༈ ལས་འབྲས་ཀྱི་རྣམ་གཞག
༄༅།། ལས་དང་འབྲས་བུའི་རྣམ་གཞག་ནི་ནང་པའི་ཆོས་ཀྱི་རྣམ་གཞག་ཤོད་སྐབས་སྐྱེས་བུ་ཆུང་ངུ་དང་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་གཉིས་ཀའི་ནང་འབྲེལ་བ་ཡོད། དེས་ན་ལས་ཀྱི་རྣམ་གཞག་གང་ཡིན་པ་དང་། ལས་ལ་བརྟེན་པའི་འབྲས་བུ་དེ་ཇི་ལྟར་འགྲུབ་པའི་རྣམ་གཞག་ལ་ནང་པའི་གཞུང་ནང་སྟབས་བདེ་པོས་ལས་འབྲས་ཀྱི་རྣམ་གཞག་ཟེར། སྔ་དྲོ་བཞིན་ད་ལྟའང་གྲ་སྒྲིག་ཁྱོན་ནས་མེད་པར་ཡོང་བ་ཡིན་སྟབས། བཤད་པ་དེ་ཏག་ཏག་ཅིག་ཡོང་མིན་ཤེས་ཀྱི་མི་འདུག བཀའ་གདམས་གོང་མ་ཚོའི་གསུང་ཚུལ་ཞིག་ལ་ཤ་ཟིན་སྤུ་ཟིན་ཟེར་བ་ཞིག་ཡོད་པར་བརྟེན། གང་ནས་ཟིན་ཟིན་ལྟ་བུ་བཤད་རྒྱུ་ཡིན།
སྤྱིར་བཏང་བོད་སྐད་ནང་ལས་ཟེར་བའི་ཚིག་དེ་སྐབས་ཐོབ་དབང་གིས་མི་འདྲ་བ་ཁ་ཤས་ལ་གོ་རྒྱུ་ཡོད། ད་ལྟ་ལས་འབྲས་ཀྱི་རྣམ་གཞག་ཤོད་པའི་སྐབས་ཀྱི་ལས་ཟེར་བ་དེ་བྱ་བའམ་རྩོལ་བ་ཞིག་ལ་གོ་ཞིང་། བྱ་བ་གང་ཡང་རུང་བ་ཞིག་ལ་རྩོལ་བ་བྱེད་པ་ལ་གོ གང་ལྟར་ལུས་ངག་ཡིད་གསུམ་གང་ཡིན་ཡང་རྣམ་འགྱུར་ཐོན་པའི་སྒོ་ནས་དང་པོའི་གནས་སྟངས་ལས་མི་འདྲ་བར་རྩོལ་བའི་ངོ་བོ་ལ་ཞུགས་པ་ཞིག་ལ་ལས་ཟེར། དེ་འདྲའི་ལས་ཀྱི་ངོ་བོ་གང་ཡིན་པ་དེ་བཤད་ན་དུས་ཚོད་འགོར་རྒྱུ་རེད། མདོར་བསྡུས་ན། ལས་ཞེས་པ་ནི་རྩོལ་བ་གང་ཡང་རུང་བ་བྱེད་པ་དེ་ལ་ལས་དང་། དེ་ལ་ཞེ་ས་བྱས་ན་འཕྲིན་ལས་ཞེས་བརྗོད། སྤྱིར་བོད་པའི་ཞེ་ས་མང་ཆེ་བར་སྐུ་དང་ཐུགས་སོགས་སྦྱར་བ་རེད། འོན་ཀྱང་འདིར་མི་འདྲ་བར་འཕྲིན་ཞེས་སྦྱར་ཞིང་། དེ་ནི་ཕན་ཚུན་གོ་བརྡ་སྤྲོད་པ་ལ་ཟེར། ལས་ཀྱི་ནང་རྣམ་པར་རིག་བྱེད་དམ་གསལ་བར་བྱེད་པའི་རྣམ་གཞག་ཅིག་དགོས་པར་བརྟེན་དེའི་ཞེ་སར་འཕྲིན་ཞེས་སྦྱར་བ་མིན་ནམ། ཡང་རྒྱུན་སྤྱོད་ཕལ་སྐད་དུ་ལས་ཀྱི་ཞེ་ས་ལ་ཕྱག་ལས་ཞེས་ཟེར་བ་དང་། སྐབས་འགར་སྐུ་ལས་ཞེས་ཟེར་བ་སོགས་སྐབས་ཐོབ་འདྲ་མིན་ཡོང་། ལས་ཀྱི་འཇུག་སའི་གཞི་དེ་ལ་རྣམ་པར་རིག་བྱེད་ཐོན་གྱི་ཡོད་སྟབས་དེ་ནི་རྩོལ་བ་ཆགས་ཀྱི་ཡོད། དེ་འདྲའི་རྩོལ་བ་བྱེད་པའི་ལས་དེའི་ལམ་ལུས་ངག་ཡིད་གསུམ་རེད། ལུས་ངག་ཡིད་གསུམ་གང་རུང་བརྒྱུད་ནས་བྱེད་པ་པོ་དེས་རྩོལ་བ་བྱེད་ན་དེ་ལས་ཀྱི་ངོ་བོར་གྲུབ་པར་བརྟེན། རྗེས་སུ་འབྲས་བུ་མྱོང་རྒྱུ་རེད། གང་ལྟར་རྩོལ་བ་དེའི་ལན་དུ་འབྲས་བུ་ཞིག་ཡོང་རྒྱུ་གཏན་འཁེལ་བ་རེད། དེས་ན་ལས་ཀྱི་ངོ་བོར་གྲུབ་ནས་འབྲས་བུ་མ་འབྱིན་པར་ལྷག་རྒྱུ་མེད། འདུས་བྱས་ཀྱི་ཆོས་ཐམས་ཅད་དེ་ལྟར་རེད། དེར་བརྟེན་ལས་ཤིག་བསགས་ནས་འབྲས་བུ་མ་སྨིན་པ་རེད་ཅེས་པ་ཡོང་རྒྱུ་མེད། ལས་དེ་ལ་སྡིག་པ་ཡིན་ན་གཉེན་པོ་བསྟེན་ནས་བཤགས་པའམ། དེ་མིན་ལས་ཀྱི་རྣམ་གཞག་གཞན་ཤེས་རབ་ཡེ་ཤེས་ཀྱིས་བཅོམ་ནས་མེད་པ་ཆགས་རྒྱུ་མེད་དམ་ཞེ་ན། མེད་པ་ཆགས་རྒྱུ་ཡོད་ཅིང་། ལས་དགེ་བ་དང་མི་དགེ་བ་དེས་འབྲས་བུ་འབྱིན་དགོས་པ་དེ་མ་འབྱིན་པར་གཞན་ཞིག་ཆགས་པ་ཡོད་ཀྱང་འབྲས་བུ་མེད་པ་ཆགས་ཀྱི་མེད། དེ་ཉམས་འགྲོ་བའམ་ཞིག་འགྲོ་བ་དེ་རྩོལ་བ་གཞན་ཞིག་ལ་བརྟེན་དགོས་པས་རང་གི་འབྲས་བུར་གྲུབ་པ་རེད།
ལས་ལ་ངོ་བོའི་སྒོ་ནས་དབྱེ་ན། རགས་པ་ཙམ་བཤད་ན། ལས་དགེ་བ་དང་མི་དགེ་བ་གཉིས་ནང་འདུ། ཡིན་ནའང་ཞིབ་ཚགས་ཀྱིས་བཤད་ན། དགེ་བ་དང་། མི་དགེ་བ། ལུང་མ་བསྟན་བཅས་གསུམ་རེད། དགེ་བ་དང་མི་དགེ་བ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཕྱེ་དགོས་ཞེ་ན། རང་གི་འབྲས་བུ་བདེ་བའི་ངོ་བོར་འབྱིན་ནུས་མཁན་གྱི་ལས་ལ་དགེ་བ་དང་། རང་གི་འབྲས་བུ་ཡིད་དུ་མི་འོང་བ་སྐྱེད་བྱེད་ཀྱི་ནུས་པ་ཅན་གྱི་ལས་ལ་མི་དགེ་བ། འབྲས་བུ་ཇི་ལྟར་འབྱིན་དང་མ་འབྱིན་ནི་ལྐོག་གྱུར་ཡིན་སྲིད། འོན་ཀྱང་གང་ཟག་ཕལ་པ་ཚོར་དགེ་བ་དང་མི་དགེ་བའི་རྣམ་དབྱེ་དེ་ཇི་ལྟར་ཕྱེ་དགོས་ཤེ་ན། ལས་དེས་འབྲས་བུ་བདེ་བ་འབྱིན་པའམ། ཡང་ན་སྡུག་བསྔལ་འབྱིན་པ་ང་ཚོས་ད་ལྟ་ཐག་ཆོད་མི་ཐུབ། དེས་ན་ལས་དགེ་བ་དང་མི་དགེ་བའི་བླང་དོར་དང་རྣམ་དབྱེ་ནི་འཚེ་བ་ཡོད་མེད་ཀྱིས་བྱེད་དགོས། དགེ་བའི་ངོ་བོ་ཅན་གྱི་ལས་རྣམས་དངོས་སམ་བརྒྱུད་པའི་སྒོ་ནས་མི་འཚེ་བ་ཡིན་དགོས། གང་ལྟར་གཞན་གནོད་གཞི་དང་བཅས་པ་ལས་ལོག་དགོས། དཔེར་ན། རྩྭ་འཇག་མ་ཕྲ་པོས་མི་ཞིག་གི་མགོ་ལ་གཞུས་ན་དེས་ན་ཚ་མི་གཏོང་ལ། མི་གནོད་པ་ཡིན། རྩ་ཉག་གཅིག་གིས་བརྡེགས་པ་མི་འགྲུབ་ཀྱང་།། སྤྱིར་ན་བརྡེགས་པ་གནོད་པའི་རིགས་ཅན་ཕྱིར།། ཞེས་དགེ་སློང་གི་ལྟུང་བའི་སྐབས་སུ་བཤད་ཡོད། དེས་ན་རྩ་ཉག་ཅིག་གིས་རྡེག་པ་དེས་ཆ་མཐུན་གྱི་ཉེས་པ་ཡོང་བ་དེ་གང་རེད་ཅེ་ན། སྤྱིར་བཏང་རྡེག་པ་ནི་གནོད་པའི་རིགས་ཅན་ཡིན་པས། རྩ་ཉག་གིས་རྡེག་པའང་གནོད་པའི་རིགས་ཅན་གྱི་ཆར་གཏོགས་པ་རེད། གང་ལྟར་དེ་དག་འཚེ་བའམ་འཚེ་བའི་གཞིར་གཏོགས་པར་བརྟེན། མི་དགེ་བའི་རྣམ་གྲངས་རེད། འཚེ་བའམ་འཚེ་བའི་གཞི་དང་བཅས་པ་ལས་ལོག་ན། དགེ་བའམ་ལུང་མ་བསྟན་གང་རུང་རེད། དེ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་ན་དེ་ནི་ངེས་པར་དུ་དགེ་བར་འགྲོ་བ་རེད། དེས་ན་སོ་སོ་སྐྱེ་བོའམ་བྱིས་པ་དེ་ཚོས་དགེ་བ་དང་མི་དགེ་བའི་རྣམ་གཞག་དབྱེ་བའི་སྐབས་སུ་འཚེ་བའམ་འཚེ་བའི་རིགས་སུ་གནས་པ་ཆགས་ཀྱི་འདུག་མི་འདུག མི་འཚེ་བའམ་མི་འཚེ་བའི་རིགས་སུ་གནས་པ་ཆགས་ཀྱི་འདུག་མི་འདུག དེའི་ཆ་ནས་བལྟས་ན་དགེ་མི་དགེའི་རྣམ་གཞག་བྱེད་ཐུབ།
འཚེ་བའམ་འཚེ་བའི་རིགས་སུ་གནས་པ་ལ་ཤོད་སྟངས་མི་འདྲ་བ་མང་པོ་རེད། དངོས་སུ་འཚེ་བ་ལྟ་བུར་སྣང་ཡང་དོན་ལ་ཕན་པ་དང་། དངོས་སུ་མི་འཚེ་བ་ལྟ་བུར་སྣང་ཡང་དོན་ལ་འཚེ་བ་ཡིན་པའང་ཡོད། དཔེར་ན་སྨན་པས་ཁབ་བཙུགས་པ་དང་། མེ་ཚག་རྒྱག་པ་ལྟ་བུ་ཁ་ཐུག་ལ་ན་ཚ་བཏང་ནས་ཧ་ཅང་འཚེ་བ་ཡོད་པ་ལྟ་བུ་ཡོད་ཀྱང་། དོན་དུ་ཕན་སེམས་ཀྱིས་ཀུན་ནས་བསླངས་པར་བརྟེན། མཐའ་མའི་འབྲས་བུའང་ཕན་པ་བྱུང་། དེ་ལྟ་བུའི་ལས་ཀྱི་རིགས་རྣམས་འཚེ་བ་མ་ཡིན་པར་འདོད་སྲོལ་ཡོད། གཞུང་ཁ་ཤས་ནང་སྲོག་གཅོད་པའི་ལས་ལ་འཚེ་བ་མ་ཡིན་པ་ཡོང་མི་སྲིད་ཅེས་བཤད་ཚུལ་ཡང་ཡོད། དཔེར་ན་དེད་དཔོན་སྙིང་སྟོབས་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པའི་ལས་དེ་མི་དགེ་བ་ཡིན་པར་བརྟེན། དེད་དཔོན་དམྱལ་བ་ལ་དར་གྱི་འཕང་ལོ་འཕངས་པ་ཙམ་དུ་སྐྱེ་བ་བླངས་པ་ཡིན་རུང་། སྙིང་རྗེས་ཀུན་ནས་བསླངས་ནས་མི་ནག་མདུང་ཐུང་ཅན་བསད་པ་དེ་ལ་བརྟེན་ནས་བསྐལ་པ་དགུའི་ཚོགས་བཟླུམས་པ་ཡིན་ཞེས་ལུང་ནང་གསལ། དེས་ན་བསད་པའི་ལས་ཀུན་ནས་སློང་བྱེད་ཀྱི་སྙིང་རྗེ་ཤུགས་དྲག་པོ་སྐྱེས་པ་ཡིན་སྟབས་བསྐལ་བ་དགུའི་ཚོགས་བཟླུམས་པ་ཡིན་རུང་། བསད་པའི་ལས་ནི་མི་དགེ་བ་ཡིན་པར་བརྟེན་དར་གྱི་འཕང་ལོ་འཕངས་པ་ཙམ་དུ་དམྱལ་བར་སྐྱེས་པ་རེད་ཅེས་བཤད་སྲོལ་ཡོད། གང་ལྟར་འཚེ་བའམ་མི་འཚེ་བ་ནི་ལྟར་སྣང་ཙམ་མ་ཡིན་པར་དོན་དུ་ཡུལ་དེ་ལ་ཕན་གནོད་འགྲོ་མིན་བལྟ་དགོས། དེས་ན་འཚེ་བ་གཞི་དང་བཅས་པ་དེ་མི་དགེ་བའི་ལས་དང་། འཚེ་བ་གཞི་དང་བཅས་པ་ལས་ལྡོག་པ་དེ་དགེ་བའི་ལས་སུ་བཞག་ན་འགྲིག་གི་མེད་འགྲོ། ཡང་ལས་ཀྱི་དབྱེ་བ་འཇོག་ཚུལ་གཞན་ཞིག་ནི་མི་དགེ་བའི་ལས་དང་། དགེ་བའི་ལས། མི་གཡོ་བའི་ལས་གསུམ་དུ་ཕྱེ་བ་རེད། འདོད་པའི་ཁམས་ཀྱི་བདེ་འགྲོ་དང་ངན་འགྲོར་འཕེན་བྱེད་ཀྱི་ལས་ལ་དགེ་བ་དང་མི་དགེ་བར་འཇོག་ཅིང་། བསམ་གཏན་དང་གཟུགས་མེད་ཀྱི་འགྲོ་བར་འཕེན་བྱེད་ཀྱི་ལས་ལ་མི་གཡོ་བའི་ལས་ཞེས་ཟེར། ཡང་འབྲས་བུ་འབྱིན་ཚུལ་གྱི་ཆ་ནས་ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་སུ་ཕྱེ་བ་དང་། སྐྱེ་བ་གང་དུ་འབྲས་བུ་སྨིན་ཚུལ་གྱི་ཆ་ནས་མཐོང་ཆོས་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར། ལས་གྲངས་གཞན་ལ་མྱོང་འགྱུར་གསུམ་དུ་དབྱེ་ཚུལ་ཡང་ཡོད། དེ་དག་ནི་ལས་ཀྱི་ངོ་བོ་དང་དབྱེ་བའི་རྣམ་གཞག་རགས་པ་ཙམ་ཡིན།
ལས་དེས་འབྲས་བུ་འབྱིན་ཚུལ་ནི་ལས་ངེས་པ་དང་། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཅས་བཞིའི་སྒོ་ནས་བཤད། ང་ཚོས་དེ་དག་གི་ཐོག་ནས་སློབ་སྦྱོང་བྱེད་ན་ལས་ཀྱི་སྐོར་ཡག་པོ་ཤེས་ཐུབ།
དང་པོ་ལས་ངེས་པ་ནི་ལས་ཀྱི་ངོ་བོ་གང་འདྲ་ཞིག་ཡིན་ཡང་དེའི་འབྲས་བུ་དེ་དང་མཚུངས་པ་ཏག་ཏག་འགྲོ་བ་མ་གཏོགས་ལས་ཀྱི་ངོ་བོ་དང་མི་མཚུངས་པར་འབྲས་བུ་འཆོལ་བ་མེད། ཕྱི་ནང་གི་རྒྱུ་འབྲས་གཉིས་གཅིག་པ་ལྟ་བུ་རེད། ལས་བསགས་ནས་འབྲས་བུ་འབྱིན་པ་དེ་ལ་ནང་གི་རྒྱུ་འབྲས་དང་། ཕྱིའི་རྒྱུ་འབྲས་ནི་ཕྱིའི་འབྱུང་བ་སོགས་རྒྱུད་ཀྱིས་མ་བསྡུས་པའི་དངོས་པོའི་སྟེང་གི་རྒྱུ་དང་འབྲས་བུ་ལ་བཤད་ཅིང་། དཔེར་ན་རྒྱུ་ལ་འབྲས་ཀྱི་ས་བོན་བཏབ་ན། དེའི་འབྲས་བུར་འབྲས་སྐྱེ་བ་མ་གཏོགས་སྲན་མ་མི་སྐྱེ། གང་ལྟར་ས་བོན་གང་བཏབ་པ་བཞིན་འབྲས་བུ་དེ་སྐྱེ་བ་ཡིན། གཞུང་ཁ་ཤས་ནང་དགེ་སྡིག་འདྲེས་མའི་ལས་དང་ལས་ཁྲ་བོ་བཤད་པའང་ཡོད། འོན་ཀྱང་དགེ་བ་དང་སྡིག་པ་འདྲེས་འགྲོ་བ་མེད། གང་ལྟར་ལས་གཅིག་ནང་དགེ་སྡིག་གི་ཆ་ཤས་གང་བསགས་ཀྱང་དེའི་འབྲས་བུ་ཇི་ལྟ་བ་བཞིན་སྨིན་ཞིང་། དགེ་བའི་ལས་ཀྱི་འབྲས་བུར་བདེ་བ་ལས་སྡུག་བསྔལ་ནམ་ཡང་མི་སྨིན་པ་དང་། སྡིག་པའི་ལས་ཀྱི་འབྲས་བུར་སྡུག་བསྔལ་ལས་བདེ་བ་ནམ་ཡང་མི་སྨིན་པ། ལས་བཏང་སྙོམས་སམ་ལུང་མ་བསྟན་ཡིན་ན་དེའི་འབྲས་བུ་བཏང་སྙོམས་ཡིན་པ་ངེས་པ་རེད། དེས་ན་ལས་བཟང་པོས་འབྲས་བུ་ངན་པ་འབྱིན་པ་དང་། ལས་ངན་པས་འབྲས་བུ་བཟང་པོ་འབྱིན་པ་ནམ་ཡང་ཡོང་ཐབས་མེད་ཅིང་། དགེ་བའི་ལས་ལས་བདེ་བ་དང་། མི་དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་བཅས་ལས་དང་འབྲས་བུའི་རྣམ་གཞག་མཐའ་གཅིག་ཏུ་ཁ་ཚོན་ཆོད་པ་ཡིན་སྟབས་ལས་ངེས་པ་རེད། དེའི་དཔེ་རུ་འདུལ་བ་ལུང་ལས་བྱུང་བའི་སྙན་པ་བཟང་ལྡན་གྱི་ལོ་རྒྱུས་དེ་བླ་མ་མང་པོས་དྲང་གི་རེད། ལུང་ཕྲན་ཚེགས་ནང་གསལ་བ་བཞིན་སྙན་པ་བཟང་ལྡན་ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཞིག་ཡོད། འོན་ཀྱང་མི་དེ་གཟུགས་པོ་ཁྲུ་དོའམ་ཕིཊ་ (Feet) བཞི་ཙམ་ལས་མེད་པས་གཟུགས་པོ་ཆུང་ཆུང་དང་མདོག་ངན་ཞིང་། གལ་ཏེ་ཁ་ལག་མ་བཟས་གོང་མཐོང་ན་ཟ་སྙིང་མི་བྲོ་བ་དང་། བཟས་ཚར་རྗེས་མཐོང་ན་བཟས་ཚད་སྐྱུགས་འགྲོ་བ་ཞིག་ཡོད། གང་ལྟར་མི་སྡུག་པའི་མཚན་མ་བཅོ་བརྒྱད་ཚང་བའི་གང་ཟག་ཅིག་རེད། འོན་ཀྱང་སྐད་སྙན་པ་ལ་བསམ་གྱིས་མི་ཁྱབ་པ་རེད། ཚིགས་སུ་བཅད་པ་དང་དབྱངས་ཀྱིས་བསྙད་པའི་མདོ་སོགས་སྐྱོར་བའི་སྐབས་སུ་མིས་མ་ཚད་རི་དྭགས་དང་དུད་འགྲོ་རྣམས་ཀྱང་དབྱངས་ལ་ཆགས་ནས་ཕར་འགྲོ་མ་འདོད་པ་རེད། དེ་འདྲའི་གང་ཟག་དེ་མི་སྡུག་པའི་མཚན་མ་མང་པོ་དང་ལྡན་པ་ཡིན་སྟབས་ཡིད་སྐྱོ་ཐག་ཆོད་ནས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བ་རེད། དེ་ལ་མི་ཚོས་གོོཏམའི་དགེ་འདུན་ཚོ་ཧ་ཅང་ཐབས་སྐྱོ་པོ་རེད། དང་པོ་རིགས་ལ་དབྱེ་བ་མེད་པར་གང་བྱུང་གྲྭ་པ་བཟོས་པ་དང་། ད་ནི་གང་ཟག་བཀྲ་མི་ཤིས་པའི་མཚན་མ་བཅོ་བརྒྱད་ཡོད་པའང་རབ་ཏུ་བྱུང་བ་རེད་ཅེས་ཁ་མང་པོ་བཏང་བ་མ་ཟད། བསོད་སྙོམས་ཀྱང་མི་སྟེར་བ་རེད། དེ་ནས་སྟོན་པས་སྙན་པ་བཟང་ལྡན་བསོད་སྙོམས་ལ་མི་གཏོང་བར་དགེ་སློང་གཞན་པ་ཚོས་ཁོའི་ལྷུང་བཟེད་ཁྱེར་ནས་བསོད་སྙོམས་སློང་དུ་བཅུག ཁོ་ཤག་ཏུ་སྦས་པ་ལྟ་བུ་བཞག་པ་རེད། འོན་ཀྱང་འདོན་པ་འདོན་པའི་སྐབས་སུ་ཤིན་ཏུ་སྙན་པོ་ཡོད་པས་མདོ་སྐྱོར་སྐབས་མི་མང་པོས་ཕྱི་ནས་ཉན་ནས་དད་པ་འཁྲུངས་ཏེ་འབྲས་བུ་ཐོབ་པའང་བྱུང་། སྐབས་ཤིག་རྒྱལ་པོ་གསལ་རྒྱལ་རི་བྲག་པའམ་གྲོང་གསེབངོ་ལོག་པ་འཇོམས་པའི་དོན་དུ་ཡན་ལག་བཞི་པའི་དཔུང་དམག་འཁྲིད་ནས་འགྲོ་བའི་སྐབས་སུ་སྙན་པ་བཟང་ལྡན་གྱིས་བྲང་ཁང་ནང་དབྱངས་ཀྱིས་བསྙད་པའི་མདོ་རྣམས་དབྱངས་སུ་ལེན་པའི་སྐབས་དང་འཁེལ་བས་རྟ་དང་གླང་པོ་ཆེ་རྣམས་སྙན་ཐག་ཆོད་ནས་འགྲོ་མ་འདོད་པ་རེད། རྒྱལ་པོས་སངས་རྒྱས་ལ་ཨུ་ཚུགས་ཀྱིས་ཞུས་ཏེ་དགེ་སློང་སྙན་པོ་བཟང་ལྡན་མཇལ་སྐབས་རྒྱལ་པོ་ཡིད་སྐྱོ་ཐག་ཆོད་ནས་བཅོམ་ལྡན་འདས་ལ་དེ་ཇི་ལྟར་ཡིན་ནམ་ཞེས་ཞུས་པར། དེ་བཞིན་གཤེགས་པས་སྙན་པ་བཟང་ལྡན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པ་རེད། སྔ་མོ་སངས་རྒྱས་ཤིག་གི་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་པའི་སྐབས་སུ་སྙན་པ་བཟང་ལྡན་ལས་མི་ཡིན་པ་དང་། སྐབས་དེར་མཆོད་རྟེན་ཧ་ཅང་ཆེན་པོ་དང་སྤུས་དག་པོ་ཞིག་བཞེངས་ཀྱི་ཡོད། ལས་མི་དེས་རྟག་ཏུ་མཆོད་རྟེན་ཆུང་ཆུང་དང་ཐབས་ཆག་ཅིག་བཞེངས་ན་འགྲིག་གི་རེད། སྤུས་དག་པོས་གང་བྱེད་དགོས་ཞེས་བཤད་ཀྱི་ཡོད་རེད། འོན་ཀྱང་མཐར་མཆོད་རྟེན་ཧ་ཅང་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་གྲུབ་པ་ཡིན་སྟབས། ཁོས་དེ་སྔ་མཆོད་རྟེན་ཐབས་ཆག་དང་ཆུང་ཆུང་འགྲིག་གི་རེད་ཅེས་ཚར་མང་པོ་བཤད་པ་ལ་འགྱོད་པ་སྐྱེས་ནས་རང་ལ་ཐོབ་པའི་གླ་འབབ་ཀྱི་དངུལ་གང་ཡོད་པ་དེས་གསེར་གྱི་དྲིལ་བུ་ཧ་ཅང་ཡག་པོ་ཞིག་བརྡུངས་ནས་མཆོད་རྟེན་ལ་ཕུལ་བ་རེད། དེ་ནི་ལྷགས་པ་རྒྱག་དུས་ཧ་ཅང་སྐད་སྙན་པོ་ཞིག་ཡོད། དེ་ཕུལ་བ་མ་ཟད་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་སྨོན་ལམ་ཡང་བཏབ་པ་རེད། དེར་བརྟེན་ཁོས་ལས་དེ་གཉིས་ཀ་མཉམ་དུ་བསགས་པ་ཡིན་སྟབས། མཆོད་རྟེན་ཆུང་ཆུང་དང་ཐབས་ཆག་གིས་འགྲིགས་པ་དང་། སྤུས་དག་པོ་མི་དགོས་ཞེས་བརྗོད་པའི་རྣམ་པར་སྨིན་པ་ལ་གཟུགས་པོ་ཆུང་ཆུང་དང་མདོག་ངན་པ་ཆགས་པ་དང་། རྗེས་སུ་དད་པས་དྲིལ་བུ་ཕུལ་བའི་ལས་ཀྱི་འབྲས་བུ་ལ་དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པ་ཐོབ་པ་དེ་བྱུང་བ་རེད། དེས་ན་གང་ཟག་གཅིག་གིས་ལས་ཀྱི་བསགས་ཚུལ་ཇི་ལྟ་བ་བཞིན་འབྲས་བུ་མ་འཆོལ་བར་སྨིན་པ་ཡིན་སྟབས། ལས་ངེས་པའི་རྣམ་གཞག་དེ་ལྟར་རེད།
གཉིས་པ་ལས་འཕེལ་ཆེ་བ་ནི་རྒྱུ་ཆུང་ངུས་འབྲས་བུ་ཧ་ཅང་འཕེལ་བའམ་འབྲས་བུ་རྒྱ་ཆེན་པོ་བསྐྱེད་ཐུབ། དཔེར་ན་ཕྱིའི་རྒྱུ་འབྲས་ལ་མཚོན་ན་ཤིང་ནྱགྲོདྷ་ལྟ་བུ་གཅིག་ནས་གཅིག་བརྒྱུད་དེ་སྐྱེ་དུས་ཀི་ལོ་མི་ཊར་ཁ་ཤས་ལ་ཁྱབ་ཐུབ་ཅིང་། དེའི་ས་བོན་ནི་ཡུང་འབྲུ་ཙམ་མ་གཏོགས་མེད། དེའི་འབྲས་བུ་རྡོག་རྡོག་ནང་འབྲུ་དཀར་པོ་ཆུང་ཆུང་མང་པོ་ཡོད་པ་རེ་ལ་ཤིང་རེ་སྐྱེ་བའི་ནུས་པ་ཡོད། དེ་ལྟ་བུ་ནི་ཕྱིའི་རྒྱུ་འབྲས་ཀྱི་འཕེལ་ཚད་རེད། དེ་ལས་ཀྱང་ནང་གི་ལས་ཀྱི་འབྲས་བུ་དེ་འཕེལ་ཚད་ཆེ། དེ་བཞིན་གཤེགས་པ་ལ་སྲན་མའི་འབྲུ་བདུན་ཕུལ་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ནས་ལོ་མང་པོའི་རིང་གླིང་བཞི་ལྷ་གནས་དང་བཅས་པ་ལ་དབང་བའི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སྐྱེས་པ་དང་། དེ་བཞིན་གཤེགས་པ་ལ་དད་པའི་ཡིད་ཀྱིས་གཏད་པ་ཙམ་གྱིས་སྐྱེ་བ་མང་པོ་ལ་ཚངས་པའི་འཇིག་རྟེན་སོགས་ལ་ལོངས་སྤྱོད་པ་ཐོབ་པ། དེ་བཞིན་གང་ཟག་ཅིག་ལ་ཁྱི་ཞེས་ཚིག་ངན་བརྗོད་པ་ཙམ་ལ་བརྟེན་ནས་སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་པ་སོགས་ལས་ཆུང་ཆུང་ལ་འབྲས་བུ་ཧ་ཅང་གི་ཆེན་པོ་སྨིན་པའི་ལས་འཕེལ་ཆེ་བ་ཡོང་རྒྱུ་ཡོད། མདོ་མཛངས་བླུན་ནང་ང་ལས་ནུའི་རྟོགས་བརྗོད་སོགས་སྒྲུབ་བྱེད་མང་།
གསུམ་པ་ལས་མ་བྱས་པ་དང་མི་འཕྲད་པ་དང་། བཞི་པ་བྱས་པ་ཆུད་མི་ཟ་བ་ནི་ལས་དེ་མ་བསགས་པ་ཡིན་ན་དེའི་འབྲས་བུ་འགྲུབ་རྒྱུ་མེད། གང་ཟག་གཞན་ཞིག་གིས་ལས་བསགས་ནས་གང་ཟག་གཞན་ཞིག་གིས་འབྲས་བུ་མྱང་རྒྱུ་མེད། ཕྱི་རོལ་པ་ཁ་ཤས་ཀྱིས་ལས་དང་ལས་ཀྱི་འབྲས་བུ་དེ་གཅིག་གིས་གཅིག་ལ་འཕོ་ལེན་བྱེད་རྒྱུ་ཡོད་པ་ལྟ་བུའི་རྣམ་གཞག་བཤད་ཀྱི་ཡོད་ཀྱང་། ནང་པས་དེ་ནམ་ཡང་མི་འདོད། ལས་བྱས་ཡོད་ན་ངེས་པར་དུ་དེའི་འབྲས་བུ་ཆུད་མི་ཟ་བ་ཡིན་སྟབས་མྱང་དགོས་པ་དང་། ལས་བྱས་མེད་ན་དེའི་འབྲས་བུ་དེ་ནམ་ཡང་མྱོང་མི་སྲིད། གང་ལྟར་རྒྱུ་ལས་ཤིག་སྔོན་དུ་མ་སོང་བར་འབྲས་བུ་བདེ་སྡུག་གང་ཡང་འཐོབ་རྒྱུ་མེད། མི་དགེ་བའི་ལས་གཉེན་པོའི་སྟོབས་ཀྱིས་བཅོམ་པའམ། དགེ་བའི་ལས་ཁོང་ཁྲོས་བཅོམ་པ་ཡིན་ན་ཐ་དད་རེད་མ་གཏོགས། གཉེན་པོའམ་ཁོང་ཁྲོའི་སྟོབས་ཀྱིས་མ་བཅོམ་ན་ངེས་པར་དུ་འབྲས་བུ་འབྱིན་དགོས་པ་ཡིན།
དེང་སང་ང་ཚོ་ལ་གནས་ཚུལ་བདེ་སྡུག་གང་འདྲ་བྱུང་ཡང་ལེ་ཁག་དེ་གཞན་ལ་དཀྲི་བ་ཡིན། དཔེར་ན་ནད་པ་ལྟ་བུ་ཡིན་ན། སྨན་པ་དང་མོ་མ་སོགས་སུ་བཅར་སྐབས། ཁྱོད་ལ་ཤར་ནས་འདྲེས་གནོད་འདུག འཕྲོད་བསྟེན་བྱེད་སྟངས་མ་འགྲིགས་པ་རེད་ཅེས་སོགས་བཤད་ཀྱི་ཡོད། དེ་དག་ཐམས་ཅད་ནི་ལས་དེ་གསོས་བཏབ་པའི་འཕྲལ་གྱི་རྐྱེན་ཙམ་རེད་མ་གཏོགས། དེའི་རྒྱུ་ལ་ལས་ཀྱི་བག་ཆགས་ཤིག་ངེས་པར་དུ་སྔོན་དུ་སོང་དགོས། ལས་ཀྱི་དབང་གིས་འབྲས་བུ་སྨིན་པ་ལ་རྐྱེན་ཕྲ་མོ་ཞིག་ཕྱི་ནས་འཕྲད་དགོས། མི་དགེ་བའི་འབྲས་བུ་ལ་ཆ་བཞག་ན། དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་ནའང་ལུས་སེམས་ཀྱི་ཚོར་བ་སྡུག་བསྔལ་དེ་དག་ལས་ཀྱི་དབང་གིས་མྱོང་གི་ཡོད། བདེ་བ་ལ་ཆ་བཞག་ན། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་འཇིག་རྟེན་གྱི་བདེ་བ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་དགེ་བའི་ལས་ལ་བརྟེན་ནས་གྲུབ་པ་མ་གཏོགས། ལས་སྔོན་དུ་མ་སོང་བ་ལ་ཡོང་རྒྱུ་རྩ་བ་ནས་མེད།
སྟོན་པ་ཞལ་བཞུགས་པའི་སྐབས་སུ་ཉན་ཐོས་སོགས་ཀྱིས་ལས་ཀྱི་རྒྱུ་བ་བཀའ་འདྲི་ཞུ་བའི་སྐབས་སུ་སྟོན་པས་ བྱེད་སྟངས་འགྲིགས་མེད་པ་དང་། འཕྲོད་བསྟེན་ཡག་པོ་བྱུང་མེད་ཚུལ་སོགས་ནམ་ཡང་གསུངས་མེད། དེ་ནི་ལས་དེ་འདྲ་ཞིག་སྔོན་དུ་སོང་བ་ཡིན་སྟབས་དེའི་འབྲས་བུ་འདི་འདྲ་ཞིག་གྲུབ་པ་རེད་ཅེས་གསུང་གི་ཡོད། དེར་བརྟེན་ལས་ཤིག་བྱས་ཚར་དུས་བསྐལ་པ་བརྒྱ་ལའང་ཆུད་མི་ཟ་བར་ཚོགས་ཤིང་དུས་ལ་བབས་དུས་ངེས་པར་དུ་འབྲས་བུ་སྨིན་དགོས། ཇི་སྲིད་གཉེན་པོའི་སྟོབས་ཀྱིས་མ་བཅོམ་པའམ་འབྲས་བུ་མ་སྨིན་པ་དེ་སྲིད་དུ་ལས་ཀྱི་ནུས་པ་ནམ་ཡང་ཉམས་རྒྱུ་མེད། དཔེར་ན། རྒྱལ་པོ་ཤར་པའི་བཙུན་མོ་སྔོ་སངས་མ་འཁོར་ལྔ་བརྒྱ་དང་བཅས་པ་དེ་བཞིན་གཤེགས་པའི་སྐུ་མདུན་ནས་ཆོས་ཉན་ནས་མང་ཆེ་བས་རྒྱུན་ཞུགས་དང་། ཁ་ཤས་ཕྱིར་འོང་དང་ཁ་ཤས་ཕྱིར་མི་འོང་བ་བཅས་ཀྱི་འབྲས་བུ་ཐོབ་པ་ཤ་སྟག་རེད། རྒྱལ་པོ་ཤར་པས་བློན་པོ་ཞིག་ལ་བཙུན་མོའི་འཁོར་གྱི་ལས་དོན་རྣམས་ལྟ་རྟོག་བྱེད་རྒྱུར་མངགས་ནས་ཕྱི་ལ་ཕྱིན་པ་རེད། བློན་པོ་དེ་ནི་ནང་པ་ལ་མི་དགའ་བ་ཞིག་ཡིན་པ་རེད། བློན་པོ་དེས་བཙུན་མོ་སྔོ་སངས་མ་ལ་དགོས་མཁོ་སོགས་བཀའ་འདྲི་ཞུས་པར། བཙུན་མོས་དེ་བཞིན་གཤེགས་པའི་གསུང་རབ་འབྲི་བ་ལ་མཁོ་བའི་གྲོ་ག་སྟེ་གྲོ་ཤིང་གི་པགས་པ་དང་སྣག་ཚ་དགོས་ཞེས་གསུངས་སྐབས། བློན་པོ་དེས་ལམ་སེང་བསམ་ངན་སྐྱེས་ཏེ་བཙུན་མོའི་ཕོ་བྲང་གི་འོག་གི་ཁང་པ་ཚང་མ་གྲོ་ག་ཤུན་པས་བསྐངས་པ་མ་ཟད། སྣག་ཚ་དང་དབུར་བྱེད་སྣུམ་སོགས་ཁྱེར་ཡོང་ནས་འོག་ལ་མེ་འབར་ཆོག་བཟོས་པ་རེད། དེ་ནས་ཉིན་གཅིག་དེར་མེར་བསྲེགས་ཀྱིས་བཙུན་མོའི་འཁོར་གྱི་ཕོ་བྲང་འཚིག་སྐབས་སྔོ་བསངས་མ་འཁོར་ལྔ་བརྒྱ་ཐམས་ཅད་རྒྱུན་ཞུགས་ཡན་ཆད་ཀྱི་འབྲས་བུ་ཐོབ་པ་ཡིན་སྟབས་ཚང་མ་རྫུ་འཕྲུལ་ལྡན་པ་ཡིན་པས། གཤམ་དུ་མ་བྲོས་པར་ཐོག་ཏུ་ཕྱིན་ནས་འཕུར་ཐབས་བྱས་པར་ཏོག་ཙམ་འཕུར་ཏེ་རྫུ་འཕྲུལ་ཉམས་ནས་ཕྱེ་མ་ལེབ་མེའི་ནང་ལྷུང་བ་བཞིན་ཚིག་པར་གྱུར། གཡོག་མོ་སྒུར་མཆོག་མ་དེ་འབྲས་བུ་མ་ཐོབ་པར་བརྟེན། གསང་སྤྱོད་ཀྱི་ཆུ་སྙིགས་འགྲོ་ལམ་ནས་བྲོས་ཏེ་ཐར་བ་རེད། དེ་ལ་དེ་བཞིན་གཤེགས་པས་ལས་ཀྱི་རྒྱུ་བ་ལུང་བསྟན་པ་ན། བཙུན་མོ་སྔོ་སངས་མ་འཁོར་ལྔ་བརྒྱ་སྔོན་མ་རྒྱལ་པོའི་བུ་མོ་ལ་སྐྱེས་ཏེ་ཐེངས་ཤིག་རི་དྭགས་རྒྱག་ཏུ་འགྲོ་སྐབས་རང་སངས་རྒྱས་འགོག་པ་ལ་མཉམ་པར་འཇོག་པ་ཞིག་དང་མཇལ་ཞིང་། དེ་ནི་མི་ཡིན་ནམ་གང་ཡིན་ཞེས་རྩེད་མོ་བརྩེས་མཐར་ཚང་མས་དེ་ལ་ཤིང་སྤུངས་ནས་མེར་བསྲེགས་གཏོང་སྐབས་གཡོག་མོ་ཞིག་གིས་མ་བྱེད་ཅེས་ཇི་ཙམ་བཤད་ཀྱང་མ་ཉན་པ་རེད། སྐབས་དེར་མ་བྱེད་བརྗོད་མཁན་དེ་གཡོག་མོ་སྒུར་མཆོག་མ་རེད། མེར་བསྲེགས་གཏོང་མཁན་རྣམས་སྔོ་སངས་མ་འཁོར་ལྔ་བརྒྱ་རྣམས་རེད་ཅེས་གསུངས་པ་རེད། དེར་བརྟེན་ལས་བྱས་པ་དེ་འབྲས་བུ་ཐོབ་པའི་གང་ཟག་ལའང་ཆུད་མི་ཟ་བར་ངེས་པར་དུ་སྨིན་པ་དང་། ལས་མ་བྱས་པ་དང་མི་འཕྲད་པ་ནི་གཡོག་མོ་སྒུར་མཆོག་མ་དེ་རྫུ་འཕྲུལ་མ་ཐོབ་པ་ཡིན་ནའང་ཐར་བ་དེ་རེད། དེང་སང་དམག་འཁྲུག་གི་སྐབས་སུ་དམག་སར་ལན་མང་སོང་ཡང་མ་ཤི་བར་ལོག་པ་དང་། ས་ཡོམ་རྒྱག་སྐབས་ཁ་ཤས་ཧ་ཅང་ཡ་མཚན་པོས་མ་ཤི་བ་དང་། ཁ་ཤས་ཤི་བ་ལྟ་བུ་སྣང་ཡང་མ་ཤི་བར་ལྷག་པ། ཁ་ཤས་རྐྱེན་ཆུང་ངུས་ཤི་བ་སོགས་ཀྱིས་གང་གསལ་གྱི་ཡོད་ཅེ་ན། ལས་མ་བྱས་པ་དང་མི་འཕྲད་པ་དང་ལས་བྱས་པ་ཆུད་མི་ཟ་བའི་རྣམ་གཞག་དེ་རྭ་འཕྲོད་ཀྱི་ཡོད། དེ་བཞིན་ཁ་ཤས་མཛུབ་མོའམ་རྐང་པ་ཏོག་ཙམ་བརྡབས་ནས་འཆི་བ་དང་། ཁ་ཤས་སྙིང་གི་ནང་དུ་མེ་མདའི་མདེའུ་ལོ་སུམ་ཅུ་སོ་གྲངས་སོང་ནའང་མ་ཤི་བར་མཐར་ལོ་ནའི་བབ་ཀྱིས་འཆི་དུས་བལྟས་སྐབས་སྙིང་ལ་རྣག་མ་བརྒྱབས་པར་མདེའུ་དེ་རང་བཞིན་གྱི་དྲོད་ཀྱིས་ཟད་ནས་ཧ་ལམ་རྫོགས་ཟིན་པའི་གནས་ཚུལ་བྱུང་འདུག གང་ལྟར་དེ་དག་གིས་ལས་མ་བྱས་པ་དང་མི་འཕྲད་པ་དང་ལས་བྱས་པ་ཆུད་མི་ཟ་བའི་རྣམ་གཞག་མཚོན་ཐུབ། དེ་དག་ནི་ལས་ཀྱི་རྣམ་གཞག་སྐོར་ཞུས་པ་ཡིན།
དེ་ནས་ལས་ཀྱི་འབྲས་བུ་འབྱིན་ཚུལ་སྐོར་བཤད་ན། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུའམ་དབང་གི་འབྲས་བུ་བཅས་གསུམ་རེད།
དང་པོ་རྣམ་སྨིན་གྱི་འབྲས་བུ་ནི་ལས་ཀྱི་ནུས་པ་སྨིན་དུས་ཐད་ཀར་གྱི་འབྲས་བུ་ (Direct result) དེ་རེད། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི་དེ་དང་ཕྱོགས་མཚུངས་པའམ་ཞོར་གྱི་འབྲས་བུ་ (Side effect) དེ་རེད། གསུམ་པ་བདག་པོའི་འབྲས་བུ་ནི་གང་ཟག་དེའི་ལོངས་སྤྱད་བྱའི་སྣོད་ལ་སྨིན་པ་རེད། དཔེར་ན་སྲོག་གཅོད་ཀྱི་ལས་ལྟ་བུར་མཚོན་ན། ལས་དེའི་དབང་གིས་དམྱལ་བ་ལ་སོགས་པ་ལ་སྐྱེ་བ་བླངས་པ་དེ་རྣམ་སྨིན་གྱི་འབྲས་བུ་རེད། དཔེར་ན་ཕྱིའི་རྒྱུ་འབྲས་ལ་ཆ་བཞག་ན། འབྲས་ཀྱི་ས་བོན་བཏབ་ན་འབྲས་ཀྱི་མྱུ་གུ་དང་། དེ་ལ་ཡང་བསྐྱར་སྙེ་མ་ཤར། དེ་ནས་ཡང་བསྐྱར་འབྲས་ཀྱི་འབྲས་བུ་མང་པོ་ཆགས་པ་དེ་རྣམ་སྨིན་འབྲས་བུ་ལྟ་བུ་དེ་རེད། དེ་བཞིན་བྱས་ཤིང་བསགས་པའི་ལས་དེ་རྗེས་སུ་རྣམ་པར་སྨིན་དུས་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་ན་སྐྱེ་བ་དེ་འཕེན་པ་དང་། སྐྱེ་བ་འཕེན་བྱེད་ཀྱི་ལས་མིན་ན་འབྲས་བུ་གང་འདྲ་འབྱིན་དགོས་ཀྱང་། འཕེན་བྱེད་ཀྱི་ལས་གཞན་དང་མཉམ་དུ་ཡིན་ནའང་རེད། ཡང་ན་ལས་གཞན་པ་ཞིག་གི་མཉམ་དུ་རྫོགས་བྱེད་ཀྱི་ལས་བྱས་པ་ཡིན་ནའང་རེད། གང་ལྟར་དེ་སྨིན་ནས་འབྲས་བུ་རྡོག་རྡོག་བསྟན་རྒྱུ་ཡོད་པ་ཆགས་པ་ལ་རྣམ་སྨིན་གྱི་འབྲས་བུ་ཟེར་བ་རེད། སྡུག་བསྔལ་གྱི་ངོ་བོའི་ཆ་ནས་བྱེད་ན་འབྲས་བུ་ཚབས་ཆེ་ཤོས་ནི་རྣམ་སྨིན་གྱི་འབྲས་བུ་དེ་རེད། ཡིན་ནའང་སླར་ཡང་སྡུག་བསྔལ་སྐྱེད་པའི་ཆ་ནས་བྱེད་ན་རྒྱུ་མཐུན་གྱི་འབྲས་བུ་དེ་སྡུག་པ་རེད། སྲོག་གཅོད་ཀྱི་ལས་ལྟ་བུར་མཚོན་ན་བྱས་ཤིང་བསགས་པའི་སྲོག་གཅོད་ཀྱི་ལས་ཤིག་ལ་བརྟེན་ནས་དེའི་རྣམ་པར་སྨིན་པའི་འབྲས་བུ་ལ་གང་ཡོང་གི་རེད་ཅེ་ན་དམྱལ་བ་ལ་སྐྱེ་རྒྱུ་རེད། དམྱལ་བའི་ནང་སྐྱེ་བ་བླངས་ནས་བསྐལ་པ་མང་པོའི་བར་དུ་སྡུག་བསྔལ་མྱོང་དགོས་པ་རེད། སྲོག་གཅོད་ཀྱི་ལས་ཤིག་གིས་འཕེན་པའི་དམྱལ་བའི་སྐྱེ་བ་དེ་དེའི་རྣམ་སྨིན་གྱི་འབྲས་བུ་རེད།
གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་དང་། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་གཉིས་ཡོད། སྲོག་གཅོད་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་དམྱལ་བར་སྐྱེས་ནས་ལས་རྫོགས་ཏེ་བདེ་འགྲོར་སྐྱེ་ནའང་། སྲོག་གཅོད་ཀྱི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཚེ་ཐུང་བ་དང་ནད་མང་བ་སོགས་དང་། མ་བྱིན་ལེན་གྱིས་དབུལ་ཞིང་ཕོངས་པ་དང་ནོར་མི་བརྟན་པ་སོགས་གཞན་ལའང་རིགས་འགྲེ གཉིས་པ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སྲོག་གཅོད་ཀྱི་ལས་ལ་དོ་སྣང་ཡོད་མཁན་ཆགས་རྒྱུ་རེད། དཔེར་ན་ཕྲུ་གུ་ཆུང་ཆུང་ཁ་ཤས་འབུ་ཞིག་འགྲོ་གི་ཡོད་ན་དོན་མེད་རྡོག་བརྫི་གཏོང་བ་དང་། མི་ཞིག་མཐོང་ཡང་གནོད་པ་བྱེད་ཐུབ་མིན་ལྟ་བ་ལྟ་བུ་དང་། ཆེན་པོ་ཆགས་སྐབས་སུའང་དངུལ་དང་བཟའ་རྒྱུ་སོགས་ཀྱི་ཆེད་དུ་མིན་རུང་རྔོན་བྱེད་རྒྱུར་དགའ་བ་དེ་ཚོ་ཡག་རྟགས་ཤིག་མིན། གང་ལྟར་ཚེ་སྔ་མའི་སྲོག་གཅོད་ཀྱི་ལས་ཀྱིས་ད་ལྟའང་སྲོག་གཅོད་ཀྱི་ལས་བསགས་བཅུག་ནས་ཡང་བསྐྱར་དམྱལ་བའི་ནང་འཕེན་བྱེད་ཀྱི་ལས་ཀ་བྱེད་ཀྱི་ཡོད། དེས་ན་སྔ་མའི་རྒྱུ་དང་མཐུན་པའི་འབྲས་བུས་ཡང་བསྐྱར་དེ་ལྟ་བུའི་བྱ་བ་ལ་འཇུག་པར་དགའ་བ་ལ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཟེར།
གསུམ་པ་བདག་པོའི་འབྲས་བུ་ནི་དེང་སང་ཁོར་ཡུག་སྲུང་སྐྱོབ་སྐོར་བཤད་དགོས་པ་དེ་དག་ང་ཚོའི་སྤྱི་མཐུན་གྱི་ལས་ཀྱི་བདག་འབྲས་ངན་པ་སྨིན་པ་ལ་བརྟེན་ནས་བྱུང་། རང་གི་གནས་ཡུལ་གྱི་ལུང་པ་གཙང་མ་མེད་པ་དང་། དེ་བཞིན་འཕྲོད་བསྟེན་ཞན་པ། སྨན་དང་ཟས་སོགས་བཅུད་མེད་ཆགས་པ། ཆུ་ཡག་པོ་མེད་པ་སོགས་དཔེ་མང་པོ་གཞག་རྒྱུ་ཡོད། ང་ཚོ་བོད་ལ་ཡོད་སྐབས་དེ་ལྟ་བུའི་དཔེ་རྙེད་རྒྱུ་དཀོན་པོ་རེད། འོན་ཀྱང་ལྷ་སའི་རྭ་མོ་ཆེའི་རྒྱབ་ཏུ་ས་ཆ་ཧ་ཅང་རྫོར་པོའི་ནང་གུར་བརྒྱབས་ནས་སྡོད་མཁན་སྤྲང་པོ་ཧ་ཅང་མང་པོ་ཡོད། སྤྱིར་ལྷ་ས་ནི་ས་ཆ་ཧ་ཅང་གུ་ཡངས་པོ་རེད་ལ། མི་ཚོགས་ཀྱང་དེ་ཙམ་མེད། ས་ཆ་གཙང་མ་དང་སྐྱིད་པ་གང་དུའང་སྡོད་ཆོག་མོད། དེ་ལ་ཁྱོན་ནས་མ་བསྡད་པར་ངེས་པར་དུ་རྫོར་པོ་ཡོད་ས་དེ་རང་ལ་བསྡད་ཀྱི་རེད། དེ་བཞིན་བོད་ཀྱི་གྲོང་གསེབ་ཁ་ཤས་ཀི་ལོ་མི་ཊར་ཁ་ཤས་ཡར་སོང་ན་ས་ཆ་ཧ་ཅང་ཡག་པོ་དང་། ཡང་ཀི་ལོ་མི་ཊར་ཁ་ཤས་མར་ཕྱིན་ན་ས་ཆ་ཧ་ཅང་ཡག་པོ་ཡོད་མོད། དེ་ལ་མ་ཆགས་པར་ཧ་ཅང་རི་གཟར་པོ་དང་། ཁང་པ་རྒྱག་མི་བདེ་བ། ཆུ་དཀོན་པོ་དེ་འདྲ་ལ་གྲོང་པ་ཆགས་ཡོད། དེ་ནི་བདག་འབྲས་དབང་གིས་ལོངས་སྤྱད་བྱའི་སྣོད་ལ་ལས་ངན་པའི་འབྲས་བུ་སྨིན་ནས་དེ་འདྲ་ལ་བསྡད་ན་མ་གཏོགས་གཞན་དུ་འགྲོ་མི་ཐུབ་པ་རེད། དེས་ན་ཝཱ་རཱ་ཎ་སཱིའི་སློབ་གྲྭའི་ཉལ་ཁང་གཙང་མ་ཡོང་རྒྱུའི་འབད་རྩོལ་བྱེད་རྒྱུ་མཚམས་བཞག་དགོས་པ་དེའང་གཙང་མ་མེད་པ་ཁྱེད་ཚོའི་བདག་འབྲས་ལ་ཆ་བཞག་ནས་ལས་ཀྱི་འབྲས་བུ་ལ་ང་ཚོས་ཐེ་བྱུས་བྱེད་ཐུབ་ཀྱི་མ་རེད་དྲན་གྱི་ཡོད། དེ་བཞིན་གང་ཟག་ཁ་ཤས་ཁང་པ་ཐབས་ཆག་ཅིག་ནང་དུའང་གཙང་མ་དང་ཁམས་དྭངས་པོ་བསྡད་དགོས་པ་དང་། ཁ་ཤས་སྐར་མ་ལྔ་ཅན་གྱི་ཁང་པའི་ནང་བཞག་ནའང་ཕར་ལ་ལྷམ་གཡུགས། ཚུར་ལ་གོས་ཐུང་གཡུགས། གང་ལྟར་ཆུ་ཚོད་ཁ་ཤས་ནང་རྫོར་པོ་བཟོ་དགོས་པ་སོགས་མིའི་གཤིས་ཀ་མི་འདྲ་བ་རེད། ང་ཚོས་ཧོབ་སྟེ་དེ་ལ་གཤིས་ཀ་ཞེས་བརྗོད་ཀྱང་། དོན་དུ་ལས་ཀྱི་འབྲས་བུའི་རྣམ་གཞག་ནང་སླེབས་དུས་དེ་ལ་བྱེད་རྒྱུ་མེད་པ་ཡིན་སྲིད།
ལས་ཀྱི་རྣམ་གཞག་ལ་དབྱེ་བ་གཞན་ཞིག་ནི་བྱས་བསགས་གཉིས་ཀ་ཚང་བའི་ལས་དང་བྱས་བསགས་གཉིས་ཀ་མ་ཚང་བའི་ལས་བཅས་གཉིས་སུ་ཕྱེ་རྒྱུ་ཡོད། གཞི་བསམ་པ་སྦྱོར་བ་མཐར་ཐུག་ཐམས་ཅད་ཚང་བའི་ལས་ཡིན་ན་བྱས་བསགས་གཉིས་ཀ་ཚང་བའི་ལས་རེད། བསམ་བཞིན་དུ་བྱེད་པའི་ལས་ལ་ལས་བྱས་པ་དང་ལས་བསགས་པ་གཉིས་ཀ་ཚང་ཡོད། དེ་འདྲའི་ལས་ཡིན་ན་འབྲས་བུ་ཞིག་ངེས་པར་དུ་འཕེན་པའི་ནུས་པ་ཞིག་ལས་དེ་ལ་འགྲུབ་པ་ཡིན། བྱས་ལ་མ་བསགས་པ་ནི་ལས་ཀྱི་ངོ་བོ་གྲུབ་པ་ཡིན་པ་ལ་བསམ་པ་དང་སྦྱོར་བའི་རྒྱབ་སྐྱོར་མེད་པ། དཔེར་ན་ང་ཚོ་འགྲོ་གིན་ལ་མ་མཐོང་བར་རྐང་པའི་འོག་ཏུ་འབུ་ཤི་ན། ལས་དེ་བྱས་པ་ཡིན་ཡང་མ་བསགས་པ་རེད། བསགས་ལ་མ་བྱས་པ་ནི་དཔེར་ན་མི་ཞིག་གིས་རྐུན་མ་བརྐུ་དགོས་བསམས་ནས་ཉིན་གྲངས་མང་པོའི་རིང་འཆར་གཞི་བསྒྲིགས་པ་དང་རྩོལ་བ་མང་པོ་བྱས་ཀྱང་མཐར་བརྐུ་རྒྱུ་མ་རག་པ་དང་། དེ་བཞིན་སྲོག་གཅོད་ཀྱི་ལས་ལ་ཆ་བཞག་ན། སྲོག་གཅོད་འདོད་ཀྱི་ཀུན་སློང་ཁྱེར་ནས་མཐར་སྲོག་གཅོད་ཀྱི་ལས་མ་གྲུབ་པ་རྣམས་ལས་དེ་བསགས་པ་ཡིན་ཡང་མ་བྱས་པ་རེད། གང་ལྟར་སྦྱོར་བའི་ལས་རེད་མ་གཏོགས། དངོས་གཞིའི་ལས་དེ་མ་གྲུབ་པ་ཡིན་སྟབས་ལས་བསགས་ལ་མ་བྱས་པ་ཆགས་པ་རེད། བསགས་ལ་མ་བྱས་པའི་ལས་དང་བྱས་ལ་མ་བསགས་པའི་ལས་རྣམས་འབྲས་བུ་འབྱིན་པའི་ནུས་པ་ཆུང་བ་དང་གཉེན་པོས་འཇོམས་སླ་བ་རེད། འོན་ཀྱང་བྱས་བསགས་གཉིས་ཀ་ཚང་བའི་ལས་རྣམས་འབྲས་བུ་འབྱིན་པ་ལ་ནུས་པ་ཆེ་བ་དང་གཉེན་པོས་འཇོམས་དཀའ་བ་རེད། དཔེར་ན་ང་ཚོ་གྲྭ་སར་ཡོད་སྐབས་བྱས་ལ་མ་བསགས་པའི་དཔེ་ཧ་ཅང་བཞག་བདེ་པོ་ཡོད། གྲྭ་ཚང་མཁན་པོས་ཆོས་རྭའི་ནང་གསུང་ཆོས་གནང་སྐབས་གྲྭ་ཚང་གི་གྲྭ་པ་ཡོངས་རྫོགས་ཞུགས་ཀྱང་། ཚང་མས་མཁན་པོ་ལ་བླ་མའི་འདུ་ཤེས་མི་འཇོག་ཅིང་། དེ་ནི་མཁན་པོ་ལ་བསྐོས་བཞག་པ་དང་གྲྭ་པ་ནི་དེའི་ནང་སྒྲིག་ཡོད་མཁན་ཞིག་རེད། དེ་བཞིན་འཛིན་གྲྭའི་ནང་དུའང་དེ་རང་རེད། དགེ་རྒན་གྱིས་ཕོགས་ལེན་པ་ཡིན་སྟབས་བསླབ་དགོས་པ་དང་། སློབ་ཕྲུག་རྣམས་སློབ་གྲྭའི་ནང་མིང་བྲིས་ཡོད་པས་འགྲོ་དགོས་པ་མ་གཏོགས། བླ་མ་དང་སློབ་མའི་འདུ་ཤེས་ཀྱིས་མིན། དེར་བརྟེན་དེ་འདྲའི་ཆོས་ཉན་པའི་བྱ་བ་ལ་ཆ་བཞག་ན་བྱས་ལ་མ་བསགས་པ་རེད།
དེ་ནས་ལས་ཀྱི་ངོ་བོ་ལ་འཕེན་བྱེད་ཀྱི་ལས་དང་རྫོགས་བྱེད་ཀྱི་ལས་ཀྱི་རྣམ་གཞག་གཉིས་སུ་ཕྱེ་ཞིང་། འཕེན་བྱེད་ཀྱི་ལས་ནི་འབྲས་བུ་གང་ཡང་རུང་བ་འཕེན་བྱེད་ཀྱི་རྒྱུ་གཙོ་བོ་དེ་རེད། རྫོགས་བྱེད་ཀྱི་ལས་ནི་འབྲས་བུ་འགྲུབ་དུས་འབྲས་བུ་ཆ་ཚང་བ་བཟོ་མཁན་དེ་རེད། སྤྱིར་བཏང་ལས་ཀྱི་རྣམ་གཞག་མི་འཆོལ་བར་བརྟེན། དགེ་བ་ལས་བདེ་བ་དང་། མི་དགེ་བ་ལས་སྡུག་བསྔལ་བྱུང་བ་དེ་ངེས་པ་ཡིན་ཡང་། འཕེན་བྱེད་དང་རྫོགས་བྱེད་གཉིས་ཕར་ཚུར་འདྲེས་རྒྱུ་ཡོད། དེ་ཡང་འཕེན་བྱེད་མི་དགེ་བས་འཕངས་ནས་རྫོགས་བྱེད་དགེ་བས་རྫོགས་པའི་རྣམ་སྨིན་དེ་འདྲ་ཡོད་ལ། དེ་བཞིན་འཕེན་བྱེད་དགེ་བས་འཕངས་ནས་རྫོགས་བྱེད་མི་དགེ་བས་རྫོགས་པའི་རྣམ་སྨིན་ཡང་ཡོད། དཔེར་ན་འཕེན་བྱེད་དགེ་བས་འཕངས་ནས་རྫོགས་བྱེད་མི་དགེ་བས་རྫོགས་པ་ལ་ཆ་མཚོན་ན། མིའི་སྐྱེ་བར་འཕེན་བྱེད་ཀྱི་ལས་ལ་དགེ་བའི་ལས་མ་གཏོགས་མི་དགེ་བའི་ལས་མེད། སྤྱིར་མིའི་སྐྱེ་བར་འཕེན་བྱེད་དེ་དགེ་བའི་ལས་ཡིན་རུང་། གལ་ཏེ་མིའི་སྐྱེ་བ་རྫོགས་པར་བྱེད་པའི་ལས་ལ་མི་དགེ་བའི་ལས་སླེབས་ན་མིའི་སྐྱེ་བ་ལེན་པ་གང་ཞིག་ལ་མིག་ཞར་བ་དང་། རྐང་པ་མེད་པ། དབང་པོ་མ་ཚང་བ། མདོག་ངན་པ་སོགས་ཡོང་། དེ་བཞིན་འཕེན་བྱེད་མི་དགེ་བས་འཕངས་ནས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཀྱང་། རྫོགས་བྱེད་དགེ་བས་རྫོགས་པ་ཕྱུག་བདག་དང་བླ་ཆེན་ཚོའི་གཟིམས་ཁྱི་ལྟ་བུ་རེད། དབུ་མ་འཇུག་པ་ལས། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་།། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་བྱུང་།། ཞེས་གསུངས་པ་ལྟར། དཔེར་ན་ཀླུ་ལ་སོགས་པ་ངན་འགྲོ་རེད། འོན་ཀྱང་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་ནས་མི་དགེ་བའི་ལས་ཀྱིས་ངན་འགྲོའི་སྐྱེ་བར་འཕངས་རུང་། སྦྱིན་པ་ལ་སོགས་པས་རྫོགས་པར་བྱས་ནས་དེའི་དབང་གིས་ཧ་ཅང་ལོངས་སྤྱོད་ཆེན་པོ་ཡོང་བ་ལྟ་བུ་རེད།
དེ་ནས་སྟོབས་ཆེ་ཆུང་དང་། ལས་བསགས་པའི་སྒོ་དང་། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་ལམ་ལ་བརྟེན་པའི་མི་དགེ་བའི་ལས་ལ་ཆེ་ལོངས་བསྡུས་ན་མི་དགེ་བ་བཅུའི་ལས་དང་། མི་དགེ་བ་བཅུ་པོའི་ལས་དེ་དག་སྤོང་བའི་ལས་ལ་དགེ་བ་བཅུའི་ལས་སོགས་ལས་འབྲས་ཀྱི་རྣམ་གཞག་རགས་པ་ཙམ་དེ་ལྟར་རེད།
(༡༩༩༢ ཕྱི་ཟླ་ ༣ ཚེས་ ༡༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སློབ་གཉེར་བ་གཞོན་པ་རྣམས་ཀྱི་དགུན་ཆོས་སུ་གསུངས་པ་ཞིག་ཡིན་འདུག)