གསར་འགོད་ལྷན་ཚོགས་ཐེངས་དང་པོ།

༄༅། །ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༧ ཉིན་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བར་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གསལ་བཤད་གནང་བ་དང་འབྲེལ་ཡིག་ཆ་འགྲེམས་སྤེལ་གནང་བ་གཤམ་གསལ།ད་ལམ་བཀའ་ཤག་ཏུ་བཀའ་བློན་བདུན་གྱི་མི་འགྲོ་གྲངས་ཚང་འོས་འདེམས་མ་ཐུབ་པའི་གནས་ཚུལ་དེར། གསར་ཤོག་ཁག་གི་ནང་འགྲེལ་བརྗོད་སྣ་ཚོགས་ཐོན་འདུག་པ། གཞི་རྩ་བཀའ་བློན་བདུན་གྲངས་ཚང་འོས་འདེམས་མ་ཐུབ་པ་ནི། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཚང་མའི་ནུས་པ་ཕྱོགས་བསྡོམས་མ་ཐུབ་པ་ཞིག་ཡིན་པར་ངོས་ལེན་ཞུ་རྒྱུ་དང༌། སླད་འདི་འདྲའི་གནས་ཚུལ་མི་ཡོང་བའི་འབད་རྩོལ་བྱེད་རྒྱུའི་དམ་བཅའ་བྱེད་རྒྱུ་ཙམ་ལས། ཕར་ཁག་ཚུར་དཀྲིས་དང་ང་མིན་ཁོས་ལན་གྱི་འགྲེལ་བཤད་ཞུ་རྒྱུ་གང་ཡང་མེད་ལ་སྤྱི་འཐུས་ཚང་མར་བློ་ཕམ་ཡོད། དཔེར་ན་སྔ་ལོ་དམིགས་བསལ་ཚོགས་ཆེན་དུ་གཞུང་ཞབས་ཡོངས་རྫོགས་དང༌། ཚོགས་པ་དྲུག་གི་མི་འཐུས་དྲུག་ཅུ། ཕྱོགས་མཐའི་མི་འཐུས་བཅས་འོས་བསྡུ་བྱེད་པོ་གྲངས་མང་ཡོད་རུང༌། འོས་ཤོག་བླུག་མཁན་སོ་སོའི་བསམ་སྤྱོད་ཀྱི་རང་དབང་ལ་བེད་སྤྱོད་བྱེད་སྟངས་ཀྱི་ཁྱད་པར་ཞིག་མ་གཏོགས་རྒྱལ་གཅེས་ལྷག་བསམ་གྱིས་ཕོངས་པ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཡི་མེད།

འོན་ཀྱང་གསར་ཤོག་རྣམས་སུ་འགྲེལ་བརྗོད་གནང་སྟངས་ཁག་གཅིག་ལ། ད་རེས་བཀའ་བློན་འོས་བསྡུའི་ལས་དོན་བྱེད་ཕྱོགས་བཅའ་ཁྲིམས་དང༌། སྒྲིག་གཞིར་མི་མཐུན་པ་ཅི་རིགས་བྱུང་ཡོད་པའི་གནས་ཚུལ་བཀོད་གནང་འདུག་པས་གསལ་བཤད་ཞུ་རྒྱུ་གཤམ་གསལ།

༡ བཀའ་བློན་འོས་གཞི་བདམས་སྐབས་སྤྱི་འཐུས་ཚོགས་ཆུང་དབྱེ་བ་ལས་འཛོལ་ཡིན་ལུགས་གསལ་བ་དངོས་བདེན་མ་རེད། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༢ ནང་༼སྤྱི་འཐུས་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་༽ཞེས་གསལ་བ་མ་ཟད། སྒྲིག་གཞི་དོན་ཚན་དྲུག་པའི་ནང་ཚོགས་ཆུང་བགོ་དགོས་དང༌། བགོས་སྟངས་བཅས་གསལ་བར་འཁོད་ཡོད་པས། འོས་བསྡུ་ལས་ཁང་གིས་སྤྱི་འཐུས་ཚོགས་ཆུང་བགོས་པ་ཁྲིམས་ལུགས་གཞིར་བཟུང་ཡིན།

༢ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོ་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་གྲོལ་ཟིན་ཡང༌། དེའི་རྗེས་བཀའ་བློན་འོས་བསྡུའི་ལས་དོན་བྱས་པ་ཁྲིམས་འགལ་ཡིན་ཚུལ་བཀོད་འདུག དེ་བདེན་པ་མ་རེད། བཀའ་བློན་འོས་བསྡུས་མཚོན་འོས་བསྡུའི་ལས་དོན་འདི་རིགས་སྤྱི་འཐུས་མང་ཆེ་ཚང་འཛོམས་ནམ་བྱུང་སྐབས་ས་གནས་གང་འོས་སུ་གནང་ཆོག་པའི་ལས་དོན་ཞིག་ཡིན་པ་ལས། ཚོགས་འདུའི་ཚོགས་གྲོལ་དང་བསྟུན་དགོས་པ་ཞིག་མ་རེད། གང་ལགས་ཟེར་ན། འོས་བསྡུའི་ལས་དོན་ནི་གྲོས་ཚོགས་ཀྱི་ལས་རིམ་ཆ་ཤས་ཤིག་མིན་པ་མ་ཟད། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། ཁོང་གི་ལས་བྱེད་རྣམ་པའི་བཀོད་སྒྲིག་སྟངས་འཛིན་འོག་བྱ་རྒྱུའི་ལས་རིམ་ཞིག་ཡིན་པས་གྲོས་ཚོགས་ཀྱི་ལས་རིམ་གྱི་ཆ་ཤས་སུ་གཏོགས་མི་ཆོག་པ་ཞིག་རེད། དེར་བརྟེན་ཚོགས་འདུ་མ་གྲོལ་གོང་དུའང་འོས་བསྡུའི་ལས་རིམ་ཚང་མ་ཚོགས་མཚམས་བཞག་སྟེ་ཁང་པ་གཞན་དུ་བྱེད་ཀྱི་ཡོད་པ་གསར་འགོད་པ་རྣམ་པས་མཁྱེན་གསལ་གཟིགས་གསལ་རེད།

༣ འོས་འདེམས་བསྐྱར་མ་བྱེད་རྒྱུའི་སྔོན་སྤྱི་འཐུས་རྣམས་འཕྲོས་མོལ་ཞིག་བྱུང་བ་དེ་བཞིན་ཁྲིམས་འགལ་ཡིན་པའི་འགྲེལ་བརྗོད་གནང་འདུག་རུང༌། དེ་ནི་གྲོས་ཚོགས་ཀྱི་ལས་རིམ་མིན་པ་དང༌། སྤྱི་འཐུས་བྱེ་བྲག་པ་ཞིག་གི་དགོངས་འཆར་ལ་བརྟེན་ཏེ། གཞུང་འབྲེལ་མ་ཡིན་པའི་འཕྲོས་མོལ་ཞིག་ཡིན་པ་མ་ཟད། གསང་བའི་འོས་ཤོག་གི་དགོས་པ་དང་ཁྱད་ཆོས་ལ་གནོད་གཞི་རིགས་གང་ཡང་མེད་པའི་ཁུངས་སྐྱེལ་ར་འཕྲོད་འཕེར་ངེས་ཡོད།

༤ བཅའ་ཁྲིམས་རགས་ཟིན་གཉིས་པའི་ནང་བཀའ་བློན་གྱི་ཉུང་མཐའི་གྲངས་ཚད་གསལ་ཡོད་ཀྱང༌། བཅའ་ཁྲིམས་ནང་ཉུང་མཐའི་གྲངས་ཚད་གསལ་མེད་པ་དང༌། དེར་བརྟེན་སྤྱི་འཐུས་ཁག་གཅིག་ནས་འོས་བསྡུ་ལས་ཁང་ལ་དོགས་འདྲི་ཞུས་པ་སོགས་ཁྲིམས་མཐུན་མིན་ལུགས་འགྲེལ་བརྗོད་བྱེད་པ་ནི་གཞི་རྩ་མེད་པ་ཞིག་རེད།

རགས་ཟིན་གཉིས་པ་ནི་མང་ཚོགས་ཀྱི་དགོངས་འཆར་བསྡུ་གཞིར་བཀྲམ་པའི་དཔྱད་གཞིའི་ཡིག་ཆ་ཞིག་ལས། རྩ་འཛིན་གྱི་ཡིག་ཆ་ཞིག་རྩ་བ་ནས་མ་རེད། རགས་ཟིན་གཉིས་པ་ལ་སྣོན་འཕྲི་ཧ་ཅང་མང་པོ་བྱས་ཏེ་འཆར་ཟིན་གཏན་འབེབས་སྐབས་བཀའ་བློན་གྱི་ཉུང་མཐའི་གྲངས་ཚད་མེད་པ་དང༌། བདུན་མ་ལོངས་ཚེ་བསྐྱར་འདེམས་ལན་གཅིག་བྱེད་རྒྱུ་བཅས་ཀྱི་ཆ་རྐྱེན་བཀོད་པ་ལ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཞིབ་འཇུག་རྗེས་གཏན་ལ་ཕབ་པ་ཞིག་ཡིན་པས་དེ་གླེང་སློང་དོགས་གཞི་བྱ་ཡུལ་དང་བྱེད་དགོས་གང་ཡང་མེད།

༥ ཚོགས་གཙོ་འོས་འདེམས་མ་བྱས་པར་སྤྱི་མོས་བྱས་པ་ཁྲིམས་འགལ་ཡིན་ཚུལ་གསལ་བཤད་དངོས་བདེན་མ་རེད། སྤྱི་སྲོལ་སྤྱི་མོས་བྱུང་ན་འོས་བསྡུ་མ་དགོས་པ་ཡོངས་གྲགས་ཀྱང༌། ད་ལམ་སྤྱི་འཐུས་ཚོགས་གཙོའི་ཐད་ཕྱི་ཟླ་ ༧ ཚེས་ ༢ ཉིན་འོས་འདེམས་ལས་རིམ་འགོ་འཛུགས་སྐབས་ཚོགས་གཙོ་སྤྱི་མོས་ཡིན་ལུགས་གསུངས་པར་སྤྱི་འཐུས་སུས་ཀྱང་དགག་བྱ་མ་བྱུང་བར་བརྟེན། དེ་འཕྲལ་གྲོས་ཚོགས་སུ་བཀའ་གྲོས་ཀྱིས་བཅའ་ཁྲིམས་སུ་༼སྒྲིག་གཞི་གཞིར་བཟུང་འོས་འདེམས་བྱ་རྒྱུ།༽ཞེས་གསལ་བ་བཞིན་སྒྲིག་གཞིའི་ནང་སྤྱི་མོས་བྱུང་ན་འོས་བསྡུ་མ་དགོས་པའི་བརྗོད་ཚིག་གསལ་པོ་འགོད་རྒྱུ་སྤྱི་འཐུས་ཡོངས་རྫོགས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་འོས་བསྡུ་ལས་ཁང་གིས་མཚོན་འབྲེལ་ཡོད་ཚང་མར་གསལ་བསྒྲགས་ཞུས་རྗེས་གཞི་ནས་ཚོགས་གཙོའི་འོས་བསྡུ་མཇུག་བསྡོམས་དང༌། ཚོགས་གཞོན་འོས་བསྡུ་དབུ་འཛུགས་གནང་བ་རེད།

༦ འོས་བསྡུའི་དབང་ཚད་ལྡན་པའི་འོས་བསྡུ་ལས་ཁང་ནས་འོས་བསྡུའི་ལས་དོན་ཐོག་ཁྲིམས་སྒྲིག་དང་མ་མཐུན་པའི་སྐོར་གནས་ཚུལ་གླེང་སློང་གང་ཡང་མ་བྱུང་གཤིས། ཁྲིམས་ལུགས་ལྟར་ནའང་ཁྲིམས་སྒྲིག་འགལ་རིགས་བྱུང་མེད་པར་ཚད་འཛིན་ཞུ་ཡི་ཡོད།

༧ བཀའ་བློན་གྲངས་ཚང་འོས་འདེམས་མ་ཐུབ་པ་སྤྱིར་བཏང་སྤྱི་འཐུས་ལྷན་ཚོགས་ཀྱི་བཟང་སྤྱོད་ཀྱི་འགན་ཁུར་མ་འགྲུབ་པ་ཞིག་ཡིན་པ་ངོས་ལེན་ཞུ་བཞིན་པ་དེ་ལྟར་ཡང༌། བཅའ་ཁྲིམས་ནང་བཀའ་བློན་ཉུང་མཐའི་གྲངས་ཚད་མེད་པ་དང༌། ཁ་སྐོང་བཀའ་བློན་འོས་བསྡུ་བྱ་རྒྱུའི་ཆ་རྐྱེན་བཅས་ཡོད་པར་བརྟེན་ཁྲིམས་ལུགས་སུ་སྤྱི་འཐུས་ཀྱི་ལས་འགན་མ་འགྲུབ་པ་དང་གཞུང་བཙུགས་མ་ཐུབ་པར་ངོས་འཛིན་བྱེད་མི་ཐུབ།

༨ ད་དུང་བོད་ཀྱི་ཡུལ་མི་སུ་ཞིག་གི་དགོངས་པར་འོས་བསྡུའི་ལས་དོན་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞིར་འགལ་འཛོལ་བྱུང་ཡོད་པའི་ཐུགས་དྭོགས་མ་བདེ་བ་ཡོད་ན། བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་ ༤ འབྲུ་དོན་བཞིན་ཞུ་གཏུགས་དག་ཐེར་མཛད་ཆོག་རྒྱུ་བཅས་ཀྱི་གསལ་བཤད་དུ།

སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གིས་ ༩༡ ཟླ་ ༨ ཚེས་ ༧ ལ།།