༸སྐྱབས་མཆོག་ཟམ་གདོང་རིན་པོ་ཆེའི་ལེགས་མཛད་རྗེས་དྲན་རིན་ཆེན་དོ་ཤལ།

སློབ་དཔོན་ཆེན་པོ་༧མི་དབང་༸སྐྱབས་མཆོག་ཟམ་གདོང་རིན་པོ་ཆེའི་ལེགས་མཛད་རྗེས་དྲན་རིན་ཆེན་དོ་ཤལ།
བྲག་གཡབ་བླ་མ་བློ་ལྡན་ཤེས་རབ།
བཅུ་ཕྲག་རིག་པའི་གནས་ཀུན་ནང་བྱན་ཆུབ་ཅིང་། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དགོངས་དོན་ཐུགས་དམ་གྱི་མཐིལ་དུ་སོན་པས་ཟླ་མེད་༸རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གཙུག་རྒྱན་དམ་པར་གྱུར་ལ། གངས་ལྗོངས་རྒྱལ་ཐབས་འཕྲིན་ལས་ཀྱི་ཐབས་ཚུལ་ཟབ་མོར་མངའ་དབང་བསྒྱུར་བའི་གསེར་གྱི་འཁོར་ལོའི་ཕྱག་མཚན་འཆང་བ་༸མི་དབང་བཀའ་བློན་ཁྲི་ཟུར་༸སྐྱབས་མཆོག་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དགུང་གྲངས་བཅུ་ཕྲག་བདུན་དང་། ཉག་མ་ལྔ་ལ་ཕེབས་པའི་དུས་ཚེས་ཁྱད་པར་ཅན་འདིར་དད་གུས་དྲག་པོས་སྙིང་ནས་གུས་བརྩེའི་འཚམས་འདྲིའི་རྟེན་འབྱུང་གི་ཤིས་པ་སྒྲུབ་པའི་ཆོ་གས་སྔུན་བསུས་ཏེ། ཟླ་མེད་སྐྱེས་མཆོག་གང་གི་ལེགས་མཛད་ཀྱི་ཕྲེང་བ་ཚར་དུ་དངར་བའི་རིན་ཆེན་དོ་ཤལ་སྟོང་གི་ཆུན་པོ་ལས་རང་བློས་གང་དཔོག་ཚིག་ཕྲེང་ཉག་མ་རེ་ཟུང་ཙམ་གྱིས་ཇི་ཙམ་དཔོག་པར་ནུས་པ་དེ་ལྟར་བསྟར་བའི་བྱ་བ་ལ་འཇུག་པ་འདི་ནི། སྐལ་བཟང་ཡི་ག་འཇོ་བའི་རྐྱེན་དུ་འགྱུར་རྔོ་ཐོགས་པའི་ནུས་པས་དབེན་མོད། གཅིག་ཏུ་དཀར་བའི་དགེ་ཚོགས་མཐའ་ཀླས་པ་འབྱུང་བའི་རྒྱུ་ཚོགས་བཟང་པོ་བསྐྲུན་ཕྱིར་ལྷག་བསམ་ཀུན་ནས་དགེ་བས་འཇུག་པར་བྱའོ།
དེ་ཡང་སྐུའི་ཕྲེང་བ་དུ་མར་རིང་ནས་གོམས་པའི་ཐུགས་བསྐྱེད་གཡར་དམ་བཙན་པོ་མ་གཡེལ་བའི་རླབས་ཆེན་འཕྲིན་ལས་གང་ལ་ཇི་ལྟར་འཚམས་པར་བསྐྱངས་པ་ནི་གོར་མ་ཆགས་ཀྱང་། བདག་ཅག་རྣམས་ཀྱི་བསོད་ནམས་བཟང་པོའི་སྐལ་བར་དངོས་སུ་མྱོང་བའི་ཡུལ་ལས་འགོངས་པས་ཅི་བྱ། འོན་ཀྱང་ཚུར་མཐོང་བྱིས་པའི་བློ་ཅན་བདག་ལྟ་བུའི་མིག་དང་རྣ་བའི་བདུད་རྩིར་ལོངས་སུ་སྤྱད་བྱར་གྱུར་པ་ཁོ་ན་ལ་མཚོན་ནའང་། ཕལ་དང་ཕལ་གྱིས་བསྒྲུན་དུ་མི་བཟོད་པའི་གང་གི་གསང་གསུམ་གྱི་རོལ་པའི་ཆ་ཤས་ཀྱིས་ཀྱང་སྐྱེས་བུ་དམ་པའི་ངང་ཚུལ་དང་། བློ་གྲོས་ཆེན་པོའི་དན་རྟགས་མངོན་པར་གསལ་བས། དམ་པ་དང་ཆེན་པོར་རློམ་པའི་ང་རོ་སྒྲོག་པ་ཀུན་ཀྱང་མི་སྨྲའི་བརྟུལ་ཞུགས་ལ་འགོད་པར་བྱས་སོ།།
༸རྒྱལ་ཀུན་འཕྲིན་ལས་ཟམ་མ་ཆད་པའི་རྒྱུན། །
མཐའ་ཡས་གདུལ་བྱའི་ཁམས་སུ་ཡོངས་འབེབས་པར། །
མི་འཇིགས་གདོང་ལྔའི་གད་རྒྱངས་ཆེར་སྒྲོག་པའི། །
རྒྱལ་སྲས་དཔའ་བོའི་དབང་ཕྱུག་ཁྱོད་མིན་སུ། ཞེས་ཀྱང་སྨྲས་སོ།
ལུང་དང་རྟོགས་པའི་ཡོན་ཏན་དཔལ་གྱིས་བརྗིད་པའི་ལེགས་ཚོགས་འདི་དག་ཐམས་ཅད་བཤེས་གཉེན་ཚུལ་བཞིན་བསྟེན་པ་ལ་རག་ལུས་པ་ལུང་དང་རིགས་པས་ཇི་ལྟར་བསྔགས་པ་དེ་ནི་གང་ཉིད་གཞོན་ནུའི་དུས་ནས་ཐུགས་ལ་མངའ་བས། ཐོག་མར་ཡོངས་འཛིན་ངག་དབང་སྦྱིན་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམ་པ་དྲུག་པོ་ཚུལ་བཞིན་བསྟེན་ནས་མཉེས་པ་གསུམ་གྱིས་མཉེས་པར་མཛད་དེ། བརྡ་དག་གི་ཕྱི་མོ་ཡི་གེ་འབྲི་ཀློག་ནས་བཟུང་། ཆོས་སྤྱོད་ཐུགས་འཛིན། གཞུང་དོན་གསན་དགོངས། སྙན་ངག་དང་གསོ་བ་རིག་པ་ལ་སོགས་པའི་གནས་དུ་མ་ཁོང་དུ་ཆུད་པའི་མཁས་པ་གཞོན་ནུ་སེང་ཕྲུག་ངར་མའི་བརྟུལ་ཞུགས་ལ་ཆེས་སྔ་བའི་དུས་ནས་གཞོལ་བས་རྣམ་དཔྱོད་བཀྲ་བའི་སྡེར་ཆགས་དར་མའི་ཚོགས་རྣམས་གྱ་གྱུའི་འགྲོས་ཀྱིས་གཡོལ་བའི་སྐབས་ཕྱེས་པར་མངོན་ནོ།།
ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཞབས་སེན་བཀོད་ནས་རིམ་བཞིན་ཐེག་གསུམ་རྒྱུད་སྡེ་རྣམས་སུ་ཇི་ལྟར་བསྔགས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་རྣམས་ལས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གུས་རྟག་གི་སྦྱོར་བས་གསན་བཞེས་ཐུགས་འདྲིས་བསྟེན་ཙ་ན། ཐེག་པ་ཆེ་ཆུང་ཡན་ལག་དང་བཅས་པའི་རྒྱལ་བསྟན་རིན་པོ་ཆེའི་གནད་ཀ་མི་འདྲ་བ་མཐའ་དག་ཐབས་མཁས་འཕྲུལ་གྱི་ལམ་ནས་ཇི་ལྟར་སྣ་ཚོགས་བསྟན་པ་དེ་རྣམས་འགལ་མེད་རྒྱན་དུ་སྤེལ་བའི་ལམ་བཟང་གཅིག་ཏུ་ཐུགས་ཀྱི་དཔལ་བེའུར་ཝ་ལེར་གསལ་ཏེ། གསུང་རབ་རྒྱ་མཚོའི་དགོངས་དོན་མཐའ་དག་གདམས་ངག་ཏུ་ཤར་ཞིང་། དེ་ལ་བརྟེན་ནས་སྟོང་དང་རྟེན་འབྱུང་ཕན་ཚུན་གྲོགས་སུ་ཁྱེར་བའི་སྒོ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་དྲངས་པའི་བདག་པས་གཞན་གཅེས་པའི་སེམས་རིན་པོ་ཆེ་ཉིད་ཐུགས་དམ་གྱི་མཐིལ་དུ་བཟུང་སྟེ། རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོར་གཞོལ་ཚུལ་རྒྱལ་བའི་བཞེད་དགོངས་སྙིང་པོ་བདེ་བླག་ཏུ་རྙེད་པའི་སྟོབས་ཀྱིས་དཀར་མིན་ལས་སུ་གྱུར་པའི་ཉེས་སྤྱོད་ཀུན་ཀྱང་རང་སར་འགག་ཕྱིར་སྡོམ་གསུམ་གྱི་བཅས་མཚམས་ཚུལ་བཞིན་བསྲུང་སྡོམ་གྱི་གོ་ཆ་བརྟན་པོར་བགོས་པར་མཛད།
གྲྭ་སར་བཞུགས་རིང་ཆོས་གྲྭར་ཕེབས་རྟག་པ་དེ་ཉིད་ཀྱང་ཚོགས་གཉིས་སྐྲུན་བྱེད་རླབས་ཆེར་གཟིགས་ཤིང་། སྐམ་རློན་གྱི་ཚོགས་གྲལ་དུའང་བཙུན་ཚུགས་བཟང་པོ་དང་། རིགས་ལམ་སྦྱོར་འགོད་སོགས་སྐབས་གནད་ལ་འཕིགས་པའི་བགྲོ་གླེང་ཟབ་མོས་ཡིད་འཕྲོག་པར་མཛད་པ་སོགས། མཁས་བཙུན་བཟང་པོའི་ཡོན་ཏན་མཐའ་དག་ཆེས་སྔ་ས་ནས་རང་ཆས་སུ་ཡོད་པ་ཡིན། ཆོས་གྲོགས་ཀུན་ལ་ཐུགས་བརྩེའི་འཇུག་པ་ཤིན་ཏུ་ཡངས་ནའང་། ཅོལ་ཆུང་གི་སྤྱོད་པ་རིང་དུ་དོར་བའི་སྒམ་ཚུགས་བརྟན་པོ་དང་། ཞི་དུལ་བག་ཡོད་ལ་གནས་པ་སོགས་ཀྱིས་ཡོངས་འཛིན་ཀུན་ལ་མཆོད་པའི་གཙོ་བོ་སྒྲུབ་པའི་མཆོད་པས་མཉེས་པར་མཛད་པ་དང་ཆབས་ཅིག དམ་པ་རྣམས་ལ་བཀུར་བསྟི་དང་། རིམ་གྲོ བསྟི་བསྟང་ལ་སོགས་པས་ཀྱང་དགྱེས་པ་བསྐྱེད་པས། སྤྱིར་ན་དགེ་བའི་བཤེས་གཉེན་ཐམས་ཅད་དང་། ལྷག་པར་བདག་སོགས་རྣམས་ཀྱི་འདྲེན་མཆོག་མཚུངས་མེད་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། གང་དེའི་རིགས་ཀྱི་ཅོད་པན་༸སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་དང་། ཡང་སྒོས་བཀའ་དྲིན་ཟླ་མེད་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་ཐུགས་རྗེས་འཛིན་པའི་སྐྱེས་ཆེན་ལྷུན་པོའི་ཕྲེང་བའི་དབུས་ན་གསེར་རིའི་སྤོ་ལྟར་མངོན་པར་འཕགས་པའི་སྲས་ཀྱི་ཐུ་བོར་གྱུར་ཏོ། །
དེ་ཕྱིར་སྤྲུལ་སྐུའི་ཟློས་གར་སླར་བསྒྱུར་ནས། །
བཤེས་གཉེན་དུ་མ་ཚུལ་བཞིན་ལེགས་བསྟེན་ཞིང་། །
ཆེ་བ་རྣམ་བཞིས་མདོ་སྔགས་གཞུང་ཀུན་ལ། །
དབང་འབྱོར་དམ་པའི་རང་རྟགས་ཁྱོད་ཀྱིས་བསྟན། །
ཕྱི་ཚུལ་གཏིང་དཔོག་དཀའ་བའི་སྒམ་ཚུགས་དང་། །
རན་པར་སྨྲ་ཞིང་འགལ་འདུ་དང་བྲལ་བའི། །
དོན་སྤྱོད་དོན་མཐུན་ཉམས་སུ་བསྟར་མཛད་པས། །
དྲེགས་ལྡན་ཆེ་རྒུའི་གཙུག་ན་ཁྱོད་ཉིད་བརྗིད། ཅེས་ཀྱང་སྨྲས་སོ། །
དེ་ལྟར་ཚད་མ་བཞི་ལྡན་གྱི་ལམ་ནས་དབང་ལུང་ཁྲིད་གསུམ་གྱི་རིམ་པ་དུ་མ་ཞིག་ཀྱང་གསན་བཞེས་ཟམ་མ་ཆད་པར་བརྩོན་པར་མཛད་དེ་ཐོས་པ་རྒྱ་མཚོ་ལྟ་བུས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པས། ད་ལྟ་འཚོ་ཞིང་གཞེས་ལ། ཆོས་ཀྱང་སྟོན་པར་ནུས་པའི་སྐྱེས་ཆེན་བགྲེས་གྲས་ཉུང་ཤས་ནང་ནས་སྙན་བརྒྱུད་མན་ངག་གཏེར་བརྒྱའི་ལྡེ་མིག་འཆང་བའི་མཆོག་ཏུ་གྱུར་པ་འདི་ལགས་ཤིང་། ཇི་ལྟར་ཐོས་པའི་དོན་ལ་བསམ་པས་ཐེ་ཚོམ་གྱི་གནས་ཀུན་དྲུང་ནས་ཕྱུང་བས་ངེས་ཤེས་རྙེད་དོན་མཐའ་དག་ཐུགས་ཉམས་སུ་བསྟར་བའི་ཤེས་རབ་རྣམ་གསུམ་ཡར་ཟླའི་དཔལ་ལ་འགྲན་པར་ཆས་པས། ཆོས་སྲིད་རིག་གནས་དང་བཅས་པའི་ལེགས་མཛད་འཕྲིན་ལས་འབུམ་གྱིས་གཞན་ཕན་དོན་གཉིས་ལྷུན་གྱིས་རྫོགས་པ་དང། དེ་ཡང་རང་གཞུང་ཙམ་མིན་པར་ཕྱི་ནང་གནའ་དེང་ཤེས་བྱའི་གནས་ལ་མཁྱེན་པའི་སྤྱན་རས་ལྷག་པར་གཡོས་ཀྱང་ཁེངས་དྲེགས་མངོན་པའི་ང་རྒྱལ་སོགས་ཀྱི་དྲི་ཙམ་ཡང་མི་མངའ་ལ། ཆེན་པོའི་གོ་སར་བསྙེགས་ཀྱང་འཕགས་པའི་རིགས་བཞིར་གནས་པའི་བརྟུལ་ཞུགས་ཞི་དུལ་དང་། ཆོག་ཤེས། བག་ཡོད་ཚུལ་བཞིན་སྤྱོད་པའི་སེམས་དཔའ་ཆེན་པོའི་འཕྲིན་ལས་བདག་གིར་བཞེས་པ་འདི་ནི་ཨེ་མ་ཧཱོ༎
རྒྱ་ཆེན་གཞུང་ལུགས་ཐོས་པའི་དོན་རྣམས་ལ། །
བསམ་པས་སྒྲོ་འདོགས་བཅད་ཀྱིན་ཐུགས་ཉམས་སུ། །
བསྟར་ཞིང་བསྟན་འགྲོའི་དོན་ཆེན་ལ་གཞོལ་བའི། །
འཁོར་ལོ་གསུམ་གྱི་བྱ་བས་ཁྱོད་ནི་མཛེས། །
འོན་ཀྱང་ཞི་དུལ་ཆོག་ཤེས་བག་ཡོད་ཀྱིས། །
དམན་ས་འཛིན་པའི་སེམས་དཔའི་སྤྱོད་པ་ཡིས། །
ཁྲིམས་ལྡན་རྒྱ་མཚོར་སྐྱེངས་པ་སྟེར་མཛད་པའི། །
འདུལ་འཛིན་སེམས་དཔའ་ཆེན་པོ་ཁྱོད་ཁོ་ན། །ཞེས་ཀྱང་སྨྲས་སོ༎
ཕྱག་ན་པདྨོའི་བཀའ་ལུང་བཞིན་དུ་འཕགས་པའི་ཡུལ་གྲུར་ཁ་བ་རི་པའི་གཞོན་ནུའི་ཁྱུ་ལ་ལོ་ཟླ་ཞག་སྦྲེལ་ཐོག་ནས་གསུང་གི་འཕྲིན་ལས་ཀྱི་སྒོ་ནས་རིག་གནས་ཆེ་ཆུང་གི་ཤེས་ཡོན་རྒྱ་ཆེར་སྤེལ་བ་ཙམ་མ་ཟད། བྱ་བ་ལས་ཀྱི་འཁོར་ལོའི་རིམ་པ་དུ་མ་ཐུགས་འགན་དུ་བཞེས་ཏེ། ཇི་ལྟར་འོས་ཤིང་འཚམས་པར་འཇུག་ཆེད་རྒྱ་གར་གྱིས་མཚོན་པའི་ཕྱི་བོད་ཡུལ་ཁག་གི་ཁྲིམས་སྲོལ་ཁོང་དུ་ཆུད་པ་དང་། དབྱིན་ཧིན་སྐད་ཡིག་ཀྱང་ཞོར་སྦྱོང་ཙམ་གྱིས་ཐུགས་སུ་རྫོགས་པར་མཛད་པས། སློབ་གྲྭ་ཁག་གི་འདུ་འགོད་དང་། སྒྲིག་ཁྲིམས་གནོན་སྡེམ་ལ་སོགས་པའི་སྟངས་འཛིན་ཚུན་ཆད་གཞན་དྲིང་མི་འཇོག་པའི་མཛད་རྗེས་གཟེངས་སུ་ཐོན་པས། ས་གནས་སོ་སོའི་སློབ་ཕྲུག་ཙམ་མ་ཟད། བོད་མིའི་སྡེ་ཚོགས་བྱིངས་དང་། ཡུལ་མི་རྒྱ་གར་བ་མཆོག་དམན་ཀུན་ཀྱང་གང་གི་ཟབ་ཡངས་མཁྱེན་པའི་གཏེར་དང་། རྣམ་དཔྱོད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་དཔའ་རྩལ། གསང་གསུམ་གྱི་གཟི་བརྗིད། དབང་ཐང་གི་ནུས་ཤུགས་མཐའ་དག་ཕྱོགས་ཀྱི་ཐ་གྲུར་ཁྱབ་པའི་དབང་གིས། མཚན་ཙམ་བོས་པས་ཀུན་ཀྱང་ཟིལ་གྱིས་ནོན་པར་གྱུར་ཏེ། སྐྱེ་བོ་ཡོངས་ནས་གཙུག་ཏུ་བཀུར་ཞིང། གུས་པས་བཏུད་པ་དང་། བཀའ་ཉན་གསུང་སྡོད་ཀྱི་ལས་ལ་བརྩོན་པས་བྲེལ་ཞིང། ཆེ་རྒུ་རྣམས་དང་། དྲེགས་ལྡན་མ་ལུས་པ་བྲན་དུ་བཀོལ་བས། ས་གནས་བོད་མིའི་དོན་གཅོད་ཁང་ལ་སོགས་པའི་ལས་དོན་རྣམས་ཀྱང་སྐྱབས་མཆོག་གང་གི་འཕྲིན་ལས་ལ་རག་ལུས་པའི་འོག་ཏུ་འཚོ་དགོས་པ་བྱུང་ངོ་༎
འཕགས་ཡུལ་བོད་མིའི་སློབ་གྲྭ་དུ་མ་རུ།།
རང་རིགས་རྒྱུན་འཛིན་སོན་རྩ་གཞོན་ནུའི་ཁྱུ། །
གངས་ཅན་ཐོན་མིའི་བརྡ་དག་ནས་བརྩམས་ཏེ། །
ཤེས་བྱའི་གནས་ཀུན་མཁས་པ་ཁྱོད་ཀྱིས་བསྐྲུན། །
ཕྱི་ནང་རིག་པའི་མཁྱེན་རླབས་ཆེར་བརྟས་ཤིང་། །
དྲང་བདེན་ཁྲིམས་སྲོལ་ཐུགས་སུ་ཆུད་པའི་མཐུས། །
ཆེ་རྒུ་ཟིལ་གྱིས་གནོན་པའི་འཕྲིན་ལས་ཀྱིས། །
དྲེགས་ལྡན་རལ་པའི་ཐོར་ཅོག་ཁྱོད་ཀྱིས་བསྙིལ། ཞེས་ཀྱང་སྨྲས་སོ།
མཉམ་མེད་ཤཱཀྱའི་རྒྱལ་པོས་བདེན་བཞིའི་ལམ་བཟང་གང་དུ་ཐོག་མར་བསྟན་པའི་གནས་མཆོག་ཝཱ་རཱ་ཎ་སིར་ལེགས་སྦྱར་གཙུག་ལག་སློབ་ཆེན་ཁོངས་སུ་དབུས་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་སློབ་སྤྱིའི་མཛད་ཁུར་བཞེས་ནས། གཙུག་ལག་ཆེ་ཆུང་གི་དགོངས་དོན་རྣམས་བོད་དབྱིན་ཧིན་གསུམ་གྱི་སྐད་དུ་སློབ་ཁྲིད་རྒྱ་ཆེ་བསྩལ་ཐོག རིག་གནས་ཅི་རིགས་པའི་བརྗོད་བྱ་དང་འབྲེལ་བའི་དཔྱད་རྩོམ་དང། རྩོམ་ཡིག་གསར་སྤེལ། འཕགས་བོད་ཀྱི་སྐད་ཡིག་གསར་རྙིང་ཁག་ཏུ་བཞུགས་པའི་བཀའ་བསྟན་ཅི་རིགས་ལ་དཔྱད་བསྡུར། ཕྱིས་སུ་ལེགས་སྦྱར་སྐད་ཡིག་ནང་མ་བཞུགས་པའི་གསུང་རབ་རྣམས་བོད་ཡིག་ནས་བསྒྱུར་ཏེ་ཁ་སྐོང་བའི་ལས་གཞི་འགོད་སྒྲིག་སོགས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་ཆེན་ལྷུར་བཞེས་མ་ཟད། དགོངས་ཡངས་དཀྱེལ་ཆེའི་ལམ་ནས་བོད་བརྒྱུད་ནང་བསྟན་དེ་འབྲེལ་རིག་གཞུང་དང་བཅས་པ་མི་ཉམས་སླར་གསོའི་ཆ་རྐྱེན་དམ་པར་མཁས་ཤིང་མཛངས་པའི་ལམ་གྱི་རྣམ་དཔྱོད་མཛད་བྱུས་ལ་བརྟེན་ནས། གཙུག་ལག་སློབ་གཉེར་ཁང་དེའི་ཐོག་མའི་གནས་བབས་ཉམ་ཐག་ལས་དབུགས་འབྱིན་པའི་ཐབས་ལ་བརྩོན་ཕྱིར་སྐུ་ངལ་ཚད་མེད་བདག་གིར་བཞེས་པའི་དྲིན་ལས། ད་ལྟའི་”དབུས་བོད་ཀྱི་ཆེས་མཐོའིགཙུག་ལག་སློབ་གཉེར་ཁང་”འདི་ཁྲིམས་མཐུན་ཚད་ལྡན་སྣོད་བཅུད་ཡོངས་རྫོགས་རང་དབང་ཅན་གྱི་ངོ་བོར་བསྒྱུར་གནང་ཐུབ་སྟེ། རིས་སུ་མ་ཆད་པའི་སེར་སྐྱ་ཕོ་མོ་བློ་གསར་དོན་གཉེར་ཅན་ལ་ཤེས་བྱའི་འཇུག་སྒོ་ཡངས་པོར་ཕྱེས་ནས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་འཕགས་བོད་ལྔ་རིག་རྒྱ་མཚོའི་བསྟི་གནས་ཡར་ཐོན་གྱི་རྣམ་པ་ཅན་དུ་དངོམ་པར་ནུས་པའི་སྤོབས་པ་ཐོབ་པ་དེ་ནི་དྲན་དབང་བྱེ་བའི་གཙུག་རྒྱན་འདི་ཉིད་ཀྱི་ཕྱག་རྗེས་བླ་ན་མེད་པ་ཡིན་ནོ།།
སྟོན་པས་ཆོས་སྒྲ་བསྒྲགས་པའི་ནགས་ཚལ་དེ། །
ལྔ་རིག་ཤེས་བྱའི་སྐྱེད་ཚལ་དུ་བསྒྱུར་ནས། །
གངས་ལྗོངས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། །
སྒོ་འཕར་འབྱེད་པའི་ཆོ་ག་ཁྱོད་ཀྱིས་བྱས། །
ལྷག་པར་གནའ་དེང་ཕྱི་ནང་ཡོན་ཏན་གྱི། །
ལེགས་བཤད་དུ་མ་སྤེལ་བའི་སྐྱེས་བཟང་གིས། །
མི་རིགས་སེར་སྐྱ་ཕོ་མོ་རིས་མེད་པར། །
ཕན་བདེའི་དགའ་སྟོན་འཛད་མེད་ཁྱོད་ཀྱིས་བྱིན། །
གཞན་ཡང་རིན་བྲལ་བཀའ་བསྟན་གཞུང་ལུགས་དག །
འཕགས་བོད་ཡིག་རིགས་ཕན་ཚུན་ཁ་སྐོང་ཕྱིར། །
བསམ་ཡས་སྒྲ་བསྒྱུར་རྒྱ་གར་གླིང་བཞིན་དུ། །
འགྱུར་གྱི་བྱ་བ་རྒྱ་ཆེ་ཁྱོད་ཀྱིས་བརྩམས། །ཞེས་ཀྱང་སྨྲས་སོ། །
ལྷག་པར་དུ་ཡང་གཙུག་ལག་སློབ་གཉེར་ཁང་དེར་མི་ལོ་བཅུ་ཕྲག་གསུམ་གྱི་རིང་ལ་སློབ་སྤྱི་དང་། ངེས་སྟོན་པའི་མཛད་འགན་བཞེས་རིང་རྒྱ་གར་དབུས་གཞུང་གི་སྙན་གྲགས་ལྡན་པའི་“འཕགས་ཡུལ་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་“(Indian Council of Philosophical Research) ཞེས་པའི་“རྒྱལ་ཁབ་ཀྱི་གཙུག་ལག་སློབ་དགེ་“(National Lecturership) ཞེས་པའི་མཚན་གནས་འབུལ་བཞེས་ལ་བརྟེན་ནས། རྒྱ་གར་གྱི་གྲགས་ཆེ་བའི་གཙུག་ལག་སློབ་ཁང་(University) ལྔའི་ནང་ཆེད་གཉེར་གདན་ཞུས་བསྟུད་མར་ཕུལ་བས་མཚོན། ཡུལ་དུས་སྣ་ཚོགས་སུ་བཅུ་ཕྲག་རིག་པའི་གནས་སྤྱི་དང་བྱེ་བྲག་གི་བརྗོད་གཞིར་གསུང་བཤད་སྔ་རྗེས་ཡང་ཡང་བསྩལ་གནང་མཛད་པའི་སྒོ་དོད་པ་ན། རྣམ་པ་ཐམས་ཅད་དུ་ཤེས་བྱའི་གནད་དོན་ཕྲ་རགས་ཀུན་ལ་དཔྱད་པ་ཟབ་མོས་ལེགས་པར་དཔྱོད་ཅིང་། བརྗོད་དོན་ཕྱོགས་རེ་བ་དང་རགས་པ་ཙམ་གྱིས་ཚིམས་པ་ཡོངས་སུ་དོར་ནས། ངེས་ཤེས་འདྲེན་པའི་རྣམ་དཔྱོད་ཀྱི་མཐུ་རྨད་དུ་བྱུང་བས་འཆད་པར་མཛད་པ་མ་ཟད། ལྷག་པར་ཟབ་དོན་ཕྲ་བའི་གནད་རྣམས་རྩལ་དུ་འདོན་པར་མཁས་ཤིང་། ཤིན་ཏུ་དཔོག་པར་དཀའ་བའི་གནད་ཀྱང་མཁྱེན་རབ་རྣོ་ཞིང་མྱུར་བས་ས་ལེར་འཆར་བཞིན་ཕུ་ཐག་ཆོད་པར་སྨྲ་བའི་སྒོ་བརྒྱ་འབྱེད་སྐབས། འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་དོན་དང་། ཡུལ་དུས་དགག་དགོས་སོགས་ལ་ལྟོས་ཚབས་ཆེ་བའི་གནད་དོན་ཀུན་ཀྱང་ཐུགས་སུ་ཆུད་དེ། མ་འདྲེས་པར་བཀྲལ་བར་ནུས་པའི་ལེགས་པར་རྣམ་པར་ཕྱེ་བའི་སྟོན་ཚུལ་ལྡན་པས། ཤེས་བྱའི་གནས་གང་ལའང་ཆགས་ཐོགས་མི་མངའ་བའི་གསུང་ཚུལ་ཁྱད་པར་ཅན་མངའ་བའི་ཐོག བརྗོད་གཞི་རྣམས་ཀྱི་ཐ་སྙད་དང་། བྱུང་བ། རྒྱུ་མཚན་སོགས་ཀྱིས་མཚོན་པའི་རྒྱབ་ལྗོངས་ཀྱི་རིམ་པ་རྣམས་ཀྱང་ཡོངས་སུ་གསལ་བར་མཛད་པའི་ཁྱད་ཆོས་མངའ་བ་ཤེས་ལྡན་ཀུན་གྱི་ཡིད་དང་རྣ་བའི་བདུད་རྩིར་གྱུར་པ་ཡོངས་སུ་གྲགས།
དེ་ལྟར་བརྗོད་བྱ་རྣམ་པ་ཀུན་དང་ལྡན་པ་རྗོད་བྱེད་སྣ་ཚོགས་པའི་ལམ་ནས་ངག་རིག་ལ་དབང་འབྱོར་བའི་སྨྲ་བ་ཟླ་མེད་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པས་མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་གསར་པས་བློ་གསལ་ཡི་ག་འཇོ་བའི་གསོས་སུ་སྤེལ་བའི་གསུང་གི་མཛད་པའི་ཕྱག་རྗེས་རྒྱ་ཆེ་མུ་མཐའ་མེད་པའི་རྣམ་གྲངས་མང་དུ་མཆིས་མོད། ཤེས་ཡོན་དང་འབྲེལ་བའི་མཛད་ཁུར་ཙམ་མིན་པར། བོད་ལྗོངས་བསྟན་སྲིད་ཆགས་འཇིག་གི་གཉན་འཕྲང་མི་བཟད་པའི་རྐྱེན་དབང་གིས། ཆབ་སྲིད་ཀྱི་མཛད་འཆར་ཆུ་གཉེར་ལྟར་འཕེལ་བས། བཀའ་རྩོམ་གྱི་རིམ་པ་རྩལ་འདོན་ཐོག་ནས་མཁས་པའི་མཛད་རྗེས་རྒྱ་ཆེན་པོ་འཇོག་རྒྱུའི་ཐུགས་ཁོམ་བྱུང་མེད་པར་མངོན་ནའང་། དཔར་དུ་ཐོན་པའི་མངོན་བསྟོད་གླེགས་བམ་གཉིས་པ་དང་གསུམ་པའི་ནང་དུ་བཀོད་པ་རྣམས་ཀྱི་ཐོག བོད་དབྱིན་ཧིན་གསུམ་གྱི་ཡིག་ཐོག་ཏུ་རྩོམ་རྩལ་བླ་ན་མེད་པའི་སྒོ་ནས་ཆེད་དུ་བརྩམས་པར་མཛད་པའི་རིགས་དང༌། ཤར་མར་བཀོད་པའི་གསུང་རྩོམ་ཁག དེ་བཞིན་ནང་ཆོས། རིག་གཞུང་། ཆབ་སྲིད་ལ་སོགས་པའི་བརྗོད་དོན་སྣ་ཚོགས་ཀྱི་གཞུང་བཤད་སློབ་ཁྲིད་དང་། གསུང་བཤད་གནང་བ་འོད་སྡེར་སོགས་ནས་ཕབ་བཤུས་ཡིག་ལམ་དུ་འཁོད་པ་ཁྱོན་འབོར་ཆེ་ཞིང་། སློབ་གྲྭའི་སློབ་ཚན་ཆ་ཚང་བར་འཁྲིད་ཕྱོགས་ཀྱི་འཆར་ཟིན་དང་། གཞུང་འབྲེལ་གལ་ཆེའི་ཡིག་ཁག གླེང་བརྗོད། ཆེད་རྩོམ། འཚམས་འཕྲིན། གསུང་འཕྲིན། གསུང་བཤད་ལྟ་བུ་དང་། གཞན་ཡང་མཛད་བརྒྱའི་བར་གསེང་ཁག་ནས་གང་གི་གཞན་འགྲན་མ་མཆིས་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས། འཇིག་རྟེན་སྤྱི་བྱེའི་བདེ་དོན་ཐོག་ལ་གཅིག་ཏུ་སྨན་པའི་ཀུན་ཁྱབ་འགན་འཁུར་མཆོག་ཏུ་དགེ་བའི་ཐུགས་བསྐྱེད་ལྷག་བསམ་རྨ་མེད་པས་དུས་དང་གནས་སྐབས་ཀུན་ལ་ཡོངས་སུ་འཚམས་པའི་ཆོས་དང་སྲིད་ཀྱི་གནད་དོན་ལ་རྨོངས་པའི་སྐྱེ་བོར་བརྩེ་བས་དགོངས་ཏེ། རྨོངས་མུན་སེལ་བའི་ལུགས་གཉིས་ཀྱི་ཡང་དག་པའི་ལྟ་སྤྱོད་དང་འབྲེལ་བའི་གནད་དོན་ཇི་ལྟ་བ་བཞིན་སྟོན་པའི་གསུང་རྩོམ་ཚད་མས་ངེས་པ་རྙེད་པ་དེ་སྙེད་ཅིག་ཀྱང་སྐད་ཡིག་གསུམ་གྱི་ལམ་ནས་ཡིག་འཇོག་མཛད་པའི་ཕྱག་རིས་རྨད་དུ་བྱུང་བ་འཇིག་རྟེན་སྤྱི་ནོར་དུ་གྱུར་པ་དེ་རྣམས་གཞན་དུ་འཁོད་པའི་དཀར་ཆག་ལས་ཤེས་པར་ནུས་པ་རྒྱ་ཆེར་མཆིས་ཤིང་། ད་དུང་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་གཞུང་ཆེན་མོ་དག་ལ་འགྲེལ་བཤད་གནང་རིགས་ཡིག་འབེབས་ཐུབ་པ་བྱུང་ན་པོད་གྲངས་མང་པོ་ལོངས་ངེས་འོང་བ་སོགས་ཀྱིས་མཛད་འཕྲིན་ཡོངས་ཁྱབ་ཏུ་འཕེལ་བ་ནི་ཀུན་གྱི་ཐུན་མོང་བའི་སྤྱོད་ཡུལ་དུ་གྱུར་ཏོ།།
འཕགས་ཡུལ་པ་ཡི་སློབ་གཉེར་ཁང་སོགས་ཀྱི། །
ཚོགས་སྡེའི་གཙོ་སྐྱོང་མཆོག་ཏུ་མངའ་གསོལ་ཕྱིར། །
སློབ་དཔོན་ཆེན་པོ་ཀུན་ནས་མགྲིན་གཅིག་ཏུ། །
དབང་བསྐུར་གངས་ཅན་རྒྱན་མཆོག་ཁྱོད་འབའ་ཞིག །
ཕྱི་ནང་ཆོས་སྲིད་ལྔ་རིག་གནས་ཀུན་ལ། །
ཕྲ་ཞིང་མཛངས་པའི་རྣམ་དཔྱོད་ལ་བརྟེན་ནས། །
ཟླ་བྲལ་འཆད་པའི་སྤོབས་པ་མཆོག་མངའ་བས། །
དྲན་དབང་ཀུན་གྱི་གཙུག་ན་ཁྱོད་ཉིད་བརྗིད། ཅེས་ཀྱང་སྨྲས་སོ།
མི་མང་སྤྱི་འཐུས་དང་། སྤྱི་མོས་ཚོགས་གཙོའི་མཚན་གནས་མཛད་འགན་རིམ་བཞིན་བཞེས་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཞིང་། ཁྲིམས་ཡིག་དང་སྒྲིག་གཞི་ཁག་རྣམས་ཁྲིམས་སུ་བཅས་པའི་ལམ་ནས་དབང་སྒྱུར་ཚད་དང་ལྡན་པས་གྲོས་ཚོགས་ཀྱི་མཚན་མཐོང་དང་། ལས་རིམ་གྱི་ལམ་སྲོལ་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་འོང་ཐབས་འབད་བརྩོན་ནན་ཆེར་གནང་བ་རྣམས་ནི་ཁྱད་པར་འཕགས་ཆོས་ཡིན།
བཀའ་བློན་ཁྲི་པའི་ལས་རྒྱུན་གཉིས་པོར་འོས་ཤོག་ཧ་ཅང་ཚད་མཐོའི་བརྒྱ་ཆའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་པོས་བཀུར་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་པོར་གྱུར་ཅིང་། ཁྲིར་ཕེབས་མངའ་གསོལ་ཞུས་ནས་མཚན་འགན་བཞེས་རིང་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལམ་སྲོལ་གྱི་ལྟ་གྲུབ་གསུམ་པོ་གཞིར་བཟུང་གིས་འཛིན་སྐྱོང་ཚད་ལྡན་དང་། དཔལ་འབྱོར་ལོག་འཚོས་མ་བསླད་པའི་ཁྲིམས་མཐུན་འོང་ཐབས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་རྣམས་ལ་ཐུགས་བརྩོན་བླ་ན་མེད་པས་དོན་གྱི་བདག་པོ་ཆོལ་གསུམ་མི་མང་གི་རེ་བ་སྐོང་ཐབས་དང། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པར་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུར་ཐུགས་བརྩོན་ཆེར་བསྐྱེད་གནང་བས་མཆོག་དམན་ཕལ་མོ་ཆེ་ནས་བསྟོད་བཀུར་བསྔགས་པའི་ཡུལ་དམ་པར་གྱུར་ཏོ།།
རྒྱལ་ཐབས་འཕྲིན་ལས་རླབས་ཆེན་སྤེལ་བའི་ཕྱིར། །
མང་བཀུར་ཚོགས་ཀྱི་ར་བའི་གཙོ་བོ་དང་། །
ཕྱིང་སང་རྗེ་བོའི་ཁྲི་ལ་ཞབས་བཀོད་ནས། །
ལུང་གིས་ཐོག་མར་དབང་བསྒྱུར་ཁྱོད་ཀྱིས་བྱས། །
ས་ལ་རབ་བརྟན་གྱིས་ཀྱང་ཐེགས་དཀའ་བའི། །
པད་དཀར་འཆང་བའི་མཛད་བརྒྱའི་ཁུར་ཆེན་པོ། ། ཁྱོད་ཀྱི་ཕྲག་པར་ལྷུང་ཡང་མི་ངལ་བའི། །
སྙིང་སྟོབས་བདག་གིར་མཛད་པ་ཁྱོད་ཁོ་ན། །

གངས་ལྗོངས་བསྟན་འགྲོའི་བདེན་དོན་ལ་གཞོལ་ཕྱིར། །
དཀར་མིན་དཔལ་འབྱོར་འདུ་འགོད་ཡོངས་སྤངས་ཏེ། །
འཚེ་མེད་ཞི་བས་གཉིས་སྨན་དབུ་མའི་ལམ། །
མང་གཙོའི་སྒྲིག་སྲོལ་གཙང་མ་ཁྱོད་ཀྱིས་བཏོད། །ཅེས་ཀྱང་སྨྲས་སོ། །
མདོར་ན་བོད་དང་བོད་མི། རྒྱ་གར་སོགས་དང་འབྲེལ་བའི་ཤེས་རིག་དང་། སྤྱི་ཚོགས། ཆབ་སྲིད། ཆོས་ཕྱོགས་ལ་སོགས་པའི་མཛད་སྒོ་རྣམ་གྲངས་དུ་མ་གཟེངས་སུ་ཐོན་པ་བྱུང་བའི་དན་རྟགས་སུ་གཙུག་ལག་སློབ་ཁང་ཁག་དང། སྤྱི་ཚོགས་བདེ་དོན། ཤེས་ཡོན་ལྷན་ཚོགས་ལྟ་བུའི་འཕགས་བོད་སྡེ་ཚོགས་མང་པོའི་དབུ་ཁྲིད་དང་ཚོགས་མི་སོགས་ཀྱི་མཛད་འཁུར་འབུལ་བཞེས་དང་འབྲེལ་བའི་མཚན་གནས་མི་འདྲ་བ་སྔ་རྗེས་ཁྱོན་བསྡོམས་སུམ་ཅུ་སོ་བདུན་དང་། གཟེངས་བསྟོད་ཕྱག་ཁྱེར་རྣམ་གྲངས་མང་པོ་འབུལ་མཁན་བྱུང་ངོ་།།
དེ་ལྟར་རྒྱལ་ཐབས་འཕྲིན་ལས་ཀྱི་འཇུག་པ་དར་ལ་དྲགས་པའི་བཀའ་བློན་ཁྲི་པའི་མཚན་འགན་དེ་ཉིད་མང་གཙོའི་ལམ་བཞིན་མཛད་ཁུར་ལས་ཡུན་ལོ་དུས་གཉིས་ཀྱི་རྒྱས་བཅད་ལྟར་དུ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་བའི་དུས་ལ་བབས་ཏེ། མང་བཀུར་དབུ་ཁྲིད་བཀའ་བློན་ཁྲི་པ་གསར་པ་༧མི་དབང་བློ་བཟང་སེངྒེ་མཆོག་ལ་རྩིས་འབུལ་ཞུ་གནང་མཛད་ནས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཁུར་ལས་བཤོལ་བར་གནང་ནའང་། དགྲ་བཅོམ་པ་བྱ་བ་བྱས་པ་ལྟར་ལྷོད་དེར་ངལ་གསོར་བཞུགས་སྐབས་བྲལ་ཏེ། བླ་བྲང་དགའ་ལྡན་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་རེ་སྐོང་བའི་གལ་ཆེའི་སྲི་ཞུའི་ཞབས་འདེགས་སྔར་ལས་ལྷག་པར་བརྩོན་གནང་མཛད་སྒོ་དོད་པ་དང་ཆབས་ཅིག དད་ལྡན་ཁག་གིས་ཇི་ལྟར་རིང་མོའི་དུས་ནས་གསོལ་འདེབས་ཞུས་དོན་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱིས་མཚོན་པའི་གདན་ས་དང་། དགོན་སྡེ་ཆེ་ཆུང་རྣམས་སུ་ཟབ་དང་རྒྱ་ཆེའི་མདོ་རྒྱུད་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ནོད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གཞན་ཕན་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་འབྱེད་པའི་ཐོག་ནས་འཚོ་ཞིང་གཞེས་པའི་བཀའ་དྲིན་གྱི་ཕུང་པོ་འདི་ནི་ལྷུན་པོའི་སྤོ་ལྟར་མཐོ་བར་གྱུར་ཏོ།།
ད་ནི་སྔོན་གྱི་ཐུགས་བསྐྱེད་དང་། སྨོན་ལམ། དམ་བཅའ་རྣམས་ལས་གཡོ་བ་མེད་པར་འཆད་རྩོད་རྩོམ་པས་བཤད་སྒྲུབ་བསྟན་པའི་བྱ་བ་རླབས་ཆེན་ཁུར་དུ་ཐེག་ལ་དཔའ་བའི་ངང་ཚུལ་འདི་ཉིད་ཟམ་མ་ཆད་པར་བདག་གིར་བཞེས་ཕྱིར་ཞབས་པད་ཡུན་དུ་བརྟན་པའི་རེ་སྨོན་གསོལ་འདེབས་གདུང་ཤུགས་དྲག་པོའི་མཚམས་སྦྱོར་དང་བཅས། ༸སྐྱབས་མཆོག་གང་གི་སྐུའི་དོན་ལྔའི་འཁྲུངས་སྐར་རྟེན་འབྲེལ་གཟབ་རྒྱས་ཞུ་སྐབས་《བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་》ཞེས་པའི་དེབ་ཅིག་འབུལ་འཆར་ཁོངས་སུ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཆེད་རྩོམ་ཞིག་འབུལ་གཏོང་དགོས་ཚུལ་ངག་དབང་རབ་རྒྱས་ལགས་བརྒྱུད་ནས་བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་གོ་སྒྲིག་ཚོགས་ཆུང་གིས་བསྐུལ་མ་གནང་བ་ལྟར། ༸སྐྱབས་མཆོག་གང་ལ་རིང་ནས་འདྲིས་ཤིང་གློ་བ་ཉེ་བའི་དམ་ཚིག་གཙང་མའི་གྲོགས་ཀྱི་ཐ་ཤལ་དུ་གྱུར་པ་ཁོ་བོས་སློབ་དཔོན་ཆེན་པོ་འདིའི་ཐུན་མོང་བའི་མཛད་པ་རགས་རིམ་ཆ་ཤས་ཙམ་ཞིག་མ་བཅོས་སྲོང་པོར་བཀོད་ཐོག རང་རྩོམ་གང་གི་ཞབས་བརྟན་ཁོངས་ནས་ཚིགས་བཅད་འགའ་རེ་སྤེལ་ཏེ། ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན། བྱ་མང་བྲེལ་གཡེང་གི་གཟེབ་ཏུ་ཚུད་པའི་བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས། དགའ་གུས་དད་སྤྲོའི་ངང་ནས་སྟབས་པོར་བྲིས་ཏེ་ཕུལ།
དེ་ལྟར་རླབས་ཆེའི་འཕྲིན་ལས་ཟབ་མོ་ཡིས། །
གཞན་ཕན་འཇུག་པ་ཡངས་པའི་དྲིན་གྱི་ཚད། །
གཞལ་ལ་རྒྱལ་ཀུན་དགྱེས་བཞིན་བསྔགས་པའི་ཕྱིར། །
ཐལ་མོའི་སྒྲ་ཡིས་གཟེངས་བསྟོད་ཁྱོད་ཀྱིས་ཐོབ། །
དགའ་བ་བརྒྱ་དང་ལྡན་པའི་ཕོ་བྲང་ཆེའི། །
རླབས་ཆེན་མཛད་ཁུར་མུ་མེད་རབ་སྐྱོང་སྟེ། །
མིག་མི་འཛུམ་པའི་ཕྱག་ཟུང་ངལ་གསོ་བའི། །
གཡོ་མེད་རྟེན་དུ་ནུས་པ་ཁྱོད་ཉིད་ཙམ། །
རྒྱལ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །
རིང་ལུགས་དྲི་མེད་བསམ་འཕེལ་ཡིད་བཞིན་ནོར། །
སྐལ་ལྡན་གདུལ་བྱའི་རེ་བ་སྐོང་བའི་སླད། །
ཕྱོགས་མཐར་འགྱེད་པའི་མཛད་བཟང་ཁྱོད་ཀྱིས་སྐྱོངས། །ཞེས་ཀྱང་སྨྲས་ཏེ་མཇུག་བསྡུ་བར་བྱས་སོ།། །།