གསུངས་རེད། ༣༣༣ གྱི་ཆ་རྐྱེན་དེ་གང་འདྲ་ཞིག་འཛོམས་ཀྱི་ཡོད་རེད། དེ་མིན་རྡ་རམ་ས་ལ་མི་གཅིག་ལ་མ་གཏོགས་སྤྲད་མ་ཐུབ་པའི་རྒྱུ་མཚན་ག་རེ་རེད། མི་ ༨༠ ཙམ་གྱིས་ཐོ་བརྒྱབ་ཡོད་རེད། ༨༠ ནང་ནས་གཅིག་ལ་རག་ཡོད་རེད། ༨༠ མ་གཏོགས་ལས་མེད་མེད་པ་རེད་དམ། ང་ཚོས་ཕར་བལྟ་བསྡད་དུས། རྡ་རམ་ས་ལ་གཅིག་པུ་ལ་བོད་ནས་ཚུར་གསར་འབྱོར་ཡོང་མི་བརྩིས་ན་མི་ ༣༠༠།༤༠༠ ལྷག་ཡོད་ཀྱི་རེད། དེ་འདྲ་ཞིག་མ་གཏོགས་རག་མི་འདུག ལས་འགུལ་དེ་གང་འདྲ་ཞིག་སྤེལ་གྱི་ཡོད་རེད། གཞུང་གིས་སྲིད་བྱུས་དེ་གཅིག་པ་འཛིན་གྱི་ཡོད་རེད། ང་ཚོ་ག་ས་ག་ལ་འཚམས་འདྲི་གཟིགས་སྐོར་ལ་འགྲོ་དུས་བཤད་ཀྱི་ཡོད། རྡ་རམ་ས་ལ་ལའང་བཤད་ཀྱི་ཡོད། དེ་འདྲ་རེད་ཟེར། ཡིན་ནའང་ཆ་རྐྱེན་ཞིག་ཡོད་རེད་ད་ཟེར་ R.C. གྱི་ཆ་རྐྱེན་འདྲ་ཞིག་ལ་མཚོན་ན། བཀའ་བློན་ཁྲི་པ་རིན་པོ་ཆེས་གསུངས་པ་ནང་བཞིན་ཞེ་དྲགས་བཀའ་དྲིན་ཆེན་པོ་འདུག R.C. མེད་ནའང་བལ་ཡུལ་གྱི་འབྱོར་ཐོ། བལ་ཡུལ་གྱི་འབྱོར་ཐོ་མེད་ནའང༌། བདེ་སྲུང་ལས་ཁུངས་ནང་ལ་ཐོ་བརྒྱབ་བཞག་ན། འགྲིགས་ཀྱི་རེད་ཅེས་གསུངས་སོང༌། དེ་འདྲ་ཡིན་ན་རྡ་རམ་ས་ལ་མི་དེ་འདྲ་མང་པོ་ལ་རག་མི་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ལྡི་ལི་འདྲ་ཞིག་ཡིན་ན་མི་ ༣༠༠།༤༠༠ འདུག ཚུར་སྐད་ཆ་དྲིས་བསྡད་ཀྱི་འདུག དེ་གང་འདྲ་ཡིན་ནམ།

བཀའ་ལན།
རྡ་རམ་ས་ལར་མི་གཅིག་ལ་མ་གཏོགས་མ་རག་པ་དེ་ང་ཚོའི་ངོས་ནས་བལྟས་ནའང་ཡ་མཚན་པོ་འདྲ་ཞིག་ཏུ་མཐོང་གི་འདུག ཡིན་ནའང་དེ་ཞུ་མཁན་ཡོད་མེད་ཀྱི་ཆ་ནས་ཕྱིན་པ་ཞིག་རེད་མ་གཏོགས་ཞུས་ནའང་ང་ཚོས་ས་ཆའི་དབྱེ་བ་ཕྱེ་ནས་མ་གནང་བ་དེ་འདྲ་ཆགས་ཡོད་མ་རེད་ཞུ་རྒྱུ་གཅིག་དང༌།
རྡ་རམ་ས་ལར་ལས་མེད་མང་པོ་ཞེ་པོ་ཞིག་ཡོད་རེད་ཅེས་བཀུར་འོས་སྤྱི་འཐུས་མང་པོས་གསུངས་སོང༌། འདི་ཚོའི་ཐོག་ལ་ཁེ་ཕན་བླངས་ནས་ལས་གཞི་བཟོ་བ་དང་སྙན་ཐོ་གཏོང་མཁན་མེད་པ་དེ་ག་རེ་ཡིན་ནམ་ཞེས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ལ་འཛིན་སྐྱོང་ངོས་ནས་ཕར་བཀའ་འདྲི་ཞུ་དགོས་པ་འདྲ་ཞིག་ཆགས་ཀྱི་འདུག་མ་གཏོགས་འཛིན་སྐྱོང་ལ་བཀའ་འདྲི་གནང་རྒྱུ་ཞིག་ཆགས་ཀྱི་མི་འདུག་བསམ་གྱི་འདུག བཀུར་འོས་སྤྱི་འཐུས་རྣམ་པ་ག་དུས་ཡིན་ནའང་མང་ཚོགས་ཀྱི་སྐུ་ཚབ་ཡིན་ཞེས་བཀའ་གནང་གི་ཡོད་རེད། མང་ཚོགས་ཀྱིས་དེ་འདྲ་ཞིག་ཡོད་རེད་ཟེར་གྱི་འདུག་ཟེར་ནས་ཚུར་བཀའ་འདྲི་གནང་མཁན་ཡང་འདུག་ཅེས་བཀའ་གནང་གི་ཡོད་རེད། བཀའ་འདྲི་ཞུས་པའི་སྐབས་ལ་དེ་ལ་སྒྲིག་གཞི་ཡོད་རཻད། དེ་ལ་འགེངས་ཤོག་ཡོད་རེད། དེའི་འགྲོ་ལུགས་འགྲོ་སྟངས་མི་འདྲ་བ་རེད། འདི་ལ་སྙན་ཞུ་གཏོང་དགོས་རེད། ལས་གཞི་འདི་འདྲ་སྒྲིག་དགོས་རེད་ཅེས་བཀའ་སློབ་གནང་བ་ཡིན་ན། ཁོ་རང་ཚོས་སྙན་ཞུ་དེ་བརྒྱབ་ཡོང་གི་རེད་པ། དེ་མ་གཏོགས་ང་ཚོས་རྡ་རམ་ས་ལའི་ལས་མེད་ཡོད་ཚད་ལ་བུ་ལོན་དེ་ཕར་སྐྱེལ་བར་འགྲོ་ཡི་ཡོད་མ་རེད། བུ་ལོན་དེའང་ལས་གཞི་ཞིག་གི་སྟེང་ལ་སྤྲོད་ཀྱི་ཡོད་རེད། ལས་གཞི་དེ་གང་ཟག་སོ་སོས་བཟོ་དགོས་ཀྱི་ཡོད་རེད། ག་རེ་བྱེད་ཐུབ་ཀྱི་ཡོད་ནའང་ལས་གཞི་རྩ་བ་ནས་མེད་པ་ཞིག་ལ་སྤྲད་པ་ཡིན་ན། ད་གིན་བཀུར་འོས་སྤྱི་འཐུས་གཞན་དག་གིས་ཞེ་དྲགས་གསལ་པོ་བྱས་ནས་བཀའ་གནང་སོང༌། ད་ང་ཚོས་རོགས་སྐྱོར་བྱས་ན་ཕན་གྱི་མི་འདུག ལས་ཀའི་ཐོག་ལ་སྤྲད་དགོས་འདུག་ཅེས་ལས་གཞི་དེ་སོ་སོས་བཟོས་ན་མ་གཏོགས་ནང་སྲིད་ལས་ཁུངས་ཀྱིས་མི་དེས་ཚོང་བརྒྱབ་ཐུབ་ཀྱི་རེད་དམ། མི་དེས་ལག་ཤེས་ཀྱི་ལས་ཀ་བྱེད་ཐུབ་ཀྱི་རེད་དམ། དེ་ཤེས་ཀྱི་ཡོད་མ་རེད། རང་སོ་སོའི་ངོས་ནས་ལས་གཞི་བཟོས་ནས་ཡོང་མཁན་ཡོད་པ་ཡིན་ན་ག་ནས་ཡོང་བ་དེ་དག་ལ་ཆ་རྐྱེན་ཚང་ན་འགྲིགས་འགྲོ་གི་ཡོད་རེད། དཔེར་ན་ནང་སྲིད་ལས་ཁུངས་ནང་ལ་སྙན་ཞུ་དེ་ཚོ་མར་ཞིབ་འཇུག་བྱས་པའི་སྐབས་སུ་གསལ་པོ་ཞེ་དྲགས་མཐོང་གི་འདུག ལ་དྭགས་ནས་མང་པོ་ཞེ་པོ་ཞིག་ཡོད་རེད། ལ་དྭགས་དེ་ལས་མེད་མང་ཤོས་ཡོང་ས་དེ་མ་རེད་དེ་སྙན་ཞུ་གཏོང་མཁན་མང་ཤོས་དེ་ལ་དྭགས་ནས་རེད། ཆ་རྐྱེན་ཡང་ཚང་ཤོས་དེ་ནས་རེད། དེ་སོ་སོའི་ས་གནས་ཀྱི་འགོ་ཁྲིད་ཡིན་ནའང་འདྲ་འདུག ས་གནས་འགོ་འཛིན་ཡིན་ནའང་འདྲ་འདུག དེ་དག་གིས་ལམ་སྟོན་བྱེད་སྟངས། རང་རང་སོ་སོའི་ངོས་ནས་ལས་ཀ་བཙལ་སྟངས། ལས་གཞི་བཟོ་སྟངས་དེ་ཚོ་ཚོང་མ་ཏག་ཏག་འགྲིགས་ཀྱི་ཡོད་པ་ཡིན་ཙང༌། ས་གནས་ཁ་ཤས་ལ་མང་པོ་རག་འགྲོ་ཡི་ཡོད་རེད། ས་གནས་ཁ་ཤས་ལ་ཉུང་ཉུང་མ་གཏོགས་རག་གི་ཡོད་མ་རེད། དེ་གཞུང་གི་ངོས་ནས་མང་ཉུང་གཏང་རྒྱུའི་སྲིད་བྱུས་རྩ་བ་ཉིད་ནས་མེད། ཆ་རྐྱེན་ཚང་བ་ཡིན་ན་མང་ཤོས་རྡ་རམ་ས་ལ་ཆགས་པ་ཡིན་ནའང་ང་ཚོ་ལ་ཁྱད་པར་གང་ཡང་ཡོད་མ་རེད། དེ་ང་ཚོས་དབྱེ་འབྱེད་གཏོང་གི་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས།
བཀའ་ལན་དང་པོ་དེའི་ནང་ལ་གྲངས་འབོར་དེ་ ༢༢༨༩ ཙམ་ཞིག་འཁོད་འདུག ཡིན་ནའང་དངོས་སུ་བུ་ལོན་གཏང་ས་དེ་ ༡༡༣ མ་གཏོགས་ཆགས་ཐུབ་མི་འདུག དེ་ཕལ་ཆེར་བརྒྱ་ཆ་ ༥ ཟིན་མ་ཟིན་ཞིག་ཆགས་བསྡད་ཀྱི་ཡོད་ས་རེད། འཕྲོས་ ༢༡༧༦ ཙམ་ལྷག་པ་དེ་ཚོ་ལ་གཞུང་གི་ངོས་ནས་ད་དུང་དེའི་ཐོག་ལ་ཁོ་རང་ཚོས་དྭང་དུ་བླངས་ནས་བསྐྱར་དུ་ཞུ་ཡས་ལ་སོགས་པ་རེད། དེ་འདྲའི་ལམ་སྟོན་གནང་གི་ཡོད་དམ་མེད། དེ་གཅིག་བཀའ་འདྲི་ཞུ་འདོད་བྱུང༌། ༡༣༣ ཙམ་ལ་མ་གཏོགས་འཕྲོས་ ༢༡༧༦ བུ་ལོན་འདིའི་ནང་ལ་ཞུགས་མ་ཐུབ་པའི་རྒྱུ་མཚན་གང་འདྲ་ཞིག་གཟིགས་ཀྱི་ཡོད་མེད་ཁ་གསལ་ཞིག་གསུང་རོགས་གནང༌། རྩ་བའི་དཔལ་ལྡན་བཀའ་ཁྲི་མཆོག་ནས་རྒྱུ་མཚན་ཁག་ཁ་ཤས་ཤིག་གསུངས་གནང་སོང༌། གཞན་ང་རང་ཚོའི་འཛིན་སྐྱོང་གི་ཐོག་ནས། ལས་གཞི་འདིའི་ཐད་མང་ཚོགས་དང་ལྷག་དོན་དུ་གཞོན་སྐྱེས་ནང་ལ་གོ་རྟོགས་སྤེལ་རྒྱུའི་ལས་གཞི་ཤུགས་ཆེ་རུ་གཏང་ཡས་ཀྱི་དགོངས་བཞེད་ཡོད་དམ་མེད།

བཀའ་ལན།
ལས་གཞིའི་ཐོག་ལ་བུ་ལོན་བཏང་བའི་མི་གྲངས་དང་ན་གཞོན་ལས་མེད་ཀྱི་མི་གྲངས་གཉིས་པོ་དེ་བསྡུར་བ་ཡིན་ན་བརྒྱ་ཆ་ཧ་ཅང་གིས་ཆུང་ཆུང་རེད། དེ་ང་ཚོས་གསལ་པོ་ཞེ་དྲགས་བྱས་ནས་ཤེས་ཀྱི་ཡོད། རྒྱ་གར་གྱི་གཏམ་དཔེ་ལ། རྔ་མོང་གི་ཁའི་ནང་ལ་ཛི་ར་བླུགས་བཞག་པའི་བཟོ་འདྲ་རེད། འུ་སུའི་སོན་བླུགས་པ་ལྟར་གར་སོང་འདི་འགྲོ་མེད་པའི་བཟོ་འདྲ་ཞིག་རེད། དེ་ངོས་ལེན་ཞུ་རྒྱུ་རེད་མ་གཏོགས་དེ་བརྒྱ་ཆ་མཐོ་པོ་རེད་ཅེས་ནམ་ཡང་ཞུ་ཡི་མེད། ཡིན་ནའང་ལས་མེད་མི་གྲངས་ ༢༠༠༠ ལྷག་ཙམ་ཡོད་པ་དེ་དག་ཚང་མ་ལ་སྔོན་དང་པོ་དེར་ཆ་རྐྱེན་ག་རེ་ཚང་དགོས་རེད་ཟེར་ན། སོ་སོའི་རྐང་པའི་ཐོག་ལ་སོ་སོ་ལངས་རྒྱུའི་ལས་ཀ་བྱེད་པའི་འདུན་པ་དེ་ཡོད་དགོས་རེད། གཡོག་པོར་བཀོལ་མཁན་ཞིག་བྱུང་ན་དེ་རང་རེད་མ་གཏོགས་རང་གི་ངོས་ནས་གང་ཡང་བྱེད་ཀྱི་མིན་བསམས་ནས་བསྡད་པ་ཡིན་ན་ང་ཚོའི་སར་བུ་ལོན་ལེན་དུ་ཡོང་གིའང་མ་རེད་ལ། ང་ཚོས་བུ་ལོན་སྤྲད་པ་ཡིན་ནའང་ཁོ་ལངས་ཐུབ་རྒྱུ་ཡོད་མ་རེད། མི་དེ་དག་བུན་གཏོང་གི་ལས་གཞིའི་ནང་ལ་མ་ཚུད་པའི་རྒྱུ་མཚན་དང་པོ་དེ་བུ་ལོན་ལེན་འདོད་མེད་པ་དེ་རེད་ཅེས་ཞུ་རྒྱུ་ཡིན། ཡང་ཁ་ཤས་ཀྱིས་འདི་འདྲའང་གསུང་མཁན་ཡོད་ས་རེད། ཁག་ཐེག་བཙུགས་དགོས་ཀྱི་འདུག འགེངས་ཤོག་མང་པོ་བཀང་དགོས་ཀྱི་འདུག ས་ཡིག་མང་པོ་བརྒྱབ་དགོས་འདུག དེ་འདྲའི་རྙོག་ཁྲ་བྱས་ནས་གང་ཡོང་གི་རེད་ཟེར་འགེངས་ཤོག་བཀང་རྒྱུ་དང་ས་ཡིག་བརྒྱབ་རྒྱུ་དེ་སྐུ་ངལ་དུ་གཟིགས་ཀྱི་ཡོད་ན་དངོས་སུ་ལས་དོན་ལ་ཞུགས་དུས་ག་རེ་དགོངས་ཀྱི་རེད། ང་ཚོའི་སྤྱི་ཚོགས་ནང་ལ་ལས་གཞི་ག་རེ་ཡིན་ནའང་ལམ་ལྷོང་མི་ཡོང་བའི་རྒྱུ་མཚན་གཙོ་བོ་དེ་ང་ཚོའི་མིའི་བསམ་ཚུལ་དེ་རེད་བསམ་གྱི་འདུག ད་ལྟ་བར་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་སྐུ་དྲིན་གྱིས་སྐྱོབ་གསོ་དེ་མང་ཐག་ཆོད་པ་ཡིན་ཙང༌། དེས་ང་ཚོ་ཏོག་ཙམ་འཕྲོ་བརླག་བཏང་ཡོད་རེད་བསམ་གྱི་འདུག ཉི་མ་གཅིག་སྟབས་ཉེས་པ་ཞིག་ཟེར་དགོས་རེད་དམ། སྐྱོབ་གསོ་ཚང་མ་གཅིག་ཆད་པ་ཡིན་ན། ང་ཚོའི་མི་དེ་ཚོ་ཏོག་ཙམ་དྲག་ཏུ་འགྲོ་བའི་རེ་བ་མེད་འགྲོ་བསམ་གྱི་འདུག ང་ཚོའི་ན་གཞོན་གྱི་ནང་ལ་ལས་གཞི་འདིང་གི་ཡོད་པ་དེ་ཚང་མས་ཤེས་ཀྱི་ཡོདརེད། དྲྭ་རྒྱའི་སྒང་ལ་ཡོད་རེད། གསར་ཤོག་གི་ཐོག་ལའང་འདོན་གྱི་ཡོད་རེད། ས་གནས་འགོ་འཛིན་སོ་སོས་བརྒྱུད་བསྒྲགས་ཀྱང་བྱེད་ཀྱི་ཡོད་རེད། དེ་མ་ཡིན་པའི་ས་གནས་ཀྱི་ཚོགས་ཆུང་དེ་འདྲ་ཡོད་རེད། དེ་ཚོའི་ངོས་ནས་ཀྱང་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་རེད། དེ་མ་མཁྱེན་པ་མ་རེད་བསམ་གྱི་འདུག བྱས་ཙང་མ་འོངས་པར་ད་དུང་དམིགས་བསལ་འདི་འདྲ་ཞིག་ཡོད་རེད་ཟེར་ནས་དྲིལ་བསྒྲགས་ཟུར་དུ་བྱ་རྒྱུའི་ལས་གཞི་གང་ཡང་མེད་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
ངས་དྲི་བ་མ་བཏང་བའི་སྔོན་ལ་འཛིན་སྐྱོང་ལ་ཐུགས་རྗེ་ཆེ་ཞིག་ཞུ་འདོད་བྱུང་སོང༌། དེ་ག་རེ་ཡིན་ཞུས་པ་ཡིན་ན། ལོ་ ༢།༣ གྱི་ནང་ལ་འཛིན་སྐྱོང་གི་ཐོག་ནས་ན་གཞོན་ལས་མེད་ལ་བུ་ལོན་སྒོར་མོ་ས་ཡ་ ༡༣ ཙམ་ཞིག་བཏང་གནང་འདུག དེ་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔག་པའི་ལས་མེད་ན་གཞོན་ལ་དངུལ་ཕོན་འབོར་ཆེན་པོ་ཞིག་གནང་ཐུབ་རྒྱུའི་གྲ་སྒྲིག་གནང་ཐུབ་པ་དེས་བཙན་བྱོལ་བོད་གཞུང་སྤོབས་པ་བྱེད་ཆོག་གི་རེད་བསམ་གྱི་འདུག དེ་གཅིག་ཞུ་འདོད་བྱུང་སོང༌། དཔལ་ལྡན་ཚོགས་གཙོ་མཆོག་ངའི་དྲི་བ་དང་པོ་དེ་ན་གཞོན་ལས་མེད་ ༢༢༨༩ དེ་འདེམས་བསྐོ་ལས་ཁུངས་ཀྱི་ལས་བྱེད་དམའ་རིམ་གསར་འདེམས་ཀྱི་རྒྱུགས་སྤྲོད་ནང་ལ་ཞུགས་ཆོག་མཁན་རེད་དམ། ཁོ་རང་ཚོ་ཚང་མ་ཡིག་ཚད་འདི་གཏང་ཆོག་པའི་ཆ་རྐྱེན་ཡོད་མཁན་ཞིག་ཡིན་དགོས་རེད། དེ་འདྲ་ཞིག་རེད་དམ་ཞེས་དྲི་བ་དང་པོ་དེ་ཡིན། དེ་ནས་བཀའ་བློན་ཁྲི་པ་མཆོག་གིས་མར་ལན་གནང་བའི་སྐབས་སུ་བུ་ལོན་དེ་ཆག་ཡངས་གཏང་ཡས་ལ་བཀའ་མོལ་ཞིག་བྱུང་སོང་བསམ་གྱི་འདུག ཆག་ཡངས་གཏང་དགོས་པའི་གནས་སྟངས་ཡོང་ཡས་དེ་བརྒྱ་ཆ་ལྔ་པོ་གང་འདྲ་ཞིག་འཛིན་གྱི་ཡོད་རེད། ངའི་དྲི་བ་དེ་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནས། དཔེར་ན་ཆ་བཞག་ན། ཌེག་སི་ཕལ་ཆེར་ ༢༤ འདྲ་པོ་ཞིག Autorickshaw ཕལ་ཆེར་གྲངས་ ༢༦ དེ་ནས་ཚོང་ཁང་རིགས་དེ་ཕོན་ཆེན་པོ་ཞིག དེ་ཚོ་མང་ཆེ་བ་ཞིག་དེ་འདྲ་འདྲ་ཞིག་འདུག དྲི་བ་འདི་ཡིན། ཌེག་སི་དང་ Autorickshaw དེ་ཚོ་ང་རང་ཚོའི་ན་གཞོན་རང་གིས་གཏོང་གི་ཡོད་རེད་དམ། ཚོང་ཁང་འདྲ་ཞིག་ཡིན་ནའང་ཁོ་རང་ཚོ་རང་བཞུགས་ནས་ཕྱག་ལས་གནང་གི་ཡོད་རེད་དམ། དེ་འདྲ་ཞིག་ཡིན་པ་ཡིན་ནམ། དང་པོ་རང་ནས་བུ་ལོན་སྤྲད་པའི་ Program དེ་ཚོ་ཆག་ཡང་གཏང་མི་དགོས་པའི་རྩིས་བསྐྱོན་གནང་ཡོད་རེད་དམ་ཞེས་ཕལ་ཆེར་དྲི་བ་དེ་ཏག་ཏག་འགྲིགས་ཀྱི་འདུག་བསམ་གྱི་འདུག

བཀའ་ལན།
མངོན་མཁྱེན་གྱི་ཐོག་དྲི་བ་འདི་ཡིན་པ་རེད། ཤེས་པ་བྱས་ནས་ལན་ཞུ་ཆོག་པ་བྱེད། ཤེས་པ་གནང་རོགས་གནང་ཞེས་བཀའ་གནང་སོང༌། སྔོན་མ་བོད་ལ་ཞལ་བདེ་པོ་དེ་ཚོའི་གསུང་སྲོལ་ཞིག་ཡོད་རེད། ཞུ་མཁན་གྱིས་ཞུ་མ་ཤེས་ནའང་གསན་མཁན་གྱིས་གསན་མཁྱེན་པ་ཞིག་གནང་རོགས་གནང༌། ལས་མེད་མི་གྲངས་ ༢༢༨༩ ཟེར་བ་དེའི་ནང་ལ་ཚང་མ་གཞུང་ཞབས་འདེམས་ལྷན་གྱི་རྒྱུགས་སྤྲོད་ནང་ལ་འཛུལ་རྒྱུའི་གནས་ཚད་ཡོད་པ་ཤ་སྟག་རེད་དམ་ཞེས་བཀའ་གནང་སོང༌། དེ་མ་རེད་ཞུ་རྒྱུ་ཡིན། འདིར་ན་གཞོན་ལས་མེད་ཟེར་གྱི་ཡོད་རེད་མ་གཏོགས་སློབ་ཐོན་ལས་མེད་ཟེར་གྱི་ཡོད་མ་རེད། དེ་གཉིས་ལོགས་ཀ་འདྲ་ཞིག་རེད། སློབ་ཐོན་ལས་མེད་ཟེར་བ་དེ་སློབ་གྲྭ་ཐོན་ནས་ལས་ཀ་མ་རག་པ་ཞིག་དང༌། ན་གཞོན་ལས་མེད་ཟེར་དུས་ལོ་གཞོན་གཞོན་ཚང་མ། ད་ལྟ་འདིར་འཁྱེར་མེད་པ་མ་གཏོགས་ཞིབ་འཇུག་བྱས་པ་དེའི་ནང་ལ་འཛིན་གྲྭ་དྲུག་པ་ནས་མར་ཐོན་པ་ག་ཚོད་ཡོད་རེད། འཛིན་གྲྭ་དགུ་པ་ནས་མར་ཐོན་པ་ག་ཚོད་ཡོད་རེད། འཛིན་གྲྭ་ ༡༢ ཐོན་པ་ག་ཚོད་ཡོད་རེད། BA ཐོན་པ་ག་ཚོད་ཡོད་རེད། MA ཐོན་པ་ག་ཚོད་ཡོད་རེད། དེ་ཚོ་སྐད་ཆ་ཞིག་དྲིས་འདུག དེའི་ནང་ལ་བར་ཐོན་གྲས་མང་པོ་ཡོད་རེད། རྩ་བ་ནས་སློབ་གྲྭར་འགྲོ་མ་མྱོང་བའི་གྲས་དེ་འདྲའང་ཡོད་རེད། དེ་ཡིན་ཙང་དེ་དག་ཚང་མ་རྒྱུགས་སྤྲོད་གཏོང་མཁན་ནང་ཚུད་པའི་གནས་ཚད་ཡོད་པ་མ་རེད་ཞུ་རྒྱུ་གཅིག་ཡིན། ཆག་ཡང་གི་བཀའ་མོལ་དེ་ལན་སྔ་མར་ཞུས་པ་ནང་བཞིན་རེད། ང་རང་ཚོའི་ངོས་ནས་ཏོག་ཙམ་སྤོབས་པ་འདྲ་བྱེད་ཀྱི་ཡོད། མི་ ༡༡༣ ནས་མི་ ༤ ཡིས་མ་གཏོགས་ཚང་མ་དུས་ཚོད་ལ་སླེབས་ཐུབ་པ་དེ་དངོས་གནས་ང་ཚོས་བུ་ལོན་གཏོང་སྟངས་དེ་ཡག་པོ་བྱུང་འདུག་བསམ་དྲན་གྱི་ཡོད། སླེབས་མ་ཐུབ་མཁན་བརྒྱ་ཆ་ཉུང་ཉུང་ཞེ་པོ་ཞིག་རེད། སླེབས་མ་ཐུབ་མཁན་དེ་ཚོས་སླེབས་ཀྱི་མིན། ཆག་ཡང་གནང་རོགས་གནང་ཞེས་གསུང་གི་ཡོད་མ་རེད། དུས་ཚོད་གནང་རོགས་གནང༌། ག་ལེ་ག་ལེར་བྱེད་ཀྱི་ཡིན་ཞེས་ཁོང་ཚོ་སེམས་ཤུགས་ཡོད་པ་དེ་འདྲ་རེད། དེ་ཡིན་དུས་བུ་ལོན་ཆག་ཡང་གཏང་རྒྱུའི་དོན་དག་ལ་ང་ཚོས་བསམ་གཞིག་བྱེད་ཀྱི་མེད་ཅེས་ཞུ་རྒྱུ་གཅིག་དེ་ཡིན།
Taxi དང་ Auto གཏོང་མཁན་དེ་དག་སོ་སོ་རང་གིས་གཏོང་གི་ཡོད་རེད་དམ་ཞེས་བཀའ་གནང་སོང༌། དེ་སོ་སོས་གཏོང་གི་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ Taxi ཞིག་ཉོ་ཡི་ཡིན་ཞེས་འགེངས་ཤོག་བཀང་བ་ཡིན་ན་ཁ་ལོ་པའི་ལག་འཁྱེར་གྱི་ངོ་བཤུས་དེ་དེའི་མཉམ་དུ་སྦྱར་དགོས་ཀྱི་ཡོད་རེད། Auto གཏོང་མཁན་ཞིག་ཡིན་ནའང་ཁ་ལོ་པའི་ལག་འཁྱེར་གྱི་འདྲ་བཤུས་དེ་སོ་སོའི་དེ་དང་མཉམ་དུ་སྦྱར་དགོས་ཀྱི་ཡོད་རེད། ད་ཚོང་ཁང་བཟུང་མཁན་དེ་དག་ལ་ལག་འཁྱེར་གང་ཡང་ཡོད་མ་རེད། ཚོང་ཁང་སོ་སོས་བཟུང་གི་ཡོད་ཤག་རེད་བསམ་གྱི་འདུག འདི་ཚོ་ཚང་མ་ལས་གཞི་ཆུང་ཆུང་རེད། སྒོར་མོ་འབུམ་ ༢།༣།༤ དེ་འདྲ་ཞིག་གས་ལས་གཞི་གཅིག་ལ་མི་གཞན་པ་གླ་མིར་བཞག་ནས་བྱེད་ཐུབ་པའི་ལས་གཞི་མ་རེད་བསམ་གྱི་འདུག ང་ཚོས་རེ་བ་བྱེད་རྒྱུར་ཚང་མ་སོ་སོས་བྱེད་ཀྱི་ཡོད་རེད་བསམ་གྱི་ཡོད།

སྤྱི་འཐུས་བསོད་ནམས་ཚེ་རིང་ལགས་ནས།
དང་པོ་དེ་ལ་དཔལ་ལྡན་ཚོགས་གཙོ་བརྒྱུད་ནས་དཔལ་ལྡན་བཀའ་བློན་ཁྲི་པར་དྭོགས་འདྲི་ཞིག་ཞུ་རྒྱུར། ན་གཞོན་ལས་མེད་དེ་ན་གཞོན་ཟེར་བ་དེ་ལ་ལོ་ཚད་ཅིག་ཡོད་རེད་དམ། གཞོན་གྱི་ལོ་ཚད་དེ་ལས་བརྒལ་བའི་བོད་མི་མང་པོ་ལས་ཀ་མེད་པ་ཡོད་སྲིད་པ་རེད། དེ་ཅི་ལས་མེད་ཀྱི་ཐོ་གཞན་དག་དེ་འདྲ་ཡོད་རེད་དམ། དེ་ནས་ལས་མེད་ཟེར་མཁན་དེ་གང་འདྲ་ཞིག་ལ་ཆ་འཛིན་བྱེད་ཀྱི་ཡོད་རེད། ད་གིན་ལས་མེད་ཀྱི་ཐོ་གྲངས་གསུངས་པའི་ནང་ལ་མང་ཆེ་བ་གཞིས་ཆགས་ཁག་ཚང་མ་ལ་གཅིག་གསུངས་གནང་སོང༌། གཞིས་ཆགས་ལ་ས་ཞིང་ཡོད་པའི་ན་གཞོན་དེ་དག་ལས་མེད་ཀྱི་ཁོངས་ལ་རྩིས་ཀྱི་ཡོད་རེད་དམ། དེ་དག་གིས་ས་ཞིང་འདེབས་ལས་བྱས་ནས་སོ་སོས་འཚོ་བ་སྐྱེལ་ཐུབ་པ་དེ་འདྲ་ཡོང་སྲིད་པ་རེད། དེ་དག་ང་ཚོས་ལས་མེད་ཀྱི་ནང་ལ་རྩིས་ཀྱི་ཡོད་རེད་དམ། བོད་གཞུང་ལ་ལས་མེད་མང་པོ་ཞིག་བྱས་ནས་དཀའ་ངལ་ཞེ་པོ་ཞིག་ཡོད་རེད། བོད་གཞུང་གིས་སྲི་ཞུ་བའི་ཐོག་ནས་ལས་ཀ་སྤྲད་དེ་དཀའ་ངལ་བསངས་ཡས་ཅིག་རྩ་བ་ཉིད་མ་རེད་བསམ་གྱི་འདུག ལས་མེད་ན་གཞོན། གཞན་དག་ན་གཞོན། གཞན་དག་ལས་མེད་དེ་དག་ལ་གཞུང་གིས་ལས་ཀ་སྤྲོད་ཐུབ་རྒྱུའི་གཞུང་གི་སྲིད་བྱུས་ཤིག་ཡོད་རེད་དམ། སྲིད་བྱུས་ཤིག་ཡོད་པ་ཡིན་ན། བྱུང་ན་ལྷན་ཁང་ཞིག་ཟུར་དུ་བཀར་ནས། དེའི་ཐོག་ལ་ལས་གཞི་ཞིག་བསྒྲིག་ཐུབ་པ་ཡིན་ན། ལས་མེད་དེ་དག་ལ་རྐང་བཙུགས་རང་ནས་གཞུང་གི་ངོས་ནས་ལས་ཀ་ཤུགས་ཆེ་བ་ཞིག་བྱེད་ཐུབ་ཀྱི་མེད་དམ་བསམ་བསམ་འདྲ་ཞིག གང་ཡིན་ཟེར་ན། ལུང་པ་མང་པོའི་ནང་ལ་ལས་ཀ་དང་ Skill གྱི་ཟུར་དུ་གཞུང་གི་ལྷན་ཁང་ཡོད་རེད། དེ་དག་གིས་ལས་མེད་མང་པོ་ཡོད་པའི་སྐབས་ལ་དཀའ་ངལ་སེལ་ཕྱིར་ནུས་ཤུགས་ཤིག་གཏོང་གི་ཡོད་པའི་སྐད་ཆ་རེད། དེ་འདྲ་གཞུང་གི་འཆར་གཞི་ཡོད་ན། གཞན་ང་ཚོས་འདིར་ལས་མེད་ཀྱི་ཐོ་བརྒྱབ་ནས་ལས་མེད་ལ་ང་ཚོའི་སྤྱི་ཚོགས་འདི་ད་ལྟའི་གནས་སྐབས་ལ་སོ་ནམ་ཞིང་ལས་ཀྱི་ཐོག་ནས་གཏན་འཁེལ་བའི་འཚོ་རྟེན་ཞིག་ཆགས་དུས། ལས་མི་དེ་ཚོ་མང་ཆེ་བའི་བསམ་བློ་གཏོང་སྟངས་ལ་ང་ཚོ་འཛུགས་སྐྲུན་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན། ལས་མེད་ཀྱི་གནས་ཚུལ་འདི་དང༌། སོ་ནམ་གྱི་ཐོག་ལ་དཔལ་འབྱོར་དེ་འགྲོ་ཡི་ཡོད་པ་ཡིན་ན་དེའི་ལས་མི་གཉིས་དེ་འགྲོ་སྟངས་ཁག་ཁག་ལྟ་སྟངས་ཁག་ཁག་ཅིག་ཡོད་དུས། འཛུགས་སྐྲུན་གྱི་ཐོག་ལ་ལས་མེད་དེ་དག་གཞུང་རང་གི་འཆར་གཞིའི་ཐོག་ནས་ཁྲལ་གྱི་ཆག་ཡང་གཏོང་རྒྱུ་གཞུང་རང་གི་ཚོང་ལས་སྡེ་ཚན་ལ་ཆག་ཡང་གསར་པ་སྤྲད་ནས་ལས་མེད་ཉུང་དུ་གཏོང་རྒྱུའི་འཆར་གཞི་སྒྲིག་ཐུབ་ཀྱི་ཡོད་རེད། འདི་ང་ཚོ་བཙན་བྱོལ་གཞུང་གིས་བྱེད་ཐུབ་ཀྱི་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཞུང་རང་གིས་ལས་མེད་བསལ་རྒྱུའི་ཆེད་དུ་སྲིད་བྱུས་ཤིག་ཡོད་པ་ཡིན་ན། ང་ཚོས་དྲི་བ་གཏོང་དུས་སྐབས་དང༌། དེའི་ཐོག་ལ་བསམ་བློ་གཏོང་དུས་ཏོག་ཙམ་ཕན་ཐོགས་ས་རེད་འདུག་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་འཕྲོས་དོན་དྲི་བ་ཞེ་དྲགས་ཡག་པོ་དོན་ཕན་ཡོད་པ་དེ་འདྲ་གནང་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་གཞོན་ཟེར་བ་དེ་གང་འདྲ་ཞིག་ལ་རྩིས་ཀྱི་ཡོད་གསུངས་སོང༌། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་ལ་ན་གཞོན་རྩིས་སྟངས་འདྲ་མི་འདྲ་མང་པོ་ཡོད་རེད། ལོ་ ༦༠ བརྒལ་ཚར་ནའང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བྱེད་བསྡད་མཁན་དེ་འདྲ་ཡོད་རེད། འདིར་ལས་མེད་ ༢༢༨༩ ཟེར་རྒྱུ་དེའི་ལོ་དེ་ ༣༥ ལ་ཚད་བཟུང་བ་རེད། ལོ་ ༣༥ མན་ཆད་ཀྱི་གྲངས་ཀ་དེ་ཡིན་ཞུ་རྒྱུ་ཡིན། ལོ་ ༣༥ མན་ཆད་དེ་ན་གཞོན་ལ་བརྩིས་ནས་ཞིབ་འཇུག་བྱས་པ་ཞིག་རེད།
ས་ཞིང་ཡོད་པའི་གཞོན་སྐྱེས་དེ་ཚོ་ལས་མེད་ལ་རྩིས་ཀྱི་ཡོད་རེད་དམ་ཞེས་བཀའ་གནང་སོང༌། དེ་ལས་མེད་ལ་རྩིས་ཀྱི་མེད་ཞུ་རྒྱུ་ཡིན། ཡིན་ནའང་གཞིས་ཆགས་ཁག་གི་ཐོག་མའི་ས་ཞིང་གི་ཁྱོན་འབོར་དང་ད་ལྟའི་མི་འབོར་གཉིས་པོ་དེ་རྦད་དེ་དབྱེ་བ་ཆེན་པོ་ཞིག་ཕྱིན་བསྡད་ཡོད་རེད། དེ་ནས་ད་ལྟའི་མི་འབོར་གྱི་ནང་ལ་ས་ཁང་གི་ཐོབ་ཐང་རྩ་བ་ནས་མེད་པ་མང་པོ་ཞེ་པོ་ཞིག་གཞིས་ཆགས་ཁག་གི་ནང་ལ་འཁོར་ནས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་སོ་ནམ་གྱི་ཐོབ་སྐལ་ཡོད་མཁན་དེ་ཚོ་ལས་མེད་ཀྱི་ནང་ལ་རྩིས་ཀྱི་མེད་ཞུ་རྒྱུ་ཡིན།
ན་གཞོན་ལས་མེད་ཉུང་དུ་གཏོང་བའི་སྲིད་བྱུས་ཤིག་ཡོད་རེད་དམ་ཞེས་བཀའ་གནང་ཐད། སྲིད་བྱུས་ཞེ་དྲགས་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་གང་ཡང་ཡོད་མ་རེད་དེ། སྤྱིར་སྟངས་སྲིད་བྱུས་ཡོད་རེད་ཞུ་རྒྱུ་ཡིན། དཔེར་ན་ད་ལྟ་འདིར་བུ་ལོན་གཏང་རྒྱུའི་ལས་གཞི་དེ་ཚོའང་སྲིད་བྱུས་དེའི་འོག་ནས་ཡོང་བའི་ལས་འཆར་ཞིག་རེད། ལྷག་པར་དུའང་ལོ་འདིའི་ནང་གི་ཟླ་བ་འདི་རྫོགས་འགྲོ་དུས་གཅིག་བསྡུས་འཆར་གཞི་གསུམ་པའི་ལས་དུས་དེ་རྫོགས་འགྲོ་ཡི་ཡོད་རེད། གཅིག་བསྡུས་འཆར་གཞི་བཞི་པའི་ལས་དུས་དེ་ ༢༠༠༨ ཕྱི་ཟླ་ ༤ པའི་ཚེས་ ༡ ནས་བཙུགས་དགོས་པའི་བཟོ་འདྲ་ཞིག་ཡོད་རེད། ཡིན་ནའང་ཟླ་བ་ ༥།༦ རྗེས་ལུས་ཐེབས་ནས་ད་ལྟའང་གཅིག་བསྡུས་འཆར་གཞི་བཞི་པ་དེ་མཇུག་བསྡོམས་ཞུས་ཐུབ་ཡོད་མ་རེད། གཅིག་བསྡུས་འཆར་གཞི་བཞི་པ་མཇུག་བསྡོམས་ཞུས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་བསྡུས་འཆར་གཞི་གསུམ་པའི་སྐབས་ལ་ལས་གཞི་མང་པོ་ཞིག་ས་གནས་མང་ཚོགས་ཀྱི་བསམ་ཚུལ་དང་མ་བསྟུན་པ་བྱས་ནས་ལས་ཁུངས་ནང་ནས་བཟོས་བཞག་པ་མང་པོ་ཞིག་ཆགས་པ་ཡིན་ཙང༌། དེའི་དབང་གིས་ཕུན་སུམ་ཚོགས་པ་ཞིག་ཆགས་མི་འདུག ག་ས་ག་ནས་མང་ཚོགས་རང་གི་དངོས་འབྲེལ་དང་མཐུན་པ་ཞིག་ཡོང་དགོས་ཀྱི་འདུག་ཟེར་དུས་སྐབས་ལ་ལས་གཞི་བསྒྲིག་རྒྱུའི་དུས་ཚོད་དེ་ལྟར་དུ་འགྱངས་པ་རེད། གཅིག་བསྡུས་འཆར་གཞི་བཞི་པ་དེར་མིང་བཏགས་རྒྱུ་ཁོ་རང་ལ་གཞིས་ཆགས་བརྟན་ལྷིང་གི་འཆར་གཞི་གཙོ་བོར་གྱུར་པ་གཞི་རྐང་ང་ཚོས་ཤུགས་བརྒྱབ་ས་འཆར་གཞི་དེའི་རིགས་ལ་དམིགས་ཡུལ་གཙོ་བོ་དེ་གཞིས་ཆགས་ཁག་སྲ་བརྟན་བཟོ་རྒྱུ་དེ་རེད། གཞིས་ཆགས་ཁག་སྲ་བརྟན་བཟོ་རྒྱུའི་སྲིད་བྱུས་ཀྱི་ཡན་ལག་གི་ནང་ལ་གཞིས་ཆགས་ནང་ལ་ཡོད་པའི་ན་གཞོན་དེ་ཚོ་གཞིས་ཆགས་ནང་ལ་ལས་ཀ་རག་ཐུབ་རྒྱུ་དང༌། ས་ཞིང་ཡོད་མཁན་ཚོས་ས་ཞིང་བཏབ་རྒྱུ། མེད་མཁན་ཚོ་ཡང་གཞིས་ཆགས་ནང་ལ་བསྡད་ནས་ལས་རིམ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ལ་ལས་ཀ་བྱེད་ཐུབ་རྒྱུ་དེའི་དབང་གིས་གཞིས་ཆགས་སྲ་བརྟན་གྱི་འཆར་གཞི་དེའི་ནང་ལ་མང་ཆེ་ཤོས་ཤིག་སྒྲོམ་གཞིའི་འཛུགས་སྐྲུན་དང༌། དེ་མིན་པའི་འཆར་གཞི་གཞན་དག་གི་འཛུགས་སྐྲུན་བྱས་ནས་ཆུ་དང༌། གློག ལམ། Communication གྱི་ IT ལ་སོགས་པ་དེ་དག་གི་སྒྲོམ་གཞི་ཆ་ཚང་ཞིག་བཟོས་པ་ཡིན་ན། ན་གཞོན་དེ་ཚོ་སོ་སོའི་ས་གནས་རང་གི་ནང་ལ་སོ་སོས་ལས་གཞི་བརྩམ་རྒྱུ་དང་ལས་གཞི་བརྩམ་རྒྱུའི་ཆ་རྐྱེན་ཞིག་བཟོ་ཐུབ་ཀྱི་རེད་བསམ་དྲན་གྱི་ཡོད། བྱས་ཙང་གཅིག་བསྡུས་འཆར་གཞི་བཞི་པའི་ནང་ལ་གཙོ་བོ་དེ་ན་གཞོན་ལས་མེད་གཞིས་ཆགས་ཁག་གི་ནང་ལ་ཡོད་པ་དེ་དག་ཉུང་དུ་འགྲོ་རྒྱུ་གཅིག་དང༌། ཁ་ཐོར་ལ་ཡོད་པའི་ན་གཞོན་ལས་མེད་དེ་ཚོའང་གཞིས་ཆགས་ནང་ལ་ཕར་ཕྱིན་ན་ལས་ཀ་རག་ས་རེད་བསམ་པའི་དམིགས་ཡུལ་འདྲ་པོ་དེ་བོད་མི་ཁ་ཐོར་ལ་མི་འགྲོ་རྒྱུ་ཕྱོགས་བསྡོམས་བྱེད་ཐུབ་རྒྱུའི་དམིགས་ཡུལ་བཞག་ནས་གཅིག་བཟོ་བསྡད་ཀྱི་ཡོད་རེད། ད་དེ་ལམ་དུ་འགྲོ་གི་ཡོད་མེད་དེ་གང་ཡང་ཞུ་ཐུབ་ཀྱི་མི་འདུག
དེ་དང་ཕྱོགས་མཚུངས་པའི་བློན་ཆེན་ལྷན་ཁང་ཟུར་དུ་ཡོད་ན་ཡག་པོ་ཡོད་རེད་ཅེས་བཀའ་གནང་སོང༌། བློན་ཆེན་ལྷན་ཁང་ཟུར་དུ་བཙུགས་རྒྱུའི་འཆར་གཞི་ལྟ་ཡོད་མ་རེད་དེ། ད་གིན་འཕྲོས་དོན་དྲི་བ་སྔ་མ་ཞིག་གི་ལན་ལ་སྒྲིག་འཛུགས་དེ་བློན་ཆེན་སུའི་འོག་ལ་བསྡད་དགོས་ཀྱི་ཡོད་མེད་དང༌། གང་འདྲ་ཞིག་བྱེད་དགོས་ཀྱི་ཡོད་མེད་ང་ཚོས་བསྐྱར་བཅོས་ཤིག་བྱེད་ཀྱི་ཡོད་ཅེས་ཞུས་པ་ཡིན། མ་འོངས་པ་ལ་ལས་གཞི་འདིའི་ཐོག་ལ་བློན་ཆེན་ལྷན་ཁང་ཟུར་དུ་བཙུགས་དགོས་ཀྱི་ཡོད་ན། དེ་དགོས་མཁོ་ཆགས་པའི་ཉིན་མོ་དེར་ངེས་པར་དུ་བཙུག་གི་ཡིན་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
གོང་གི་བཀའ་འདྲི་ཞུས་པར་བཀའ་ལན་གསལ་པོ་ཞེ་དྲག་གནང་བ་དེར་དཔལ་ལྡན་བཀའ་ཁྲི་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་འཕྲོས་པའི་གནས་ཚུལ་ཁ་ཤས་ཤིག་གི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཆགས་སོང༌། རང་ཉིད་སྤྱི་ཚོགས་བདེ་དོན་དང༌། གཞིས་ཆགས་ལས་གཞི་ཚོགས་ཆུང་གི་ཚོགས་མི་ཡིན་པའི་ཆ་ནས་དམིགས་བསལ་འབྲེལ་བ་ཆེན་པོ་ཞིག་ཆགས་ཀྱི་འདུག དེས་བཀའ་འདྲི་ཞུ་དགོས་པ་ཆགས་སོང༌། དང་པོ་དེ་ ༢༠༠༥ ལ་ལས་མེད་ཞིབ་གཤེར་གནང་ནས་ ༢༢༨༩ དེའི་ནང་ནས། མཐོ་རིམ་སློབ་གྲྭ་དང༌། འཛིན་གྲྭ་བཅུ་གཉིས་ཐོན་པ་རེད། ཡང་མིན་ན་སོ་སོའི་སློབ་སྦྱོང་གི་གནས་ཚད་གང་འདྲ་ཡིན་མིན་དེའི་ཐོག་ལ་ཏན་ཏན་ཞིབ་འཇུག་གནང་ཡོད་པ་འདྲ། དེའི་ཐོ་གཞུང་དེ་ང་ཚོ་ལ་ཡིག་ཐོག་ནས་གནང་ན་འགྲིགས་ཀྱི་ཡོད་དམ་མེད། དེ་གཅིག་བཀའ་འདྲི་ཞུ་ཡི་ཡོད། དེ་ཚོགས་ཆུང་ལ་ཐུགས་ཕན་གསོ་ཀྱི་རེད། ཚོགས་ཆུང་ངོས་ནས་འཆར་གཞི་དེ་གྲོས་ཚོགས་ལ་སྙན་སེང་ཞུ་གི་རེད་ལ། ལྷོ་ཕྱོགས་ལ་ཞིབ་འཇུག་གནང་རྒྱུའི་ཕོམ་ཤོག་དང་ཚང་མ་བཟོས་གནང་ཚར་ཡོད་རེད། བྱས་ཙང་དེས་ཐུགས་ཕན་ཞེ་དྲག་གསོ་ཡི་རེད་བསམ་གྱི་འདུག
གཉིས་པ་དེ། སྦྱོང་བརྡར་འདྲ་མི་འདྲ་གནང་ཡོད་རེད་གསུང་གི་འདུག ལས་མེད་ཞིབ་གཤེར་གནང་ཚར་བའི་རྗེས་ལ་སྦྱོང་བརྡར་ག་རེ་ག་རེ་གནང་ཡོད་མེད་དམིགས་བསལ་ཁེ་ལས་ཀྱི་ཐོག་ལ་ཡིན་ནའང་རེད། འདི་འདྲའི་ཐོག་ལ་གནང་ཡོད་ན་དེའི་ཐོ་གཞུང་ཞིག་ཡོད་ན་དེ་གཅིག་གནང་རོགས་གནང་ཞུ་རྒྱུ་ཡིན།
གསུམ་པ་དེ། ཕྱག་རོགས་སྤྱི་འཐུས་ཁ་ཤས་ཀྱིས་གསུངས་སོང༌། གཞུང་ནས་ལས་མེད་ ༢༢༠༠ ལྷག་ཙམ་ནས་ ༡༡༣ ལ་ཐུགས་ཕན་གསོས་པ་དེ་ཧ་ལས་པའི་ཡག་པོ་རེད། དེར་བསྔགས་བརྗོད་ཡོད་རེད། ད་དུང་ཡང་བུ་ལོན་མང་དུ་གཏང་གནང་རྒྱུའི་འཆར་གཞི་ཡོད་པ་དེ་ལའང་བསྔགས་བརྗོད་ཞུ་ཡི་ཡོད། རྒྱབ་སྐྱོར་ཞུ་ཡི་ཡོད་རཻད། འདི་ལ་ཚད་ཅིག་ཡོད་པ་འདྲ་ཞིག་མཐོང་གི་འདུག དཔལ་ལྡན་བཀའ་ཁྲི་མཆོག་གིས་བཀའ་གནང་བཞིན་འདིའི་ནང་ལ་མང་ཆེ་བའི་བུ་ལོན་གཡར་རྒྱུའི་རྒྱུ་མཚན་དེ་ཚོ་ཚོགས་ཆུང་རྒྱབ་ཡས་ཀྱི་འཆར་གཞི་ཡོད་པ་མ་གཏོགས། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་རེད། མི་འབོར་ལ་དཔག་པའི་ཐོག་ནས་རེད། གཞིས་ཆགས་ཚང་མའི་ཐོག་ནས་ཚོང་པ་སྟོང་ཕྲག་གཉིས་གསུམ་ཡོང་ཁག་པོ་རེད་བསམ་གྱི་འདུག ས་གནས་ལ་དགོས་མཁོ་དེ་མེད་ན། ལས་ཀ་ཡིན་ནའང་རེད། ཚོང་ག་རེ་ཡིན་ནའང་ཕན་ཡོན་མེད་པ་ཡིན་ན། དེ་ལ་འགྲོ་འགྲོ་ཡས་ཡོད་མ་རེད། བུ་ལོན་གཡར་ན་འགྲིགས་ཡས་ཡོད་མ་རེད། དེ་ལས་ན་གཞོན་ལས་མེད་ལ་སློབ་ཡོན་གྱི་བུ་ལོན་གནང་རྒྱུའི་ལམ་སྲོལ་ཡོད་རེད་མ་རེད། དེ་གཅིག་ཞུ་རྒྱུ་ཡིན། སློབ་ཡོན་ཞེས་པའི་ཚིག་དེ་ཏག་ཏག་བསྡད་ཀྱི་ཡོད་དམ་མེད། སློབ་གྲྭ་དང་མཐོ་སློབ་སློབ་གྲྭ་ལའང་མཚམས་མཚམས་དངུལ་གྱི་དཀའ་ངལ་བཅས་དངུལ་མ་འདང་བ་དེ་ཚོ་ལ་བུ་ལོན་གཡར་དགོས་རྒྱུའི་གནས་ཚུལ་དང༌། དེ་ལས་གལ་ཆེ་བ་གཅིག་སྟོང་ཕྲག་གཉིས་ནང་ལ་ཁག་གཅིག་ཟླ་བ་གསུམ་བཞི། ཡང་ན་དྲུག་བདུན། ཡང་ན་ལོ་གཅིག་གི་དམིགས་བསལ་སྦྱོང་བརྡར་ Computer Specialist ཟེར་ནའང་རེད། གློག་གི་ལས་ཀ་ཡིན་ནའང་རེད། Mechanical ག་རེ་ཡིན་ནའང་གཞུང་གི་འཆར་གཞི་དེ་འདྲ་ཞིག་ཡོད་རེད། ཡང་གཞུང་གི་སྦྱོང་བརྡར་ནང་ལ་མ་ཕེབས་པར་ས་གནས་རང་ལ་དངུལ་བཏང་ནས་ལས་མེད་ལ་ཐབས་ཤེས་གནང་བ་ལས་དངུལ་གྱི་དཀའ་ངལ་ཐོག་ནས་དེ་འདྲར་འགྲོ་མ་ཐུབ་པ་ཡིན་ན། གཞུང་ངོས་ནས་སློབ་ཡོན་བུ་ལོན་གཡར་ཡས་ཡོད་པ་ཡིན་ན་ཡག་པོ་འདུག རང་ཉིད་ཡིན་ནའང་ད་ལྟ་འདིར་སླེབས་ཐུབ་པ་དེ་ཨ་རིའི་གཞུང་གིས་ང་ཚོ་ལ་སློབ་ཡོན་གྱི་བུ་ལོན་གཡར་ནས་མཐོ་སློབ་ཐོན་ཐུབ་པ་བྱས། དེ་ནས་སོ་སོས་ལས་ཀ་ཞིག་རག དེ་ནས་མི་མང་ནས་ཡིད་ཆེས་གནང་ནས་གོ་སྐབས་ཤིག་གནང་བ་རེད། འདི་འབྱོར་ལྡན་རྒྱལ་ཁབ་བམ་དཔལ་འབྱོར་བཟང་པོ་ཡོད་པ་ཚང་མའི་ཁྱད་ཆོས་དམིགས་བསལ་ཞིག་རེད་བསམ་གྱི་འདུག གཞུང་ནས་མི་མང་ལ་དེ་འདྲ་ཡིད་ཆེས་བྱས། བུན་ནག་འགྲོ་བའི་ཉེན་ཁ་ཏན་ཏན་ཡོད་རེད། ཡིན་ནའང་མི་མང་ལ་ཡིད་ཆེས་བྱས་ནས་འབུམ་ ༡།༢ ཕ་གི་ལ་ཡིན་ན་ཨ་སྒོར་ ༢།༣ གཡར་ནས་མཇུག་མ་མི་དེས་ལས་ཀ་ཞིག་རག་པའི་སྐབས་ལ། ལས་ཀ་མ་རག་པའི་བར་དུ་སྐྱེད་ཀ་ཞུ་ཡི་ཡོད་མ་རེད་ཞུ་རྒྱུ་ཡིན། སྐྱེད་ཀ་དགོས་རེད་ཟེར་བ་དེ་སློབ་སྦྱོང་ཐོན་ནས་ཟླ་བ་དྲུག་གི་རྗེས་ལ་གཞི་ནས་སྐྱེད་ཀ་ཆུང་ཆུང་ཞིག་བྱས། ལོ་ལྔའི་འཆར་འགོད་ཡིན་ནའང་རེད། འཆར་འགོད་བྱས་ན་སྤྲད་རྒྱུ་བཟོ་གི་ཡོད་རེད། དེ་འདྲ་བྱུང་ཙང་ལས་མེད་མང་པོ་ཞིག་གི་དཀའ་ངལ་བསངས་ཀྱི་ཡོད་རེད་ཞུ་རྒྱུ་ཡིན་དང༌། ང་ཚོ་བོད་གཞུང་ནས་དེ་འདྲའི་འཆར་གཞི་མེད་པ་ཡིན་ན། འདི་འདྲ་ཞིག་དགོངས་པ་བཞེས་ཡས་གལ་ཆེན་པོ་ཞེ་དྲག་མཐོང་གི་འདུག སློབ་ཡོན་གནང་བ་དེ་གང་མིན་ཚད་ཡག་པོ་རེད། ད་ཅི་གཅིག་གིས་གསུང་གི་འདུག ངཚོས་རྟག་པར་རོགས་རམ་གནང་ནས་རོགས་རམ་ལ་རེད། ག་རེ་ཡིན་ནའང་ Free ཟེར་ནས་གནང་བ་མ་གཏོགས། སོ་སོས་འགན་འཁུར་བའི་ཐོག་ནས་བུ་ལོན་གཡར། སློབ་སྦྱོང་ཐོག་ལ་ཡིན་ནའང་རེད། ལམ་སྲོལ་མེད་པ་ཡིན་ན་རང་བཞིན་གྱིས་ང་ཚོའི་སྤྱི་ཚོགས་དེ་ག་པར་སླེབས་ཀྱི་ཡོད་མེད་དེ་ཞུ་མི་དགོས་པ་རེད། དེའི་ཐོག་ལ་ང་རང་སེམས་འཚབ་ཆེན་པོའི་ཐོག་ནས་ཐབས་ལམ་ཞིག་མཐོང་གི་འདུག ལས་མེད་ ༢༠༠༠ ལྷག་ཙམ་ལ་བུ་ལོན་དེ་བོད་གཞུང་ནས་མ་གཏོགས་གཞན་པ་ནས་གཡར་ཡས་ཡོད་མ་རེད་ཞུ་རྒྱུ་ཡིན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་ Bankདང་དངུལ་ཁང་དེ་འདྲ་ཡོད་མ་རེད། སྒེར་གྱི་ཐོག་ནས་དེ་འདྲའི་དངུལ་གཡར་གནང་མཁན་ཧ་ཅང་དཀོན་པོ་ཆགས་ཀྱི་ཡོད་རེད། ང་ཚོའི་མི་མང་ནས་བཅོལ་བཞག་པའི་དངུལ་མང་པོ་ཞིག་ནི་ཕྱིར་སློག་གནང་ཙང་ཡོད་མ་རེད། བཀའ་འདྲི་ཞུ་རྒྱུར་འདིའི་ལམ་སྲོལ་ཡོད་དམ་མེད། འདི་འདྲ་ལ་གནང་རྒྱུའི་དགོངས་བཞེས་ཡོད་དམ་མེད་ཅེས་ཞུ་རྒྱུ་ཡིན། དེ་ནས་སྡེ་ཚན་ཞིག་ལོགས་སུ་ཡོད་རེད་གསུང་གི་ཡོད་རེད། སྔོན་མ་ཞིབ་འཇུག་གནང་དུས་ལའང་ས་གནས་མང་པོ་དང་འབྲེལ་བ་འདུག ས་གནས་ཀྱི་གཞིས་འགོ་དང་བདེ་དོན་གྱིས་ལས་མེད་ཐོག་དམིགས་བསལ་གྱིས་ཐུགས་ཁུར་ཐུགས་འགན་ག་རེ་ག་རེ་བཞེས་ཀྱི་ཡོད་རེད། བཞེས་པ་བྱུང་ཡོད་རེད་དམ་ཡོད་མ་རེད། དེ་བཞིན་དུ་དབུས་ནས་འདི་འདྲའི་ཐོག་ལ་ས་གནས་ལ་ལས་ཀ་འཚོལ་རྒྱུ་རེད། ཁོང་ཚོ་ལ་མཐུན་འགྱུར་ལམ་སྟོན་གནང་རྒྱུའི་འཆར་གཞི་ཡོད་རེད་དམ་ཡོད་མ་རེད། གནང་བ་བྱུང་ཡོད་རེད་དམ་ཡོད་མ་རེད།

བཀའ་ལན།
ཐོ་གཞུང་སྤྲད་ཐུབ་ཀྱི་རེད་དམ་གསུངས་པ་དེ་འཕྲོས་དོན་དྲི་བ་ཆགས་ཀྱི་ཡོད་ན་འབུལ་ཐུབ་ཀྱི་རེད་ཞུ་རྒྱུ་ཡིན།
སློབ་ཡོན་བུ་ལོན་སྤྲད་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་གནང་ཐད། དེ་འཆར་གཞིའང་མེད་ལ་བློ་ཁོག་ཀྱང་མེད་ཞུ་རྒྱུ་ཡིན། སློབ་ཡོན་བུ་ལོན་སྤྲད་ནས་སློབ་སྦྱོང་ཐོན་པའི་རྗེས་ལ་བུ་ལོན་སློག་རྒྱུ་དེ་ད་ལྟ་ང་ཚོ་མི་རབས་ཁ་ཤས་འགོར་གྱི་རེད་བསམ་གྱི་འདུག
དེ་ནས་འཕྲོས་དོན་དྲི་བ་གསུམ་པ་དེ་ལ་མི་ ༢༠༠༠ ལས་མེད་ཡོད་པ་དེ་ཚོའི་ནང་ནས་སྦྱོང་བརྡར་སྤྲད་པ་དེ་འདྲ་བྱུང་ཡོད་རེད་དམ་ཞེས་གསུངས་ཐད། ད་ལྟ་འདིའི་ནང་ལ་སྦྱོང་བརྡར་གྱི་སྐད་ཆ་དེ་ཟུར་དུ་ཡིན་ཙང༌། བུ་ལོན་གྱི་སྐོར་དང་འབྲེལ་བ་ཆགས་བསྡད་ཡོད་རེད། ནིལ་མངྒལམ་སྦྱོང་བརྡར་ཁང་ལ་ལོ་ལྟར་མི་བརྒྱ་སྐོར་ཞིག་ལ་སྦྱོང་བརྡར་སྤྲད་བསྡད་ཀྱི་ཡོད་རེད། དེའི་ནང་ནས་མི་ ༣༠༠།༤༠༠ ཙམ་ལ་སྦྱོང་བརྡར་སྤྲད་ཚར་བ་རེད། སྦྱོང་བརྡར་ཐོན་ཏེ་ཕྱག་ལས་གནང་ནས་བུ་ལོན་ལེན་མཁན་ཡང་རེ་ཟུང་བྱུང་ཡོད་རེད། དེ་མིན་པ་དེ་ཚོ་སྡེ་ཚན་འདྲ་པོ་ལོགས་ཀ་གཅིག་རེད། སྦྱོང་བརྡར་ནང་ལ་ལས་གཞི་མི་འདྲ་བ་ ༡༥།༢༠ ཙམ་ཟླ་བ་ ༦ ནས་ལོ་ ༡ གམ། ལོ་ ༡ དང་ཟླ་བ་ ༦ དེ་འདྲའི་བར་ལ་སྦྱོང་བརྡར་སྤྲོད་རྒྱུའི་ལས་གཞི་ཞིག་ལྷོ་ཕྱོགས་ལ་འགྲོ་བཞིན་པ་ཡིན་ཞེས་ཞུ་རྒྱུ་ཡིན།
དེ་ནས་མི་སོ་སོ་ས་གནས་ནས་དུས་ཐུང་གི་སྦྱོང་བརྡར་སྤྲད་རྒྱུ་ལ་གཞུང་གིས་བུ་ལོན་གནང་གི་རེད་དམ་ཞེས་བཀའ་གནང་ཐད། དེ་ལ་བུ་ལོན་སྤྲད་རྒྱུའི་ལས་གཞི་མེད་ཅེས་ཞུ་རྒྱུ་ཡིན། ཡིན་ནའང་སོ་སོ་སོ་སོས་སྦྱོང་བརྡར་ལ་འགྲོ་རྒྱུའི་ཆེད་དུ་སློབ་ཡོན་ཞུ་གི་ཡོད་པ་དང༌། སློབ་ཡོན་ཐོབ་ཐང་ཡོད་པ་དེ་འདྲ་ཆགས་པ་ཡིན་ན། ནང་སྲིད་ནས་དམིགས་བསལ་སློབ་ཡོན་བྱེད་རྒྱུ་དེ་འདྲའི་འཆར་གཞི་བཟོ་ཆོག་གི་རེད་ཞུ་རྒྱུ་ཡིན། ས་གནས་འགོ་འཛིན་དེ་ཚོས་དུས་རྒྱུན་དུ་ལས་མེད་དང་གཞུང་གི་རོགས་སྐྱོར་གཉིས་ཀྱི་བར་ལ་མཚམས་འདྲ་པོ་སྦྱོར་མཁན་དེ་ཚང་མ་ས་གནས་འགོ་འཛིན་རེད། ས་གནས་འགོ་འཛིན་སོ་སོས་ས་གནས་ཀྱི་ལས་མེད་ཚོར་ལྟ་སྐྱོང་གང་ཐུབ་ཞུ་ཡི་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ནས།
ད་ཅི་བཀའ་བློན་ཁྲི་པ་མཆོག་ནས་བཀའ་གནང་བའི་ནང་ན་གཞོན་ལས་མེད་ས་གནས་ཁག་ལ་ག་ཚོད་ག་ཚོད་བྱུང་ཡོད་མེད་དེ་བཀའ་གནང་དུས། བལ་ཡུལ་ཁུལ་ལ་ཁྱོན་བསྡོམས་ནས་ ༢༥༠ ལྷག་ཙམ་ཆགས་ཀྱི་འདུག་ལགས། ཆ་རྐྱེན་གཙོ་བོ་གཅིག་ཕལ་ཆེར་སྐྱབས་བཅོལ་ལག་འཁྱེར་དེ་དགོས་ཀྱི་ཡོད་པ་བཀའ་གནང་སོང་བསམ་བསམ་བྱུང༌། བྱས་ཙང་དེ་ཡིན་པ་ཡིན་ན་བལ་ཡུལ་ལ་བཞུགས་གདན་འཇགས་མཁན། ལྷག་པར་དུ་སྐྱབས་བཅོལ་བ་རྒན་པའི་མི་རབས་དེའི་གཞོན་པ་ཚོ་ཡར་ཚར་ལོངས་གནང་བཞག་པ་ཁོ་ཚོའི་ནང་ནས་ན་གཞོན་ལས་མེད་དེ་ཚོའི་གྲས་ལ་སྐྱབས་བཅོལ་ལག་འཁྱེར་ཧ་ལམ་མི་འདུག་བསམ་བསམ་འདྲ་ཞིག་བྱུང་སོང༌། ཁ་སེང་རང་ང་ཚོས་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ་ཡིན། དེའི་ཐོག་ལ་ཡིན་ནའང་རེད། ཁོ་རང་ཚོ་ལ་བཀའ་འདྲི་ཞུས་དུས་མང་ཆེ་བ་ལ་མི་འདུག ཁོ་རང་ཚོའི་གྲས་ལ་བུ་ལོན་གཡར་རྒྱུའི་ཐོག་ལ་དམིགས་བསལ་གྱིས་བལ་ཡུལ་ལ་སྐུ་ངལ་ཡོད་པ་དེ་གཞུང་ནས་མཁྱེན་མཁྱེན་པ་ཡིན་ཙང་དེའི་ཐོག་ལ་དམིགས་བསལ་གྱིས་དགོངས་བཞེས་གནང་གི་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
ད་ལྟ་ཕན་ཆད་ལ་བལ་ཡུལ་ནང་ལ་བུ་ལོན་བཏང་བ་གཅིག་ཀྱང་བྱུང་ཡོད་མ་རེད། ཕལ་ཆེར་སྙན་ཞུ་གཏོང་མཁན་ཡང་ཧ་ལམ་བྱུང་ཡོད་མ་རེད་བསམ་གྱི་འདུག མ་འོངས་པ་ལ་བལ་ཡུལ་གྱི་ནང་ལ་མི་དེ་ཚོས་སོ་སོའི་འཚོ་ཐབས་བཙལ་ནས་འགྲོ་ཐུབ་པའི་གནས་བབ་ཅིག་བྱུང་བ་ཡིན་ན། སྐྱབས་བཅོལ་ལག་འཁྱེར་ཁོ་ནའི་ཐོག་ལ་འགན་ཞིག་ཡོད་པ་ཡིན་ན་དེའི་ཐོག་ལ་འཛིན་སྐྱོང་གི་ངོས་ནས་ཏན་ཏན་བསྐྱར་ཞིབ་བྱེད་རྒྱུ་ཡོད་རེད་བསམ་གྱི་འདུག བསྐྱར་ཞིབ་བྱེད་ཀྱི་ཡིན་ཞེས་ཞུ་གི་མེད་ཀྱང༌། དེ་རྐྱང་རྐྱང་གི་ཐོག་ལ་བཀག་དགོས་ཀྱི་ཡོད་མ་རེད་བསམ་གྱི་འདུག ཡིན་ནའང་དེའི་སྔོན་ལ་བུ་ལོན་བླངས་ནས་ལས་གཞི་བརྩམ་ཐུབ་པའི་གནས་བབ་དགོས་པ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་བསྟན་འཕེལ་ལགས་ནས།
སྤྱི་ཡོངས་ནས་ལས་དོན་དེའི་ཐོག་ལ་བསྔགས་བརྗོད་འོས་པ་རེད་འདུག ང་ཚོ་ཆོས་ཕྱོགས་ནས་བཤད་ན་ཐེག་པ་ཆེན་པོའི་སྡེ་སྣོད་དེ་ཚོ་ལས་སོ་སོའི་འཁོར་བསྡུ་རྒྱུར་བསྡུ་བ་རྣམ་པ་བཞི་ཡི་ཐོག་ནས་དང་པོ་སྦྱིན་པ་དང༌། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པའི་ཐོག་ནས་འཁོར་བསྡུ་ཡི་ཡོད་རེད། དེ་ནང་བཞིན་ང་ཚོའི་གཞུང་ཐེག་པ་ཆེན་པོ་ཆགས་ཀྱི་མ་རེད་ལ་ཆགས་དགོས་ཡས་ཀྱང་ཡོད་མ་རེད། དེ་དང་ཕྱོགས་མཚུངས་ད་ལྟའི་ན་གཞོན་དེ་ཚོ་གཞུང་གི་ཕྱོགས་ལ་འཁོར་ཐུབ་ཡས་དང༌། སོ་སོའི་རྐང་པའི་སྒང་ལ་ལངས་ཐུབ་རྒྱུའི་ལས་གཞི་དེ་ཚོའི་རིགས་ལ་དངོས་གནས་ཀྱི་ཡག་པོ་རེད་ཅེས་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པར་ལས་གཞི་དེ་འདྲའི་རིགས་གསར་གཏོད་གནང་ཐུབ་ན། གསར་གཏོད་གནང་མཁན་དེ་ཡང་མཛངས་མིའི་གྲས་ལ་བརྩི་ཆོག་པ་དང༌། ཆེ་ས་ལའང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ད་ལྟ་འཕྲོས་དྲི་བ་དེ་ལ་ཕྱི་ལོ་ ༢༠༠༥ ལོའི་ན་གཞོན་ལས་མེད་ཞིབ་བཤེར་བྱེད་སྐབས་སུ་བུན་གཏོང་གི་ལས་གཞི་དེ་ཁོ་ནའི་ཆེད་དུ་ཞིབ་བཤེར་བྱས་པ་རེད། ཡང་ན་དེ་ལས་གཞན་པའི་ཐོག་ནས་ཞིབ་བཤེར་བྱས་པ་རེད། དྲི་བ་གཅིག་དེ་ཡིན།
གཉིས་པ་དེ་ལ་མ་འོངས་པར་ལས་མེད་དེ་ཚོ་ལ་སྲིད་བྱུས་ཤིག་འཛིན་ནས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་བཏང་སྟེ་ན་གཞོན་ལས་མེད་ཐོག་ཞིབ་བཤེར་བྱ་འཆར་ཡོད་དམ་མེད། ས་གནས་གསུམ་པ་དེ་ལ་ད་ལྟ་བཀའ་བློན་ཁྲི་པས་ལ་དྭགས་ཀྱི་ས་གནས་འགོ་འཛིན་ཁོངས་ནས་ཚབ་ཚུབ་ཀྱི་ཐོག་ནས་སྙན་ཞུ་གཏོང་མཁན་མང་བ་སླེབས་ཀྱི་འདུག་ལ་བུན་གཏོང་དེ་ཡང་མང་ཆེ་བ་དེའི་ཕྱོགས་ལ་འགྲོ་ཡི་འདུག་ཅེས་གསུང་གི་འདུག ས་གནས་འགོ་འཛིན་ཁག་ལ་ལས་དོན་ཚགས་ཚུད་མིན་གྱི་ཐོག་ལ་བཀའ་ཤག་གི་ངོས་ནས་སྤྱི་མཚུངས་ཀྱི་བཀོད་ཁྱབ་བཏང་ཡོད་དམ། མ་འོངས་པར་དེའི་རིགས་དོ་སྣང་སྤྲད་དགོས་མིན། དེ་བཞིན་ས་གནས་ཁག་ལ་བཀོད་ཁྱབ་གཏོང་འཆར་ཡོད་དམ།

བཀའ་ལན།
ང་ཚོའི་ད་ལྟ་བུ་ལོན་གཏང་རྒྱུ་དེ་མཁོ་བར་གཡར་བ་རེད་མ་གཏོགས། མཁོ་བར་སྦྱིན་པ་མ་རེད། དེ་ཡིན་དུས་བསྡུ་བ་རྣམ་བཞིའི་ནང་ཚུད་པར་ཕལ་ཆེར་རེ་བ་ཆུང་ཆུང་ཡིན་གྱི་རེད་བསམ་གྱི་འདུག བསྡུ་བ་རྣམ་བཞིའི་ནང་ཚུད་པར་མཁོ་བར་སྦྱིན་དགོས་རེད། མཁོ་བར་གཡར་བ་ཙམ་མ་ཟད་ད་དུང་སྐྱེད་ཀ་ཆུང་ཆུང་ཞིག་ལེན་ནས་གཡར་བ་དེ་ཕན་ཐོགས་ཡོད་ཀྱི་མ་རེད་བསམ་གྱི་འདུག ༢༠༠༥ ལ་ཞིབ་འཇུག་བྱས་པ་དེ་བུན་གཏོང་ལས་གཞི་རྐྱང་རྐྱང་མ་རེད། ང་ཚོ་འདིར་ན་གཞོན་ལས་མེད་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་ཡོད་རེད། བུན་གཏོང་ལས་གཞི་ཡོད་རེད། སྦྱོང་བརྡར་ལས་གཞི་ཡོད་རེད། ལས་འཚོལ་ལས་གཞི་ཡོད་རེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་དགོས་མཁོ་སྤྲད་པའི་ལས་གཞི་ཡོད་རེད། བྱས་ཙང་ལས་གཞི་ཚང་མའི་ཆེད་དུ་ཞིབ་འཇུག་དེ་ཞུས་པ་རེད། ད་ལྟ་ལས་མེད་ཀྱི་མི་འབོར་ཉམས་ཞིབ་བསྐྱར་དུ་བྱ་རྒྱུའི་འཆར་གཞི་མེད་པ་བཅས་གོང་དུ་ཞུས་ཚར་བ་ཡིན། གང་ཡིན་ཟེར་ན་ད་ལོ་ཕྱི་ཟླ་ ༦ པའི་ནང་ལ་མི་འབོར་ཞིབ་བཤེར་དེ་ཡོང་གི་ཡོད་རེད། དེའི་ནང་ལ་ལས་མེད་གང་ཡིན་པ་དེ་གསལ་པོ་བྱས་ནས་ཐོན་གྱི་རེད་ཞུ་རྒྱུ་ཡིན། དེ་ནས་ས་གནས་འགོ་འཛིན་ཁག་ལ་སྤྱི་མཚུངས་ཀྱི་ཚགས་ཚུད་པོ་བྱེད་དགོས་རེད་ཅེས་ནམ་རྒྱུན་ནས་བཤད་ཀྱི་ཡོད་ལ་མ་འོངས་པ་ལའང་བཤད་རྩིས་ཡོད། ཡིན་ནའང་ས་གནས་འགོ་འཛིན་སོ་སོས་ང་ཚོའི་སར་སྙན་ཞུ་གཏོང་མཁན་ཡོང་གི་མིན་འདུག སྙན་ཞུ་གཏོང་མཁན་ལ་བཙན་དབང་གཏང་དགོས་རེད་ཟེར་བ་དེ་ཧ་ཅང་གི་བཤད་ཁག་པོ་རེད། ཡིན་ནའང་ཁོང་རང་ཚོས་གང་ཐུབ་ཐུབ་བྱེད་དགོས་རེད་ཅེས་ང་ཚོས་ལབ་ཀྱི་ཡིན།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
ད་ལྟའི་ལས་གཞི་དེ་ང་ཚོ་བཙན་བྱོལ་གཞུང་ནང་སྲིད་ལས་ཁུངས་ཀྱི་བོད་པའི་སྤྱི་ཚོགས་ནང་ལ་གནང་བཞག་པའི་ལས་གཞི་གལ་ཆེ་ཤོས་སམ་ཕན་ཐོགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། ད་ལྟ་བར་དུ་དེའི་རིགས་ཕན་ཐོགས་ཆེན་པོ་བྱུང་འདུག་ལ་རང་ཉིད་ཀྱི་ངོས་ནས་བསྔགས་བརྗོད་དང༌། རྗེས་སུ་ཡི་རང་ཞུ་འདོད་བྱུང་སོང༌། ཕྱག་རོགས་སྤྱི་འཐུས་ཤིག་ནས་ས་གནས་འགོ་འཛིན་ལས་འཕྲོས་པའི་སྐོར་དྲི་བ་ཞིག་བཏང་དུས་དེའི་ལན་འདེབས་ལ་ས་གནས་འགོ་འཛིན་ལ་བཙན་བཀའ་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་སོང་སྟེ། བཙན་བཀའ་མི་དགོས་པར་ས་གནས་འགོ་འཛིན་དེ་དང་དེའི་ཁྱབ་ཁོངས་ནས་བུན་གཏོང་ལས་གཞིའི་ཐོག་ལ་འཛུལ་ཞུགས་ཞེ་དྲག་ཡོང་མི་ཐུབ་མཁན་དང༌། ཕན་ཐོགས་ཞེ་དྲག་ཡོང་མི་ཐུབ་མཁན་གྱི་ས་ཁུལ་དེའི་རིགས་ལ་དམིགས་བསལ་གྱིས་ལམ་སྟོན་ counseling བཙུགས་ཏེ་གཞོན་སྐྱེས་རྣམས་ uplift དོ་སྣང་ཡོང་བ་དང༌། ཚང་མ་ཆ་སྙོམས་ཤིག་ཡོང་བར་འབད་བརྩོན་ནམ་འཆར་གཞི་ཡོད་དམ་མེད་ཞུ་རྒྱུ་ཡིན།

བཀའ་ལན།
དེ་ལྟར་ཡོང་ཐུབ་ཀྱི་རེད་ཞུ་རྒྱུ་ཡིན།

ཏིབྦཏ་དེཤ་དང་ཧིམཱལཡ་པརིབཱར་གཉིས་ཀྱི་ཐོག་གསལ་བཤད།
རྒྱ་གར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ཡོངས་སུ་རྫོགས་པའི་ལོ་གཅིག་གི་ནང་ལ་འཕགས་བོད་འབྲེལ་མཐུད་ནས་མཐུན་འགྱུར་ཞུ་དགོས་པའི་ལས་འགུལ་གང་བརྩམ་མིན་དེ་ Core group ཚོགས་འདུའི་ནང་ཐག་བཅད་ནས་ཡོང་གི་ཡོད་རེད། རྒྱབ་སྐྱོར་ཚོགས་པའི་ཁོངས་ནས་ཁྲི་གཉིས་ཞུས་པ་དེར་ལས་གཞི་ཞིག་ཏན་ཏན་ཡོད་མདོག་ཁ་པོ་རེད། ལས་གཞི་གང་ཡིན་པ་ཟུར་འཛར་ནང་གསལ་པོ་མི་འདུག གང་ལྟར་ཚོགས་འདུ་ཚོགས་པ་དང་དཔར་བསྐྲུན་སོགས་ལ་དགོས་པ་ཞིག་རེད་འདུག ས་གནས་སོ་སོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་ཚགས་ཚུད་ཡོང་མིན་དེར་ཕྱི་དྲིལ་ལས་ཁུངས་དང་འཕགས་བོད་འབྲེལ་མཐུད་ཀྱིས་ཕན་ནུས་ཞེ་དྲགས་འབྱུང་གི་མི་འདུག ས་གནས་སོ་སོར་ཡོད་པའི་བོད་མི་ཚོས་ཇི་ཙམ་མཉམ་ཞུགས་བྱེད་མིན་དང༌། བོད་མི་ཚོ་མཉམ་དུ་ཁོ་རང་ཚོའི་འགོ་ཁྲིད་འོས་བསྡུ་བྱེད་སྟངས་སོགས་ས་གནས་སོ་སོས་གང་བྱེད་པ་དེ་འགྲོ་ཡི་ཡོད་རེད། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཆེ་བ་སྡེ་ཚན་གཉིས་ནང་བསྡུས་པ་རེད། འཕགས་བོད་མཛའ་འབྲེལ་ཚོགས་པ་Bharat Tibbat Maitri Sanghདང་འཕགས་བོད་མཐུན་འགྱུར་སྡིངས་ཆ་Bharat Tibbat Sahyog Manchརེད། དེ་གཉིས་པོར་དབུས་ལས་ཁུངས་རེ་ཡོད་རེད། ས་གནས་སོ་སོའི་ཡན་ལག་དེ་ཚོའི་ལས་དོན་བྱེད་ཕྱོགས་ཐོག་ལ་སྐུ་ངལ་ཡོད་ཚེ། དེ་གང་གི་ཁོངས་སུ་གཏོགས་པའི་དབུས་ཀྱི་འགོ་ཁྲིད་རྣམ་པ་ཚོ་ལ་ས་གནས་སོ་སོའི་མང་ཚོགས་ནས་བཀའ་མོལ་གནང་ཐུབ་པ་ཡིན་ན། ཡག་པོ་ཡོང་གི་རེད་བསམ་གྱི་འདུག ཏིབྦཏ་དེཤ་ཟེར་བ་དེ་ད་ལྟ་ཕན་ཆད་ལ་ཟླ་བ་གཉིས་ནང་རེ་རེ་ཐོན་གྱི་ཡོད་རེད། ཐོན་ཐེངས་རེར་ཕལ་ཆེར་ཆིག་སྟོང་ཙམ་སྤར་གྱི་ཡོད་རེད། ཡིན་ནའང་དཔར་བརྒྱབ་རྒྱུ་དང་རྩོམ་སྒྲིག་བྱེད་རྒྱུ་ཚང་མ་ཆོད་གན་ཐོག་ནས་རེད། ང་ཚོས་རེ་རེ་བཞིན་བྱེད་ཀྱི་ཡོད་མ་རེད། འགྲོ་སོང་དེ་ན་ནིང་དང་གཅིག་མཚུངས་བཞག་ཡོད། དཔར་ཆིག་སྟོང་ལྷག་ཙམ་རྒྱག་གི་ཡོད་རེད། ཧིམཱལཡ་པརིཝཱར་Himalaya Parivaarཟེར་བ་དེ་མཐའ་གཅིག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མ་རེད། དེ་ལས་གཞན་པའི་ལས་འགུལ་མང་པོ་རྩོམ་གྱི་ཡོད་རེད། ཡིན་ནའང་བརྒྱུད་ནས་བོད་དོན་རྐྱང་པའི་ཚོགས་འདུ་ཚོགས་པ་དང༌། བོད་དོན་རྐྱང་པའི་ལས་ཀ་བྱེད་པའི་སྐབས་སུ། འཕགས་བོད་འབྲེལ་མཐུད་ནས་མཐུན་འགྱུར་ཞུ་བཞིན་པ་རེད། འདས་པའི་ལོ་ལྟ་བུར་མཚོན་ན། ཧིམཱལཡ་པརིཝཱར་ངོས་ནས་བོད་དོན་ཐོག་ལ་ལྡི་ལི་དང་ས་གནས་གཞན་ལ་ཚོགས་འདུ་བསྐོང་བ་དེ་འདྲ་མང་པོ་བྱུང་བ་རེད། ཁོ་རང་ཚོས་ལས་དོན་བྱེད་སྐབས་ང་ཚོས་དཔལ་འབྱོར་མཐུན་རྐྱེན་སྐྲུན་གྱི་ཡོད་མ་རེད་ཀྱང༌། ང་རང་ཚོའི་མི་འགྲོ་བ་དེ་འདྲ་ཡོང་གི་ཡོད་རེད། བྱས་ཙང་ཧིམཱལཡ་པརིཝཱར་ནང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་མང་པོ་བྱེད་ཀྱི་ཡོད་རེད་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥