གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་གཉིས་པར་གནང་བའི་གསུང་བཤད།
ཁྱེད་རྣམ་པ་མང་ཆེ་བ་དགེ་རྒན་གྱི་ཕྱག་ལས་གནང་ནས་ལོ་མང་ཉམས་མྱོང་ཡོད་པ་དང༌། རེ་གཉིས་མ་གཏོགས་དགེ་རྒན་འོས་སྦྱོང་ཡོད་པ་ཤ་སྟག་རེད་འདུག ཡུན་རིང་ལས་ཀ་བྱས་ཏེ་ཉམས་མྱོང་བསགས་རྗེས་སློབ་སྟོན་གྱི་ལམ་སྲོལ་ཐོག་འགྱུར་བ་ཞིག་གཏོང་སྐབས་ཉམས་མྱོང་ཡོད་པ་དང་ཉམས་མྱོང་མེད་པ་གཉིས་བསྡུར་ན། མཚམས་རེ་ཉམས་མྱོང་མེད་པ་ཚོ་སྟབས་བདེ་བ་ཡོད། ཉམས་མྱོང་ཡོད་པ་ཚོར་སྔོན་མའི་བག་ཆགས་གཏིང་ཟབ་ཡོད་སྟབས། འགྱུར་བ་གཏོང་མ་ཐུབ་པར་སྔོན་མའི་ཐོག་ཡང་ཡང་འགྲོ་བའི་གོ་སྐབས་མང་བ་རེད། འོན་ཀྱང་ཉམས་མྱོང་གིས་ཕན་མ་ཐོགས་པ་མེད་ཅིང༌། ཁོང་ཚོས་ལམ་སྲོལ་གསར་རྙིང་ནང་གང་དང་གང་རང་འཇགས་ཡིན་པ་དང༌། གང་དང་གང་ཕྲན་བུ་བཟོ་བཅོས་ཕྱིན་པ། གང་དང་གང་ཆ་ཚང་འགྱུར་བ་ཕྱིན་པ་བཅས་མཁྱེན་ཐུབ། མཁྱེན་པའི་སྐབས་ལ་དེ་བཟོ་བཅོས་གཏོང་དགོས་པ་དང༌། ཡང་ན་ཆ་ཚང་མགོ་མཇུག་སློག་ནས་འགྱུར་བ་གཏོང་དགོས་པའི་ཐོག་ཐུགས་སྣང་གཏིང་ཟབ་ཡོང་གི་རེད། དེ་ནས་དགོས་པ་རྒྱུ་མཚན་གཟིགས་པའི་ཐོག་ནས་སྐྱོན་ཡོན་དབྱེ་བ་ཕྱེ་ཐུབ་པ་ཡོང་རྒྱུ་ཡིན་སྟབས། ང་ཚོས་ཉམས་མྱོང་ཡོད་པ་དང་མེད་པ་ལས། ཉམས་མྱོང་ཡོད་པ་དེ་ཡག་པ་ལ་བརྩི་དགོས་པའི་རྒྱུ་མཚན་དེ་རེད། ཉམས་མྱོང་ཡོད་པ་ཚོས་རྒྱུན་དུ་སོ་སོའི་བྱེད་ཕྱོགས་ལ་བརྟག་དཔྱད་དགོས་པ་དང༌། ཕྱི་ནང་གི་གནས་ཚུལ་མང་པོ་ལ་བརྟེན་ནས་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་ཞིག་ཡོད་མུས་རེད། ཉིན་རེར་གསར་གཏོད་དང་ཡར་རྒྱས་ཡོད་པ་ཞིག་མ་བྱུང་ན། སོ་སོ་ཡར་རྒྱས་མ་ཕྱིན་པར་བརྟེན། སློབ་ཕྲུག་ཚོར་ཡང་དོན་འབྲས་མ་སོན་པ་ཡོང་སྲིད།
སྔོན་མ་ཝཱ་ཎ་རྫོང་གི་ཤེས་ཡོན་འགན་འཛིན་པ་ཞིག་ཡོད་པ་དེས་ཐེངས་ཤིག་རྩེད་མོ་དང་སྦྲགས་ནས་ཁོང་དགེ་རྒན་ལོ་བཅོ་བརྒྱད་བྱས་ཀྱང༌། ཉམས་མྱོང་ལོ་གཅིག་མ་གཏོགས་མེད་ཅེས་གསུངས་སོང༌། ལོ་དང་པོར་ཉམས་མྱོང་གང་བསགས་པ་དེ་ལོ་གཉིས་པ་ནས་བཅོ་བརྒྱད་བར་ལྡབ་སྐྱོར་མ་གཏོགས། གསར་བརྗེ་དང༌། གསར་གཏོད། ཡར་རྒྱས། འགྱུར་བ་གང་ཡང་མ་བཏང་བ་ཡིན་སྟབས། དགེ་རྒན་ལོ་བཅོ་བརྒྱད་བྱས་ཀྱང༌། ཉམས་མྱོང་ལོ་གཅིག་ལས་མེད་པ་ཡོང་སྲིད། རྒྱ་གར་ནང་དགེ་རྒན་རྙིང་པ་ཁ་ཤས་ཀྱིས་བརྗེད་ཐོ་དང༌། སློབ་ཚན་འཆར་འགོད། སློབ་ཚན་གོ་སྒྲིག སློབ་ཚན་སྤྲོད་ཕྱོགས་བཅས་ལོ་དང་པོར་བཟོས་པ་ཇི་མ་ཇི་བཞིན་ལོ་གཉིས་པ་ནས་མུ་མཐུད་འགྲོ་བ་དེ་འདྲ་ཡོད་མུས་རེད། ཕན་ཐོགས་གང་ཡང་ཡོང་གི་མེད།
འདུས་བྱས་ཀྱི་དངོས་པོ་རྣམས་སོ་ན་མི་གནས་པར་འགྱུར་བའི་རང་བཞིན་རེད། འགྱུར་བ་དེ་བཀག་ཐུབ་ཐབས་མེད་སྟབས། འགྱུར་བ་དང་མཉམ་དུ་འགྲོ་དགོས་ཤིང༌། འགྱུར་བ་དང་མཉམ་དུ་འགྲོ་སྐབས་དེ་བཟང་ཕྱོགས་དང༌། ཆ་མཉམ། ངན་ཕྱོགས་བཅས་གང་གི་ཐོག་བཏང་དང་མ་བཏང་ནི་མིའི་ལག་པར་ཡོད་པ་ཞིག་རེད། རང་གི་མངོན་འདོད་དང་མཚུངས་པའི་འཇིག་རྟེན་གྱི་གནས་ཚུལ་ལ་འགྱུར་བ་གཏོང་ཐུབ་མཁན་ཞིག་བྱུང་ན། དེ་ལ་སྟོན་པ་དང་འདྲེན་པ་ཞེས་རྩ་ཆེན་པོར་བརྩི་བ་ཡིན། རང་ངོས་ནས་འགྱུར་བ་གཏོང་མ་ཐུབ་རུང༌། འགྱུར་བ་དང་མཉམ་དུ་འགྲོ་ཐུབ་དགོས། འོན་ཀྱང་རང་ངོས་ནས་འགྱུར་བ་གཏོང་མ་ཐུབ་པ་དང༌། དེ་བཞིན་འགྲོ་བཞིན་པའི་འགྱུར་བ་དང་མཉམ་དུ་ཆ་ཤས་བླངས་ཏེ་འགྲོ་མ་ཐུབ་ན་རྗེས་ལུས་ཐེབས་པ་ཡིན་སྟབས། བྱུང་ན་འགྱུར་བ་གཏོང་ཐུབ་པ་དང༌། གལ་སྲིད་འགྱུར་བ་གཏོང་མ་ཐུབ་རུང༌། འགྱུར་བ་དང་མཉམ་དུ་འགྲོ་ཐུབ་པའི་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
ད་ལྟ་ང་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྤྱི་ཡོངས་བྱེད་ཕྱོགས་སྐོར་ཁྱེད་ཚོ་དང་གོ་བསྡུར་ཞུ་དགོས་གསུངས་སོང༌། ཁྱེད་ཚོས་ཤེས་ཡོན་སྲིད་བྱུས་ཐོག་གོ་རྟོགས་དང༌། དོགས་པ་རྣམ་རྟོག གསལ་པོ་མ་བྱུང་བ་རྣམས་སྔོན་ལ་ཤེས་ན། ང་ཚོ་གོ་བསྡུར་བྱེད་སླ་བ་ཡོང་གི་རེད་བསམ་གྱི་འདུག ངས་ཁྱེད་ཚོ་མཇལ་བ་དང་པོ་རེད། ཁྱེད་ཚོའི་དགོངས་པ་བཞེས་ཕྱོགས་དང༌། གནས་ཚད། དེ་བཞིན་ཁམས་དང་བསམ་པ་བག་ལ་ཉལ་གང་ཡང་ཤེས་ཀྱི་མེད་སྟབས། རང་ངོས་ནས་གཅིག་བཤད་ཀྱིན་བསྡད་ན། ཁྱེད་ཚོར་ཏག་ཏག་འཚམས་པ་ཞིག་ཡོང་གི་ཡོད་དམ། ཡང་ན་རང་ཉིད་ཆིག་ལབ་ལྟ་བུ་ཡོང་གི་ཡོད་ཧ་མི་གོ་བ་ཞིག་རེད། ལྷག་པར་དུ་ཁྱེད་ཚོ་ཉིན་དགུའི་རིང་སྦྱོང་བརྡར་དང་བགྲོ་གླེང་མང་པོ་གནང་ཟིན་སྟབས། བཀའ་གནང་རྒྱུ་མང་པོ་མེད་དམ་བསམ་གྱི་འདུག སྔོན་གྱི་སྦྱོང་བརྡར་བའི་ཚན་པ་དེ་ལ་མཇལ་དུས་ཉིན་དང་པོ་དེ་ཡིན་སྟབས། ཏོག་ཙམ་ཁག་པོ་བྱུང༌། ཁོང་ཚོས་ཤེས་ཡོན་སྲིད་བྱུས་ཆ་ཚང་ལྗགས་ཀློག་གནང་མེད་པར་བརྟེན། གཞི་ནས་གསར་རྐྱང་ཞིག་ལ་གོ་བསྡུར་བྱེད་རྒྱུ་དེ་དཀའ་ལས་ཁག་པོ་འདུག འོན་ཀྱང་ཁྱེད་ཚོ་འདིར་ཉིན་དགུ་བཞུགས་ཟིན། ད་ལྟ་འདིར་ལས་བསྡོམས་སྙན་གསན་གནང་སྐབས་ཉིན་དགུའི་རིང་མི་གཅིག་གིས་ཤེས་ཡོན་སྲིད་བྱུས་ལེའུ་དང་པོ་ནས་ལྔ་པའི་བར་དང༌། གཞན་ཞིག་གིས་ལེའུ་ལྔ་པ་ནས་མཐའ་མའི་བར་གང་ལྟར་ཆ་ཚང་ཞིག་ཕྱིན་པ་རེད་ཅེས་བཀའ་གནང་སོང༌། དེས་ན་རྒྱས་བསྡུས་ལ་མ་ལྟོས་པར་ཆ་ཚང་ཞིག་ལྗགས་ཀློག་དང་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བྱུང་ཡོད། དེ་ལ་ཁྱེད་ཚོ་ཕྱག་ལས་གནང་བཞིན་པ་ཚོས་བསྐྱར་ཞིབ་བྱེད་སྐབས་གལ་ཆེ་ཤོས་ནི་དེ་ལ་གཞི་རིམ་གྱི་འགྱུར་བ་གཏོང་དགོས་པ་དང༌། བཟོ་བཅོས་ཕྲན་བུ་བརྒྱབ་ན་འགྲིགས་པ། ཡང་ན་སྔོན་མ་བཞིན་རང་འཇགས་འགྲོ་རྒྱུ་གང་འདུག་པ་བཅས་ཀྱི་གནས་ཚུལ་ རྣམས་ཁྱེད་ཚོས་གསལ་པོ་དབྱེ་ཞིབ་གནང་ཡོད་ཤས་ཆེ་ལ། དབྱེ་ཞིབ་གནང་དགོས་པའང་རེད། དེ་ལྟར་བྱུང་ན་དོགས་པ་རྣམ་རྟོག་མང་པོ་ཡོང་སྲིད་པ་མ་ཟད། ཁ་ཤས་ལ་དཀའ་ངལ་གྱི་རྣམ་འགྱུར་ཡང་གཟིགས་སྲིད། དེར་བརྟེན་སྔོན་ལ་ཁྱེད་ཚོར་དགོངས་ཚུལ་དང༌། གསལ་པོ་མ་ཆགས་པ། དོགས་འདྲི་བཅས་གང་ཡོད་པ་ཁ་ཤས་ཤིག་གསུང་རོགས་གནང་ཞུ་རྒྱུ་ཡིན། དེས་ཟབ་སྦྱོང་ལ་ཕེབས་པ་མང་ཆེ་བའི་དགོངས་ཚུལ་དེ་མཚོན་ཐུབ། དེ་བཞིན་འབྱུང་འགྱུར་གྱི་དཀའ་ངལ་ལྟ་བུ་ཡིན་རུང་ཕལ་ཆེར་ཚོད་དཔག་ཐུབ་པ་མི་ཡོང་ངམ་སྙམ།
དྲི་བ་དྲིས་ལན།
དྲི་བ། ཡོངས་འཛིན་ཟེར་བའི་སྒྲ་བཤད་དང་གོ་དོན་ཅུང་ཟད་རྒྱས་པ་ཞིག་གསུང་རོགས་གནང༌། དེ་བཞིན་དམར་ཁྲིད་ཟེར་ན་གང་འདྲ་ཞིག་དགོས་སམ།
ལན། ཡོངས་འཛིན་ཟེར་བ་དེ་ནང་པའི་བརྡ་ཆད་ཅིག་རེད། རྒྱ་གར་གྱི་ནང་པ་མིན་པའི་གྲུབ་མཐའ་གཞན་ནང་བླ་མ་དང༌། སློབ་དཔོན། མཁན་པོ་བཅས་ཀྱི་བརྡ་ཆད་ཡོད་ཀྱང༌། ཡོངས་འཛིན་ཟེར་བའི་བརྡ་ཆད་མ་མཐོང༌། ཡོངས་ཞེས་པ་སྤྱིར་ཐམས་ཅད་ལ་གོ་ཡང༌། ཐམས་ཅད་ཅེས་བརྗོད་དུས་གཅིག་ཀྱང་མ་ལུས་པའི་དོན་དེ་མི་སླེབས། ཡོངས་ཞེས་བརྗོད་དུས་གཅིག་ཀྱང་མ་ལྷག་པའི་དོན་ཡིན། འཛིན་པ་ཞེས་པ་ནི་ལག་པས་བཟུང་བ་ལྟ་བུས་མར་ཟག་ཏུ་མ་བཅུག་པར་ཡར་བཏེགས་པ་ལ་གོ དབྱིན་སྐད་ལ་ཨཔ་ཧོལྜ་up-holdཟེར་བ་དེ་རེད། དེས་ན་ཡོངས་འཛིན་ཞེས་པ་ནི་གཟུང་བྱའི་སློབ་མའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་གནས་ཚུལ་རྣམས་བཟུང་ཐུབ་མཁན་དང་བཏེགས་ཐུབ་མཁན་ཞིག་ལ་གོ་ཞིང༌། ཡོངས་འཛིན་ཞེས་པའི་ཚིག་དེ་ཧ་ལས་པའི་ཁྱབ་ཆེན་པོ་དང་རྒྱ་ཆེན་པོ་རེད། ཕྲུ་གུའི་གཟུགས་པོའི་འཕྲོད་བསྟེན་ཆེད་ལས་བྱེད་གཞན་ཞིག་བསྐོ་དགོས་ན། དགེ་རྒན་ལ་ཡོངས་འཛིན་གྱི་མཚན་ཉིད་དེ་ཚང་མེད། གང་ལྟར་འཕྲོད་བསྟེན་གྱི་དོན་དུ་གཞན་ཞིག་བསྟེན་དགོས་པ་དང༌། ཨང་རྩིས་ཆེད་དགེ་རྒན་གཞན་ཞིག་སར་འགྲོ་དགོས་པ། ཚན་རིག་ཆེད་དགེ་རྒན་གཞན་བསྟེན་དགོས་ན། ཕྱོགས་རེ་བའམ་ཆ་ཤས་འཛིན་པ་མ་གཏོགས་ཡོངས་སུ་འཛིན་པ་དེ་བྱུང་མེད། དེས་ན་ཡོངས་འཛིན་ཞེས་པ་ནི་ཕྲུ་གུའི་ལུས་ངག་ཡིད་གསུམ་གྱི་དགོས་མཁོ་ཡོངས་རྫོགས་ལམ་སྟོན་བྱེད་ཐུབ་པ་དང༌། རོགས་པ་བྱེད་ཐུབ་པ། ཡར་བཟུང་ཐུབ་པ། ལག་པ་ལྟ་བུ་བཟུང་ནས་ཡར་འཁྲིད་ཐུབ་མཁན་ཞིག་ལ་བརྗོད། འདིའི་ནང་ཡོངས་འཛིན་གྱི་ཡོན་ཏན་མདོར་བསྡུས་མ་གཏོགས་བཤད་མེད། ཡོངས་འཛིན་གྱི་ཡོན་ཏན་རྣམས་བསྡོམས་བརྒྱབ་ན། མངོན་རྟོགས་རྒྱན་ལས། སེམས་མི་འགོངས་པ་ཉིད་དང་ནི། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་དང་པོ་ནི་སེམས་མི་འགོངས་པ་དང༌། གཉིས་པ་ནི་ངོ་བོ་ཉིད་མེད་ལ་སོགས་སྟོན་པ་དེ་རེད། གསུམ་པ་ནི་དེའི་མི་མཐུན་ཕྱོགས་བོར་བ་དེ་རེད།
ཡོངས་འཛིན་གྱི་ལས་ཀ་གསུམ་ལས་དང་པོ་སེམས་མི་འགོངས་པ་ཞེས་པ་ནི་རང་གི་སློབ་ཕྲུག་ཆེ་ཆུང་མཐའ་དག་གི་བསམ་བློའི་ནང་འཇིགས་པ་དང་ཞུམ་པ་མེད་པར། རྟག་ཏུ་སེམས་མི་ཞུམ་པ་དང་སེམས་མི་འཇིགས་པར་བསྡད་ཐུབ་པ་ཞིག་བཟོ་རྒྱུ་དེ་དགེ་རྒན་ནམ་ཡོངས་འཛིན་གྱི་ལས་འགན་དང་པོ་དེ་རེད། ཕྲུ་གུ་སྐྱེས་མ་ཐག་པ་ལ་བསམ་བློའི་གནས་ཚད་གང་ཡང་མེད་རུང༌། ཁོའི་བསམ་བློའི་ནང་ལོ་ཆེན་པོའི་སྐབས་ཡོད་པ་ལྟ་བུའི་འཇིགས་པ་དང་ཞུམ་པ་གཉིས་ཧ་ལམ་མེད། བསམ་བློའི་ནང་བར་ཆད་དང༌། བསམ་བློ་རྣལ་དུ་མི་གནས་པ། བསམ་བློ་ལྷིང་འཇགས་མེད་པའི་འགལ་རྐྱེན་གཙོ་བོ་གཅིག་འཇིགས་པ་དེ་རེད། ཕལ་སྐད་ནས་བཤད་ན་ཞེད་སྣང་ཟེར་བ་དེ་རེད། འཇིགས་སྣང་ཡོད་ན་བྱ་བ་གང་ཡང་བྱེད་མི་ཐུབ་ཅིང༌། ལྷག་པར་དུ་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ནོར་འཁྲུལ་མང་ཆེ་བ་འཇིགས་སྣང་དབང་གིས་ཡོང་གི་ཡོད། འཇིགས་སྣང་དེའི་དབང་གིས་དབྱིན་སྐད་ལ་པེ་ནིཀ་ panicཆགས་ན། ཤར་ལ་འགྲོ་རྒྱུའི་ཚབ་ལ་ནུབ་དང༌། ཡར་ལངས་རྒྱུའི་ཚབ་ཏུ་མར་སྡོད་པ། མར་སྡོད་རྒྱུའི་ཚབ་ཏུ་ཡར་ལངས་པ་ལྟ་བུའི་ནོར་འཁྲུལ་བྱེད། རང་བཞིན་གྱི་གནས་སྐབས་ལའང་ང་ཚོའི་བསམ་བློའི་ནང་དོན་མེད་པའི་འཇིགས་སྣང་མང་པོ་ཡོད་ཅིང༌། དེ་ཡང་རང་གི་ངོ་བོ་ལ་མ་གནས་པར་གཞན་དང་མཚུངས་བསྡུར་དང༌། དེའི་ཐོག་ནས་འགྲན་བསྡུར་བྱུང་བར་བརྟེན། མི་ཚེའི་ནང་བརྟན་ལྷིང་མེད་པའི་ཚོར་བ་ཞིག་དང༌། དེ་ལ་བརྟེན་པའི་འཇིགས་སྣང་ཞིག་རྟག་ཏུ་གནས་རྒྱུ་རེད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་སྐབས་འཇིགས་སྣང་མང་པོ་བྱུང་ན། ཆེན་པོ་ཆགས་སྐབས་ཀྱང་ཁོའི་བསམ་བློ་ལས་སླ་པོའི་ཐོག་ནས་འཇིགས་སྣང་གིས་བར་ཆད་གཏང་ཐུབ་རྒྱུ་ཞིག་རེད།
ད་ལྟ་ང་ཚོར་དཀའ་ལས་ཁག་ཤོས་ཤིག་ནི། དགེ་རྒན་གྱིས་རྫིག་རྫིག་དང༌། ཚོགས་གཏམ། ཉེས་རྡུང་བཅས་ཕྲུ་གུ་ལ་འཇིགས་སྣང་སྐུལ་བའི་ཐབས་ལམ་རྣམས་བསྟེན་ཅིང༌། ཕྲུ་གུས་ཀྱང་དགེ་རྒན་མཐོང་མ་ཐག་སྒྲིག་ལམ་དང་སློབ་སྦྱོང་སོགས་སོ་སོའི་དགའ་སྣང་དང་འདུན་པ་མེད་པར་འཇིགས་སྣང་དབང་གིས་བྱེད་སྐབས་དཀའ་ལས་བརྒྱབས་རུང༌། དེ་ནི་སྡུག་རུས་མ་གཏོགས་བརྩོན་འགྲུས་མིན། སྡུག་རུས་ནི་འདུན་པ་དང་དགའ་བ་མེད་པར་ཨུ་ཚུགས་བྱེད་རྒྱུ་དེ་རེད། བརྩོན་འགྲུས་ལ་ཐང་ཆད་སྣང་དང་ཁག་སྣང་གང་ཡང་མེད་པར། དེབ་ཀློག་པ་དང་སློབ་སྦྱོང་བཅས་ཇི་ཙམ་བྱས་ཀྱང་སྤྲོ་བ་འཕེལ་གྱི་རེད། དཔེར་ན། གློག་བརྙན་ལ་དགའ་པོ་ཡོད་པ་རྣམས་ཆུ་ཚོད་གསུམ་བཞི་མུ་མཐུད་བལྟས་ནའང་ཐང་ཆད་སྣང་ཡོང་གི་མེད། ཁྱེད་རང་གིས་དེ་མ་བྱས་ན་སང་ཉིན་ཉེས་བརྡུང་གཏོང་གི་ཡིན། རྐུབ་སྟེགས་སྟེང་བསླངས་ནས་འཇོག་རྒྱུ་ཡིན་ཞེས་བཤད་སྐབས་འཇིགས་སྣང་དབང་གིས་སྦྱངས་པ་རྣམས་ཀྱང་སང་ཉིན་རྒྱུགས་འཕྲོད་ཙམ་གྱི་དོན་དུ་མ་གཏོགས། རྒྱུགས་འཕྲོད་སོང་ན་གནངས་ཉིན་དེར་ཧ་ལམ་བརྗེད་འགྲོ་བ་རེད། ལྷག་པར་དུ་མི་རྒན་པ་ཚོས་ཕྲུ་གུ་ཆུང་ཆུང་ལ་འབྲེལ་བ་བྱེད་སྐབས་ཕྲུ་གུའི་བསམ་བློའི་ནང་འཇིགས་སྣང་མ་སླེབས་པའི་ཐབས་ཤེས་དེ་བྱེད་མཁས་པོ་མེད། ཕ་མ་ཚོས་ཀྱང་ཧ་ལམ་བྱེད་ཀྱི་མ་རེད། དེ་ང་ཚོའི་ཞན་ཆ་ཆེ་ཤོས་ཤིག་རེད། ཕ་མ་དང་དགེ་རྒན་ཚང་མས་ཕྲུ་གུ་ཆུང་ཆུང་གི་བསམ་བློའི་ནང་འཇིགས་སྣང་མ་སླེབས་པ་དང༌། འཇིགས་སྣང་དེ་གཏིང་ཟབ་པོ་ཕྲུ་གུའི་བསམ་བློའི་ནང་འཇགས་མི་འགྲོ་བའི་ཐབས་ཤེས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཕ་མ་ཚོར་དེའི་སྐོར་ངེས་པར་དུ་སློབ་སྦྱོང་སྤྲོད་དགོས། ལྷག་པར་དུ་སྔོན་འགྲོའི་དགེ་རྒན་ཚོར་སློབ་སྦྱོང་འདི་སྤྲོད་དགོས་པ་ཞིག་རེད། རྒན་པ་མང་ཆེ་བས་ཕྲུ་གུ་ཆུང་ཆུང་ལ་སྐྱོན་ཆ་ལྟ་བུ་གཉིས་བྱེད་ཅིང༌། འཇིགས་སྣང་སྐུལ་བ་དང༌། རྫུན་བཤད་པ་གཉིས་རེད། དཔེ་མཚོན་ཞུ་ན། ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་ལ་དེ་འདྲ་མ་བྱེད་མ་གཏོགས། གདོན་འདྲེ་ཡོང་གི་རེད། འ་རྫིག་ཡོང་གི་རེད། མགོ་ལ་རྭ་ཅོ་སྐྱེ་ཡོང་ཞེས་ཧ་ཅང་མཐོང་ཆུང་ལྟ་བུ་བཏང་ནས་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་རྒྱུ་ཞིག་ཡོད་པ་རེད། གཞན་ཡང་རྒྱ་གར་གྱི་ཕ་མ་ཁ་ཤས་ཀྱིས་ཕྲུ་གུར་སྐྱག་རྫུན་མ་ཤོད་ཨང། སྐྱག་རྫུན་བཤད་ན་མགོ་ལ་རྭ་ཅོ་སྐྱེ་ཡོང་ཞེས་བསླབ་བྱ་རྒྱག་སྲོལ་ཡོད། མགོ་ལ་རྭ་ཅོ་སྐྱེ་རྒྱུ་མེད་ཀྱང༌། སྐྱག་རྫུན་མ་ཤོད་ཅེས་པའི་བསླབ་བྱ་དེ་སྐྱག་རྫུན་གཅིག་དང་སྦྲགས་ནས་བཤད་དེ་བདེན་པ་ལས་ཐག་རིང་བའི་གནས་སྟངས་ཤིག་བསྐྲུན་གྱི་ཡོད།
ཕྲུ་གུའི་བསམ་བློའི་ནང་དོགས་པ་དང་འཇིགས་སྣང་ཡོང་སྐབས་རང་བཞིན་གྱིས་ཕ་མའི་འཁྲིས་ལ་འབྱར་བ་རེད། ཕ་མའི་པང་པའི་སྒང་དུ་ཡོད་ན་ཧ་ཅང་སྲུང་སྐྱོབ་ཆེན་པོ་ཡོད་པའི་ཚོར་སྣང་དེ་མ་བརླག་པ་དགོས། སྤྱིར་བཏང་དགེ་རྒན་གྱིས་ཀྱང་ཚོར་སྣང་དེ་བསྐྲུན་དགོས་ཤིང༌། ཤོག་སྦག་ལྟ་བུ་དང་སྐད་སྒྲ་ཆེན་པོ་ལ་བརྟེན་ནས་འཇིགས་སྣང་ཡོང་དུས་ཕྲུ་གུ་དེ་གང་དུ་ཡོད་རུང་ལམ་སེང་དགེ་རྒན་གྱི་པང་པའི་ནང་རྒྱུགས་ཡོང་ན། དགེ་རྒན་ལ་འཇིགས་སྣང་མེད་པའི་རྟགས་རེད། འཇིགས་སྣང་བྱུང་སྐབས་སྐྱོབ་མཁན་དེ་དགེ་རྒན་ཡིན་པའི་ཚོར་སྣང་བྱུང་ན། ཕྲུ་གུ་ཕ་མའི་འཁྲིས་ལ་མེད་ནའང༌། ཡོད་པ་དང་ཁྱད་མེད་པའི་བསམ་བློའི་སྲུང་སྐྱོབ་དེ་རག་གི་ཡོད་པ་རེད། སེམས་ལ་བདེ་འཇགས་Mental Security & Mental Safety དེ་རག་དུས་ཕྲུ་གུའི་བསམ་བློའི་ཡར་རྒྱས་འགྲོ་ཕྱོགས་དེ་ཧ་ཅང་ལས་སླ་པོ་ཡོང་གི་རེད།
དེ་ནས་ཞུམ་པ་དེ་ཇི་ལྟར་ཡོང་ངམ་ཞེ་ན། ཕྲུ་གུ་ཆུང་ཆུང་གིས་སྐད་ཆ་འདྲ་མིན་སྣ་ཚོགས་འདྲི་བ་ཡིན། དེ་ནི་སྔོན་འགྲོའི་དགེ་རྒན་ཚོས་རྟག་ཏུ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་རེད། ཕྲུ་གུས་སྐད་ཆ་དྲིས་སྐབས་ལན་མ་བརྒྱབ་པ་དང༌། ལན་ལོག་པ་བརྒྱབ་པ། ཁ་བཙུམས་ཞེས་ལབ་པ། ཁྱེད་རང་གིས་གང་ཡང་ཤེས་ཀྱི་མ་རེད་ཅེས་སོགས་ལབ་པའི་དབང་གིས་སེམས་འགོངས་འགྲོ་བ་རེད། གང་ལྟར་སེམས་ཉམས་ཏེ་ཞུམ་པ་དང་འཇིགས་སྣང་གང་རུང་ཞིག་སླེབས། དེང་སང་ནུབ་ཕྱོགས་པའི་ཕ་མ་ཚོས་ཕྲུ་གུའི་མཉམ་དུ་མི་རྒན་བཞིན་ཁ་ཡ་མང་པོ་བྱས་ཏེ་སྐད་ཆ་བཤད་རྒྱུའི་གོམས་གཤིས་དེ་ཁོང་ཚོའི་ལེགས་བྱང་ནང་ཡོད་མུས་རེད། ཤར་ཕྱོགས་པའི་ཕྲུ་གུའི་འཚར་ལོངས་ཀྱི་མགྱོགས་ཚད་ལས་ནུབ་ཕྱོགས་པའི་ཕྲུ་གུའི་འཚར་ལོངས་ཀྱི་མགྱོགས་ཚད་མགྱོགས་པ་དེ་ཕ་མ་དང༌། སྔོན་འགྲོའི་དགེ་རྒན། དམའ་རིམ་དགེ་རྒན་གྱི་བྱེད་ཕྱོགས་དབང་གིས་བྱུང་བ་རེད་སྙམ།
སྔོན་འགྲོའི་དགེ་རྒན་དེ་མ་ཚབ་བྱེད་ཐུབ་པ་ཞིག་ངེས་པར་དུ་དགོས། ནང་ལ་ཨ་མས་ལྟ་སྐྱོང་དང༌། འཛིན་གྲྭའི་ནང་སྔོན་འགྲོའི་དགེ་རྒན་གྱིས་ལྟ་སྐྱོང་བྱེད་སྐབས་ཕྲུ་གུའི་བསམ་བློའི་ནང་ཨ་མའི་འཁྲིས་ལ་ཡོད་པ་དང༌། རྒན་ལགས་ཀྱི་འཁྲིས་ལ་ཡོད་པ་གཉིས་ཁྱད་མེད་ལྟ་བུ་དང༌། བསམ་བློའི་ནང་ཡིད་ཆེས་རྙེད་ཐུབ་པ་ཞིག་དགོས། དེའི་རྒྱུ་མཚན་གྱིས་སྔོན་འགྲོའི་དགེ་རྒན་ལ་བུད་མེད་བྱུང་ན་ཡག་པ་ཡོད་ཅིང༌། སྐྱེས་པས་སྔོན་འགྲོའི་དགེ་རྒན་མི་ཆོག་ཟེར་གྱི་མེད། འོན་ཀྱང་ཇི་ཙམ་ཐུབ་པ་དེ་ཙམ་བུད་མེད་འདེམས་ཐུབ་ན་ལེགས་ཞེས་ཤེས་ཡོན་སྲིད་བྱུས་ནང་འཁོད་ཡོད། ཁ་ཤས་ཀྱིས་འགྲེལ་པ་ལོག་པ་བརྒྱབས་ནས་ཕོ་མོའི་ཐོབ་ཐང་རྩོད་པ་ལྟ་བུའི་སྐད་ཆ་བཤད་ཀྱང༌། ཕོ་མོ་འདྲ་མཉམ་ཟེར་བ་སོགས་ནུབ་ཕྱོགས་པའི་སྐད་ཆ་རེད། དེ་ང་ཚོའི་སྤྱི་ཚོགས་ནང་དགོས་མཁོ་གང་ཡང་མེད། འཚམས་པའང་མེད་ལ་འཕྲོད་ཐབས་ཀྱང་མེད། དེ་གནས་ཚུལ་ཐ་དད་ཅིག་རེད། རང་བཞིན་བདེན་པའི་གནས་ལུགས་གང་ཡོད་དེ་རང་འཇོག་དགོས། དེ་ལ་ཧ་ཅང་བཟོ་བཅོས་བཏང་ན་བཅོས་མ་ཞིག་མ་གཏོགས་བདེན་པ་ཆགས་ཐབས་མེད།
སྐྱེས་པ་དང་བུད་མེད་གཉིས་རང་བཞིན་ལུས་ཀྱི་གནས་སྟངས་ཆ་ནས་ཐ་དད་རེད། གཅིག་ཡག་པ་དང་གཅིག་སྡུག་པ་ཞིག་མེད། ཚང་མ་གཅིག་པ་རེད། འོན་ཀྱང་ཐ་དད་རེད། ཁྱོ་གས་ཨ་མ་བྱེད་ཐུབ་ཐབས་མེད། འོན་ཀྱང་ནུབ་ཕྱོགས་པས་ཕོ་མོ་འདྲ་མཉམ་ཟེར་དུས་ཁྱོ་གས་བྱེད་ཐུབ་པ་དེ་བུད་མེད་ཀྱིས་ཐུབ་པ་ལྟ་བུ་དང༌། བུད་མེད་ཀྱིས་བྱེད་ཐུབ་པ་དེ་ཁྱོ་གས་བྱེད་དགོས་པ་ལྟ་བུ་ཞིག་ཧ་ལམ་བཤད་ཀྱི་འདུག བུད་མེད་ཀྱིས་ཕ་བྱེད་མི་ཐུབ་པ་དང༌། ཁྱོ་གས་མ་བྱེད་མི་ཐུབ་པ་ནི་དངོས་པོའི་གནས་ལུགས་ཡིན་སྟབས། དེར་ང་ཚོ་མིས་བཟོ་བཅོས་དང་བཅོས་མ་བྱེད་ཐབས་གང་ཡང་མེད། གང་ལྟར་ཨ་མ་འཇོག་སར་ཨ་མ་དང༌། པ་ཕ་འཇོག་སར་པ་ཕ་འཇོག་དགོས་པ་ནི་གནས་ཚུལ་ཐ་དད་ཅིག་ཡོད་པའི་དབང་གིས་རེད། ཕྲུ་གུ་མ་སྐྱེས་གོང་ཟླ་བ་དགུའི་རིང་ཨ་མའི་སྦྲུམ་དུ་གནས་པ་དང༌། ཨ་མ་འཚོ་བའི་ཟས་བཅུད་ཀྱི་ཉེར་ལེན་གྱིས་ཕ་མ་གཉིས་ཀྱི་ནང་ནས་རང་བཞིན་གྱིས་མ་དང་ཐག་ཉེ་བ་རེད། དེ་ནི་ཕོ་མོ་འདྲ་མཉམ་སྐོར་ཤོད་རྒྱུའི་གནས་ཚུལ་དང་འབྲེལ་བ་གཏན་ནས་མེད། ཨ་མའི་འོ་མ་འཐུང་བའི་དུས་ཚོད་ཡོལ་མ་ཡོལ་ཕྲུ་གུ་སོ་སོར་མི་འདྲ་བ་ཡོད་ལ། སྤྱི་ཚོགས་སོ་སོ་ལའང་མི་འདྲ་བ་ཡོད་པ་དེ་ནི་གནས་སྟངས་ཐ་དད་རེད། མདོར་ན། ཨ་མའི་འོ་མ་འཐུང་རྒྱུའི་དུས་ཚོད་མ་ཡོལ་བར་ཕྲུ་གུ་དེ་མ་དང་སེམས་ཐག་ཉེ་བ་བསྡད་རྒྱུ་དེ་རང་བཞིན་གྱི་གཤིས་ལུགས་སམ་དངོས་པོའི་གཤིས་ལུགས་ཤིག་ཡིན་སྟབས། དམའ་རིམ་འཛིན་གྲྭའི་ནང་གི་ཕྲུ་གུ་ཆུང་ཆུང་ལ་བུད་མེད་ཀྱི་དགེ་རྒན་ཡོད་ན། མ་དང་འདྲ་བའི་ཚོར་སྣང་ཡོང་བདེ་བ་དང༌། སྐྱེས་པའི་དགེ་རྒན་ཡོད་ན་དེ་ཙམ་ཐག་ཉེ་པོ་ཡོང་མི་ཐུབ་པ། པ་ཕ་དང་འདྲ་བའི་ཚོར་སྣང་ཞིག་བྱུང་ནའང་གོང་དུ་ཞུས་པ་བཞིན་ཕ་མ་གཉིས་ལས་མ་ལ་སེམས་ཐག་ཉེ་བའི་དབང་གིས་དེ་ཙམ་ནུས་པ་ཐོན་པ་དང་ཕན་ནུས་འདྲེས་པ་ཡོང་མི་ཐུབ། དེས་ན་ངེས་པར་དུ་མ་དང་བྱིས་པའི་འབྲེལ་ལམ་གྱི་འདུ་ཤེས་དེ་མ་བརླགས་པའི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་ཞུམ་པ་དང༌། འཇིགས་སྣང༌། འཚེར་སྣང་གང་འདྲ་ཞིག་ཡོད་རུང༌། ཕ་མའམ་དགེ་རྒན་གྱི་འཁྲིས་ལ་སླེབས་དུས་ལམ་སེང་ཡལ་འགྲོ་བ་ཞིག་དགོས། དེ་ལྟར་སེམས་མི་འགོངས་པ་དང་སེམས་མི་སྐྲག་པ་བྱེད་རྒྱུ་ནི་ཡོངས་འཛིན་གྱི་ཁྱད་ཆོས་སམ་ཡོན་ཏན་དང་པོ་དེ་རེད། དེར་བརྟེན་ཕྲུ་གུ་ཆུང་ཆུང་གིས་བྱབ་ཡོད་མེད་ལ་མ་ལྟོས་པར་སྐད་ཆ་ཞིག་འདྲི་སྐབས་སྣང་མེད་དུ་མ་བཏང་བར་ངེས་པར་དུ་དོ་སྣང་སྤྲད་དགོས། གལ་ཏེ་དྲི་བ་དེ་ཏག་ཏག་མེད་ན། འདི་འདྲ་མ་རེད། དེ་འདྲ་འདྲི་དགོས་ཞེས་དྲི་བ་ལ་བཟོ་བཅོས་གཏོང་རྒྱུ་དང༌། ཡང་དྲི་བར་ལན་བརྒྱབ་རྒྱུ་ཡོད་པ་ཞིག་ཡིན་ན། ཚང་མར་གཅིག་ལ་གཅིག་ལན་དང༌། གཉིས་ལ་གཉིས་ལན་བརྒྱབ་དགོས་པ་ལས། ཁྱེད་རང་དྲི་བ་འདྲི་མི་དགོས། ཁ་ཁར་སྡོད་ཟེར་བ་ལྟ་བུ་དང༌། རྒྱུན་དུ་འཇིགས་སྣང་སྐུལ་ནས་དེ་འདྲ་མ་ལབ་ཟེར་བ་སོགས་བྱ་རྒྱུ་མེད། ཕྲུ་གུས་སྒྲིག་ལམ་མ་འཁྱེར་བ་དང༌། སློབ་སྦྱོང་མ་བྱེད་པ་སོགས་ཀྱི་སྐབས་སུ་མི་རྒན་ལ་སྐད་ཆ་བཤད་པ་བཞིན་ སློབ་སྦྱོང་བྱེད་དགོས་པ་དང༌། སྒྲིག་ལམ་འཁྱེར་དགོས་པ། མ་འཁྱེར་ན་སྐྱོན་དང༌། འཁྱེར་ན་དགེ་མཚན་གང་ཡོད་རྣམས་རྒྱུ་མཚན་གྱི་ལམ་ནས་ཡང་ཡང་ཕྲུ་གུ་ཆུང་ངུའི་རྣ་བར་བླུག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ནང་པ་དང་ནུབ་ཕྱོགས་པའི་དབར་ལྟ་ཕྱོགས་མི་མཐུན་པའམ། ཡང་ན་སྲོལ་རྒྱུན་དང་དེང་རབས་དབར་ལྟ་ཕྱོགས་མི་མཐུན་པ་ཆེ་ཤོས་གཅིག་ནི། དེང་རབས་སམ་ཡང་ན་ནུབ་ཕྱོགས་པའི་དགེ་རྒན་ཚོས་རྟག་ཏུ་ཕྲུ་གུའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་བེད་སྤྱོད་བཏང་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུའི་ཐབས་ལམ་ཞིག་བསྟེན་པ་དང༌། སྲོལ་རྒྱུན་དང་ནང་པ་ཚོས་ཕྲུ་གུའི་རྒྱུད་ཀྱི་ཉོན་མོངས་པ་དཔེར་ན། འཇིགས་སྣང་དང༌། འདོད་སྲེད་རྣམས་བེད་སྤྱོད་མི་བྱེད། དཔེར་ན་བོང་བུ་ལ་འགྲོ་སྟངས་ཤིག་བསླབ་དགོས་བྱུང་ན། གུང་ལ་ཕུག་དང་རྒྱུག་པ་གཅིག་འཁྱེར་ནས་བྱེད་སྟངས་དེ་བོང་བུར་ཡང་འཚམས་མིན་མི་ཤེས་ཀྱང༌། གང་ལྟར་རྔན་པ་སྤྲོད་ཀྱིན་རྒྱུག་པ་གཞུ་གིན་བྱེད་པ་བཞིན་ཕྲུ་གུའི་སེམས་ནང་གི་འཇིགས་སྣང་དང་རེ་བ་གཉིས་པོ་བེད་སྤྱོད་ལོག་པར་བཏང་ནས་སློབ་སྦྱོང་སྤྲོད་ཐབས་བྱེད་རྒྱུ་དེ་དེང་རབས་ཀྱི་བྱེད་སྟངས་རེད། ང་ཚོའི་གྲོང་པའི་ཕྲུ་གུ་དེ་ཙམ་ཡག་པོ་འདུགའདི་དང་དེ་བྱེད་ཐུབ་ཀྱི་འདུག ཁྱེད་རང་གིས་གང་ཡང་བྱེད་ཐུབ་ཀྱི་མི་འདུག་ཅེས་མཚུངས་བསྡུར་བྱེད་པ་དང༌། མཚུངས་བསྡུར་དེའི་དབང་གིས་རྟག་ཏུ་འགྲན་བསྡུར་བྱེད་དགོས་པ། འགྲན་བསྡུར་བྱེད་རྒྱུའི་ཆེད་དུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གང་ཐུབ་ཀྱིས་གཏིང་ཟབ་བླུག་ཐབས་བྱེད་པ། དེ་ལ་བརྟེན་ནས་བསམ་བློའི་ནང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཧ་ཅང་མང་པོ་སླེབས་སུ་འཇུག་ཅིང༌། ཏོག་ཙམ་ཡག་པོ་བྱུང་ན་བྱ་དགའ་དང་རྔན་པ་སྤྲད་ནས་ཕྲུ་གུ་གཞན་ལས་ཁྱད་དུ་འཕགས་པར་འདོན་ཐབས་བྱེད་པ་དང༌། ཏོག་ཙམ་སྡུག་པ་བྱུང་ན་མི་མང་པོའི་དཀྱིལ་དུ་འཕྱ་སྨོད་བྱེད་པ་སོགས་ནི་ཡོངས་འཛིན་གྱི་བྱེད་སྟངས་ཤིག་ནམ་ཡང་མིན། གལ་ཏེ་ཡོངས་འཛིན་ཞིག་ཡིན་ན། སློབ་ཕྲུག་ཚང་མ་གང་ཟག་བྱེ་བྲག་པ་ཡིན་པར་ངོས་འཛིན་གྱིས་སོ་སའི་ཐུན་མོང་མ་ཡིན་པའི་གནས་སྟངས་དེ་དང་མཐུན་པའི་རོགས་རམ་བྱེད་རྒྱུ་དང༌། མཐུན་རྐྱེན་སྦྱར་དགོས་གང་འདུག་བལྟས་པ་མ་གཏོགས། དེ་གཞན་དག་དང་མཚུངས་བསྡུར་དང་འགྲན་བསྡུར་མི་བྱེད་པ་དང༌། ཕྲུ་གུའི་མཐོང་ཚུལ་ལའང་བརྙས་བཅོས་དང་མཐོང་ཆུང་མེད་པར་ངེས་པར་དུ་བརྩི་མཐོང་བྱས་པའི་ཐོག་ནས་ལན་བརྒྱབ་དགོས་པ། ཕྲུ་གུས་ག་ཚོད་དྲིས་ནའང་ད་དུང་དྲི་བ་དེ་མང་དུ་གཏོང་རྒྱུ་མ་གཏོགས་ཉུང་དུ་མི་འགྲོ་བའི་ཐབས་ཤེས་བྱེད་པ། ཕྲུ་གུ་དང་མཉམ་དུ་སྐད་ཆ་བཤད་སྐབས་ཕྲུ་གུ་ཆུང་ཆུང་ཡིན་པའི་རྒྱུ་མཚན་གྱིས་སྐད་ཆ་ཚད་ལྡན་མིན་པ་མི་ཤོད་པ་བཅས་ནི་སེམས་མི་འགོངས་པ་དང་སེམས་མི་ཞུམ་པ་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་རྣམས་རེད། གང་ལྟར་ཤེས་ཡོན་སྲིད་བྱུས་འདིའི་འོག་ནས་སློབ་ཁྲིད་སྐབས་ཕྲུ་གུ་ཇི་ཙམ་ཆུང་ཆུང་ཡིན་རུང༌། དེའི་བསམ་བློའི་ནུས་ཚད་དམ་ས་བོན་དེ་མ་འོངས་པར་མི་རྒན་ཆགས་དུས་ཡར་རྒྱས་འབྱུང་སའི་གཞི་རྩ་དེ་ཡིན་སྟབས། མི་རྒན་པར་འབྲེལ་བ་བྱས་པ་བཞིན་དྲི་བ་ཚང་མར་ལན་བརྒྱབ་རྒྱུ་དང༌། གནས་ཚུལ་གང་ཡིན་ཡང་རྒྱུ་མཚན་བཤད་ནས་རྩོད་པ་དང་བགྲོ་གླེང་ཐོག་ནས་དེའི་བསམ་བློའི་ནང་འཇགས་པ་བྱེད་རྒྱུ། ཕྱི་ནང་གི་གནས་ཚུལ་གང་ཡིན་ཐོག་འཇིགས་ཞུམ་མི་ཡོང་བའི་ཐབས་ཤེས་བྱེད་རྒྱུ་རྣམས་ངས་ད་ལྟ་ཞུས་པའི་ཡོངས་འཛིན་གྱི་ཡོན་ཏན་དང་པོ་དེ་རེད།
ཡོངས་འཛིན་གྱི་ཡོན་ཏན་གཉིས་པ་ནི་ཕྲུ་གུའི་ཤེས་འདོད་གང་ཡོད་རྣམས་བསླབ་རྒྱུ་དང༌། ཤེས་འདོད་མེད་པ་རྣམས་ཀྱང་ཤེས་འདོད་ཡོད་པ་བཟོ་རྒྱུ། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཞེས་སོགས་སྒྲའི་ནང་ཡི་གེ་འབྲིེ་མི་ཤེས་པ་འབྲི་ཤེས་པ་བཟོ་རྒྱུ་དང༌། སྨྱུ་གུ་འཛིན་མི་ཐུབ་པ་སྨྱུ་གུ་འཛིན་སྟངས་བསླབ་རྒྱུ། སྦྱང་ཤིང་སྒང་དུ་ཐིག་བརྒྱབ་མི་ཤེས་མཁན་ལ་ཐིག་རྒྱག་སྟངས་བསླབ་རྒྱུ། ཁ་ལག་ཟ་མི་ཤེས་མཁན་ལ་ཟ་སྟངས་བསླབ་རྒྱུ། ཁྲུས་རྒྱག་མི་ཤེས་མཁན་ལ་རྒྱག་སྟངས་བསླབ་རྒྱུ། གང་ལྟར་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་དང་འབྲེལ་བའི་གནས་ཚུལ་རྣམས་ཐད་ཀར་བསླབ་རྒྱུ་དང༌། ལྷག་པར་དུ་འཛིན་གྲྭའི་ནང་སློབ་ཁྲིད་སྐབས་སློབ་ཚན་དང་འབྲེལ་བའི་གནས་ཚུལ་རྣམས་ཆ་ཚང་པོ་དང༌། གསལ་པོ། ཕྲུ་གུའི་བློ་དང་འཚམ་པ་མ་ཟད། དཔེ་དང༌། སྒྲུང༌། རི་མོ་སོགས་ཀྱི་ལམ་ནས་ངོ་སྤྲོད་བྱེད་རྒྱུ། དེ་མིན་གྱི་སློབ་སྟོན་གྱི་ཡོ་ཆས་གཞན་གང་དགོས་ཆ་ཚང་བཟོ་ཐབས་བྱེད་རྒྱུ་རྣམས་ཡོངས་འཛིན་གྱི་ཁྱད་ཆོས་གཉིས་པ་དེ་རེད།
ཁྱད་ཆོས་དང་པོ་ནི་ཕ་མ་ཡག་པོ་ཞིག་ཡིན་ན་ཕལ་ཆེར་ཚང་རྒྱུའི་རེ་བ་ཡོད། འོན་ཀྱང་ཁྱད་ཆོས་གཉིས་པ་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གསུམ་ག་མ་འཛོམས་ན་ཚང་ཁག་པོ་རེད། ཁ་ཤས་ཀྱིས་གནས་ཚུལ་ཆ་ཚང་ཤེས་ཀྱང་དེ་གཞན་ལ་སྟོན་པ་དང་སློབ་པའི་སྐབས་ལ་འཇུག་པོ་བྱས་ནས་མི་ཐུབ་པ་དེ་འདྲ་མང་པོ་རེད། བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ཟིན་པའི་རྗེས་སུའང་བདུན་ཕྲག་བདུན་ཆོས་མ་གསུངས་པར་བཞུགས་ཤིང༌། ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་དེ་བཞིན་གཤེགས་པས་གཟིགས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཟབ་ཞི་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་དེ་ངག་ལམ་ནས་གཞན་ལ་བསྟན་མི་ཐུབ་པར་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། །ཞེས་གསུངས་ཏེ་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བཞུགས་སྐབས་ཚངས་པ་དང་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་དང་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཕུལ་ནས་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་སོགས་ཆོས་འཁོར་བསྐོར་བའི་མདོའི་ནང་གསུངས་པ་རྣམས་དགེ་རྒན་ཚོས་ངེས་པར་དུ་ཤེས་དགོས། དེའི་ནང་ཚངས་པས་སྨྲ་བསམ་བརྗོད་མེད་ཀྱི་དོན་བསྟན་པའི་ཐབས་སུ་དཔེ་དང༌། མཚོན་བྱེད། མཐའ་བཀག་པའི་སྒོ་ནས་བསྟན་ཚུལ་མང་པོ་ཡོད་ཅེས་ཚངས་པས་ཞུས་འདུག དཔེར་ན་སྟོང་པ་ཉིད་འདི་འདྲ་ཞིག་རེད་ཅེས་བརྗོད་པའི་ཚིག་མེད་རུང༌། ནམ་མཁའ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་ཞེས་དཔེ་མང་པོའི་ཐོག་ནས་སྟོན་ཐབས་ཡོད་པ་དང༌། མཚོན་བྱེད་སྐད་ཡིག་གི་ཆ་ནས་སྟོན་ཐབས་ཡོད་པ། དེ་བཞིན་དེ་ཡང་མིན། འདི་ཡང་མིན་ཞེས་གཞན་རྣམས་བཀག་པའི་སྒོ་ནས་སྟོན་ཐབས་གསུངས་པ་བཞིན། དོན་གཞི་རྒྱ་ཆེན་པོ་ཞིག་ཕྲུ་གུའི་བསམ་བློའི་ནང་ལམ་སེང་སླེབས་མ་ཐུབ་པ་རྣམས་དཔེ་དང༌། མཚོན་བྱེད། མཐའ་གཞན་བཀག་པ་ལ་སོགས་ཀྱི་ཐབས་ལམ་སྒོ་ནས་བསྟན་ཐུབ། དེ་བཞིན་ནག་པང་སྒང་ལ་རི་མོ་བྲིས་ནས་གོ་བརྡ་སྤྲོད་རྒྱུ་དང༌། དངོས་སུ་ཤིང་ནགས་དང༌། ལྡུམ་རྭ། འགྲེམས་སྟོན་ཁང་སོགས་ནང་འཁྲིད་དེ་མེ་ཏོག་དང་སྡོང་པོ་ཡིན་ན་མིག་ལ་བསྟན་ནས་ངོ་སྤྲོད་བྱེད་རྒྱུ་དང༌། དྲི་དང་རོ་ལ་སོགས་པ་ཡིན་ན་སྣོམ་པ་དང་མྱོང་དུ་བཅུག་ནས་ངོ་སྤྲོད་བྱེད་རྒྱུ་སོགས་ཐབས་ལམ་མང་པོའི་ཐོག་ནས་བསྟན་ཤེས་དགོས། དེང་སང་གི་སྐད་ལ་སློབ་སྟོན་གྱི་ཐབས་ལམ་ Method of Teaching ཟེར་བ་རེད། དེ་ནི་སློབ་ཕྲུག་རེ་ལ་མི་འདྲ་བ་རེ་ཕལ་ཆེར་བེད་སྤྱོད་གཏོང་དགོས་སྲིད། འཛིན་གྲྭའི་ནང་སློབ་ཕྲུག་སོ་ལྔ་ཡོད་ན་ཡོངས་རྫོགས་ལ་སྤྱི་ལ་ཁྱབ་པའི་སློབ་སྟོན་གྱི་ཐབས་ལམ་གཅིག་གིས་ཏག་ཏག་འཚམས་པ་ཞིག་ཧ་ཅང་ཡོང་ཁག་པོ་རེད། སློབ་ཕྲུག་མི་འདྲ་བར་སློབ་ཁྲིད་ཀྱི་ཐབས་ལམ་མི་འདྲ་བ་བེད་སྤྱོད་བཏང་ཡང་ད་དུང་ལག་མ་ཐོགས་པའམ་ཐབས་ཤེས་ཟད་མེད་ཐོག་ནས་ངོ་སྤྲོད་ཐུབ་པའི་ནུས་པ་ཡོད་པ་དེ་ལ་ཡོངས་འཛིན་གྱི་ཁྱད་ཆོས་གཉིས་པ་དེ་ཚང་ཡོད།
ཡོངས་འཛིན་གྱི་ཁྱད་ཆོས་གསུམ་པ་མི་མཐུན་པའི་ཕྱོགས་བོར་བ་ཞེས་པ་ནི་སློབ་ཕྲུག་རྣམས་ཀྱི་ལུས་སེམས་དང་ཤེས་ཡོན་ཡར་རྒྱས་འགྲོ་བའི་སྐབས་མི་མཐུན་པའི་ཕྱོགས་བར་ཆད་སྣ་ཚོགས་ཤིག་ཡོང་སྲིད་པ་དང༌། དེ་ཚོ་སློབ་ཕྲུག་སོ་སོས་གདོང་ལེན་བྱེད་མི་ཤེས་པའམ་མི་ཐུབ་པ་མང་པོ་ཡོང་སྲིད། དེ་ཚོའི་སྐབས་དགེ་རྒན་གྱིས་སློབ་ཕྲུག་སོ་སོར་མི་མཐུན་པའི་ཕྱོགས་བར་ཆད་གང་དང་གང་བྱུང་བའམ་ཡོང་དྭོགས་ཡོད་པ་སྐབས་འཕྲལ་སོ་སོར་ངོས་འཛིན་བྱེད་ཐུབ་པ་དང༌། དེ་ཚོ་སེལ་བྱེད་ཀྱི་གཉེན་པོ་གང་དང་གང་ཡིན་པ་ངོ་ཤེས་པའི་ཐོག་ནས་སེལ་ཐབས་བྱེད་ཐུབ་པ་ཞིག་དགོས། མི་མཐུན་པའི་བར་ཆད་ལུས་སེམས་གཉིས་ཀ་ལ་ཡོང་སྲིད་པ། དཔེར་ན་གཟུགས་གཞི་མི་བདེ་བའམ་ཉོབ་བསྡད་པ་ལྟ་བུ་ལུས་ཀྱི་བར་ཆད་བྱུང་སྐབས་དགེ་རྒན་གྱིས་ཕྲུ་གུའི་འཕྲོད་བསྟེན་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱར་བ་དང༌། རྒྱུན་དུ་འཕྲོད་བསྟེན་གྱི་ཐོག་སློབ་སྟོན་དང་ལྟ་སྐྱོང་མི་གཡེལ་བ་བྱེད་རྒྱུའི་ནུས་པ་ཡོད་དགོས། དེ་བཞིན་སེམས་ལ་མི་མཐུན་པའི་བར་ཆད་ཤེས་པ་མི་གསལ་བ་དང༌། སེམས་སྐྱིད་པོ་མེད་པ། ལྷག་པར་ང་རྒྱལ་དང༌། ལེ་ལོ། འགྲན་སེམས། རང་གིས་མ་ཤེས་པར་ཤེས་སམ་སྙམ་པའི་ལོག་རྟོག་སོགས་སྣ་ཚོགས་ཡོང་སྲིད། དེ་དག་བྱུང་སྐབས་མི་མཐུན་པའི་ཕྱོགས་ངོས་ཟིན་པའི་ཐོག་ནས་སེམས་གཟེངས་བསྟོད་དགོས་པའི་སྐབས་གཟེངས་བསྟོད་པ་དང༌། སེམས་དཔའ་བཅོམ་དགོས་པའི་སྐབས་དཔའ་བཅོམ་པ་དང༌། མི་ཤེས་པར་ཤེས་པར་འཛིན་པའི་སྐབས་དྲི་བ་དང་བརྒལ་རྟགས་ཀྱི་ལམ་ནས་མ་ཤེས་པ་ངོ་སྤྲོད་པ་སོགས་གང་ལ་གང་འཚམས་ཀྱི་ཐབས་ལམ་བསྟེན་དགོས་པ་དེ་ཡོངས་འཛིན་གྱི་ཁྱད་ཆོས་གསུམ་པ་དེ་རེད།
ཁྱད་ཆོས་འདི་གསུམ་ག་ཚང་བ་ལ་མདོ་སྡེ་རྒྱན་ནས་བཤད་པའི་བཤེས་གཉེན་གྱི་ཡོན་ཏན་བཅུ་དེ་མ་ཚང་ན་མི་ཡོང་ཞིང༌། དེའང་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་གསུངས་པ་ལྟར། དང་པོ་དུལ་བ་ནི། དགེ་རྒན་དེ་ཀུན་སྤྱོད་དུལ་པོ་སྒྲིག་ལམ་འཁྱེར་ཤེས་པ་དང༌། སློབ་ཕྲུག་གི་མིག་དཔེར་འོས་པ། ལུས་ངག་གི་སྤྱོད་པ་དུལ་བ་ཞིག་དགོས། གཉིས་པ་ཞི་བ་ནི། རང་སེམས་བརྟན་པོ་དགོས་ཤིང༌། རྣམ་ཀུན་ནས་གུ་ཡངས་པོ་དང༌། བག་ཕེབས་པོ། སེམས་རྒྱུད་འཇམ་པོ་ཞིག་དགོས། གསུམ་པ་ཉེ་བར་ཞི་བ་ནི། སེམས་དུལ་བ་ཙམ་གྱིས་མི་འགྲིགས་པར། གཞལ་བྱའི་གནས་ཚང་མར་དཔྱད་ཞིབ་དང་དབྱེ་བྱེད་ཐུབ་པའི་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་དང་ལྡན་པ་ཞིག་དགོས། བཞི་པ་ཡོན་ཏན་ལྷག་པ་ནི། དགེ་ཕྲུག་གི་གནས་ཚད་མཐོ་རུ་གཏོང་ཆེད་རང་ཉིད་དེ་ལས་ཡོན་ཏན་ལྷག་པ་ཞིག་དགོས། ལྔ་པ་བརྩོན་བཅས་ནི། སློབ་སྟོན་བྱེད་པའི་གནས་སྐབས་སུ་མི་ངལ་བའི་བརྩོན་པས་བར་མ་ཆད་པར་བསླབ་ནུས་པ་ཞིག་དགོས། དྲུག་པ་ལུང་གིས་ཕྱུག་པ་ནི། བཤད་བྱའི་སློབ་ཚན་དང་འབྲེལ་བའི་ཐོག་གཞུང་ལུགས་ཀྱི་ལུང་འདྲེན་དང་ཁུངས་དང་རྒྱབ་ལྗོངས་ཀྱིས་ཕྱུག་པ་ཞིག་དགོས། བདུན་པ་དེ་ཉིད་རྟོགས་པ་ནི། བཤད་བྱའི་སློབ་ཚན་དེ་ཉིད་ཀྱི་གནས་ལུགས་ཚུལ་བཞིན་དུ་རྟོགས་པའམ་སྤྱི་ཡོངས་ཀྱི་གོ་བ་རྒྱག་ཐུབ་པ་ཞིག་དགོས། བརྒྱད་པ་སྨྲ་མཁས་པ་ནི། རང་གིས་བཤད་བྱའི་གནས་དེ་འཆར་གཞི་དང་ལྡན་པའི་ཐོག་ནས་དགེ་ཕྲུག་གི་བློ་དང་འཚམས་པར་ཟློས་སྐྱོན་མེད་པར་བཤད་པའི་ཐབས་ཚུལ་ལ་མཁས་པ་ཞིག་དགོས། དགུ་པ་བརྩེ་བའི་བདག་ཉིེད་ནི། རྙེད་བཀུར་སོགས་ལ་མི་ལྟ་བར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྟོན་པ་ཞིག་དགོས། བཅུ་པ་སྐྱོ་བ་སྤངས་པ་ནི། སློབ་མ་ལ་ཡང་ཡང་བཤད་དགོས་བྱུང་ཡང་མི་ངལ་ཞིང་མི་སྐྱོ་བ་ཞིག་དགོས་པ་བཅས་རེད།
ཁྱེད་ཚོ་འདིར་མ་སླེབས་སྔོན་ནས་ཤེས་ཡོན་སྲིད་བྱུས་ལྗགས་ཀློག་གནང་ཡོད་ཤག་རེད། ཁ་སང་ནས་ཉིན་ཁ་ཤས་རིང་འགོ་ནས་མཇུག་བར་ཆ་ཚང་ཞིག་གཟིགས་རྒྱུ་བྱུང་སྟབས། ཁྱེད་ཚོའི་དགོངས་ཚུལ་ལ་ད་ལྟའི་ཤེས་ཡོན་སྲིད་བྱུས་ནང་ཡོད་ཀྱང་དངོས་སུ་ལག་བསྟར་མི་ཐུབ་པའི་རིགས་བྱུང་ངམ་མ་བྱུང་དེ་དྲི་བ་གཅིག་ཡིན།
དྲི་བ་གཉིས་པ། སྤྱིར་མི་རིགས་དང༌། བྱེ་བྲག་བོད་ཀྱི་མི་རིགས་ཆགས་འཇིག་ཟེར་བའི་གོ་དོན་དང༌། དེ་ཉིད་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་པ་རེད་དམ། འདི་སྐོར་གསུང་རོགས་གནང༌།
ལན། ཁ་སང་སྔོན་མ་བཀའ་སློབ་གནང་མཁན་ཚོས་གསུངས་ཚར་བ་ཞིག་ངས་ལྡབ་སྐྱོར་བྱེད་ཀྱི་ཡོད་སྲིད་པ་ཞིག་རེད། གལ་སྲིད་ལྡབ་སྐྱོར་བྱེད་ཀྱི་ཡོད་པ་ཡིན་ནའང༌། གལ་ཆེན་པོ་ཡིན་སྟབས་ཁྱད་པར་གང་ཡང་ཡོད་ཀྱི་མ་རེད་བསམ་གྱི་འདུག བོད་ཀྱི་མི་རིགས་ཞེས་པ་དེ་ལོ་སྟོང་ཕྲག་གསུམ་ལྷག་ཙམ་གྱི་ཡིག་ཐོག་འཁོད་པའི་བྱུང་རབས་ཡོད་མཁན་གྱི་མི་རིགས་དམིགས་བསལ་བ་ཞིག་རེད། མི་རིགས་དེས་ད་ལྟ་བར་དུ་འཛམ་བུ་གླིང་སའི་གོ་ལ་འདིའི་ཐོག་གཞན་དང་མི་འདྲ་བའི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་སྨན་པའི་ཞབས་འདེགས་མང་པོ་ཞུས་ཡོད། དེ་འདྲའི་ཞབས་འདེགས་ཞུ་མཁན་གྱི་མི་རིགས་དེ་ད་ལྟའི་གནས་སྐབས་སུ་ཆགས་འཇིག་གི་ས་མཚམས་ལ་སླེབས་ཡོད་པ་རེད། ཆགས་འཇིག་གི་ས་མཚམས་ཟེར་དུས་མ་འོངས་པར་མི་རབས་འདི་རྒྱུན་མཐུད་ནས་བསྡད་ཀྱི་རེད་དམ། ཡང་ན་རྩ་སྟོངས་སུ་འགྲོ་ཡི་རེད་ཅེས་པའི་དྲི་བ་དེ་ཧ་ཅང་ཤུགས་དྲག་པོའི་ཐོག་ནས་ང་ཚོའི་མདུན་དུ་སླེབས་ཡོད། ང་ཚོའི་མི་རིགས་འདི་རྒྱུན་གནས་ཐུབ་ཀྱི་རེད་ཅེས་སྤོབས་པ་མཐོ་པོ་དང་ཡིད་ཆེས་ཡོད་པའི་ཐོག་ནས་ལན་བརྒྱབ་རྒྱུ་ཁག་པོ་རེད། ང་ཚོའི་མི་རབས་དེ་བོད་པའི་མི་རིགས་ཀྱི་མཐའ་མ་དེ་རེད། དེའི་རྗེས་སུ་བོད་པའི་མི་རིགས་དེ་འཛམ་བུ་གླིང་གི་ནང་ནས་ཡལ་འགྲོ་ཡི་རེད་ཅེས་བརྗོད་མི་ཐུབ་ཀྱང་། དེའི་ཉེན་ཁ་དེ་ཏན་ཏན་ད་ལྟའི་གནས་སྐབས་སུ་ཆགས་ཡོད་པ་ཞིག་ང་ཚོས་བསམ་བློའི་ནང་འགྲེལ་བཤད་བརྒྱབ་མི་དགོས་པའི་ཐོག་གསལ་པོ་ཡོད་པ་རེད་བསམ་གྱི་འདུག
སྤྱིར་བཏང་འཛམ་བུ་གླིང་འདིའི་ནང་རྩ་བརླག་ཕྱིན་པའི་མི་རིགས་མང་པོ་ཡོད་པ་རེད། མི་རིགས་བྱུང་ནས་ཡར་རྒྱས་ཆེན་པོ་ཕྱིན། དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས། དེ་ནས་གང་འཚམས་ཤིག་ལ་རྩ་མེད་ཕྱིན་པ་དེ་འདྲ་མང་པོ་ཡོད་པ་རེད། མི་རིགས་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་དཔལ་ཡོན་རྩ་བརླག་ཏུ་ཕྱིན་པ་དེ་འདྲའང་མང་པོ་ཡོད་པ་རེད། ནུབ་ཕྱོགས་པས་བཤད་རྒྱུའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Civilisation) ཞེས་པ་དེ་བྱུང་སྟེ་བརླགས་ཟིན་པ་མང་པོ་རེད། སྤྱིར་བཏང་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་སྟབས། ང་ཚོ་བོད་ཀྱི་མི་རིགས་དང་བོད་ཀྱི་ལེགས་བྱང་ཡང་རྒྱུན་དུའམ་ནམ་ཡང་འཇིག་པ་མེད་པར་གནས་ཐབས་མེད། ཡིན་ནའང་ད་ལྟའི་གནས་སྐབས་སུ་བོད་ཀྱི་མི་རིགས་དང་བོད་ཀྱི་ལེགས་བྱང་འདི་གནས་ཐུབ་པ་ཡིན་ན། བོད་མི་ཙམ་དུ་མ་ཟད། འགྲོ་བ་མི་རིགས་སྤྱི་ཡོངས་དང༌། སེམས་ཅན་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་གནས་སྟངས་ཤིག་རེད། ང་ཚོའི་ཕ་མེས་ཚོས་མི་རབས་ནས་མི་རབས་བརྒྱུད་དེ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་མཁོ་སྒྲུབ་དང་། འཛིན་སྐྱོང་། ཡར་རྒྱས་བཏང་བ་དེ་ང་རང་ཚོའི་མི་རབས་ཀྱི་ཐོག་ནས་བདག་པོ་མ་བརྒྱབ་པར་རྩ་བརླག་ཏུ་ཕྱིན་བཅུག་པ་ཡིན་ན། ང་ཚོའི་ངོས་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་མ་བསྒྲུབས་པ་ཆགས་འགྲོ་ཡི་ཡོད་རེད། དེ་བཞིན་ང་ཚོའི་ཕ་མེས་ཚོར་ཡང་ངོ་ཚ་དགོས་རྒྱུ་ཞིག་རེད། ཕ་མེས་ཚོས་ལུས་སྲོག་ལོངས་སྤྱོད་ཕངས་པ་མེད་པར་རྒྱ་གར་ནས་སློབ་སྦྱོང་བྱས་པའི་ཡོན་ཏན་དང༌ལེགས་བྱང་དེ་ཚོ་ང་ཚོའི་མི་ཐོག་ལ་བརླག་པ་ཡིན་ན་མ་རབས་ཐ་ཤལ་ཆགས་འགྲོ་ཡི་ཡོད་པ་རེད། དེང་སང་མི་ཁ་ཤས་མི་རིགས་ལ་ཤ་ཞེན་ཡོད་ཟེར་མཁན་དེ་འདྲ་མང་པོ་ཡོད་པ་རེད། མི་རིགས་ལ་ཤ་ཞེན་ཡོད་པ་དེའང་ཡག་པོ་རེད་མ་གཏོགས་སྡུག་ཆགས་གང་ཡང་མ་རེད། ཁྱབ་ཆེ་ས་ནས་སེམས་ཅན་སྤྱི་ཡོངས་དང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་སྐད་ཆ་བཤད་ཡོང་དུས་མི་རིགས་བྱེ་བྲག་པ་གཅིག་དེ་ཙམ་གནད་འགག་ཆགས་ཀྱི་མེད་པ་ཡིན་ནའང་། སོ་སོའི་མི་རིགས་རང་གིས་བདག་གཅེས་མ་བྱས་པར་བརླག་ཏུ་བཅུག་པ་ཡིན་ན། དེ་མ་རབས་དང་ཐ་ཤལ་ཞིག་ངེས་པར་དུ་ཆགས་ཀྱི་རེད་བསམ་གྱི་འདུག མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ལྟ་བུ་ག་རེ་ཆགས་ཀྱི་ཡོད་དམ་ཞེ་ན། དེ་ནི་མི་རིགས་དེའི་རིག་གནས་དང་ལེགས་བྱང་རེད། མི་རིགས་དེའི་རིག་གནས་དང་ལེགས་བྱང་དེ་གཞན་དང་མི་འདྲ་བ་ཡོད་ན། རིགས་ཀྱི་ཆ་ནས་དེ་གཞན་དང་མི་འདྲ་བ་མིན་ནའང་མི་རིགས་ཀྱི་ཐ་སྙད་དེ་ཐོབ་ཀྱི་རེད། མི་རིགས་ཀྱི་མཚོན་བྱེད་གཅིག་ཚང་འགྲོ་ཡི་རེད། རིག་གནས་དང་ལེགས་བྱང་གི་གནས་ཚུལ་ཐུན་མོང་མ་ཡིན་པ་ཞིག་མེད་ན། རིགས་ཀྱི་ཆ་ནས་མི་རིགས་དམིགས་བསལ་བ་ཞིག་གམ་བྱེ་བྲག་པ་ཞིག་ཡིན་ནའང་དེ་ཙམ་གྱི་མི་རིགས་ཞེས་བརྗོད་རྒྱུའི་མཚོན་བྱེད་གཅིག་ཆགས་ཀྱི་མེད།
ད་ལྟའི་གནས་སྐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔ་ཡོད་པ་རེད། གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་ས་ཡ་ཉི་ཤུ་རྩ་གྲངས་ཀྱི་མི་འབོར་ཡོད་པའི་གྲངས་ཉུང་མི་རིགས་ཀྱང་ཡོད་པ་རེད། དེ་བཞིན་སྟོང་ཕྲག་ལྔ་བཅུ་ང་གྲངས་ཡོད་པའི་མི་འབོར་ཡང་ཡོད་པ་རེད། ང་ཚོ་བོད་པའི་མི་རིགས་དེ་གྲངས་མང་ཉུང་གི་ཆ་ནས་བརྩི་ན། ཨང་ཀི་དགུ་པ་བཅུ་པ་ཞིག་ལ་སླེབས་ཀྱི་རེད། མང་བའི་གྲས་སུ་སླེབས་ཀྱི་མ་རེད་ལ། ཉུང་བའི་གྲས་ལའང་སླེབས་ཀྱི་མེད། མང་ཉུང་གི་ཆ་ནས་བརྩི་ན་བར་དེར་བསྡད་ཀྱི་རེད། ཡིན་ནའང་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་རིག་གནས་དང་ལེགས་བྱང་གི་ཆ་ནས་འབུར་དུ་ཐོན་པ་དང༌། ལྷག་པར་དུ་འཛམ་བུ་གླིང་ཡོངས་རྫོགས་ཀྱིས་ངོས་འཛིན་ཐུབ་པའི་གནས་སྟངས་བོད་རིགས་ལ་ཡོད་པ་བཞིན་མི་རིགས་གཞན་ལྔ་བཅུ་ང་བཞི་ལ་མེད། སྲིད་དོན་རྐྱང་པའི་ཐོག་ནས་བལྟས་ནའང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཐང་གསར་འཛུགས་བྱེད་པའི་སྐབས་སུ། ས་གནས་གཞུང་དང་མཉམ་དུ་གྲོས་མཐུན་བཞག་དགོས་པའི་གནས་བབ་བྱུང་བ་དེ་བོད་པ་མ་གཏོགས་མེད། གྲངས་ཉུང་མི་རིགས་གཞན་ལྔ་བཅུ་ང་བཞི་ཡོངས་སུ་རྫོགས་པ་རྣམས་དང་པོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའམ། ཡང་ན་རྒྱ་ནག་གི་བཙན་དབང་དང་དབང་ཤུགས་འོག་རང་བཞིན་གྱིས་ཕྱིན་པ་ཤ་སྟག་རེད། དབུས་གཞུང་དང་ས་གནས་གཞུང་ངོས་འཛིན་ཐོག་ནས་གཞུང་དང་གཞུང་གི་བར་ལ་གྲོས་མཐུན་བཞག་ནས་རྒྱ་མིའི་མངའ་འོག་ཏུ་ཕྱིན་པ་བོད་པ་གཅིག་པུ་མ་གཏོགས་མེད། དེའི་རྒྱུ་མཚན་ཡང་ཧ་ཅང་གསལ་པོ་རེད། འདས་པའི་བྱུང་རབས་དང་ལོ་རྒྱུས་ཀྱི་ཆ་ནས་བོད་དེ་ཕྱི་ལོ་ ༡༩༥༡ སྔོན་ལ་བོད་ཀྱི་ཆ་ཤས་མང་པོ་རྒྱ་ནག་གི་མངའ་འོག་ཏུ་ཕྱིན་ཚར་བ་རེད་མ་གཏོགས། བོད་ཡོངས་རྫོགས་དེ་རྒྱ་ནག་གི་འོག་ཏུ་མིན་པར་ཟུར་དུ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་གནས་སྟངས་ཤིག་རེད། དེ་འདྲ་ཡིན་སྟབས་ཕན་ཚུན་གྲོས་མཐུན་གྱི་ཐོག་ནས་རྒྱ་ནག་གི་མངའ་འོག་ཏུ་ཕྱིན་པའི་གནས་ཚུལ་དེ་ཆགས་ཀྱི་ཡོད་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ལེགས་བྱང་ག་ཚོད་ཙམ་གཏིང་ཟབ་པོ་ཡོད་པ་དེ་ང་ཚོ་བོད་པས་ངོས་འཛིན་བྱེད་མ་ཐུབ་པ་ཡིན་ནའང༌། ད་ལྟ་འཛམ་གླིང་གི་ཤེས་ལྡན་ནམ་བསམ་བློ་གཏོང་ཤེས་མཁན་ཡོངས་རྫོགས་ཀྱིས་ཧ་ལས་པའི་ཐོག་ནས་དེ་ཉམས་ཆག་འགྲོ་ན་སེམས་ཅན་ནམ་འགྲོ་བ་སྤྱི་ཡོངས་ལ་གྱོང་གུན་ཆེན་པོ་ཞིག་ཐེབས་ཀྱི་རེད་ཅེས་སེམས་ཁྲལ་བྱེད་པའི་གནས་སྐབས་ཤིག་ལ་སླེབས་ཡོང་གི་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་འཛམ་བུ་གླིང་གི་མི་རིགས་དང༌། ཆོས་ལུགས། ལེགས་བྱང་མི་འདྲ་བའི་ལུང་པ་ག་འདྲ་ཞིག་ཏུ་ཕྱིན་པ་ཡིན་ནའང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་མཁན་གྱི་སྡེ་ཚན་མེད་པ་ཧ་ལམ་མེད། འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཀྱི་རིང་ལ་ང་ཚོ་བོད་ཀྱི་ཆོས་དང་ལེགས་བྱང་རིག་གཞུང་དང་བཅས་པ་རྒྱལ་སྤྱིའི་ནང་དངོས་གནས་ཡིད་མི་ཆེས་པ་ལྟ་བུ་ཧ་ལས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཨཕ་རི་ཁའི་ལུང་པ་དེ་ཚོའི་ནང་ཕྱིན་པ་ཡིན་ནའང་རེད། ལྷོ་ཨ་མེ་རི་ཁའི་ལུང་པ་དེ་ཚོའི་ནང་ཕྱིན་པ་ཡིན་ནའང་རེད། དེ་བཞིན་ཡུ་རོབ་དང་ཨ་རི། ཨེ་ཤི་ཡ་སོགས་ལུང་པ་ག་འདྲ་ཞིག་ཏུ་ཕྱིན་པ་ཡིན་ནའང་བོད་པའི་ཆོས་ཚོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་མེད་ས་ཧ་ལམ་རྙེད་རྒྱུ་མེད།
ཡུ་རོབ་ཀྱི་གྲོང་ཁྱེར་ཁག་ཏུ་ཕྱིན་པའི་སྐབས་སུ་བོད་ཀྱི་རྒྱལ་དར་དེ་ང་ཚོ་བོད་པའི་གཞིས་ཆགས་ཁག་དང་རྒྱ་གར་ནང་ལས་ཧ་ཅང་གིས་མང་བ་མཐོང་རྒྱུ་ཡོད། ས་གནས་གྲོང་སྡེ་ལས་ཁུངས་སྟོང་ཕྲག་ཁ་ཤས་ཀྱིས་བོད་ཀྱི་རྒྱལ་དར་གཏན་འཇགས་བཙུགས་ཡོད་པ་རེད། དེར་བརྟེན་ཡུ་རོབ་ཀྱི་ལུང་པ་དེ་ཚོའི་ནང་ཕར་ཚུར་ཕྱིན་པའི་སྐབས་སུ་ཡང་བོད་ཀྱི་རྒྱལ་དར་ཡང་ཡང་མཐོང་རྒྱུ་ཡོད་པ་རེད། མི་ཚང་མས་རྩ་ཆེན་པོ་བརྩི་རྒྱུའི་དོན་ནི་བོད་པའི་མི་དེ་གཞན་དང་མི་འདྲ་བ་རེད་ཅེས་བརྗོད་ཀྱི་མེད་ལ། བོད་ལ་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ནི་དེ་བས་ཀྱང་མེད། ཚང་མ་ཀླད་ཀོར་ཤ་སྟག་རེད། ང་ཚོ་བོད་མི་ལས་ཀྱང་ལྷག་པའི་འཇིག་རྟེན་མི་རིགས་གཞན་གྱིས་རྩ་ཆེན་པོ་བརྩི་བའི་དོན་དེ་ང་ཚོའི་རིག་གནས་དང་རིག་གཞུང༌། ལེགས་བྱང་རྣམས་རེད། དེར་བརྟེན་དེ་བོད་པའི་མིས་འཛིན་སྐྱོང་མ་བྱེད་ན། བོད་རིགས་ལས་གཞན་པའི་མི་དེ་ཚོས་འཛིན་སྐྱོང་ཚད་དང་ལྡན་པ་ཞིག་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།
ཁོང་ཚོའི་ལྷག་བསམ་གྱིས་མ་འདང་བ་མ་རེད། ཁོང་ཚོའི་རྣམ་དཔྱོད་ཀྱིས་མ་འདང་བ་མ་རེད། ཡིན་ནའང་དེ་ཚོ་ཚང་མའི་མཐར་ཐུག་ས་དེ་གང་ལ་ཐུག་གི་ཡོད་རེད་ཅེ་ན། རིག་གནས་དང་ལེགས་བྱང་ཚང་མའི་གཞི་རྩ་སྐད་ཡིག་དེ་ལ་ཐུག་གི་ཡོད། མི་རིགས་བྱེ་བྲག་པ་ཞིག་གི་མཚོན་བྱེད་ཐུན་མོང་མ་ཡིན་པ་ནི་སྐད་ཡིག་དེ་རེད། སྐད་ཡིག་དེ་བོད་མི་རིགས་ཀྱིས་ཇི་ཙམ་ཡག་པོ་ཤེས་པ་བཞིན་མི་རིགས་གཞན་གྱིས་དེ་ཙམ་ཤེས་མི་ཐུབ། དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སྔོན་གྱི་བོད་ཀྱི་ཆོས་རྒྱལ་གོང་མ་ཚོས་རྒྱ་གར་གྱི་པཎྜིཏ་བོད་སྐད་མཁས་པ་ག་ཚོད་ཡོད་ནའང༌། བོད་ཀྱི་ལོ་ཙ་བ་གཅིག་དང་མཉམ་དུ་མེད་པར་གཞུང་ལུགས་བསྒྱུར་མི་ཆོག་པ་དང༌། བོད་ཀྱི་ལོ་ཙ་བ་ལེགས་སྦྱར་གྱི་སྐད་ལ་ཇི་ཙམ་གྱིས་མཁས་པ་ཞིག་ཡིན་ནའང་རྒྱ་གར་གྱི་པཎྜིཏ་ཞིག་རོགས་ལ་མེད་ན་མདོ་དང་བསྟན་བཅོས་བསྒྱུར་མི་ཆོག་པའི་ཁྲིམས་བཅས་དགོས་པ་དེ་མི་རིགས་དེའི་སྐད་ཡིག་དེ་མི་རིགས་དེ་རང་ལ་སྐྱེས་པ་ཞིག་གིས་ཇི་ཙམ་ཆ་ཚང་བ་དང༌། རང་བྱུང་དང་ལྷན་སྐྱེས་ཀྱི་ཚུལ་དུ་ཤེས་ཐུབ་པ་བཞིན་མི་རིགས་གཞན་ཞིག་གིས་བསླབས་ནས་ཤེས་ཐུབ་ཀྱི་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འགྱུར་ཁུངས་བཙན་པོ་དང་ཡང་དག་པ་ཞིག་ཡོང་རྒྱུའི་ཆེད་དུ་རྒྱ་གར་གྱི་མཁས་པ་གཅིག་དང་བོད་ཀྱི་ལོ་ཙ་བ་གཅིག་མཉམ་དུ་ཟུང་འབྲེལ་བྱས་ནས་བསྒྱུར་དགོས་པའི་བཀས་བཅད་དང་ཁྲིམས་གནང་དགོས་པའི་རྒྱུ་མཚན་དེ་རེད།
བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་སྐད་དང་དོ་མཉམ་པའམ་ལེགས་སྦྱར་གྱི་སྐད་དང་ཆ་མཉམ་པ་རེད། ལེགས་སྦྱར་གྱི་སྐད་ཀྱི་ནང་གང་ཡོད་པ་དེ་བོད་ཀྱི་སྐད་ཡིག་ནང་བཤད་ཐུབ་པའི་གནས་སྟངས་ཤིག་སྔོན་གྱི་བོད་ཀྱི་ལོ་པཎ་ཚོས་བཟོས་གནང་བ་ཡིན་སྟབས། དེ་ལ་བརྟེན་ནས་བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་རིག་པའི་གཞུང་ལུགས་མང་པོ་ཞིག་བོད་སྐད་ནང་བསྒྱུར་ཡོད་པ་རེད། དེ་ཡང་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལོན་པའི་ཐོག་ནས་རྒྱ་གར་གྱི་རིག་གཞུང་དེ་ཇི་མ་ཇི་བཞིན་གྲ་མ་ཆག་གྲུ་མ་ཉམས་པར་བརྒྱ་ཆ་བརྒྱ་ཐམ་པ་འཛིན་ཐུབ་རྒྱུའི་གནས་སྟངས་ཤིག་བྱུང་བ་རེད། བོད་པ་མི་འབོར་གྱི་ཆ་ནས་འདས་པའི་ལོ་སུམ་སྟོང་ལྷག་ཙམ་རིང་ག་དུས་ཡིན་ཡང་ས་ཡ་དྲུག་ཡས་མས་མ་གཏོགས། དེ་ལས་མང་བ་བྱུང་མེད། རྒྱ་གར་གྱི་གྲོང་ཁྱེར་གཅིག་གི་མི་འབོར་ལས་ཧ་ཅང་ཉུང་གི་རེད། མུམྦཨཱི་དང་ཀལ་ཀཏྟཱའི་མི་འབོར་གྱི་ཕྱེད་ཀ་ཙམ་ཡང་སླེབས་ཀྱི་མ་རེད།
དེ་འདྲའི་གྲངས་ཉུང་ཉུང་མ་གཏོགས་མེད་པའི་མི་རིགས་གཅིག་གིས་ལོ་རྒྱུས་ནང་རིག་པའི་གཞུང་ལུགས་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཐུབ་པ་དང་མཁས་པའི་བྱ་བའི་ཐོག་བཞག་ཐུབ་པ་དེ་དངོས་གནས་མི་རིགས་དེའི་གཟི་བརྗིད་ཅིག་རེད། དམིགས་བསལ་གྱི་ཁྱད་ཆོས་ཤིག་དང་སྒྱུ་རྩལ་ཞིག་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་རང་རེད་མ་གཏོགས། དེ་ང་ཚོས་རང་འདོད་དང་རང་མཐོང་བྱས་ནས་སྒྲོ་བཏགས་པའི་གནས་སྟངས་ཤིག་གང་ཡང་མ་རེད། དེ་འདྲའི་གཟི་བརྗིད་དང་ལྡན་པའི་བྱུང་རབས་རྒྱུན་རིང་ཡོད་པའི་མི་རིགས་དེ་ད་ལྟ་ངས་གོང་དུ་ཞུས་པ་བཞིན་ད་ལྟའི་གནས་སྐབས་སུ་ཆགས་འཇིག་གི་མཚམས་སུ་སླེབས་ཡོད། ཆགས་འཇིག་གི་མཚམས་དེའི་སྐབས་སུ་ང་ཚོས་ག་འདྲ་བྱས་ཏེ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་དྲི་བ་དེ་ཞིབ་ཚགས་པོ་དང་གཏིང་ཟབ་པོའི་སྒོ་ནས་བསམ་ཤེས་བྱས་ཏེ་ལན་ཐེབས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
གལ་ཏེ་ང་ཚོ་བོད་པའི་ཕ་མ་གཙང་མ་ལས་བྱུང་བའི་བོད་ཀྱི་བུ་ཕྲུག་གཙང་མ་དེའི་རྒྱུན་ད་དུང་ལོ་ངོ་སྟོང་ཕྲག་ཁ་ཤས་གནས་པ་ཡིན་ནའང་། ང་ཚོའི་རིག་གནས་དང༌ལེགས་བྱང་གནས་མ་ཐུབ་པ་ཡིན་ན། ཡུན་གནས་ཐུབ་པའི་མི་རིགས་དེས་ཕན་ཐོགས་གང་ཡང་མ་བྱུང་བ་རེད། ཆ་ཚང་རྒྱ་གར་བ་ཆགས་ཟིན་པ་དང་། ཆ་ཚང་ནུབ་ཕྱོགས་པ་ཆགས་ཟིན་པ། ཆ་ཚང་ཨ་མེ་རི་ཁ་ཆགས་ཚར་མཁན་གྱི་བོད་ཀྱི་རིགས་རྒྱུད་རྐྱང་པ་འཛིན་མཁན་གྱི་མི་ཁ་ཤས་ཤིག་ལྷག་པ་ཡིན་ནའང་དེས་རང་གི་མི་རིགས་ཀྱི་གཟི་བརྗིད་ཀྱང་སྟོན་ཐུབ་ཀྱི་མ་རེད་ལ། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཐུན་མོང་མ་ཡིན་པའི་ཞབས་འདེགས་ཀྱང་གང་ཡང་ཞུ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་སྟབས་ང་ཚོའི་རིག་གནས་དེ་ཚོ་སྟོན་པར་བྱེད་པའི་རིག་པའི་གཞུང་ལུགས་དང་། དེ་དག་ལས་བྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དེ་ཚོ་རྒྱུན་འཛིན་བྱེད་དགོས་པ་དེ་ང་ཚོའི་སྐབས་བབ་ཀྱི་ལས་འགན་རེད། དེ་ཚོ་རྒྱུན་འཛིན་ཟེར་བ་དེའང་འདི་འདྲ་ཡོད་པ་རེད་ཅེས་འགྲེམས་སྟོན་ཁང་གི་ནང་དུ་བཞག་པ་དེ་རྒྱུན་འཛིན་ཆགས་ཀྱི་མ་རེད། དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ཁོ་ན་ཞེས་པའི་མིང་ཚིག་དེ་བརྗོད་དགོས་པ་གང་རེད་ཅེ་ན། འཛིན་སྐྱོང་དེ་རང་གི་རྒྱུད་ལ་བྱེད་དགོས་པ་ཞིག་རེད་མ་གཏོགས། དེ་ཕྱིའི་ཁང་པའི་ནང་ལ་བྱེད་རྒྱུ་གང་ཡང་མེད།
ལེགས་བྱང་གང་འདྲ་ཞིག་ཡིན་ནའང་དེའི་མཚོན་བྱེད་རྣམས་འགྲེམས་སྟོན་གྱི་ཁང་པའི་ནང་སླེབས་ཚར་བ་དང་། མི་ཚེའི་རྒྱུན་སྤྱོད་ནང་ལ་མེད་པ་ཆགས་པ་ཡིན་ན་སྐབས་དེར་ལེགས་བྱང་དེ་ཉམས་ཚར་བ་མ་གཏོགས། ལེགས་བྱང་དེ་ད་ལྟ་འགྲོ་བཞིན་པའམ་གསོན་པོར་གནས་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་མེད། གང་ཟག་གི་རྒྱུད་ལ་ཡོད་པའམ་གང་ཟག་གི་རྒྱུན་སྤྱོད་ནང་ཡོད་པ་དེ་ལ་གསོན་པོར་གནས་པ་ཞེས་བརྗོད། ང་ཚོ་བོད་པའི་སྲོལ་རྒྱུན་ནང་ཤིང་གི་ཕོར་པ་འཁྱེར་རྒྱུ་ཞིག་ཡོད་པ་རེད། ཤིང་ཕོར་འཁྱེར་རྒྱུའི་སྲོལ་རྒྱུན་དེ་ཉམས་ཟིན་པ་རེད། ཡིན་ནའང་ད་ལྟ་ཤིང་གི་ཕོར་པ་དེ་ལུང་པ་གང་དུ་ཕྱིན་ནའང་འགྲེམས་སྟོན་ཁང་གི་ནང་དུ་མངོན་གསལ་དོད་པོར་མཐོང་རྒྱུ་ཡོད་པ་རེད། དེ་འདྲའི་གནས་སྟངས་ཤིག་ཉམས་པ་ཡིན་ནའང་ཁྱད་པར་གང་ཡང་མེད། དེ་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གནས་སྟངས་ཤིག་གང་ཡང་མ་རེད། ཤིང་གི་ཕོར་པའི་ཚབ་ཏུ་དཀར་ཡོལ་གྱི་ཕོར་པའི་ནང་ལ་ཇ་འཐུང་བ་ཡིན་ན། ཇ་འཐུང་རྒྱུ་དང་ཁ་ལག་བཟའ་རྒྱུའི་བྱ་བ་དེ་བྱེད་ཐུབ་ཀྱི་ཡོད་རེད། ཕོར་པ་ག་འདྲ་ཞིག་འཁྱེར་བ་ཡིན་ནའང་ཁྱད་པར་གང་ཡང་མེད། དེ་ནས་ཕོར་པ་དེའི་ནང་བླུག་རྒྱུའི་ཁ་ལག་དེ་ཕོར་པ་དེ་ལས་གལ་ཆེ་བ་རེད། ཁ་ལག་དེ་བོད་པའི་མིས་ཇི་ཙམ་བཟས་པ་དེ་ཙམ་བར་དེའི་རྒྱུན་གྱི་གོམས་གཤིས་དེ་གནས་ཀྱི་ཡོད་པ་རེད། སྔོན་མ་བོད་པས་རྩམ་པ་ཟ་ཡི་ཡོད་པ་རེད་ཅེས་བཤད་དེ། རྩམ་པ་དེ་འགྲེམས་སྟོན་ཁང་ལ་སླེབས་པ་ཡིན་ན། རྩམ་པ་བཟའ་རྒྱུའི་གོམས་གཤིས་དེ་ཉམས་ཟིན་པ་རེད། རིག་གནས་དང་ལེགས་བྱང་ག་འདྲ་ཞིག་ཡིན་ནའང་མིའི་མི་ཚེའི་ནང་རྒྱུན་སྤྱོད་ཡོད་པ་དེ་སྲིད་དུ་གསོན་པོར་གནས་པ་རེད།
དེང་སང་ང་ཚོས་ཕྱུ་པ་གྱོན་པའི་སྐབས་སུ་དཀའ་ལས་ཤིག་ཚོར་གྱི་ཡོད་རེད། མཛད་སྒོར་ཕྱིན་པའི་སྐབས་སུ་ང་ཚོའི་ལས་བྱེད་ཚོས་ཕྱུ་པ་དང་སྐེ་རགས་རྣམས་ལྟོ་ཕད་ནང་འཁྱེར་ཡོང་གི་རེད། མཛད་སྒོ་འཚོགས་ཁར་མགྱོགས་པོ་ཡར་གཅིག་གྱོན། མཛད་སྒོ་གྲོལ་ནས་སོ་སོའི་ཁྱིམ་བར་དུ་གྱོན་རྒྱུ་དེ་རྡོག་ཁྲེས་ལྟ་བུ་ཚོར་གྱི་ཡོད་པ་རེད། དེ་ང་ཚོའི་རྒྱུན་སྤྱོད་ནང་རྩ་བ་ནས་བརླགས་ཚར་བ་རེད། རྒྱུན་སྤྱོད་ནང་བརླགས་ཚར་དུས་གཅིག་བྱེད་བསྡད་པ་དེ་ཟློས་གར་འཁྲབ་པ་ལྟ་བུ་རེད། ཟློས་གར་འཁྲབ་དུས་ཟློས་གར་གྱི་འཁྲབ་ཆས་འདྲ་མིན་སྣ་ཚོགས་གྱོན་གྱི་རེད། དེ་ཉིན་ལྟར་གྱོན་གྱི་ཡོད་པ་མ་རེད། དེར་བརྟེན་རྒྱུན་གྱི་སྤྱོད་ལམ་ནང་བསྡད་ཡོད་པ་མ་རེད། ཕོར་པ་དང་ཕྱུ་པ་ལྟ་བུ་དེ་ཙམ་གྱི་གནད་འགག་མེད་པའི་གནས་སྟངས་ཤིག་རེད།
རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་ལ་སོགས་པ་ནས་བརྒྱུད་པའི་ཟབ་ཅིང་རྒྱ་ཆེ་བའི་རིག་པའི་གཞུང་ལུགས་ད་ལྟའི་འཛམ་བུ་གླིང་གང་གི་ནང་དུའང་མེད་པའི་གནས་སྟངས་དེ་རྣམས་ང་ཚོ་བོད་ཀྱི་སྲོལ་རྒྱུན་དང་བོད་ཀྱི་སྐད་ཡིག་ནང་ཡོད་པ་ཞིག་རེད། དེ་ཉིན་ཞིག་འགྲེམས་སྟོན་ཁང་ནང་སླེབས་པ་དང་། ཉིན་ཞིག་རྒྱུན་སྤྱོད་ནང་ཉམས་པ་ཡིན་ན། དེ་ཧ་ཅང་གི་གསབ་ཐབས་མེད་པའི་གྱོང་གུན་ཞིག་རེད། དེ་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་གྱོང་གུན་ཞིག་རེད་མ་གཏོགས། བོད་མི་ས་ཡ་དྲུག་རྐྱང་རྐྱང་གི་གྱོང་གུན་ཞིག་ཆགས་ཀྱི་མེད། ད་ལྟ་གོང་དུ་ཞུས་པའི་རྒྱ་གར་གྱི་ཟབ་ཅིང་རྒྱ་ཆེ་བའི་ནང་པའི་རིག་པའི་གཞུང་ལུགས་རྣམས་མང་ཆེ་བ་བོད་སྐད་ནང་མ་གཏོགས། རྩ་བའི་སཾསྐྲྀཏ་དང༌པཱལི་སོགས་ནང་བརླགས་ཚར་བ་རེད། དེ་ཚོའི་ནང་དཔེ་ཆ་རེ་ཟུང་ཡོད་ཀྱང་། ཞལ་ནས་ཞལ་དུ་བརྒྱུད་པའི་སྙན་བརྒྱུད་ཀྱི་གདམས་ངག་དེ་ཚོའི་རྒྱུན་ཆད་ཚར་བ་རེད། དེར་བརྟེན་རིག་གནས་ཀྱི་ཆ་ནས་ད་ལྟ་སྟོན་པ་བདེ་བར་གཤེགས་པའི་ཆོས་ལུགས་དང་འབྲེལ་བའི་ཆོས་ཀྱི་གཞུང་ལུགས་དང༌། དེ་དང་འབྲེལ་བའི་ཐ་སྙད་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་དེ་ཆ་ཚང་བ་ཞིག་འཛིན་སྐྱོང་བྱེད་ཐུབ་མཁན་དང་ཆ་ཚང་བ་ཞིག་ཡོད་པ་དེ་བོད་སྐད་མ་གཏོགས་ཡོད་པ་མ་རེད། མི་རིགས་ཀྱི་མཚོན་བྱེད་ཀྱི་ཆ་ནས་སྐད་ཡིག་དེ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཉག་ཅིག་དེ་རེད། དེ་ལས་ལྷག་པའི་མི་རིགས་ཀྱི་མཚོན་བྱེད་ཐུན་མོང་མ་ཡིན་པ་ཞིག་གང་ཡང་མེད།
དེང་སང་འཛམ་བུ་གླིང་གི་ནང་ལ་མི་རིགས་གཅིག་པ་ཡིན་ཡང་སྐད་ཡིག་གི་ཆ་ནས་ཟུར་དུ་ཐོན་བསྡད་པ་རྣམས་ཟུར་སྡོད་རང་སྐྱོང་གནས་པ་དེ་འདྲ་མང་པོ་ཡོང་གི་འདུག ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོའི་ནང་རང་སྐྱོང་མང་ཆེ་བ་དེ་མི་རིགས་ཀྱི་ཆ་ནས་མ་རེད། སྐད་ཡིག་གི་ཆ་ནས་རེད། ལྷོ་ཀྲི་རོལ་ལ་སོགས་པ་རང་སྐྱོང་གི་སྡེ་ཚན་དེ་ཚོའང་སྐད་ཡིག་མི་འདྲ་བ་ཡིན་སྟབས། རང་སྐྱོང་བླངས་པ་རེད་མ་གཏོགས། དེ་མིན་མི་རིགས་དང་ལེགས་བྱང་གཞན་གྱི་ཐོག་ནས་ཁྱད་པར་གང་ཡང་མེད། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་རྗེས་སུ་བོད་མི་མང་པོ་ཞིག་བཙན་བྱོལ་ལ་ཡོང་དགོས་བྱུང་བ་རེད། དེ་ལས་ཆེས་མང་བ་ཞིག་བོད་ཀྱི་ནང་ལྷག་པ་རེད། བོད་ཀྱི་ནང་བོད་ཀྱི་རིག་གནས་དང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཧ་ལམ་རྩ་མེད་དུ་ཕྱིན་པ་རེད། རྒྱ་གར་གྱི་ནང་དུ་བོད་པའི་སློབ་གྲྭ་མང་པོ་ཟུར་འཛུགས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟའང་ཕྲན་བུ་གནས་ཐུབ་ཡོད། ཡིན་ནའང་ཉམས་ཆག་མ་ཕྱིན་པ་མ་རེད། གཏིང་ཟབ་པོ་དང་ཤུགས་ཆེན་པོའི་ཉམས་ཆག་ཕྱིན་པ་རེད། ཉམས་ཆག་ཕྱིན་པ་དེའི་ངོ་ཚབ་དང་བསྐྱར་གསོ་བྱེད་ཐབས་མང་པོ་བྱས་པ་རེད། འོན་ཀྱང་གནད་དུ་སྨིན་པ་ཞིག་མ་བྱུང་བ་རེད།
ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྔ་རྗེས་ལ་བརྟེན་ནས་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་ཆུང་གི་སྐད་ཡིག་བོད་སྐད་ནང་བྱེད་རྒྱུ་དེ་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་ང་ཚོས་ལག་ལེན་བསྟར་ཐུབ་པ་རེད། དེའི་ཐོག་ནས་ཕན་ཐོགས་ཕྲན་བུ་བྱུང་ཡོད་པ་རེད། ཡིན་ནའང་ཁྱོན་ཡོངས་ཀྱི་ཆ་ནས་ང་ཚོ་བོད་ཀྱི་སྐད་ཡིག་དང༌། བོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་རྒྱུན་འཛིན་དེ་ཚད་དང་ལྡན་པ་ཞིག་བྱེད་ཐུབ་པ་བྱུང་ཡོད་པ་མ་རེད། དེའི་དབང་གིས་འདས་པའི་ལོ་བཞི་བཅུ་ཞེ་བདུན་ནང་རྒྱ་གར་གྱི་ནང་ལ་དེང་རབས་ཀྱི་སློབ་སྦྱོང་གི་ལམ་སྲོལ་འོག་ནས་འགྲོ་མཁན་དེ་ཚོའི་ནང་ལའང༌། སྔོན་མ་ང་ཚོ་བོད་ཀྱི་ནང་ལ་ཐོན་པ་བཞིན་མཁས་པ་ཆེན་པོ་དེ་འདྲ་ཧ་ལམ་གཅིག་ཀྱང་ཐོན་ཡོད་མ་རེད་ཅེས་བརྗོད་ན་མ་འགྲིག་པ་མེད། ཚང་མ་འགྲིག་ཙམ་འགྲིག་ཙམ་མ་གཏོགས། ཁྱད་དུ་ཐོན་པའི་མཁས་པ་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་དེ་འདྲ་ང་ཚོས་བསྐྲུན་མ་ཐུབ་པ་རེད། དེ་ཡང་སློབ་སྦྱོང་གི་ལམ་སྲོལ་གྱི་དབང་གིས་བྱུང་བ་རེད་མ་གཏོགས། བོད་མི་རིགས་ཀྱི་རིག་རྩལ་དེ་ཉམས་ཚར་བའི་དབང་གིས་བྱུང་བ་ཞིག་ཡིན་གྱི་མ་རེད་བསམ་གྱི་འདུག
སློབ་སྦྱོང་གི་ལམ་སྲོལ་དང༌། ཁོར་ཡུག བཟའ་བཏུང་དེ་ཚོའི་དབང་གིས་ང་ཚོ་བོད་པའི་རིག་རྩལ་དེ་སྔོན་མ་བཞིན་བསྡད་མ་ཐུབ་པ་རེད། དེ་ལ་བརྟེན་ནས་ང་ཚོར་བོད་མི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་སྲིད་བྱུས་སམ། ཤེས་ཡོན་གྱི་ཐབས་ལམ། ཤེས་ཡོན་གྱི་ལམ་སྲོལ་ཞིག་མ་བྱུང་བ་ཡིན་ན། ད་ལྟ་ང་ཚོས་རྒྱ་གར་ནང་ནས་གཡར་བའི་ཤེས་ཡོན་གྱི་ལམ་སྲོལ་དེས་ངས་གོང་དུ་བཤད་པའི་ངོ་མཚར་ཅན་གྱི་རིག་གནས་དང་ལེགས་བྱང་དེ་ཚོ་འཛིན་སྐྱོང་བྱེད་ཐུབ་ཀྱི་མེད་པ་གཅིག་ཧ་ཅང་གསལ་པོ་ཆགས་ཡོད་དུས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་ལ་བོད་པའི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་སྲིད་བྱུས་གཏན་ལ་ཕབ་དགོས་པ་གསལ་ཡོད་པ་རེད། ཡིན་ནའང་དེ་དུས་ཚོད་མང་པོ་འགྱངས་པ་རེད། བཅའ་ཁྲིམས་གཏན་ལ་ཕབ་ནས་ལོ་བཅོ་ལྔ་འགྲོ་གྲབས་བྱེད་ཀྱི་ཡོད་པ་རེད་དེ། ང་ཚོས་དེ་འདས་པའི་ལོ་གཅིག་གཉིས་ཀྱི་ནང་ལ་མ་གཏོགས་གཏན་ལ་ཕབ་མ་ཐུབ་པར་ལུས་པ་རེད། ད་ལྟ་གཏན་ལ་ཕབ་པའི་ཤེས་ཡོན་གྱི་སྲིད་བྱུས་འདིའི་ནང་ལ་བོད་པའི་ཐུན་མོང་མ་ཡིན་པའི་དགོས་མཁོ་ཡོངས་སུ་རྫོགས་པ་ཚང་ཡོད་ཟེར་གྱི་ཡོད་པ་རེད།
བོད་མིའི་དགོས་མཁོ་དང་འཚམས་པ་དང༌། བོད་མིའི་ཕུགས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་འོས་ཤིང་འཚམས་པའི་གནས་ཚུལ་ཡོངས་སུ་རྫོགས་པ་འདིའི་ནང་སླེབས་ཡོད་བསམ་པ་ཞིག་ཡོད་པ་རེད། ཡིན་ཡང་ཤེས་ཡོན་གྱི་སྲིད་བྱུས་ཡག་པོ་ཡོད་པ་དང་། ཤེས་ཡོན་གྱི་སྲིད་བྱུས་ཡག་པོ་མེད་པ་ག་འདྲ་ཞིག་ཡིན་ཡང་ལག་ལེན་ལ་བསྟར་རྒྱུ་དེ་ཕྱོགས་མང་པོ་ཞིག་ལ་རག་ལུས་པ་རེད། ཕ་མ་ལ་རག་ལུས་ཀྱི་རེད། སྤྱི་ཚོགས་ལ་རག་ལུས་ཀྱི་རེད། ཁོར་ཡུག་ལ་རག་ལུས་ཀྱི་རེད། སྒྲིག་འཛུགས་དང་འཛིན་སྐྱོང་ལ་རག་ལུས་ཀྱི་རེད། ཡིན་ཡང་དེ་ཚོ་ལ་རག་ལུས་པ་དེ་བརྒྱ་ཆ་ཉུང་ཉུང་རེད། བརྒྱ་ཆ་ལྔ་ཙམ་བཅུ་ཙམ་དེ་འདྲ་རག་ལུས་ཀྱི་རེད། དེ་ནས་བརྒྱ་ཆ་དགུ་བཅུ་ཐམ་པ་དགེ་རྒན་ལ་རག་ལུས་ཀྱི་རེད། ཤེས་ཡོན་ཡག་པོ་ཡོང་དང་མི་ཡོང༌། ཤེས་ཡོན་སྲིད་བྱུས་ལག་ལེན་འཁྱོལ་དང་མ་འཁྱོལ་ཟེར་བ་དེ་བརྒྱ་ཆ་དགུ་བཅུ་ལས་མི་ཉུང་བ་ཞིག་དགེ་རྒན་རང་ལ་རག་ལུས་རེད། དགེ་རྒན་ཚད་དང་ལྡན་པ་དང་། དགེ་རྒན་ནུས་པ་ཐོན་པ། དགེ་རྒན་ཡག་པོ་ཡོད་པ་ཡིན་ན། གཞན་ཚོ་ཚང་མ་འགལ་ཟླའི་ཕྱོགས་སུ་ཕྱིན་པ་ཡིན་ཡང༌། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཐུབ་ཀྱི་རེད། འཛིན་སྐྱོང་ཡང་འགལ་ཟླའི་ཕྱོགས་ལ་ཕྱིན། སྤྱི་ཚོགས་ཀྱང་འགལ་ཟླའི་ཕྱོགས་ལ་ཕྱིན། ཕ་མའང་འགལ་ཟླའི་ཕྱོགས་ལ་ཕྱིན། ཁོར་ཡུག་ཀྱང་འགལ་ཟླའི་ཕྱོགས་ལ་ཕྱིན་པ་ཡིན་ཡང་དགེ་རྒན་གཅིག་པོ་ཡག་པོ་ཡོད་པ་ཡིན་ན། གང་ལ་གང་འཚམས་ལས་ཀ་བྱེད་ཐུབ་ཀྱི་རེད། གལ་ཏེ་ཁོར་ཡུག་ཡག་པོ་ཡོད་པ་དང་། མཐུན་རྐྱེན་གཞན་ཚོའང་ཡག་པོ་ཡོད་པ། འཛིན་སྐྱོང་གིས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། ཕ་མས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཅས་ཡིན་ཡང༌། དགེ་རྒན་སྐྱོ་པོ་གཅིག་ལས་མེད་པ་ཡིན་ན་གཞན་ཚོ་ཡག་པོ་ཡོད་པ་དེས་ང་ཚོའི་དགོས་མཁོ་ཡོད་པའི་ཤེས་ཡོན་ཆ་ཚང་སྤྲོད་ཐུབ་ཀྱི་མེད་པ་དེ་དངོས་ཡོད་གནས་སྟངས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་ནང་ལ་གསལ་པོ་བྱས་ཏེ་ང་ཚོའི་ཤེས་ཡོན་གྱི་སྲིད་བྱུས་འདི་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་སྲིད་བྱུས་ཤིག་ཡིན་ཞེས་སྨོས་དགོས་པའི་རྒྱུ་མཚན་དེ་རེད། དེ་འདྲ་ཡིན་སྟབས་དགེ་རྒན་ཚོའི་ཆོད་སེམས་དང་ལྷག་བསམ་དེ་ཚད་དང་ལྡན་པ་གཅིག་ཡོད་དགོས་པ་དེ་མེད་དུ་མི་རུང་བ་ཞིག་རེད། དེ་ལ་བརྟེན་ནས་ང་ཚོའི་དགེ་རྒན་ཚོ་ཟབ་སྦྱོང་དང་བསྐྱར་སྦྱོང་ཡང་ཡང་བྱེད་པའི་དགོས་པ་རྒྱུ་མཚན་དེ་རེད། དེ་འདྲ་ཡིན་སྟབས་ངས་ཐོག་མ་དེར་ཁྱེད་རང་ཚོ་དགེ་རྒན་ཚང་མར་ཤུགས་ཆེན་པོ་དང་རྩལ་དུ་བཏོན་ནས་ཞུ་དགོས་པ་ཞིག་ལ། ཁྱེད་རང་ཚོའི་བསམ་བློའི་ནང་ལ་འདུན་པ་དང་ཆོད་སེམས་ཚད་དང་ལྡན་པ་ཞིག་ཡོད་པ་ཡིན་ན། ཁྱེད་ཚོས་མ་ཐུབ་པ་གང་ཡང་ཡོད་པ་མ་རེད། དེ་གསལ་པོ་མཁྱེན་དགོས་པ་ཞིག་རེད།
རང་གི་ནུས་པར་རང་གིས་ཡིད་ཆེས་སླེབས་པ་བྱེད་དགོས། ང་འཛིན་གྲྭ་བརྒྱད་པ་མ་གཏོགས་ཐོན་མེད། ང་འཛིན་གྲྭ་བཅུ་པ་མ་གཏོགས་ཐོན་མེད། ངས་དགེ་རྒན་འོས་སྦྱོང་བྱས་མེད། ངས་སྦི་ཨེ་ (B.A.) བྱས་མེད། ངས་ཨེམ་ཨེ་ (M.A.) བྱེད་རྒྱུ་མ་བྱུང༌། དེ་འདྲ་ཡིན་སྟབས་ངས་ཐུབ་ཀྱི་མ་རེད་དྲན་པ་ཡིན་ན་དེ་རྩ་བ་ནས་ནོར་འཁྲུལ་རེད། ད་ལྟ་འདིར་བཀའ་མོལ་ཞུ་མཁན་ལ་ཆ་བཞག་པ་ཡིན་ནའང་། མི་ཚེའི་དུས་ཚོད་མང་ཆེ་བ་དགེ་རྒན་གྱི་ངོ་བོར་བསྐྱལ་པ་རེད། འཛིན་གྲྭ་ག་ཚོད་ཐོན་པ་རེད་དམ་ཞེ་ན། ད་ལྟའི་གཞི་རིམ་སློབ་སྦྱོང་གི་འཛིན་གྲྭ་དང་པོའང་ཐོན་ཡོད་པ་མ་རེད། འཛིན་གྲྭ་ཚོགས་མ་མྱོང་བའི་མི་གཅིག་གིས་རང་གི་ཆོད་སེམས་ཡོད་པ་ཡིན་ན་དགེ་རྒན་བྱེད་ཐུབ་རྒྱུ་ཡོད་པ་རེད། དགེ་རྒན་བྱེད་མ་མྱོང་བ་ཞིག་ཡིན་ནའང་དགེ་རྒན་བྱེད་ཐུབ་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་སྟབས་ཁྱེད་རང་ཚོས་སྔོན་དང་པོ་དེར་སོ་སོའི་ནུས་པ་ལ་སོ་སོས་ཡིད་ཆེས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་ད་གིན་ཧ་ཅང་རྩལ་དུ་བཏོན་ནས་ཁྱེད་རང་ཚོས་ཕྲུ་གུའི་ནུས་པ་ལ་ཡིད་ཆེས་བྱེད་དགོས་རེད་ཅེས་ཞུས་པ་ཡིན། ཕྲུ་གུའི་ནུས་པ་ལ་ཡིད་ཆེས་བྱེད་དགོས་པ་དེ་གལ་ཆེན་པོ་གཉིས་པ་དེ་རེད། སོ་སོར་ཡིད་ཆེས་མེད་མཁན་ཞིག་གིས་མི་གཞན་ཞིག་ལ་ཡིད་ཆེས་བྱེད་རྒྱུ་དེ་ཡོང་གི་མ་རེད། དེར་བརྟེན་ཁྱེད་རང་ཚོས་ད་ལྟའི་གནས་སྐབས་ག་འདྲ་ཞིག་ཡིན་ཡང་ལོ་རྒན་གཞོན་གྱི་ཁྱད་པར་གང་ཡང་ཡོད་པ་མ་རེད། འཛིན་གྲྭ་མཐོ་དམན་གྱི་ཁྱད་པར་གང་ཡང་ཡོད་པ་མ་རེད། རང་གི་ཆོད་སེམས་བརྟན་པོ་དང་བརྩོན་འགྲུས་ཡོད་པ་ཡིན་ན་ག་རེ་ཡིན་ཡང་བྱེད་ཐུབ་ཀྱི་རེད་བསམ་པའི་རང་གིས་རང་ལ་ཡིད་ཆེས་དེ་ངེས་པར་བསྐྲུན་དགོས། དེ་མ་བསྐྲུན་པའམ་དེ་མེད་པ་ཡིན་ན་དགེ་རྒན་བྱས་མ་བྱས་ཡོད་པ་མ་རེད། སོ་སོའི་འཚོ་ཐབས་ཀྱི་ཐབས་ལམ་གཞན་ཞིག་བཙལ་ན་ཡག་གི་རེད།
ངས་ཡིད་ཆེས་བྱེད་རྒྱུ་ལ། ད་ལྟ་སྔོན་འགྲོའི་དགེ་རྒན་ཡིན་ནའང་རེད། དམའ་རིམ་དགེ་རྒན་ཡིན་ནའང་རེད། ང་ཚོའི་སློབ་གྲྭ་ཁག་ལ་དགེ་རྒན་གནང་མཁན་ཚང་མ་མི་རིགས་དང་ཆབ་སྲིད་ཀྱི་ཞབས་འདེགས་ལ་དམིགས་ནས་དགེ་རྒན་བྱེད་ཀྱི་ཡོད་པ་རེད་མ་གཏོགས། སོ་སོའི་མི་ཚེའི་འཚོ་བ་སྐྱེལ་ཐབས་ཀྱི་ཆེད་དུ་དགེ་རྒན་བྱེད་མཁན་གཅིག་ཀྱང་ཡོད་མ་རེད་བསམ་གྱི་ཡོད། དགེ་རྒན་དེ་འཚོ་བ་སྐྱེལ་ཐབས་ཡག་ཤོས་ཤིག་རྩ་བ་ནས་མ་རེད། དེ་ལས་གཞན་པའི་ཚོང་ལྟ་བུ་བརྒྱབ་པ་ཡིན་ན་དངུལ་དེ་ལས་མང་བ་ཏན་ཏན་བཟོ་ཐུབ་རྒྱུ་ཞིག་རེད། ཡིན་ཡང་དེ་དགོས་པ་དང་དམིགས་ཡུལ་བྱེ་བྲག་པ་གཅིག་གམ་དམིགས་བསལ་བ་ཞིག་བཟུང་ནས་དེའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་སྟབས་ཆོད་སེམས་དང་སྙིང་སྟོབས་དེ་ངེས་པར་དུ་ཡོད་དགོས་པ་ཞིག་རེད། དེ་ཡོད་པ་ཡིན་ན་གཞན་དག་ཚང་མ་རིམ་པས་ང་ཚོ་མིས་འབད་བརྩོན་བྱས་ནས་བསྒྲུབ་ཐུབ་རྒྱུ་ཞིག་རེད། ཆོད་སེམས་དེ་མེད་པ་ཡིན་ན་དེ་འགྲུབ་ཐབས་མེད་པ་ཞིག་རེད། ཉི་མ་གང་འཁྱོལ་ཟེར་རྒྱུའི་ལས་ཀ་དེ་ཆགས་འགྲོ་ཡི་རེད། གཞུང་གི་ལས་ཁུངས་ཀྱི་ལས་བྱེད་གཅིག་གིས་ཉི་མ་གང་འཁྱོལ་གྱི་ལས་ཀ་བྱེད་ན། སྡུག་ཆགས་རེད་བཤད་ཀྱི་རེད། ཡིན་ནའང་དེས་མང་པོ་ལ་ཕན་གནོད་འབྲེལ་ཐུབ་ཀྱི་མ་རེད། ཉི་མ་གཅིག་ཁོ་རང་ལ་གྲ་མ་འགྲིག་པ་བྱུང་ནས་དཀའ་ལས་ཁག་པོ་ཡོང་གི་ཡོད་ན་མ་གཏོགས། ཁོས་གནོད་པ་ལྟ་བུ་བསྐྱལ་བ་ཡིན་ནའང་མི་གཉིས་གསུམ་ལ་གནོད་བསྐྱལ་ཐུབ་ཀྱི་རེད། མི་མང་པོ་ལ་གནོད་བསྐྱལ་ཐུབ་ཀྱི་མ་རེད། དགེ་རྒན་གཅིག་གིས་ཉི་མ་གང་འཁྱོལ་གྱི་ལས་ཀ་བྱེད་པ་ཡིན་ན་མི་རིགས་གཅིག་ལ་གནོད་བསྐྱལ་ཐུབ་ཀྱི་ཡོད་པ་རེད། སོ་སོའི་འཛིན་གྲྭའི་ནང་སློབ་ཕྲུག་ཉི་ཤུ་རྩ་ལྔ་ཡོད་པ་ཡིན་ན་སློབ་ཕྲུག་ཉི་ཤུ་རྩ་ལྔའི་མི་ཚེའི་མདུན་ལམ་ལ་ཕན་གནོད་འབྲེལ་ནས་དེ་ལ་གནོད་བསྐྱལ་ཐུབ་ཀྱི་ཡོད་པ་རེད།
དེར་བརྟེན་དེ་ཧ་ཅང་གི་འགན་ཡོད་པའི་ལས་ཀ་ཞིག་རེད། འགན་ཡོད་པའི་ལས་ཀ་དེ་ང་ཚོས་ངེས་པར་དུ་ངོ་ཤེས་པ་བྱེད་དགོས་པ་གལ་ཆེན་པོ་རེད། ཕྲུ་གུའི་འདུན་ལམ་ཐོག་ལ་རྩེད་མོ་བརྩེས་པ་ཡིན་ན་མི་རིགས་ཤིག་གི་མདུན་ལམ་ལ་རྩེད་མོ་བརྩེས་པ་ཆགས་འགྲོ་ཡི་རེད། ཕྲུ་གུ་གཅིག་གི་མདུན་ལམ་ལ་འཐུས་ཤོར་ཕྱིན་པ་ཡིན་ནའང་ཧ་ཅང་གི་ཚབས་ཆེན་པོ་རེད། ཕྲུ་གུ་བརྒྱ་ཕྲག་མང་པོའི་མདུན་ལམ་ལ་འཐུས་ཤོར་ཕྱིན་པ་ཡིན་ན། དེ་བས་ཀྱང་ཚབས་ཆེན་པོ་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། དེ་ནི་ངས་རྩལ་དུ་བཏོན་ནས་ཞུ་དགོས་པའི་གནས་སྟངས་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། དགེ་རྒན་ལོ་ཉི་ཤུ་བྱས་པ་ཡིན་ཡང་ཉམས་མྱོང་ལོ་གཅིག་མ་གཏོགས་མི་དགོས་པའི་གནས་ཚུལ་དེ་རྩ་བ་ནས་མ་ཡོང་བ་གནང་སྟེ། སང་ཉིན་རྒས་ཡོལ་དུ་འགྲོ་མཁན་གྱི་དགེ་རྒན་ཞིག་ཡིན་ཡང་དེ་རིང་དགེ་རྒན་གྱི་ལས་དོན་ཐོག་ལ་ཡར་རྒྱས་གང་འདྲ་བྱས་ཏེ་གཏོང་རྒྱུ་འདུག གང་འདྲ་བྱས་ཏེ་གསར་གཏོད་བྱེད་རྒྱུ་འདུག ཞལ་འདེབས་ག་རེ་བརྒྱབ་རྒྱུ་འདུག ཁ་སྣོན་ག་རེ་བརྒྱབ་རྒྱུ་འདུག དེའི་ཐོག་ཚོར་སྣང་དྲག་པོས་བསམ་བློ་གཏོང་དགོས་པ་ཞིག་དང༌། འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་རེད།
ད་ལྟ་ཁྱེད་རང་ཚོའི་ནང་དགེ་རྒན་མང་ཆེ་བ་དེ་དགུང་ལོ་གཞོན་པ་ཤ་སྟག་རེད་འདུག དགུང་ལོ་གཞོན་པ་དེ་ཚོ་ད་ལྟ་དུས་ཚོད་གང་ལ་གང་འཚམས་ཕུགས་རྒྱང་རིང་པོར་བལྟས་ནས་ལོ་བཅོ་ལྔ་ཉི་ཤུ་རྩ་གྲངས་ཀྱི་བར་དུ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཡོད་པ་རེད། དེའི་ནང་ལ་ད་ལྟ་གང་ཡོད་པ་དེས་ཚིམས་ནས་བསྡད་ན་འགྲིག་ཐབས་རྩ་བ་ནས་ཡོད་པ་མ་རེད། དེ་རིང་ལས་སང་ཉིན་ཡག་པ་དང༌། སང་ཉིན་ལས་གནངས་ཉིན་ཡག་པ། སྔ་དྲོ་ལས་དགོང་དྲོ་ཡག་པ་ཡོང་བ་བྱ་རྒྱུ་དེ་འདྲའི་ཐོག་ནས་མུ་མཐུད་འགྱུར་བ་དང་ཡར་རྒྱས་འགྲོ་རྒྱུའི་ཐོག་དམིགས་ཡུལ་བཟུང༌། འབད་བརྩོན་བྱས། ཆོད་སེམས་འཁྱེར་བ་སོགས་གང་ཐུབ་ཐུབ་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ཞུ་ཡི་ཡོད། ལོ་གཞོན་པ་ཚོས་སོ་སོའི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་དགོས་རྒྱུ་ཞིག་རེད། ཤེས་ཡོན་གྱི་གནས་ཚད་ལག་མཐིལ་ཙམ་ཞིག་ཡར་རྒྱས་གཏོང་རྒྱུའི་དོན་དུ་འབད་བརྩོན་ཆེན་པོ་བྱས་པའི་དབང་གིས་ཉིན་རེ་ཉིན་རེའི་སློབ་ཕྲུག་དང་མཉམ་དུ་ལས་ཀ་བྱེད་རྒྱུའི་ཐོག་འཐུས་ཤོར་ཕྱིན་པ་ཡིན་ན་དེའང་འགྲིག་གི་ཡོད་པ་མ་རེད། དེ་འདྲ་འགྲོ་ཡི་ཡོད་པ་ཡིན་ན་སོ་སོའི་གནས་ཚད་ཡར་རྒྱས་བཏང་མ་བཏང་གི་ཁྱད་པར་གང་ཡང་བྱུང་ཡོད་པ་མ་རེད། སྐབས་བབ་ཀྱི་ལས་འགན་དེ་ལ་ཆ་ཤས་ཙམ་ཡང་འཐུས་ཤོར་མེད་པའི་ཐོག་ནས་རང་གི་ཤེས་ཚད་ཡར་རྒྱས་གཏོང་ཐབས་ཀྱི་ལས་དོན་ཏན་ཏན་བྱེད་མི་ཐུབ་པ་མ་རེད། དེ་བྱེད་ཐུབ་རྒྱུ་ཞིག་དང་བྱེད་འོས་པ་ཞིག་རེད། དེ་གནང་དགོས་ཀྱི་རེད། དེ་ཙམ་ཡིན།།
མདོར་ན་ཤེས་ཡོན་སྲིད་བྱུས་ནང་ཡོད་པ་གང་ཞིག་ལ་ང་ཚོའི་གནས་སྟངས་ཀྱི་ཆ་ནས་ད་ལྟ་ལག་ལེན་ལ་འཁྱོལ་གྱི་མ་རེད་བསམ་པ་དེ་འདྲ་གཟིགས་སོང་ངམ་མ་སོང༌། ཤེས་ཡོན་སྲིད་བྱུས་གསར་པ་ལག་ལེན་བསྟར་སྐབས་ད་ལྟ་འགྲོ་བཞིན་པའི་ལམ་སྲོལ་ནང་ནས་རྩ་བ་ནས་འགྱུར་བ་འགྲོ་ན་འགྲིགས་དགོངས་པ་གང་དང་གང་འདུག་གམ། ཐུགས་རྗེ་ཆེ།།
༢༠༠༦ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་གཉིས་པར་
གནང་བའི་གསུང་བཤད།