༈ མྱུར་བྱོན་གསོལ་འདེབས་དྲང་སྲོང་བདེན་དབྱངས་ཞེས་བྱ་བ་བཞུགས་སོ།།
༄༅།། ལུས་ཅན་ཀུན་ལ་བུ་གཅིག་ལྟར་བརྩེ་བའི།། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས།། ཆེར་སྙིགས་རྒུད་པས་མནར་བའི་ཉམ་ཐག་འགྲོའི།། རྩེ་གཅིག་དད་པའི་གདུང་དབྱངས་འདིར་དགོངས་ཤིག།།
བློ་གྲོས་ཆེན་པོས་ཞུམ་མེད་སྙིང་སྟོབས་ཀྱིས།། ཀུན་བཟང་རྒྱལ་སྲས་སྤྱོད་མཆོག་ལ་གཞོལ་ཏེ།། འཇམ་དཔལ་སྙིང་པོའི་དྲི་མེད་བསྟན་པའི་སྲོལ།། འཛིན་མཁས་རྗེ་བཙུན་བླ་མར་གསོལ་བ་འདེབས།།
སྙིགས་ལྔའི་རྒུད་ཚོགས་བདོ་བའི་སྨག་རུམ་དུ།། ལམ་སྟོན་མིག་བུས་དོར་བའི་སྐྱེ་འགྲོ་རྣམས།། གང་ལ་རེ་བའི་མིག་འབུར་གཏོད་བཞིན་ཡང་།། མགོན་ཁྱོད་ཞི་བར་མནལ་འདི་ཀྱེ་མ་ཧུད།།
སྤྲོས་བྲལ་ཆོས་དབྱིངས་ལྷ་ལམ་ཡངས་པའི་ངོགས།། རིང་ནས་གོམས་པའི་བྱམས་བརྩེའི་རྟ་ལྗང་གིས།། གཟུགས་སྐུ་སྣང་བྱེད་ཉི་མ་འབར་བའི་འོད།། དུས་ལས་མི་ཡོལ་མྱུར་དུ་དྲང་བར་མཛོད།།
རྣམ་དག་ཁྲིམས་ཀྱིས་བརླན་པའི་ཀུན་བཟོད་གཞིར།། མང་ཐོས་རྩ་བ་རབ་བརྟན་ཡོངས་འདུའི་ལྗོན།། བསམ་སྒོམ་ཏིང་འཛིན་ཤེས་རབ་འབྲས་བུས་ཕྱུག།། མཆོག་སྤྲུལ་དཔག་བསམ་ལྗོན་བཟང་མྱུར་བྱོན་ཤོག།།
ཤེས་བྱའི་གནས་ཀུན་མཁྱེན་པའི་ཆ་ཤས་རྫོགས།། བཅས་རང་ཉེས་ལྟུང་ར་རིའི་དྲི་མས་དབེན།། བཟང་པོའི་བསིལ་འོད་ཕྱོགས་ཀྱི་མཐར་ཁྱབ་པའི།། མཆོག་སྤྲུལ་ཟླ་གཞོན་གསར་པ་མྱུར་བྱོན་ཤོག།།
ལེགས་བཤད་གཏམ་གྱི་གཞུང་བརྒྱའི་དགོངས་དོན་བཀྲལ།། ཡང་དག་རིགས་པས་ཕས་རྒོལ་ལོག་རྟོག་བཅོམ།། སྙན་འཇེབས་ངག་གིས་མཁས་རྒུའི་ཡིད་དབང་འཕྲོག།། མཆོག་སྤྲུལ་སྨྲ་བའི་དབང་ཕྱུག་མྱུར་བྱོན་ཤོག།།
སྲིད་ལས་ངེས་འབྱུང་གསེར་གྱི་བུམ་བཟང་དུ།། ཀུན་སྨན་བྱང་ཆུབ་ཐུགས་ཀྱིས་བདུད་རྩིས་གཏམས།། ཡང་དག་ལྟ་བའི་དར་གྱི་མགུལ་མཆིང་གཡོ།། མཆོག་སྤྲུལ་འདོད་འཇོའི་བུམ་བཟང་མྱུར་བྱོན་ཤོག།།
མཁྱེན་རབ་སྣང་བྱེད་དཀྱིལ་འཁོར་རྫོགས་པ་ནས།། བརྩེ་བའི་འོད་སྣང་ཉེ་རིང་མེད་པར་སྤྲོ།། ནུས་པའི་ཚ་དྲོད་རྒུད་པའི་གྲང་རེག་འཇོམས།། མཆོག་སྤྲུལ་རྟ་བདུན་དབང་པོ་མྱུར་བྱོན་ཤོག།།
རྒྱལ་བའི་དམ་ཆོས་བཤད་དང་སྒྲུབ་པས་འཛིན།། ལས་དང་སྨོན་པས་འབྲེལ་བའི་སློབ་ཚོགས་སྐྱོང་།། གངས་ལྗོངས་སྐྱེ་རྒུུའི་མངོན་འདོད་ཡོངས་སྐོང་བའི།། མཆོག་སྤྲུལ་འགྲོ་བའི་དེད་དཔོན་མྱུར་བྱོན་ཤོག།།
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང་།། རྟེན་འབྱུང་བསླུ་བ་མེད་པའི་བདེན་པའི་སྟོབས།། བདག་ཅག་དད་དང་ལྷག་བསམ་དག་པའི་མཐུས།། ཇི་ལྟར་སྨོན་པའི་དོན་རྣམས་མྱུར་འགྲུབ་ཤོག།།
ཅེས་མྱུར་བྱོན་གསོལ་འདེབས་དྲང་སྲོང་བདེན་དབྱངས་ཞེས་བྱ་བ་འདི་ནི་བསྟན་པའི་གསལ་བྱེད་འབྲས་བློ་གླིང་ཚ་བ་ལྷ་ལྡིང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་ཚུལ་བསྟན་སྐབས། འབྲས་བློ་གླིང་ཚ་བ་ཁང་ཚན་གྱི་འདུས་མང་ཡོངས་དང་། གཉལ་གྲོ་མཁར་ཆོས་སྡེ་དགོན། གཉལ་མཁར་སྟེང་དགོན། བདེ་ཡངས་ཆོས་སྐྱབས་རིན་པོ་ཆེ། ཚ་བ་ཟངས་ཆེན་རིན་པོ་ཆེ་སོགས་ཀྱིས་དབུས་ཞལ་སློབ་ཡོངས་ནས་ལྷ་གོས་རྟེན་བཅས་ནན་ཏན་བསྐུལ་མ་མཛད་ཁར། རང་ཉིད་ཀྱང་རིང་འདྲིས་དམ་གཙང་རྡོ་རྗེའི་སྤུན་གྱི་མཛའ་སེམས་ཀྱིས་དྲངས་ཏེ་ཤཱཀྱའི་བཙུན་གཟུགས་ཟམ་གདོང་པས་གདུང་ཤུགས་དྲག་པོས་སྨོན་པའོ།། །། (༢༠༢༡ ཕྱི་ཟླ་ ༡༢ ཚེས་ ༢ ཉིན་དགའ་ལྡན་ཕོ་བྲང་གི་གཟིམས་ཤག་ཏུ་བྲིས་པ་ཞིག་ཡིན།)