༈ སྐྱབས་འགྲོའི་སྐོར།
༄༅།། སངས་རྒྱས་ཀྱི་བསྟན་པ་ལ་གསར་དུ་འཇུག་པའི་དབང་དུ་བྱས་ན། སྟོན་པ་རྣམ་འདྲེན་བཞི་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ནས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་ན་འཕགས་པའི་བདེན་པ་བཞིའི་རྣམ་བཞག་སྐོར་བཀའ་སྩལ་བ་རེད། བདེན་བཞིའི་རྣམ་བཞག་གསུངས་པའི་ལུང་གི་ཆོས་སྡེ་སྣོད་གསུམ་དང་། སྡེ་སྣོད་གསུམ་གྱིས་བསྟན་པའི་རྟོགས་པའི་ཆོས་བསླབ་པ་གསུམ་སོགས་ལ་གོ་བ་རགས་པ་ཙམ་ཆགས་པའི་རྗེས་སུ་དངོས་སུ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་མགོ་ཚུགས་པ་རེད། དངོས་སུ་བསྟན་པ་ལ་ཞུགས་པར་བསྟན་པར་འཇུག་པའི་སྒོ་སྐྱབས་འགྲོ་ཞེས་གསུངས་པ་ལྟར། སྐྱབས་འགྲོའི་རྣམ་བཞག་ཤེས་དགོས་པ་དང་རང་རྒྱུད་ལ་སྐྱབས་འགྲོ་སྐྱེད་པར་བྱེད་པ་ནི་བསྟན་པ་ལ་འཇུག་པའི་སྒོ་དང་པོ་ལྟ་བུ་ཡིན་པ་རེད།
བདེན་བཞིའི་རྣམ་བཞག་བསྟན་པའི་སྐབས་སུ་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པ་ལྟར། སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པའི་བློ་ཞིག་སྐྱེས་ན། སྡུག་བསྔལ་དེ་ལ་འཇིགས་པ་དང་དེ་ལས་བྲལ་བའི་འདུན་པ་དང་། དེ་ལས་བྲལ་བའི་ཐབས་གང་དུ་ཡོད་དམ་སྙམ་པའི་འཚོལ་འདུན་ཞིག་འོང་ཞིང་། དེ་ལྟར་བྱུང་ན་སྐྱབས་སུ་འགྲོ་བའི་རིམ་པ་རྣམས་རང་བཞིན་གྱིས་ཡོང་རྒྱུ་རེད། སྐྱབས་འགྲོའི་རྣམ་བཞག་ཆ་ཚང་བ་བློ་ལ་ངེས་པ་དང་ཉམས་སུ་ལེན་པར་བྱ་བ་ལ། བླ་མ་གོང་མ་ཚོས་གསུངས་པ་ལྟར་ན་ས་བཅད་ལྔའི་སྒོ་ནས་བསྟན་ཅིང་། རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ། ཡུལ་གང་ལ་སྐྱབས་སུ་འགྲོ་བ། སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་འགྲོ་བའི་ཕན་ཡོན། སྐྱབས་སུ་འགྲོ་བའི་བསླབ་བྱ་བཅས་ཡིན། དེ་ལྟར་རྩ་བའི་ས་བཅད་ལྔའི་སྒོ་ནས་ཐོས་བསམ་གནང་ན་སྐྱབས་འགྲོའི་རྣམ་བཞག་ཆ་ཚང་བློ་ལ་ངེས་ཐུབ།
དང་པོ་རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་ནི། སྐྱབས་འགྲོའི་རྒྱུ་ངོས་ཟིན་དགོས། སྐྱབས་འགྲོའི་རྒྱུ་ནི་འཇིགས་པ་དང་ཡིད་ཆེས་གཉིས་རེད། དེ་ཡང་གནས་ཚུལ་གང་ཡང་རུང་བ་ཞིག་ལ་འཇིགས་སྐྲག་སྐྱེས་ཏེ། འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་ཤིག་གང་དུ་འདུག། དེ་ལ་ཇི་ལྟར་སྐྱབས་བཅོལ་དགོས་བསམས་པ་དེ་རེད། དཔེར་ན། རྒྱུན་དུ་མིའི་སྤྱི་ཚོགས་ནང་ནད་དང་འབྱུང་བའི་འཇིགས་པ་སོགས་ཡོང་བའི་སྐབས་སུ་སེམས་ལ་འཇིགས་སྐྲག་སྐྱེས་ཏེ་དེ་ལས་སྐྱོབ་མཁན་ཞིག་འཚོལ་བ་ལྟ་བུ་རེད། དེ་བཞིན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བ་ལའང་ཐོག་མར་སྡུག་བསྔལ་དེ་དང་དེ་ལ་འཇིགས་པའི་བློ་ཞིག་མེད་ན། སྐྱབས་འཚོལ་འདོད་དང་སྐྱབས་སུ་འགྲོ་འདོད་ཡོང་གི་མེད། འཇིགས་པ་ལའང་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་འཁོར་བའི་སྡུག་བསྔལ་ལ་འཇིགས་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་འཇིགས་པའམ་སྙིང་བརྩེ་བའི་བསམ་པ་བཅས་ནི་སྐྱེས་བུ་གསུམ་གྱི་སྐྱབས་འགྲོའི་རྒྱུའི་ཁྱད་པར་རེད། ཚེ་འདིའི་འཇིགས་སྐྲག་ཙམ་ལ་བརྟེན་ནས་སྐྱབས་སུ་སོང་ན་སྐྱབས་འགྲོ་ཚད་ལྡན་མིན། སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དང་དེ་ལས་སྐྱོབ་པའི་སྐྱབས་ཤིག་བཙལ་ན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོའི་རྒྱུ་དང་། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་སྐྱོབ་པའི་སྐྱབས་ཤིག་བཙལ་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་སྐྱབས་འགྲོའི་རྒྱུ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་ཤིག་བཙལ་ན་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་རྒྱུ་རུ་འགྲོ དེ་ལྟ་བུ་འཇིགས་པ་ལ་བརྟེན་ནས་སྐྱབས་འཚོལ་འདོད་ཀྱི་བློ་བྱུང་བ་ན་སྐྱབས་གནས་དེ་ལ་སྐྱོབ་པའི་ནུས་པ་ཡོད་པའི་ཡིད་ཆེས་དེ་དགོས། དབང་པོ་རྣོན་པོ་ཡིན་ན་རྒྱུ་མཚན་ཤེས་པའི་སྒོ་ནས་སྐྱབས་གནས་ལ་ཡིད་ཆེས་རྙེད་དགོས་པ་དང་། དབང་པོ་རྟུལ་བོ་ཡིན་ན་བླ་མ་དང་གསུང་རབ་ལ་བརྟེན་ནས་ཡིད་ཆེས་རྙེད་དགོས། དེ་ལྟའི་འཇིགས་པ་དང་ཡིད་ཆེས་ཀྱི་བློ་བཅོས་མ་མིན་པ་ཞིག་རང་རྒྱུད་ལ་སྐྱེས་ན་སྐྱབས་འགྲོའི་རྒྱུ་ཚད་ལྡན་ཞིག་ཆགས་པ་རེད།
གཉིས་པ་ཡུལ་གང་ལ་སྐྱབས་སུ་འགྲོ་བ་ལ། སྐྱབས་ཡུལ་ངོས་བཟུང་བ་དང་། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་གཉིས་ལས། དང་པོ་སྐྱབས་ཡུལ་ངོས་བཟུང་བ་ནི། འཇིགས་པ་དེ་དག་ལས་སྐྱོབ་པའི་སྐྱབས་གནས་གང་ལ་སྐྱབས་སུ་འགྲོ་དགོས་ཤེ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསུངས་པ་བཞིན་སྐྱབས་ལ་གསུམ་དུ་གྲངས་ངེས་པ་རེད། དེ་ཡང་སངས་རྒྱས་སྐྱབས་སྟོན་པ་པོ་དང། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་བཅས་གསུམ་ནི་སྐྱབས་གནས་ཡང་དག་པ་ཡིན།
དེ་ཡང་སངས་རྒྱས་ཞེས་པ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་སྤངས་ཟིན་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཁྱེན་བརྩེ་ནུས་གསུམ་དང་ལྡན་པ། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་གང་ཟག་ཅིག་ལ་སངས་རྒྱས་ཟེར། དེ་ཡང་སངས་རྒྱས་ལ་སྤང་བྱ་ལྷག་མ་གང་ཡང་མེད་པ་དང། འཐོབ་བྱའི་ཆོས་གཟུགས་ཀྱི་སྐུ་གཉིས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཐོབ་ཟིན་པ། ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཉམ་རྗེས་རིས་མེད་ཀྱིས་མངོན་སུམ་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞིག་ལ་སངས་རྒྱས་ཟེར། སངས་རྒྱས་དཀོན་མཆོག་ལ་དབྱེ་ན། དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་། བརྡར་བཏགས་པའམ་ཀུན་རྫོབ་ཀྱི་སངས་རྒྱས་དཀོན་མཆོག་གཉིས་རེད། དེ་ཡང་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ནི་དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་། ལོངས་སྐུ་དང་སྤྲུལ་སྐུ་གཉིས་ནི་བརྡར་བཏགས་པའམ་ཀུན་རྫོབ་ཀྱི་སངས་རྒྱས་དཀོན་མཆོག་ཡིན།
ཆོས་དཀོན་མཆོག་ནི་འགོག་ལམ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་ཤིག་ལ་ཟེར། དེ་ཡང་སྒྲིབ་པ་སྤངས་པའི་སྤངས་པ་འགོག་བདེན་དང། སྒྲིབ་པ་སྤོང་བྱེད་ཀྱི་དངོས་གཉེན་ལམ་བདེན་གཉིས་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་དེ་ཡིན། གང་གིས་འཇིགས་པ་ལས་སྒྲོལ་བར་བྱེད་མཁན་ལམ་གྱི་བདེན་པ་དང། འཇིགས་པ་ལས་གྲོལ་བའི་གོ་འཕང་འགོག་པའི་བདེན་པ་གཉིས་ནི་སྐྱབས་དངོས་རེད། དེ་ལྟ་བུའི་འཕགས་རྒྱུད་ཀྱི་མངོན་རྟོགས་ནི་དོན་དམ་པའི་ཆོས་དཀོན་མཆོག་དང་། དེ་དག་སྟོན་པའི་གཞུང་གསུང་རབ་ཡན་ལག་བཅུ་གཉིས་སོགས་ནི་ཀུན་རྫོབ་པའི་ཆོས་དཀོན་མཆོག་ཡིན།
དགེ་འདུན་དཀོན་མཆོག་ནི་རིག་གྲོལ་གྱི་ཡོན་ཏན་བརྒྱད་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་ནི་དོན་དམ་པའི་དགེ་འདུན་དཀོན་མཆོག་དང། རབ་ཏུ་བྱུང་བ་དགེ་སློང་ཕ་མའི་སྡོམ་པ་ཡོད་པ་བཞི་གྲྭ་ཡན་ཆད་ཀུན་རྫོབ་པའམ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ཡིན།
མདོར་ན། སངས་རྒྱས་ཆོས་སྐུའི་བདག་ཉིད་དེ་དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་། སངས་རྒྱས་གཟུགས་སྐུའི་བདག་ཉིད་དེ་བརྡར་བཏགས་པའི་སངས་རྒྱས་དཀོན་མཆོག འཕགས་རྒྱུད་ལ་ཡོད་པའི་འགོག་ལམ་གྱི་ཆོས་དེ་དོན་དམ་པའི་ཆོས་དཀོན་མཆོག དེ་སྟོན་པའི་གསུང་རབ་ནི་བརྡར་བཏགས་པའི་ཆོས་དཀོན་མཆོག འཕགས་ལམ་རྒྱུད་ལ་སྐྱེས་པའི་གང་ཟག་དེ་དོན་དམ་པའི་དགེ་འདུན་དཀོན་མཆོག སོ་ཐར་གྱི་སྡོམ་པ་རྒྱུད་ལྡན་གྱི་དགེ་སློང་ཕ་མ་བཞི་གྲྭ་ཡན་ལ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་བཅས་ཡིན།
གཉིས་པ་དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ལ། སངས་རྒྱས་དཀོན་མཆོག་སྐྱབས་སུ་འོས་པའི་རྒྱུ་མཚན་ནི། རང་འཇིགས་པ་ཐམས་ཅད་ལས་གྲོལ་བ། གཞན་འཇིགས་པ་ཐམས་ཅད་ལ་སྒྲོལ་པའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་བཅས་བཞི་རེད། རང་འཇིགས་པ་ཐམས་ཅད་ལས་མ་གྲོལ་ན་གཞན་འཇིགས་པ་ལས་སྒྲོལ་མི་ནུས་ཤིང་། རང་འཇིགས་པ་ལས་གྲོལ་ཀྱང་། གཞན་སྒྲོལ་བའི་ཐབས་ལ་མ་མཁས་ན་གཞན་སྒྲོལ་བའི་བྱ་བ་ལག་ལེན་དུ་བསྟར་བ་ན་ཆ་ཚང་བ་ཞིག་ཡོང་དཀའ། དེ་བཞིན་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་མེད་ན། ཁ་ཤས་བསྐྱབས་པ་དང་། ཁ་ཤས་མ་བསྐྱབས་པ་ཡོང་སྲིད། དེ་ནས་ཕན་བཏགས་མ་བཏགས་ཐམས་ཅད་ལ་གཅིག་གྱུར་གྱིས་དོན་མཛད་པ་ཡིན། བདག་ཅག་གི་སྟོན་པར་མཚོན་ན། བདུད་བཞི་བཅོམ་པ་དང་། སྒྲིབ་གཉིས་ཡོངས་སུ་རྫོགས་པ་བཅོམ་པར་བརྟེན། རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་རེད། དེ་མཚོན་པའི་ཕྱིར་དུ་ཐུན་མོང་གདུལ་བྱའི་སྣང་ངོར་རང་འཇིགས་པ་ཐམས་ཅད་ལས་གྲོལ་བའི་ཚུལ་མཇལ་ཐུབ་པ་ནི། དཔེར་ན། ལྷས་སྦྱིན་གྱིས་སྒྱོགས་རྡོ་འཕངས་པའི་སྐབས་སུ་སངས་རྒྱས་ཀྱི་སྐུ་ལ་མ་གནོད་པ་དང་། མ་སྐྱེས་དགྲས་གླང་ཆེན་རྦད་པའི་སྐབས་སུའང་སངས་རྒྱས་འཇིགས་པ་མེད་པར་བཞུགས་པ། ཁྱིམ་བདག་དཔལ་སྦྱིན་གྱིས་དུག་ཕུལ་བའི་སྐབས་སུའང་སྐུ་སྲོག་ལ་མ་གནོད་པ་ལྟ་བུ་རེད། དེ་བཞིན་གཞན་འཇིགས་པ་ལས་སྒྲོལ་པའི་ཐབས་ལ་མཁས་པའི་ཚུལ་ནི། དཔེར་ན། ཤིན་ཏུ་རྨོངས་པ་འཕགས་པ་ལམ་ཆུང་བ་ལྟ་བུ་ཟླ་བ་གཅིག་ལ་ཤློཀ་གཅིག་ཀྱང་བློར་འཛིན་མི་ནུས་པའང་མཐར་དགྲ་བཅོམ་པའི་གོ་འཕང་ལ་བཀོད་པ། འདོད་ཆགས་ཅན་གཅུང་དགའ་བོ་ལྟ་བུ་དགྲ་བཅོམ་པའི་གོ་འཕང་ལ་བཀོད་པ། ཞེ་སྡང་ཅན་སོར་མོའི་ཕྲེང་བ་ལྟ་བུའང་ཐབས་མཁས་ཀྱི་མཛད་པས་བཏུལ་བ་སོགས་རེད། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པའི་ཚུལ་ནི། དཔེར་ན། རྟག་ཏུ་སངས་རྒྱས་ལ་དགྲར་ལྟ་བའི་ལྷས་སྦྱིན་ན་བའི་སྐབས་སུ། སངས་རྒྱས་ཀྱིས་རང་གི་སྐུ་ལས་མཆེད་པའི་སྲས་སྒྲ་གཅན་འཛིན་དང་ལྷས་སྦྱིན་གཉིས་ལ་ཉེ་རིང་རྩ་བ་ནས་བྱས་མ་མྱོང་བ་བདེན་པ་ཡིན་ན། དེའི་བདེན་པའི་མཐུ་ལ་བརྟེན་ནས་ལྷས་སྦྱིན་ནད་ལས་གྲོལ་བར་གྱུར་ཅིག་ཅེས་བདེན་སྟོབས་བརྗོད་པས་ལྷས་སྦྱིན་ནད་ལས་ཐར་བ་ལྟ་བུ་རེད། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་ཚུལ་ནི། སངས་རྒྱས་ལ་བཀུར་སྟི་རིམ་འགྲོ་ཞུ་མཁན་གྱི་དོན་མཛད་པ་ཙམ་མིན་པར། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།། ཞེས་གསུངས་པ་བཞིན་གནོད་པ་བྱེད་མཁན་གྱི་དོན་ཡང་མཛད་ཅིང་། དཔེར་ན། འཁོར་ལྔ་སྡེ་བཟང་པོ་ལྟ་བུར་མཚོན་ན། སངས་རྒྱས་ཀྱི་འཁོར་གྱི་ཐོག་མར་འགྱུར་བའི་རྒྱུ་ག་དུས་བསགས་པ་རེད་ཅེ་ན། སངས་རྒྱས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ལྟོགས་ཏེ་ཤི་ལ་ཁད་པའི་སྟག་མ་བུ་ལྔར་རང་གི་སྐུ་གཟུགས་སྦྱིན་པ་གཏོང་དུས། ད་ལྟ་འདིར་སྟག་མོ་མ་བུ་ལ་རང་གི་ལུས་ཤ་ཁྲག་གིས་བསྐྱབས་པ་ལྟར། མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུའང་འཁོར་གྱི་ཐོག་མར་བཟུང་སྟེ་ཆོས་ཀྱི་བདུད་རྩི་ཐོག་མར་སྦྱིན་པར་ཤོག་ཅེས་སྨོན་ལམ་མཛད་པ་ལྟ་བུ་རེད། དེ་ལྟར་སངས་རྒྱས་སྐྱབས་སུ་འོས་པའི་ཚུལ་རྣམས་ངེས་དགོས། ཆོས་དཀོན་མཆོག་སྐྱབས་སུ་འོས་པའི་རྒྱུ་མཚན་ནི། ཆོས་ལ་སྤང་བྱ་སྤོང་ནུས་ཀྱི་ནུས་པ་རང་ཆས་སུ་ཡོད་པ་དང་། གང་སྤང་བར་བྱ་བའི་སྤང་བྱ་དེའི་འགལ་ཟླའི་ཕྱོགས་ཡོད་པའི་དབང་གིས་འགོག་བདེན་དངོས་སུ་སྦྱིན་ནུས་པ་རིགས་པས་དཔྱད་ན་ཤེས་ཐུབ། དགེ་འདུན་དཀོན་མཆོག་སྐྱབས་སུ་འོས་པའི་རྒྱུ་མཚན་ནི། ཇི་ལྟར་དགེ་འདུན་དཀོན་མཆོག་སྐྱབས་ཀྱི་གྲོགས་སུ་འགྲོའམ་ཞེ་ན། དགེ་འདུན་དཀོན་མཆོག་གིས་ཆོས་ཉམས་སུ་བླངས་པ་ལ་བརྟེན་ནས་ལམ་དང་འགོག་པའི་བདེན་པ་རང་གི་རྒྱུད་ལ་དངོས་སུ་སྐྱེས་ཟིན་པ་རེད། ཚོད་དཔག་ཙམ་དང་གཞན་གྱི་ཟེར་སྒྲོས་ཙམ་མིན་པར། ཆོས་དཀོན་མཆོག་གིས་ཇི་ལྟར་བསྐྱབས་པའི་ཚུལ་དེ་དངོས་སུ་རང་གི་ཉམས་མྱོང་གིས་གྲུབ་པ་ཡིན་པས་སྐྱབས་སུ་འོས་པ་ཡིན། དེ་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ཐོག་མར་ངོས་ཟིན་པ་དང། བར་དུ་སྐྱབས་སུ་འོས་པའི་རྒྱུ་མཚན་མཐོང་ནས་སྐྱབས་སུ་འོས་པ་ལ་ངེས་པ་རྙེད་དགོས།
ཡང་སྐྱབས་ཡུལ་ལ་དབྱེ་ཚུལ་གཞན་ཞིག་ནི་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་རེད། དང་པོ་རྒྱུ་སྐྱབས་ནི། ང་ཚོ་ལས་རྒྱུད་ཐ་དད་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་རྒྱུ་སྐྱབས་ཀྱི་སངས་རྒྱས་དཀོན་མཆོག་དང་། འཕགས་པ་གནས་བརྟན་བཅུ་དྲུག་དང་ཉེ་བའི་སྲས་ཆེན་བརྒྱད་ལྟ་བུ་རྒྱུ་སྐྱབས་ཀྱི་དགེ་འདུན་དཀོན་མཆོག སངས་རྒྱས་དང་འཕགས་པའི་གང་ཟག་ཚོའི་ཐུགས་རྒྱུད་དུ་ཡོད་པའི་འགོག་ལམ་གཉིས་ཀྱི་བདེན་པ་དེ་རྒྱུ་སྐྱབས་ཀྱི་ཆོས་དཀོན་མཆོག་རེད། གཉིས་པ་འབྲས་སྐྱབས་ནི། མ་འོངས་པར་ལམ་ཉམས་སུ་བླངས་ཏེ་རང་གི་འཐོབ་བྱར་གྱུར་བའི་འགོག་པ་དང་ལམ་གྱི་བདེན་པ་དེ་འབྲས་སྐྱབས་ཀྱི་ཆོས་དཀོན་མཆོག་དང་། དེ་ཐོབ་པའི་སྐབས་སུ་རང་ཉིད་འཕགས་པའི་གང་ཟག་གི་ངོ་བོར་གྱུར་པའི་གནས་སྐབས་དེ་འབྲས་སྐྱབས་ཀྱི་དགེ་འདུན་དཀོན་མཆོག རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་གཟུགས་ཀྱི་སྐུ་བརྙེས་པའི་གནས་སྐབས་དེ་འབྲས་སྐྱབས་ཀྱི་སངས་རྒྱས་དཀོན་མཆོག་རེད། ད་ལྟའི་གནས་སྐབས་སུ་ང་ཚོ་ལ་རྒྱུ་སྐྱབས་གཙོ་བོ་ཡིན་ཡང་། དངོས་སུ་སྐྱབས་འགྲོ་བྱེད་པའི་སྐབས་སུ་མ་འོངས་པར་རང་གི་འཐོབ་བྱར་གྱུར་པའི་དཀོན་མཆོག་གསུམ་པོ་དེ་ཡང་སྐྱབས་ཡུལ་དུ་གཟུང་ཆོག་པ་མ་ཟད། གཟུང་དགོས་པའང་ཡིན། དེ་ལྟར་སྐྱབས་གནས་ཀྱི་ངོ་བོ་དང་། སྐྱབས་སུ་འོས་པའི་རྒྱུ་མཚན་རྣམས་བློ་ལ་ལེགས་པར་འཆར་ན། སྐྱབས་ཡུལ་ལ་ཡིད་ཆེས་པའི་ཡིད་ཆེས་དེ་བརྟན་དུ་འགྲོ་རྒྱུ་རེད།
གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། དེ་ལྟར་སྐྱབས་ཡུལ་ངོས་བཟུང་བ་དང་། སྐྱབས་འགྲོའི་རྒྱུ་གཉིས་རྒྱུད་ལ་སྐྱེས་རྗེས། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ཞེ་ན། སྐྱབས་སུ་འགྲོ་ཚུལ་ལ་རྒྱས་པར་དབྱེ་ན། ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ། ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ། ཁས་བླངས་པའི་སྒོ་ནས་སྐྱབས་སུ་འགྲོ་བ། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་འགྲོ་བ་བཅས་བཞིར་གསུངས་ཀྱང་། གཞུང་ཆེན་མོ་ལ་ཐོས་བསམ་གནང་མ་མྱོང་མཁན་ཚོར་གསན་བདེ་པོ་མེད་རུང་། མདོ་དོན་རང་རྒྱུད་ལ་འཇིགས་པ་དང་ཡིད་ཆེས་གཉིས་ཀྱིས་དྲངས་ཏེ། རྟག་ཏུ་དཀོན་མཆོག་གསུམ་ལ་བློ་ལིང་འགེལ་གྱི་སྒོ་ནས་སྐྱབས་སུ་འགྲོ་སྙམ་པའི་དམ་བཅའ་བརྟན་པོའི་བློ་བསྐྱེད་པ་དེ་སྐྱབས་སུ་འགྲོ་ཚུལ་རེད། བློ་ལིང་འགེལ་ཟེར་བ་ནི་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐབས་སུ་རང་ལ་འདུ་ཤེས་མི་འདྲ་བ་གསུམ་གསལ་པོ་དགོས་ཤིང་། སངས་རྒྱས་ལ་སྐྱབས་སྟོན་པ་པོའི་འདུ་ཤེས། ཆོས་ལ་སྐྱབས་དངོས་ཀྱི་འདུ་ཤེས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཀྱི་འདུ་ཤེས་བཅས་དགོས། ནད་པ་ཚབས་ཆེན་ཞིག་ནད་ལས་འགྲོལ་བ་ལ་སྨན་པ་དང་། སྨན། ནད་གཡོག་བཅས་ཚད་ལྡན་གསུམ་དགོས་པ་ལྟར། སངས་རྒྱས་ལ་སྨན་པ་ལྟ་བུ་དང་། ཆོས་ལ་སྨན་ལྟ་བུ། དགེ་འདུན་ལ་ནད་གཡོག་ལྟ་བུའི་འདུ་ཤེས་ངེས་པར་དགོས། སངས་རྒྱས་ནི་སྨན་པ་ཚད་ལྡན་ལྟ་བུ་ཡིན་ཏེ། སྨན་པས་ནད་ཀྱི་རྒྱུ་དང་རྐྱེན། སྨན་གང་ཟ་དགོས་པ་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པ་ལྟར། སངས་རྒྱས་ཀྱིས་སྡུག་བསྔལ་གྱི་རྒྱུ་དེ་འགོག་པའི་ཐབས་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པས་དེ་ལ་སྐྱབས་སྟོན་པ་པོའི་འདུ་ཤེས་དགོས། སངས་རྒྱས་ཀྱིས་ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད་པ་སྟེ་ཆོས་བསྟན་ནས་གདུལ་བྱ་སྐྱོབ་པ་མ་གཏོགས། སངས་རྒྱས་ཀྱིས་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱིས་སྐྱོབ་པ་དང་། རང་གི་ཐུགས་རྒྱུད་ཀྱི་རྟོགས་པ་བགོ་བཤའ་བསྐྱོན་ནས་སྐྱོབ་པ་སོགས་མེད། དངོས་སུ་རང་རྒྱུད་ཀྱི་སྡུག་བསྔལ་ལས་སྐྱོབ་མཁན་དང་། ་ཉོན་མོངས་སོགས་སྤངས་ནས་འགོག་པའི་ལམ་དུ་འཁྲིད་མཁན་ནི་ཆོས་དཀོན་མཆོག་རེད། དེ་ནི་སྐྱབས་དངོས་སྨན་དང་འདྲ་བ་དེ་རེད། དེ་ལྟ་བུའི་ལམ་གྱི་རིམ་པ་ཉམས་སུ་ལེན་པར་རང་གིས་མིག་དཔེ་བལྟ་ཡུལ་ཉམས་རྟོགས་རྒྱུད་ལ་སྐྱེས་ཟིན་པའི་གྲོགས་ཤིག་མེད་ན་ཉམས་ལེན་མཐར་ཕྱིན་པ་ཡོང་དཀའ་བར་བརྟེན། ནད་གཡོག་དང་མཚུངས་པའི་སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་དཀོན་མཆོག་དེ་དགོས། དེ་ལྟར་ཁྱད་པར་མཐོང་སྟེ་སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཀྱི་འདུ་ཤེས་བསྐྱེད་དགོས། སྐྱབས་དངོས་ཀྱི་འདུ་ཤེས་ཞེ་ན། སྐྱབས་དངོས་དེ་རང་རྒྱུད་ལ་སྐྱེ་ཐབས་བྱེད་པ་ལ་ཟེར། སྐྱབས་སུ་སོང་ནས་སྐྱོབ་ཚུལ་དངོས་ནི་སངས་རྒྱས་ལ་སྐྱབས་སྟོན་པ་པོའི་ཡིད་ཆེས་དང་། དེས་བསྟན་པའི་ཆོས་རྣམས་རང་གི་རྒྱུད་ལ་ཉམས་སུ་ལེན་ནས་འཇིགས་པ་རྣམས་མེད་པར་བཟོ་རྒྱུ་དེ་རེད།
བཞི་པ་སྐྱབས་སུ་འགྲོ་བའི་ཕན་ཡོན་ནི། ཧ་ཅང་རྒྱ་ཆེ་ཡང་མདོར་བསྡུས་ཙམ་ཞུས་ན། དང་པོ་ནང་པ་སངས་རྒྱས་པར་ཚུད་པ་ནི། བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཞེས་གསུངས་པ་ལྟར། སྐྱབས་འགྲོ་ཡོད་ན་ནང་པ་དང་། སྐྱབས་འགྲོ་མེད་ན་ནང་པ་མིན། ནང་པ་ཡིན་མིན་ནི་རང་རྒྱུད་ལ་སྐྱབས་འགྲོ་ལྡན་མིན་གྱིས་འབྱེད་པ་ལས། ཁ་ནས་ག་རེ་འདོན་མིན་དང་། ལུས་ལ་ག་རེ་གྱོན་མིན། ཟས་ག་རེ་ཟ་མིན་སོགས་ཀྱིས་ཕྱེ་མི་ཐུབ། གཉིས་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ནི། སོ་ཐར་དང་བྱང་སེམས་སྔགས་སྡོམ་གྱིས་མཚོན་སྡོམ་པ་གང་ཞིག་ལེན་ཡང་སྐྱབས་འགྲོ་སྔོན་དུ་མ་སོང་བར་སྡོམ་པ་ལེན་མི་ཐུབ་ཅིང་། བླངས་ཀྱང་རྒྱུད་ལ་སྐྱེས་མི་ཐུབ། གསུམ་པ་སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་སྦྱང་བར་འགྱུར་བ་ནི། སྔོན་བསགས་སྡིག་པ་བཤགས་པ་ལའང་སྐྱབས་འགྲོ་དེ་ནུས་པ་ཆེ། བཞི་པ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ནི། སྐྱབས་འགྲོས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ཡིན། ལྔ་པ་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་ནི། གནས་སྐབས་ཀྱི་དོན་མི་དང་མི་མ་ཡིན་པ་སོགས་ཀྱིས་གནོད་པ་བྱས་ཀྱང་སྐྱབས་འགྲོ་ཡོད་ན་མི་ཚུགས་པ་ཡིན། དྲུག་པ་ངན་སོང་དུ་མི་ལྟུང་བ་ནི། རྒྱུན་དུ་སྐྱབས་འགྲོ་ཚད་ལྡན་ཡོད་ན་ངན་སོང་དུ་འཕེན་བྱེད་ཀྱི་ལས་ལ་གསོས་མི་བཏབ་པ་རེད། བདུན་པ་གནས་སྐབས་དང་མཐར་ཐུག་གི་དོན་བདེ་བླག་ཏུ་འགྲུབ་པ་ནི། གནས་སྐབས་ཚེ་རིང་བ་དང་ནད་མེད་པ་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པ་དང་། ཕྱི་མར་བདེ་འགྲོར་སྐྱེ་བ། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ཡིན། བརྒྱད་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་ནི། སྐྱབས་འགྲོ་རྒྱུད་ལ་སྐྱེས་ཟིན་པའི་རྗེས་སུ་ངེས་པར་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ལ་རང་བཞིན་གྱིས་འཇུག་པ་དང་། སྐྱབས་འགྲོའི་ནུས་པ་ལ་བརྟེན་ནས་ལམ་གྱི་ཉམས་ལེན་རྣམས་ལ་བར་ཆད་མེད་པར་མཐར་ཐུག་གི་ཕན་ཡོན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་ཡིན།
ལྔ་པ་སྐྱབས་འགྲོའི་བསླབ་བྱ་ནི། དེ་ལ་ཐུན་མོང་མ་ཡིན་པའི་བསླབ་བྱ་དང་ཐུན་མོང་བའི་བསླབ་བྱ་གཉིས་ཡོད། ཐུན་མོང་མ་ཡིན་པའི་བསླབ་བྱ་ལ། དགག་པའི་བསླབ་བྱ་དང་སྒྲུབ་པའི་བསླབ་བྱ་གཉིས་ཡོད། དགག་པའི་བསླབ་བྱ་ལ། སངས་རྒྱས་ལ་སྐྱབས་སུ་སོང་བའི་དགག་པའི་བསླབ་བྱ་ནི་འཇིག་རྟེན་པའི་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་སོང་བའི་དགག་པའི་བསླབ་བྱ་ནི་སེམས་ཅན་ལ་འཚེ་བ་སྤོང་བ། སྐྱབས་འགྲོ་ཡོད་མཁན་གྱི་གང་ཟག་ཅིག་གིས་འཚེ་བ་བྱས་ན་སྡིག་པ་ཉིས་བརྩེགས་འབྱུང་། སྐྱབས་འགྲོ་མེད་མཁན་གྱིས་འཚེ་བ་བྱེད་ན་འཚེ་བའི་སྡིག་པ་ཙམ་མ་གཏོགས། སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་ཡོང་རྒྱུ་མེད། དགེ་འདུན་ལ་སྐྱབས་སུ་སོང་བའི་དགག་པའི་བསླབ་བྱ་ནི་གྲོགས་ལོག་ལྟ་ཅན་དང་མི་འགྲོགས་པ་རེད། སྒྲུབ་པའི་བསླབ་བྱ་ལ། སངས་རྒྱས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་འདྲ་ཚུན་ལ་མ་དད་པ་དང་ཚོང་དུ་བཙོང་བ་སོགས་མི་བྱ་བར། སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ཕྱིན་དེ་ལ་གུས་ཞབས་བྱེད་པ་དང་། ཆོས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་ནི། དམ་ཆོས་ཡིག་འབྲུ་ན་གཅིག་ཚུན་ལའང་གུས་ཞབས་བྱེད་པ། དགེ་འདུན་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་ནི། ཚུལ་ཁྲིམས་འཆལ་བའི་གང་ཟག་དང་རྟགས་ཙམ་འཛིན་པ་ལའང་གུས་ཞབས་བྱེད་པ། དེ་ལྟའི་བསླབ་བྱ་རྣམས་ཉམས་སུ་ལེན་ན་སྐྱབས་འགྲོའི་ཕན་ཡོན་རྣམས་འབྱུང་བ་ཡིན།
གཉིས་པ་ཐུན་མོང་བའི་བསླབ་བྱ་ལ། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཅི་བཟའ་ཅི་བཏུང་གི་ཕུད་ཀྱིས་མཆོད་པ། སྐྱབས་སུ་འགྲོ་འདོད་པའི་གང་ཟག་གཞན་སྐྱབས་འགྲོ་ལ་འགོད་པ། བྱ་བ་རྣམས་དཀོན་མཆོག་ལ་བློས་བཀལ་ཏེ་བྱེད་པ། དཀོན་མཆོག་གསུམ་ཆེ་བ་སྲོག་གི་ཕྱིར་ཡང་མི་བཏང་བ་དང་། ཆུང་བ་བཞད་གད་ཀྱི་ཕྱིར་དུ་ཡང་མི་བཏང་བ། གལ་ཏེ་དཀོན་མཆོག་བློས་མ་བཏང་ན་སྲོག་གཅོད་ཀྱི་ཡོད་ནའང་དཀོན་མཆོག་དང་སྲོག་གཉིས་ལས་དཀོན་མཆོག་འདེམས་ཐུབ་པ། ཡང་སེམས་གཏིང་ནས་དཀོན་མཆོག་འདོར་བའི་བློ་མེད་ཀྱང་། རྩེད་མོ་དང་བཞད་གད་ཀྱི་རྣམ་པར་ཡང་དཀོན་མཆོག་བློས་མི་གཏོང་བ་བཅས་རེད། མདོ་དོན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བློ་བརྟན་པོ་ཞིག་སྐྱེས་ན་བསླབ་བྱ་རྣམས་རང་བཞིན་གྱིས་ཡོང་རྒྱུ་རེད། སྐྱབས་འགྲོའི་སྐོར་མདོར་བསྡུས་ཞུས་ན་དེ་ལྟར་ཡིན།
(འདི་ནི་ ༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཤར་ནུབ་ཀུན་ཏུ་མཆེད་དེ། མི་རྣམས་ཁྱིམ་སྡོད་བཀའ་རྒྱས་ནང་དུ་བཅུག་པའི་སྐབས་དེར། དོན་གཉེར་ཅན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ལས་དང་པོ་བ་རྣམས་ཀྱི་ཆེད་དུ་བརྙན་ལམ་བརྒྱུད་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་སྐོར་ ༢༠༢༠ ཟླ་ ༨ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་ཆུ་ཚོད་ཕྱེད་ཙམ་རིང་མདོར་བསྡུས་སུ་གསུངས་པ་ཡི་གེར་ཕབ་པ་ཞིག་ཡིན། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)