གྲོས་ཆོད་དང་ཁྲིམས་གཞིའི་ཁྱད་པར།

དཔལ་ལྡན་བཀའ་བློན་ཁྲི་པའི་གསུང་བཤད་ནང༌། སྤྱི་འཐུས་སྒེར་གྱིས་བཏོན་པའི་གྲོས་འཆར་ཞིག་ཡིན་ཙང་དེ་ལ་སྤྱི་མོས་དང་མང་མོས་ཀྱི་ཐག་གཅོད་བྱུང་བ་ཡིན་ན་ཁྲིམས་ཡིག་ཅིག་ཆགས་ཀྱི་ཡོད་དམ་ཞེས་དྭོགས་སློང་གནང་བ་འདི་ལ་ཚོགས་གཙོས་ལམ་སྟོན་ཞིག་ཞུ་དགོས་གལ་ཆེ་བར་མཐོང༌། སྤྱིར་བཏང་ཁྲིམས་དང་གྲོས་ཆོད་གཉིས་ཐ་དད་རེད། ཁྲིམས་བཟོའི་ལས་དོན་གྱི་འོག་ཏུ་ལས་འཆར་གང་རུང་ཞིག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་བགྲོ་གླེང་གནང་སྟེ་ཐག་གཅོད་བྱེད་པའི་སྐབས་སུ་རིམ་པ་གཉིས་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་པ་ཙམ་གྱིས་འགྲིག་པའི་སྒྲིག་གཞིའི་རིགས་ལ་ཁྲིམས་ཞེས་བརྗོད་ཀྱི་མེད། སྒྲིག་གཞིའི་རིགས་འདི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ཆོག་པ་དང༌། འཛིན་སྐྱོང་གི་ངོས་ནས་བཟོ་ཆོག་པ་སོགས་རྣམ་གྲངས་མང་པོ་ཞིག་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཤིག་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བ་དེ་རིགས་ལ་ཁྲིམས་ཞེས་བརྗོད་པ་ཡིན།
གྲོས་ཚོགས་ཀྱིས་ཐག་གཅོད་བྱས་པའི་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་ན། དེ་ལ་འཛིན་སྐྱོང་གིས་དྭང་བླངས་བྱས་ཏེ་ཕྱག་ལེན་བསྟར་དགོས་ངེས་ཤིག་ཆགས་ཀྱི་ཡོད་ཙང༌། ངས་དང་ཐོག་ནས་གྲོས་ཚོགས་རྣམ་པ་ཚོར་ཐུགས་དྲན་གསོ་བའི་དོན་དུ་གྲོས་ཆོད་ཀྱི་རིགས་སྔ་རྗེས་འགལ་བ་ཡོང་དུས་རང་བཞིན་གྱིས་གྲོས་ཆོད་སྔ་མ་རྩིས་མེད་ཆགས་འགྲོ་བ་ཡིན་ཞེས་ཞུས་དགོས་དོན་ནི། གྲོས་ཆོད་ཀྱི་རིགས་འདི་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་གནང་སྟེ། སྤྱི་མོས་མང་མོས་ཀྱི་སྒོ་ནས་ཐག་ཆོད་པའི་ལས་དོན་ཞིག་ཡིན་པར་བརྟེན། དེ་ཁྲིམས་གཞི་ཆགས་ཀྱི་མེད་ནའང་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་ཙང་འཛིན་སྐྱོང་ནས་ངོས་ལེན་གྱིས་ཕྱག་ལེན་ཞུ་དགོས་ངེས་ཤིག་ཆགས་རྒྱུ་ཡིན། གྲོས་ཚོགས་ནས་གཏན་འབེབས་བྱེད་པའི་སྐབས་གཞུང་སྒེར་གང་གི་གྲོས་འཆར་ཡིན་མིན་ལ་ཁྱད་པར་གང་ཡང་མེད། ང་ཚོའི་ད་ལྟའི་གྲོས་ཚོགས་ལ་གོང་འོག་གི་བྱེ་བྲག་དབྱེ་རྒྱུ་མེད་པར་གྲོས་ཚོགས་གཅིག་རང་ཡིན་དུས་བགྲོ་གླེང་གནང་སྟེ་ཐག་གཅོད་གང་བྱུང་བ་འདི་གྲོས་ཚོགས་འདི་གའི་མཐའ་མའི་ཐག་གཅོད་ཅིག་ཆགས་ཀྱི་ཡོད། གྲོས་ཆོད་གྲོས་འཆར་ཙམ་མ་ཟད། སྤྱི་འཐུས་སྒེར་གྱི་ཁྲིམས་འཆར་ཡང་བཏོན་ཆོག སྟབས་ཡག་ནས་ད་ལྟའི་བར་ང་ཚོའི་སྤྱི་ལྷན་དུ་སྒེར་གྱི་ཁྲིམས་འཆར་འདོན་མཁན་བྱུང་མེད། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡང་གཏོང་ཆོག་རྒྱུའི་ལམ་སྲོལ་ཡོད། དེའི་དོན་དུ་ཟླ་གསུམ་སྔོན་ནས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ཁྲོལ་ཞུ་དགོས་པ་དང༌། འཛིན་སྐྱོང་བཀའ་ཤག་དང་མཉམ་དུ་གོ་བསྡུར་བྱས་ཏེ་འགྲིགས་པ་ཡིན་ན་གྲོས་ཚོགས་ནང་དུ་གཏང་ཆོག་རྒྱུའི་སྐོར་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་གསལ་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠