ཀླུ་མཁར་བྱམས་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་ལགས་ནས། ༢༠༠༦ ཟླ་ ༢ ཚེས་ ༢༨ ཉིན་བོད་ཀྱི་དུས་བབ་སྤྱི་ཡི་འདོན་ཐེངས་ ༣༣༣ ཤོག་ངོས་གསུམ་པའི་ནང་གི་འགོ་བརྗོད་དུ། མི་འགའ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་པ་འདིར་བོད་རྒྱ་ཞི་མོལ་གྱི་ཐ་སྙད་འདི་འབབ་ཀྱི་མི་འདུག ཅེས་པའི་འོག་བོད་ཀྱི་དུས་བབ་ནས་བཙན་བྱོལ་བོད་གཞུང་གི་བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས་ཟེར་བ་ཞིག་ལ་དྲི་བ་མི་འདྲ་བ་ཐེངས་ལྔ་དང༌། དེ་ལ་དཔག་པའི་དྲིས་ལན་ཐེངས་ལྔ་སྤྲད་པའི་གནད་དོན་ལ་བརྟེན་ཉམས་ཞིབ་ལས་བྱེད་ཀླུ་མཁར་བྱམས་ཟེར་བ་ཕྱིར་ཕུད་གནང་ལུགས་གོ་ཐོས་བྱུང་བར་བདེན་འབྲེལ་ཇི་ཡིན་དང༌། གལ་སྲིད་བདེན་འབྲེལ་ཡིན་ན་གནོད་སྐྱོན་འགྲོ་གཞིའི་རྒྱུ་མཚན་གང་དང་གང་ཡིན་ངོ་སྤྲོད་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
༢༠༠༦ ཟླ་ ༣ ཚེས་ ༤ ཉིན་བོད་གནས་ཉམས་ཞིབ་ཁང་གི་ལས་བྱེད་ཀླུ་མཁར་བྱམས་བདེ་སྲུང་ལས་ཁུངས་སུ་ཆེད་འབོད་ཀྱིས་དེ་སྔ་ཡང་གསར་ཤོག་ཁག་ནང་ཁྱེད་རང་གི་མིང་ཐོག་ནས་གནས་ཚུལ་འདོན་སྤེལ་དང༌། དེ་བཞིན་ད་ལམ་སླར་ཡང་བོད་ཀྱི་དུས་བབ་འདོན་ཐེངས་ ༣༣༣ ནང་ལམ་དབུ་མའི་སྐོར་དྲི་བ་དྲིས་ལན་ཐོག་བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ལས་ཁུངས་ཀྱི་ལས་བྱེད་པའི་མིང་གནས་རྗེས་འབྲེལ་གྱི་ཐོག་ནས་འདོན་སྤེལ་བགྱིས་པ་དེ་དག་ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་ ༩ པའི་ནང་གསེས་ ༡༠ དང་ ༡༡ པའི་ནང་དོན་ཁག་དང་འགལ་བས་འཐུས་མིན་འགྲེལ་བརྗོད་དང་འབྲེལ་གཞུང་གི་སྒྲིག་ཁོངས་ནང་བསྡད་ཕྱིན་ལས་བྱེད་སྤྱི་མཚུངས་སྒྲིག་འཁུར་དགོས་པ་དང༌། དེ་མིན་གཞུང་གི་སྒྲིག་ཁོངས་ནས་དགོངས་པ་ཞུས་ཏེ་སྒེར་གྱི་བསམ་ཚུལ་ཇི་ལྟར་སྤེལ་ཡང་རང་དབང་ཡིན་པས་དེ་དོན་ཁྱེད་རང་འདེམས་ཀ་བྱ་དགོས་འགྲེལ་བརྗོད་བགྱིས་པར། དོ་བདག་ཀླུ་མཁར་བྱམས་ནས་འདི་ཚེས་ ༥ འཁོད་སྙན་ཞུ་ཕུལ་བའི་ནང་གསལ་དུ། ཁོ་བོ་རང་གཤིས་ལྡན་པ་དང༌། རིག་པའི་འཚོ་བའི་རྩོམ་པ་པོ་ཞིག་བྱ་ཆེད་ལམ་ཁ་ཕྱི་མ་འདི་གདམ་ན་བསམ་སོང༌། གཞན་ཡང་ད་ལྟའི་བཀའ་ཤག་འདིའི་ཕྱི་ནང་གི་སྲིད་བྱུས་ཁག་ཞིག་ལ་ཕྲན་ནས་ཁ་བཙུམ་ནས་བསྡོད་ཐབས་མེད་པ་གཞིར་བྱས། ཁོ་བོས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་དེ་རིང་ནས་བཟུང་ལས་བཅར་མཚམས་འཇོག་བྱས་པ་ཡིན་ལ། ཞེས་གསལ་བ་བཞིན་ ༢༠༠༦ ཟླ་ ༣ ཚེས་ ༥ ནས་བཟུང་བོད་གནས་ཉམས་ཞིབ་ལས་ཁུངས་སུ་ལས་བཅར་མཚམས་འཇོག་བྱས་པར་ངོས་འཛིན་བྱས་པ་ཡིན།

སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་ལགས་ནས་འཕྲོས་དོན་དྲི་བར།
ངས་ཞུ་རྒྱུའི་དྲི་བ་དང་པོ་དེ་གལ་སྲིད་གཞུང་གི་ལས་བྱེད་པའི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་མ་ཡིན་པར། རང་ཉིད་སྒེར་གྱི་ངོས་ནས་གསར་འགོད་གསལ་བསྒྲགས་སྤེལ་ན་འགྲིག་གི་ཡོད་དམ། གཞུང་ཞབས་ལས་བྱེད་དང་རང་ཁོངས་ལས་བྱེད་པས་གསར་འགོད་དང་རླུང་འཕྲིན་ལ་སོགས་པས་གཞུང་གི་སྲིད་བྱུས་དང་འབྲེལ་བའི་ཐོག་ལ་དྲི་བ་བཀོད་པའི་སྐབས། ང་ཚོའི་བསམ་ཚུལ་བཤད་ན་འགྲིག་གི་ཡོད་པ་མ་རེད་ཅས་ལན་བརྒྱབ་དགོས་ཀྱི་ཡོད་པ་རེད་དམ། སོ་སོའི་བསམ་ཚུལ་ཤོད་མི་ཆོག་པའི་དམ་བསྒྲགས་དེ་འདྲ་ཡོང་གི་ཡོད་དམ། ཡང་ན་ཁ་བཙུམས་ནས་སྡོད་དགོས་ཀྱི་ཡོད་དམ།

བཀའ་ལན།
གཞུང་གི་སྲི་ཞུ་ལས་བྱེད་པ་ཚོས་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་སྒེར་གྱི་བསམ་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་གྱི་ཐོག་བཤད་ཆོག་གི་མ་རེད། གཞུང་ཞབས་བླང་དོར་སྒྲིག་གཞིའི་དོན་ཚན་ ༨ ནང་གསེས་ ༡༠ དང་ ༡༡ གཉིས་ཀྱི་ནང་གསར་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་གང་གི་ཐོག་ཏུའང་སྲིད་དོན་དང་འབྲེལ་བའི་གཏམ་བཤད་མི་ཆོག་པ་དང༌། ཤེས་ཡོན་དང་རིག་གཞུང་རྐྱང་པའི་གནས་ཚུལ་ཡིན་ན་གོང་རིམ་ནས་བཀའ་འཁྲོལ་ཞུས་ཏེ་ཤོད་དགོས་ཞེས་གསལ་པོ་བཀོད་ཡོད་པ་རེད། ད་ལྟ་དྲི་བ་གཉིས་གནང་སོང་ཡང༌། གནད་དོན་གཅིག་པ་ལྟ་བུ་ཞིག་རེད་འདུག གཞུང་བསྐོས་ལས་བྱེད་དང་རང་ཁོངས་ལས་བྱེད་གཉིས་ཀར་ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་རེ་ཟུང་མ་གཏོགས་གཞན་གཅིག་གྱུར་གྱིས་ཁྱབ་ཀྱི་ཡོད་པ་ཕྱི་ལོ་ ༢༠༠༤ ནང་འཛིན་སྐྱོང་བཀོད་ཁྱབ་ཀྱི་ལམ་ནས་གསལ་བསྒྲགས་བྱས་ཟིན་པ་རེད། དེར་བརྟེན་གཞུང་བསྐོས་རང་ཁོངས་གང་ཡིན་ཡང་ལས་བྱེད་བླང་དོར་སྒྲིག་གཞིའི་དོན་ཚན་ ༩ ནང་གསེས་ ༡༠ དང་ ༡༡ གཉིས་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་རེད།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
བདེ་སྲུང་ཉམས་ཞིབ་ཁང་གི་ལས་བྱེད་ཟུར་པ་ཀླུ་མཁར་བྱམས་ཀྱི་སྐོར་དེ་སྤྱི་འཐུས་རྒྱུན་ལས་ཀྱི་ནང་དུའང་སྐད་ཆ་མང་པོ་བྱུང་བ་རེད། ལས་བྱེད་བླང་དོར་སྒྲིག་གཞི་དང་འགལ་བ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། འོན་ཀྱང་ལས་བྱེད་དེ་ཉིད་བོད་ནང་རྒྱ་མིའི་འོག་ཏུ་རྒྱུན་རིང་བསྡད་པ་གང་ཞིག་ཤེས་ཡོན་ཅན་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་དུས། ལས་བྱེད་ཀྱི་སྒྲིག་གཞི་ལས་འགལ་འཛོལ་བྱུང་བར། ཉེན་བརྡ་ཐེངས་གཅིག་གཉིས་གསུམ་ཞེས་གཏོང་སྲོལ་ཡོད་པ་དེ་མ་གནང་བར། ཕྱིར་འབུད་བྱ་རྒྱུའི་ཐད་ལ་དོན་གནད་གཉིས་ལ་གདམ་ག་བྱེད་དུ་བཅུག་ན་མི་ཤེས་ཡོན་ཅན་དང་དབྱིན་སྐད་ནང་དུ་ Self respecting person ཡིན་དུས་ཏན་ཏན་གདམ་ག་ཕྱི་མ་དེ་མ་ འདེམས་རང་འདེམས་ཆགས་ཀྱི་རེད་བསམ་གྱི་འདུག རྒྱ་མི་ལ་ཁོར་ཡུག་བསྐྲུན་ཕྱིར་དཔེ་སྟོན་པ་ཞིག་ཡིན་ན་ནི་མི་ཤེས། དེ་མིན་ལས་བྱེད་དེ་རིང་རྩ་ཆེན་པོ་ཞིག་ལ་བརྩིས་པར་ཉེན་བརྡ་གཅིག་བཏང་ནས་བཞག་ན་མི་འགྲིག་པ་ག་རེ་ཡོད་དམ།

བཀའ་ལན།
ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་ ༩ ནང་གསེས་ ༡༠ དང་ ༡༡ པ་དང་འགལ་མཁན་ཚོར་དེ་སྔོན་ཡང་ཉེན་བརྡ་བཏང་ནས་བཞག་པ་རེད་ལ། ད་ལྟའང་ཉེན་བརྡ་བཏང་ནས་འཇོག་རྩིས་རེད། ད་རེས་སྐབས་བབ་ཀྱི་ལས་བྱེད་དེ་ལ་ལས་བྱེད་བླང་དོར་སྒྲིག་གཞི་དང་འགལ་འཛོལ་སོང་བའི་གནས་ཚུལ་འགྲེལ་བརྗོད་བྱེད་སྐབས། ཁོང་གིས་རང་ཉིད་ལྟ་གྲུབ་ཡོད་པའི་མི་ཞིག་ཡིན་སྟབས། གནས་ཚུལ་དེ་ཚོ་མ་ལབ་པར་ཁ་བཙུམས་ནས་སྡོད་ཐབས་མེད་ཅེས་གསུངས་འདུག དེའི་སྐབས་འབྲེལ་ཡོད་འགན་འཛིན་གྱིས་གལ་སྲིད་ཞལ་བཙུམས་ནས་བཞུགས་ཐུབ་ཀྱི་མེད་ན་གཞུང་ཞབས་ནས་དགོངས་པ་ཞུས་ཏེ་རང་དབང་ཅན་གྱི་ཡུལ་མི་ཞིག་གནང་ནས་གསུང་ན་འགྲིགས་ཀྱི་རེད། དེ་མིན་གཞུང་ཞབས་ནང་བཞུགས་ཕྱིན་ཆད་བླང་དོར་སྒྲིག་གཞི་ཉམས་ལེན་གནང་དགོས་ཀྱི་རེད། དེ་འདྲ་སོང་ཙང་གདམ་ག་གནང་རྒྱུ་རེད་ཅེས་ཞུས་འདུག དེའི་ལན་དུ་ང་ཁ་བཙུམས་ནས་སྡོད་ཐབས་མེད་པས་ལས་མཚམས་བཞག་པ་ཡིན་ཞེས་ཡིག་ཐོག་ཏུ་གནང་བ་རེད། ཁོང་རང་དང་བླངས་ཀྱིས་ལས་མཚམས་བཞག་པ་རེད་མ་གཏོགས། བདེ་སྲུང་ལས་ཁུངས་ཀྱིས་གནས་དབྱུང་བཏང་བ་མ་རེད། ཁོ་རང་གིས་ལས་མཚམས་མ་བཞག་པ་ཡིན་ན། བདེ་སྲུང་ལས་ཁུངས་ནས་ལན་གཅིག་ཉེན་བརྡ་བཏང་སྟེ་བཞག་རྩིས་རང་རེད།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ནས།
ངས་ཞུ་རྒྱུའི་དྲི་བ་ནི་བཀའ་ཤག་གིས་རྣམ་དཔྱོད་ཤེས་ཡོན་ཅན་ཉམས་ཞིབ་པ་ཀླུ་མཁར་བྱམས་ཕྱིར་ཕུད་གནང་བར་ངོས་ནས་བློ་ཕམ་ཡོད། དེ་བཞིན་ཉམས་ཞིབ་པ་མི་ཤེས་ཡོན་ཅན་དང་རྣམ་དཔྱོད་ཡོད་པའི་ཉམས་ཞིབ་པ་ཞིག་གིས་བོད་ཀྱི་དུས་བབ་གསར་ཤོག་ཐོག་དྲི་བ་ལྔ་ལ་བརྒྱབས་པའི་དྲི་བའི་ལན་ལྔ་པོ་དེ་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་གྱི་ཡོད་རེད་དམ་མ་རེད། གཞན་ཡང་བཀའ་ལན་གྱི་ནང་ལ་བལྟས་ན་དེ་སྔ་ཡང་གནས་ཚུལ་དེ་རིགས་གནང་ཡོད་ཚོད་འདུག་པས་དེ་ཡང་གཞུང་གི་སྲིད་བྱུས་དང་འགལ་བའི་སྐོར་རེད་དམ།
གལ་སྲིད་གཞུང་ཞབས་བླང་དོར་སྒྲིག་གཞི་སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་ན་གཞུང་ཞབས་བླང་དོར་གྱི་སྒྲིག་གཞི་དེའི་འོག་ཏུ་གནས་མཁན་གྱི་ལས་བྱེད་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་སིམ་ལ་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པ་དེ་གཞུང་ཞབས་བླང་དོར་སྒྲིག་གཞི་དང་འགལ་གྱི་ཡོད་དམ།

བཀའ་ལན།
དྲི་བ་ལྔ་དང་ལན་ལྔ་གང་ཡིན་པ་ངས་ཤེས་མ་སོང༌། ད་ལྟའང་གསར་ཤོག་དེ་ཀློག་རྒྱུའི་གོ་སྐབས་མ་བྱུང༌། ཁོང་ལ་གནས་ཚུལ་འགྲེལ་བརྗོད་གནང་མཁན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་རྣམ་པ་རེད་མ་གཏོགས་བཀའ་ཤག་མ་རེད། བདེ་སྲུང་ལས་ཁུངས་ནས་གནད་དོན་ཐག་གཅོད་བྱས་ཟིན་པའི་རྗེས་སུ་སྐར་རྟགས་ཅན་གྱི་དྲི་བ་འདི་སླེབས་པ་ཡིན་ཙང༌། བཀའ་ཤག་གིས་ལན་ཞུ་དགོས་ཆགས་པ་མ་གཏོགས། དེ་མིན་བཀའ་ཤག་ཏུ་སླེབས་དགོས་དོན་ཡོད་མ་རེད།
ཁོང་གིས་གསར་ཤོག་ཐོག་དྲི་བ་དྲིས་ལན་གང་དང་གང་གནང་བའི་ཞིབ་ཆའི་གནས་ཚུལ་ངས་ཞུས་ཐུབ་ཀྱི་མི་འདུག་ཀྱང༌། གང་ལྟར་གནས་ཚུལ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་ཞིག་རེད་འདུག དེ་ལ་བརྟེན་ནས་དྲི་བ་ལེན་དགོས་ཆགས་པ་རེད། དོ་བདག་གིས་ཀྱང་དེ་འདྲའི་སྐྱོན་བརྗོད་བྱས་མེད་ཅེས་གསལ་བཤད་གནང་མི་འདུག
ལས་བྱེད་བླང་དོར་སྒྲིག་གཞིའི་འོག་དེང་སང་ལས་བྱེད་ཡོངས་རྫོགས་ཚུད་ཀྱི་ཡོད། དེ་སྔོན་རང་ཁོངས་ལས་བྱེད་རྣམས་བླང་དོར་སྒྲིག་གཞིའི་འོག་ཚུད་ཀྱི་མེད་ནའང་རང་ཁོངས་ལས་བྱེད་ཀྱི་གནས་བབ་བསྐྱར་ཞིབ་བྱས་རྗེས་ཁོ་ཚོར་གཞུང་བསྐོས་ལས་བྱེད་དང་ཚད་མཉམ་གནས་རིམ་དང་ཕོགས་རིམ་སྤྲད་པ་ནས་བཟུང་རྒས་ཕོགས་དང༌། ཕོགས་མེད་གུང་སེང༌། ཕྲུ་གུ་སློབ་འཇུག་སོགས་ཀྱི་དོན་ཚན་ཁ་ཤས་མ་གཏོགས་དེ་བྱིངས་ལས་བྱེད་བླང་དོར་སྒྲིག་གཞིས་ཁྱབ་དགོས་པའི་བཀོད་ཁྱབ་བཏང་བ་རེད། དེ་ནས་བཟུང་རང་ཁོངས་ལས་བྱེད་སུས་ཀྱང་ལས་བྱེད་བླང་དོར་སྒྲིག་གཞི་ལ་སྲུང་རྩི་མ་ཞུ་མཁན་བྱུང་བ་ངས་ཤེས་ཀྱི་མེད། གལ་སྲིད་བྱུང་ཡོད་ན་སྐྱོན་འཛུགས་དང་ཉེས་ཆད་གང་དགོས་སྒྲིག་སྲོལ་ལྟར་བྱས་ཡོད་ཀྱི་རེད།
ལས་བྱེད་བླང་དོར་སྒྲིག་གཞིའི་འོག་ཡོད་པའི་ལས་བྱེད་ཅིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྲིམས་ལ་གཏུགས་ཡོད་པ་ངས་ཤེས་ཀྱི་མེད། ལར་ནས་གཞུང་ཞབས་ངོ་མ་ཞིག་ཡིན་ནའང་གཞུང་ལ་ཁ་མཆུ་བཙུག་མི་ཆོག་པའི་སྒྲིག་གཞི་ཡོད་མ་རེད། ལས་བྱེད་སུ་ལའང་དྲང་བདེན་མིན་པའི་གནས་ཚུལ་བྱུང་ན་ས་གནས་ཁྲིམས་ཞིབ་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བདེ་སྡུག་ཞུ་ཆོག་པ་དེ་གཞི་རིམ་གྱི་ཐོབ་ཐང་ཞིག་རེད།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
དང་པོ་ཁོ་རང་ལ་གདམ་ག་གཉིས་ཡོད་པ་ལས། གདམ་ག་ཕྱི་མ་དེ་བདམས་པ་རེད་ཅེས་དང༌། ད་ལྟ་ལས་བཅར་མཚམས་འཇོག་བྱས་པ་ཡིན། ཞེས་གསུངས་འདུག་པས་མཚམས་འཇོག་དེ་དུས་ཚོད་ངེས་མེད་བར་དུ་ཡིན་ནམ། ཡང་ན་རྦད་དེ་མཚམས་འཇོག་བྱས་པ་རེད་ཞུ་རྒྱུ་དང༌། ཁོ་རང་གིས་ལས་བྱེད་ཅིག་གི་ངོས་ནས་འགྲེལ་བརྗོད་བྱས་པར་བརྟེན་ཁོ་རང་གི་ལས་བྱེད་ཀྱི་ཐོབ་ཐང་དེ་ཚོའི་རིགས་ལ་དོ་ཕོག་འགྲོ་གི་ཡོད་དམ་མེད། མདོར་ན་ཁོ་རང་རྩ་དགོངས་ཞུས་པ་ཞིག་རེད་དམ། ཡང་ན་རྩ་དགོངས་བཏང་བ་དེ་ལ་ཐོབ་ཐང་དེ་འཐོབ་ཀྱི་ཡོད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
མཚམས་འཇོག་བྱས་པ་ཡིན་ཞེས་པ་དེ་དུས་ཚོད་ངེས་མེད་དང་དུས་ཚོད་ངེས་ཅན་གང་ཡིན་གསལ་ཁ་འཁོད་མི་འདུག མཚམས་འཇོག་བྱས་པ་ཡིན་གསུངས་ཟིན་པའི་རྗེས་སུ་ཡང་བསྐྱར་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོད་པ་ཞིག་མཐོང་གི་མེད། གནས་ཚུལ་འདི་དགོངས་པ་ཞུས་པ་དང༌། དགོངས་པ་ཁྲོལ་བ། གནས་དབྱུང་བཏང་བ་དེ་འདྲ་གང་ཡང་མ་རེད། ཀླུ་མཁར་བྱམས་ཀྱི་གནས་སྟངས་དེ་རང་ཁོངས་ལས་བྱེད་སྤྱི་ཡོངས་ལྟར་བསྐོ་བཞག་བྱས་པའི་རང་ཁོངས་ལས་བྱེད་ཅིག་མ་རེད། གཞུང་གིས་འཚོ་གཟིགས་དགོས་པའི་མི་ཞིག་ཤེས་ཡོན་ཅན་ཡིན་སྟབས་ལས་དོན་བཀོད་བསྒྲིགས་བྱས་པ་ཞིག་རེད། བྱས་ཙང་ཁོ་རང་གིས་ཀྱང་ལས་དོན་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་རེད། མཚམས་འཇོག་བྱས་པ་ཡིན་ཞེས་གསུངས་པ་རེད། དེ་ལ་བདེ་སྲུང་ལས་ཁུངས་ནས་མཚམས་འཇོག་བྱས་པར་ངོས་འཛིན་ཞུས་ཟིན་པ་དེ་གཏན་འཇགས་ཀྱི་གནས་ཚུལ་ཞིག་རེད་མ་གཏོགས། དུས་ཚོད་ངེས་ཅན་ཞིག་མཚམས་འཇོག་བྱས་ནས་ཡང་བསྐྱར་ལས་བཅར་ཞུ་རྒྱུ་ཡོད་པའི་གནས་སྟངས་དེ་འདྲ་མ་རེད། ཡིན་ནའང་གནས་དབྱུང་བཏང་བའི་གནས་ཚུལ་མིན་པ་ཡིན་ཙང་གང་ཟག་དེ་འབྱུང་འགྱུར་གཞུང་ཞབས་སུ་རྒྱུགས་སྤྲོད་ལ་བཞུགས་མི་ཆོག་པའི་གནས་སྟངས་ཆགས་ཡོད་ཀྱི་མ་རེད།

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
རྩ་བའི་ཐུག་ས་འདྲ་པོ་དེ་ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་ ༩ ནང་གསེས་ ༡༠ དང་ ༡༡ པའི་གནས་ཚུལ་ཞིག་ཡིན་སྟབས། དེ་དང་དངོས་སུ་འགལ་ཡོད་ན་ཉེས་པ་ཅན་ལ་ཆག་སྒོ་དང་བུག་པ་ཅན་ལ་ལྷན་པ་རྒྱག་དགོས་སོང་ཙང་འགྲིག་འདུག་བསམ་བྱུང་བས་རྒྱབ་སྐྱོར་ཞུ་གི་ཡོད།
དེ་དང་ཕྱོགས་མཚུངས་པའི་དྲི་བ་ཞུ་རྒྱུ་དེ་གང་ཡིན་ཞེ་ན། འདི་དང་ཆ་འདྲ་བ་དེ་སྔ་བྱུང་ཡོད་དམ་མེད། གལ་སྲིད་བྱུང་ཡོད་ན་དེ་ཚོ་བླང་དོར་སྒྲིག་གཞིའི་དགོངས་དོན་བཞིན་ཕྱག་ལེན་བསྟར་རྒྱུ་དེ་གཅིག་མཚུངས་བྱུང་ཡོད་དམ་མེད།

བཀའ་ལན།
ད་ལྟའི་བཀའ་ཤག་གི་ལས་རྒྱུན་རིང་གཞུང་ཞབས་བླང་དོར་སྒྲིག་གཞིའི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་ཅིག་གིས་གསར་འགྱུར་བརྒྱུད་ལམ་གྱི་ཐོག་གཞུང་གི་སྲིད་བྱུས་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་པའི་དབང་གིས་ཉེས་འཛུགས་བཏང་འཛིན་བྱེད་དགོས་པ་དེ་འདྲ་བྱུང་བ་ཞིག་ངས་དྲན་གྱི་མི་འདུག ཡིན་ནའང་སྤྱི་འཐུས་རྣམ་པར་སྐྱོན་བརྗོད་བྱས་པའི་ཡི་གེ་ཞིག་རྩིག་པར་སྦྱར་ལུགས་སྤྱི་འཐུས་རྒྱུན་ལས་ནས་ཡིག་ཆུང་གནང་འདུག ཁོང་ལ་དེ་དོན་ཉེས་འཛུགས་དང་འདྲི་བརྩད་བྱས་རྗེས་ཁོ་རང་གིས་འགྲེལ་བརྗོད་ཞུས་དོན་ལྟར་ཉེན་བརྡ་ནན་པོ་ཞིག་བཏང་ནས་བཞག་ཡོད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ནས།
ང་རང་གི་དྲི་བ་བཀའ་ལན་ལས་འཕྲོས་པ་ཞིག་ཆགས་ཀྱི་འདུག གང་ཟག་དེ་ལ་དྲི་བ་གང་དང་གང་དྲིས་ཡོད་པ་དང༌། ལན་གང་དང་གང་གནང་ཡོད་མེད་མཁྱེན་རྟོགས་མ་བྱུང་ཞེས་འབྲེལ་ཡོད་བདེ་སྲུང་བཀའ་བློན་མཆོག་ནས་གསུངས་སོང་བར། སོ་སོས་དེ་ཐོས་པ་ཙམ་གྱིས་ཡ་མཚན་པ་འདྲ་པོ་ཞིག་བྱུང་སོང༌། གང་ཡིན་ཞེ་ན་འབྲེལ་ཡོད་བཀའ་བློན་གྱིས་གནད་དོན་འདིའི་ཐོག་ལ་དྲི་བ་ལྔ་གང་དྲིས་ཡོད་མེད་དང༌། ལན་གང་བསྐྱོན་ཡོད་མེད་མ་མཁྱེན་གསུངས་པར་བརྟེན། བཀའ་བློན་མཆོག་ལ་འབྲེལ་བ་མེད་པའི་ཐོག་ནས་ལས་བྱེད་པ་དེར་གདམ་གའི་ཐག་གཅོད་དེ་ག་འདྲ་གནང་བ་རེད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
གོང་དུ་ཞུས་ཟིན་པ་ལྟར་ལས་བྱེད་བླང་དོར་སྒྲིག་གཞི་དང་འབྲེལ་བའི་ལས་དོན་དེ་ཚོ་ལས་ཁུངས་སོ་སོའི་འགན་འཛིན་གྱི་བཏང་འཛིན་གྱི་འོག་ཏུ་འགྲོ་དགོས་པ་ཞིག་རེད། དེ་ཚོ་ངེས་པར་དུ་བཀའ་བློན་གྱིས་ཤེས་དགོས་པ་ཞིག་མ་རེད། གནས་ཚུལ་དེ་ཚོ་བཀའ་བློན་དང་བཀའ་ཤག་གི་བར་དུ་ངེས་པར་དུ་སླེབས་དགོས་པའི་དོན་གནད་ཅིག་མ་རེད། དེར་བརྟེན་ཡ་མཚན་སྐྱེས་དགོས་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག
སྤྱི་འཐུས་དགེ་འདུན་སྦྱིན་པ་ལགས་ནས།
སྤྱིར་བཏང་གནད་དོན་འདིའི་ཐོག་ལ་ཚང་མས་མཁྱེན་གསལ་བཞིན་རེད། ཡིན་ནའང་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བ་བཞིན། ཁྱད་པར་ཞིག་མ་ཕྱེ་བར་ཁུ་སིམ་བསྡད་རྒྱུ་དེ་ཡག་པོ་ཞིག་མ་རེད་བསམས་ནས་དེ་རིང་དམིགས་བསལ་གྱིས་ཡར་ལངས་པ་ཡིན་མོད། བྱུང་མ་མྱོང་བ་ཞིག་དང་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་སྤྱིར་བཏང་བྱེ་བྲག་ཅེས་པ་ཞིག་ཡོད་རེད། འདེམས་ཀ་གནང་རོགས་ཞེས་འཁོད་འདུག་པས་ཡ་མཚན་ཅན་ཞིག་མཐོང་སོང༌། ཁོང་ལས་བྱེད་ཙམ་མ་ཡིན་པར་རྩོམ་པ་པོ་ཞིག་ཀྱང་ཆགས་ཡོད་སྟབས་རྩོམ་པ་པོ་སུ་འདྲ་ཞིག་ཡིན་ནའང་རང་གི་རྟོག་ངོར་འཆར་བའི་བརྗོད་བྱ་དོན་གྱི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་དེ་རྩོམ་པ་པོ་རང་གི་ངག་གི་སྒྱུ་རྩལ་ལས་ཐོན་པའི་རྗོད་བྱེད་ཚིག་གི་ཕྲེང་བ་སྣ་ཚོགས་ཀྱི་ལམ་ནས་རྩོམ་ཡིག་སྤེལ་བའམ། གཏམ་བཤད་བྱ་རྒྱུའི་དམིགས་བསལ་ཐོབ་ཐང་ཞིག་ཡོད་རེད་བསམ་གྱི་འདུག ཕྱོགས་གཞན་ཡང་ཁོ་རང་དེ་འདྲའི་ཐོག་ལ་ཉམས་མྱོང་ཡོད་པ་ཞིག་དང༌། འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་སྟབས། སྤྱིར་བཏང་བྱེ་བྲག་གིས་དགོངས་པ་ཁྱོན་ནས་མ་བཞེས་པར་ལམ་སེང་ལས་བྱེད་ཀྱི་སྒྲིག་གཞི་བླང་དོར་དང་འགལ་བའི་གནས་ཚུལ་སྤེལ་བ་དེ་ཏོག་ཙམ་ཞིག་འགྲིག་གི་མི་འདུག་ལ། རྩོམ་པ་པོ་ཞིག་གི་ཐོག་ལ་དེ་འདྲའི་ལག་ལེན་བསྟར་བ་ཁྲིམས་མཐུན་ཞིག་མ་རེད་བསམ་གྱི་འདུག བློ་ཕམ་བྱུང་སོང༌། དེ་འདྲ་ཡིན་ཙང་སྤྱིར་བཏང་བྱེ་བྲག་གིས་དགོངས་པ་བཞེས་མ་ཐུབ་པ་གང་ཡིན་ནམ།

བཀའ་ལན།
འཛམ་བུ་གླིང་གི་སྤྱི་སྲོལ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གང་གི་དབང་དུ་བྱས་པ་ཡིན་ནའང་ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་རེད་མ་གཏོགས། སྤྱིར་བཏང་དམིགས་བསལ་གང་ཡང་ཡོད་མ་རེད། ལས་བྱེད་བླང་དོར་སྒྲིག་གཞི་དེ་ལས་བྱེད་ཡོངས་ལ་ཁྱབ་པ་ཞིག་རེད། དེ་འདྲ་ཡིན་ཙང་ལས་བྱེད་སོ་སོར་སྤྱིར་བཏང་དམིགས་བསལ་གྱི་དགོངས་པ་བཞེས་རྒྱུའི་ཆ་རྐྱེན་སྒྲིག་གཞིའི་ནང་རྩ་བ་ནས་མི་འདུག གལ་སྲིད་སྒྲིག་གཞིའི་ནང་སྤྱིར་བཏང་དམིགས་བསལ་གྱི་ཆ་རྐྱེན་ཡོད་དགོས་ཀྱི་ཡོད་ན་དེ་གྲོས་ཚོགས་ནས་གཏན་འབེབས་གནང་དགོས་པ་ཞིག་རེད།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩