ཁྲིམས་ལུགས་ཟབ་སྦྱོང་དང༌། ཁྲིམས་འཛིན་ལྷན་ཚོགས་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།
༄༅། ། ཁྲིམས་ལུགས་ཟབ་སྦྱོང་དང༌། ཁྲིམས་འཛིན་ལྷན་ཚོགས་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད། དེ་རིང་གི་གཟབ་སྦྱོང་འདི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་རྒྱུན་ལྡན་བཀའ་ཤག་ནང་བགྲོ་གླེང་ཡོང་བཞིན་པ་དང༌། བཀའ་ཤག་གི་བསམ་ཚུལ་ཡོད་པའི་གནས་ཚུལ་གལ་ཆེ་བ་རེ་ཟུང་གོ་སྐབས་འདི་བླངས་ཏེ་ཞུ་རྒྱུ་ཡིན། གོང་དུ་གསུང་བཤད་གནང་མཁན་གཉིས་ཀས་གསུངས་པ་ལྟར་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་ནང་ཁྲིམས་ཀྱི་དབང་སྒྱུར་ལས་གཙོ་ཆེ་བའི་གནས་ཚུལ་གཞན་གང་ཡང་མེད། ཁྲིམས་ཀྱི་དབང་སྒྱུར་ཚད་དང་ལྡན་པ་ཡོང་བར་ཁྲིམས་ལུགས་དབང་འཛིན་གྱི་སྒྲིག་འཛུགས་དང༌། ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད། ནུས་ལྡན། ཁྲིམས་དང་མཐུན་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་གཞུང་རང་དབང་ཡོད་པའི་ལུང་པའི་གཞུང་ཆགས་ཀྱི་མེད། བཙན་བྱོལ་དུ་ཡོད་པའི་གཞུང་ཡིན། བཙན་བྱོལ་དུ་ཡོད་པའི་གཞུང་ཡིན་ཡང་བཙན་བྱོལ་དུ་གནས་སའི་གནས་ཚང་རྒྱལ་ཁབ་དང༌། དེ་ལས་གཞན་པའི་ཕྱིའི་རྒྱལ་ཁབ་གང་གིས་བཙན་བྱོལ་གཞུང་ཡོངས་གྲགས་ཁྲིམས་མཐུན་གྱིས་ངོས་འཛིན་མེད། གལ་ཏེ་བཙན་བྱོལ་གཞུང་ངོས་འཛིན་ཡོད་པའི་དབང་དུ་བཏང་ཡང་བཙན་བྱོལ་གཞུང་གནས་ཡུལ་རྒྱལ་ཁབ་གཞན་གྱི་ནང་ཁྲིམས་ལུགས་དབང་འཛིན་ཚད་དང་ལྡན་པ་བཟོ་ཐུབ་རྒྱུ་མེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་བཙན་བྱོལ་གཞུང་མང་པོ་བྱུང་ཡོད། དེ་དག་ཚང་མར་བལྟས་ན་འཛིན་སྐྱོང་ཙམ་ལས་ཁྲིམས་བཟོ་དང་ཁྲིམས་ལུགས་དབང་འཛིན་གྱི་སྡེ་ཚན་རྩ་བ་ནས་འཛུགས་ཐུབ་མེད། བཙན་བྱོལ་སྤྱི་ཚོགས་འདྲ་འདྲའི་ནང་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་མི་འདྲ་བ་བྱུང་སྟེ་རྒྱལ་ཁབ་དང༌། གཞུང་གཞན་གྱིས་ཁྲིམས་མཐུན་ངོས་ལེན་ཡོད་མིན་ལ་མ་ལྟོས་པར་ནང་དོན་མང་གཙོའི་རིང་ལུགས་ཀྱི་དགོས་མཁོ་ཡོད་པའི་ཆ་ལག་ཡོངས་སུ་ཚང་བའི་བཅའ་ཁྲིམས་དང༌། སྒྲིག་འཛུགས་ཡོད་པ་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེ་ལས་བྱུང་བ་མ་གཏོགས། ང་ཚོ་མིའི་ངོས་ནས་བསྒྲུབ་དགོས་བྱུང་ན་བསྒྲུབ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན། ཚང་མས་མཁྱེན་གསལ་ལྟར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འགྲོ་བ་མི་རིགས་སྤྱི་ཡོངས་དང༌། ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་དུ་རླབས་ཆེན་གྱི་དགོངས་གཞི་མང་པོ་ཡོད་པའི་ནང་ནས་བོད་ཀྱི་ལས་འགུལ་འཚེ་མེད་ཞི་བའི་ལམ་དུ་འགྲོ་རྒྱུ་དང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ་ཐུགས་ཀྱི་བཞེད་དགོངས་གཙོ་ཆེ་བ་གཉིས་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་གཉིས་ཐོག་འདས་པའི་ལོ་ ༤༦ རིང་རྒྱ་གར་དང༌། རྒྱལ་སྤྱིའི་ནང་བློ་ཡུལ་དུ་མི་ཤོང་བའི་མཛད་འཕྲིན་ཧ་ཅང་མང་པོ་བསྐྱངས་ཡོད། བོད་ཙམ་མིན་པར་མང་གཙོའི་ལམ་སྲོལ་མེད་པའི་རྒྱལ་ཁབ་གཞན་གྱི་ནང་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་རྒྱུ་དང༌། མང་གཙོའི་ལམ་སྲོལ་ཁས་འཆེ་བ་ཙམ་ཡོད་ཀྱང༌། དོན་དུ་མང་གཙོའི་ཁེ་ཕན་ཆ་ཚང་མེད་སར་ཆ་ཚང་ཡོང་རྒྱུའི་ཆེད་དུ་ྋགོང་ས་མཆོག་གི་མཛད་པ་འཕྲིན་ལས་བརྒྱུད་ནས་ཕན་ཐོགས་རླབས་ཆེན་བྱུང་བ་མང་པོ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཆ་མཚོན་ན། མང་གཙོའི་མཚན་ཉིད་ཀྱི་ཆ་ལག་ཡོངས་སུ་རྫོགས་པའི་བཅའ་ཁྲིམས་ཀྱི་འོག་ནས་ལས་འགུལ་བྱས་པ་བྱུང་ཡོད། བཅའ་ཁྲིམས་རིན་པོ་ཆེ་ཟིན་བྲིས་འདེབས་པའི་སྐབས་དགོངས་འཆར་མང་པོ་བྱུང་ཡོད། དགོངས་འཆར་དེ་དག་གཞི་རྩ་མེད་པ་མ་རེད། ཁྲིམས་བཟོ་ལྷན་ཚོགས་དང༌། འཛིན་སྐྱོང་ཙམ་མ་གཏོགས་ཁྲིམས་ལུགས་དབང་འཛིན་གྱི་ཡན་ལག་བཙན་བྱོལ་དུ་གནས་རིང་འཚམས་པོ་མེད་པའི་དགོངས་པ་བཞེས་མཁན་དང༌། དགོངས་འཆར་གནང་མཁན་མང་པོ་བྱུང་ཡོད། ཐུགས་ཁག་མེད། དངོས་ཡོད་གནས་ཚུལ་ཡིན། ལུང་པ་གཅིག་ལ་ཁྲིམས་ལུགས་གཉིས་ཟེར་བ་ནི་ཡོང་ཤེས་ཐབས་མེད། ལྷག་པར་དུ་ངོས་འཛིན་མེད་པའི་བཙན་བྱོལ་གཞུང་གཅིག་གིས་རྒྱལ་ཁབ་གཞན་ཞིག་ནང་ཁྲིམས་ཀྱི་རྩོད་རྙོག་ཐག་གཅོད་བྱེད་རྒྱུའི་དབང་ཚད་བཟོས་ཏེ་བླངས་ན་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་གཞི་དང་འགལ་རྒྱུའི་ཉེན་ཁ་ཏན་ཏན་ཡོད། ཕྱོགས་གཞན་ཞིག་ནས་ང་རང་ཚོའི་ཁྲིམས་ལུགས་དབང་འཛིན་གྱི་ཡན་ལག་མ་ཚང་བ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྲེལ་བརྗོད་བྱེད་སྟངས་ཐོག་བསམ་ཚུལ་མི་མཐུན་པ་བྱུང་ཡང༌། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ནས་གསལ་པོ་བཟོ་མི་ཐུབ་པའི་བོད་པའི་སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོ་ཞིག་ལ་ཁྲིམས་ལུགས་དབང་འཛིན་མེད་ན། ང་ཚོའི་མང་གཙོའི་འཕེལ་རིམ་ཆ་ཚང་བ་ཞིག་ཡོང་མི་ཐུབ་པའི་གནས་སྟངས་དངོས་ཡོད་ཀྱི་གནས་ཚུལ་ཡིན། གལ་སྲིད་ང་ཚོས་རྩོད་རྙོག་གཞན་ལ་བསམ་བློ་རྩ་བ་ནས་མ་གཏང་ཡང་བཅའ་ཁྲིམས་རིན་པོ་ཆེ་འགྲེལ་བརྗོད་བྱེད་ཕྱོགས་དང༌། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞིའི་བར་འགྲེལ་བརྗོད་བྱེད་ཕྱོགས། གཞུང་གི་འཛིན་སྐྱོང་དང་སྲི་ཞུའི་ལས་བྱེད་བར་གནས་ཚུལ་བྱེ་བྲག་པའི་ཐོག་བསམ་ཚུལ་མི་མཐུན་པའི་འགལ་ཟླའི་རྩོད་རྙོག་བྱུང་བ་དེ་འདྲ་ཞིག་ཡིན་ན་ང་ཚོའི་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་བརྡར་ཤ་གཅོད་རྒྱུ་དང༌། ཁྲིམས་རྩོད་བྱེད་རྒྱུའི་ལམ་ཁ་རྩ་བ་ནས་མེད། དེར་བརྟེན་ཡང་དག་པའི་མང་གཙོའི་ལམ་སྲོལ་ཆ་ཚང་བ་ཞིག་དགོས་ན་ང་ཚོའི་བཅའ་ཁྲིམས་ནང་ནས་ཆ་རྐྱེན་བསྐྲུན་པའི་ཁྲིམས་ལུགས་དབང་འཛིན་གྱི་སྒྲིག་འཛུགས་ཤིག་མེད་ན་ཡོང་ཐབས་མེད་པའི་གནས་སྟངས་ཆགས་ཡོད། གནས་ཚུལ་གཉིས་ཀའི་ཐོག་ནས་ཐབས་ལམ་གང་འདྲ་ཞིག་འཚོལ་རྒྱུ་ཡོད་དེའི་ཐོག་ཟིན་བྲིས་ཚོགས་ཆུང་ནང་གོ་བསྡུར་མང་པོ་བྱུང་ཡོད། ལྷག་པར་སྐབས་དེ་དུས་རྒྱ་གར་གྱི་ཁྲིམས་དོན་དང༌། རྩ་ཁྲིམས་ལ་མཁས་པའི་མི་སྣར་བཀའ་སློབ་དགོངས་སྐོར་ཞུས་ཡོད། ལྷག་པར་དུ་ སྐུ་གཤེགས་སློབ་དཔོན་ཆེན་པོ་རའོ་མཆོག་རྒྱལ་སྤྱིའི་ཁྲིམས་དང༌། རྒྱ་གར་གྱི་རྩ་ཁྲིམས་དང་འབྲེལ་བའི་ཁྲིམས་ལ་ཧ་ཅང་མཁས་པ་ཞིག་ཡིན། ངས་རྒྱུན་དུ་ཁོང་གི་གམ་ནས་ལམ་སྟོན་ཞུ་གི་ཡོད། སློབ་དཔོན་ཆེན་པོ་རཱའོས་ལམ་སྟོན་གནང་བ་བཞིན་ང་ཚོས་ཁྲིམས་ལུགས་དབང་འཛིན་གནས་ཡུལ་ཡུལ་ཁྲིམས་དང་མི་འགལ་བའི་ཆེད་དུ་རྒྱ་གར་གྱི་ཟུར་དཔང་བྱེད་རྒྱུའི་ཁྲིམས་གཞི་དེའི་འོག་ནས་ལམ་ཁ་བཙལ་ཡོད། རྒྱ་གར་ནང་ Arbitration Act ཟེར་རྒྱུ་ཞིག་ཡོད། Arbitration Act ཟེར་བ་ནི་ཕྱོགས་གཉིས་བསམ་ཚུལ་མི་མཐུན་པའི་རྩོད་གཞི་ཞིག་བྱུང་བ་ཡིན་ན། རྩོད་གཞི་སྤྱི་ཡོངས་ཀྱིས་ཁྲིམས་ཁང་དུ་འཁྱེར་མི་དགོས་པར་གཉིས་མོས་ཀྱིས་ཐག་གཅོད་བྱེད་མཁན་ཞིག་ལ་ངོས་འཛིན་ནམ་བསྐོ་གཞག་བྱས་པ་དེའི་ཐོག་ནས་ཐག་གཅོད་གང་བྱས་པ་ཡུལ་ཁྲིམས་དང་མི་འགལ་བ་ཡོང་རྒྱུའི་ལམ་ཁ་ཞིག་ཡོད་པར་བརྟེན་གནས་ཚུལ་དེའི་འོག་ནས་ང་ཚོའི་བཅའ་ཁྲིམས་ནང་ཁྲིམས་ཞིབ་ཁང་མ་གཏོགས་ཁྲིམས་ཁང་ཞེས་མིང་མི་འདོགས་པ། ཁྲིམས་ཞིབ་པ་མ་གཏོགས་ཁྲིམས་དཔོན་ཞེས་མིང་མི་འདོགས་པ། དེའི་འོག་ནས་ང་ཚོ་ནང་དོན་ཕྱག་ལས་གནང་བའི་སྐབས་སུ་ཁྲིམས་ཁང་དང་ཁྲིམས་དཔོན་གྱི་བྱེད་ལས་ཡོངས་སུ་རྫོགས་པ་ཚང་བ་ཞིག་ཡོང་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུགས་པ་ཡིན་ན་ཟུར་དཔང་གི་གནས་སྟངས་ཤིག་མ་གཏོགས་ཁྲིམས་གཅོད་ཀྱི་གནས་སྟངས་མིན་པའི་ཐོག་ནས་འགྲོ་ཐུབ་རྒྱུའི་དེ་འདྲའི་དབུ་མའི་ལམ་ཞིག་བཙལ་ནས་བཅའ་ཁྲིམས་ལམ་སྟོན་ཟིན་བྲིས་གཏན་ལ་ཕབ་ཡོད། བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་ནས་ལོ་བཅོ་ལྔ་འཁོར་ལ་ཉེ་ཡོད། དེའི་རིང་ང་ཚོས་བཙལ་བའི་ལམ་ཁ་དེའི་ཐོག་ནས་རྩོད་རྙོག་ཞུ་མཁན་ཡིན་ཡང་རེད། ཁྲིམས་བཟོ་དང་འཛིན་སྐྱོང་གི་སྒྲིག་འཛུགས་ཡིན་ཡང་རེད། ཚང་མར་རླབས་ཆེན་གྱི་ཕན་ཐོགས་ཆེན་པོ་བྱུང་ཡོད། ལྷག་པར་དུ་ྋགོང་ས་མཆོག་གི་དགོངས་བཞེད་ནང་ཤེས་ཡོན་ཚད་ལྡན་མེད་པའི་བོད་མི་སྐྱབས་བཅོལ་བ་ཉམ་ཆུང༌། ས་གནས་འགོ་འཛིན་དང༌། གཞུང་གི་འཛིན་སྐྱོང་ལས་བྱེད་པ་ཡིན་ཡང་རེད། གཞིས་ཆགས་ནང་ཡོད་པའི་ཁ་ཤུགས་ཆེ་བའི་བོད་མི་གཞན་ཡིན་ཡང་རེད། དེ་འདྲའི་ཐུབ་ཚོད་བཏང་བ་དང༌། དྲང་བདེན་མ་ཡིན་པའི་ལས་ཀ་བྱས་པ། འདྲ་མཚུངས་མ་བྱུང་བ་དེ་འདྲ་བསམ་བློའི་ནང་དཀའ་ངལ་ཡོང་བའི་སྐབས་སུ་ང་མི་ཉམ་ཆུང་ཡིན། ཞུ་ས་མེད། ངས་ལབ་པར་ཉན་གྱི་མ་རེད་བསམ་པའི་ཞུམ་པ་ཇི་སྲིད་བར་མེད་པ་མ་ཆགས་ན་བོད་མི་ཚང་མར་མང་གཙོའི་ཁེ་ཕན་འདྲ་མཉམ་ཟེར་བ་ཚད་དང་ལྡན་པ་ཡོང་ཐུབ་ཀྱི་མེད། དེར་བརྟེན་ཚང་མའི་བསམ་བློའི་ནང་འཛིན་སྐྱོང་གི་ལས་བྱེད་ཡིན་ཡང་རེད། ཁ་ཤུགས་ཆེ་བའི་མི་ཡིན་ཡང་རེད། སུས་ཀྱང་ཐུབ་ཚོད་འགྲོ་གི་མ་རེད། ཞུ་ས་ཡོད། དྲང་བདེན་གྱི་ཐག་གཅོད་ཡོང་རྒྱུའི་ཡིད་ཆེས་ཡོད་བསམ་པའི་བློ་སྤོབས་འཕེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེའི་ཆེད་དུ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་རྒྱ་བསྐྱེད་གཏོང་རྒྱུ་དང༌། མི་ཚང་མར་ལས་སླ་པོའི་ཁྲིམས་ལུགས་དབང་འཛིན་བར་དུ་སླེབས་ཐུབ་རྒྱུ་དེ་འདྲའི་གནས་ཚུལ་ཞིག་ཡོང་གི་རེད་ཅེས་ཡང་ཡང་བཀའ་གནང་ཡོད། བཀའ་གནང་བར་བརྟེན་འཛིན་སྐྱོང་དང༌། གྲོས་ཚོགས་གཉིས་ཀའི་ངོས་ནས་ཁྲིམས་ལུགས་དབང་འཛིན་གྱི་སྒྲིག་འཛུགས་ཚད་དང་ལྡན་པ་དང༌། ཆ་ཚང་བ་དགོས་རྒྱུ། ལྷག་པར་དུ་བོད་མི་དྲག་ཞན་སུ་ཡིན་ཡང་སྙོབ་ས་ཡོད་པ། ཐག་རིང་པོ་དང༌། འགྲོ་སོང་ཆེན་པོ་གཏོང་མི་དགོས་པ། ལས་སླ་པོའི་ཐོག་ནས་སླེབས་ཐུབ་རྒྱུའི་ཁྲིམས་ལུགས་དབང་འཛིན་གྱི་ཆ་རྐྱེན་ཚང་དགོས་པ་ྋགོང་ས་མཆོག་གི་དགོངས་གཞི་དང༌། མང་གཙོའི་ལམ་སྲོལ་གྱི་དགོས་མཁོ་ཡིན། དེ་ལྟར་བྱུང་ན་ཏན་ཏན་ང་ཚོས་མང་གཙོའི་ཁེ་ཕན་བཙན་བྱོལ་བོད་མི་སྐྱོ་ཤོས་ཀྱིས་དངོས་སུ་ལོངས་སྤྱོད་ཐུབ་པ་ཡོང་རྒྱུའི་གནས་ཚུལ་ཡོང་དགོས་ཀྱི་ཡོད་པར་བརྟེན་འདི་ཧ་ཅང་གལ་གནད་ཆེན་པོར་བརྩི་གི་ཡོད། གལ་གནད་ཆེ་བའི་ལས་དོན་གང་ཞིག་ཡིན་ཡང་ལག་ལེན་དུ་བསྟར་བའི་སྐབས་སུ་བརྒྱ་ཆ་བརྒྱ་ཐམ་པ་དཀའ་ངལ་མེད་པར་འགྲོ་ཆོག་ཡོང་རྒྱུ་ཁག་པོ་ཡིན་པ་ང་ཚོས་ངོས་ལེན་བྱེད་དགོས་པ་ཡིན། མངའ་དབང་ཆ་ཚང་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཁག་གི་ནང་ལའང་ཚང་མ་ལས་སླ་པོར་བར་ཆད་དང་དཀའ་ངལ་མེད་པའི་སྒོ་ནས་འགྲོ་རྒྱུ་མེད་པར་བསམ་གྱི་ཡོད། ང་ཚོའི་གནས་ཚང་རྒྱལ་ཁབ་ལ་བལྟས་པ་ཡིན་ཡང་རེད། དེང་སྐབས་འཛམ་གླིང་ནང་སྙན་གྲགས་ཡོད་པའི་མང་གཙོའི་རྒྱལ་ཁབ་དཔལ་འབྱོར་དང༌། ཆབ་སྲིད་གང་གི་ཐོག་ནས་ཡར་ཐོན་ཟིན་པའི་རྒྱལ་ཁབ་ལ་བལྟས་ཀྱང་དཀའ་ངལ་ཏན་ཏན་ཡོང་གི་ཡོད། མང་ཚོགས་ཀྱིས་ཁྲིམས་ལུགས་དབང་འཛིན་གྱི་ཐག་གཅོད་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩི་བཀུར་མ་བྱས་པའི་དཀའ་ངལ་དང༌། ཡང་ནས་ཡང་དུ་ཁྲིམས་བཟོ་ལྷན་ཚོགས་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་གསུམ་གྱི་བར་དབང་ཆ་ཆ་བགོས་བྱེད་སྟངས་དང༌། དབང་ཆ་ཚད་འཛིན་བྱེད་སྟངས་ཐོག་ནས་བསམ་བློ་མི་མཐུན་པ་བྱུང་སྟེ་ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས་ཀྱི་བར་འགལ་ཟླ་ཡོང་བ་དང༌། ཁྲིམས་ལུགས་དབང་འཛིན་དང་འཛིན་སྐྱོང་བར་འགལ་ཟླ་ཡོང་བ། སྐབས་རེ་ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་གསུམ་ཀའི་ཐོག་ལ་ཕྱོགས་གསུམ་ནས་འཐེན་འགྲོ་བའི་གནས་ཚུལ་ཡོང་བ། སྤྱིར་བཏང་འཁོར་བའི་ཆོས་ཉིད་གང་འདྲ་ཞིག་ཡིན་ཡང་དེའི་ནང་དཀའ་ངལ་དང༌། རྙོག་དྲ་ཡོང་རྒྱུའི་ས་བོན་ཐོག་མ་ནས་ཡོད་པར་བརྟེན་ཡོང་སྲིད་པ་ཡིན། ཡིན་ཡང་དེ་འདྲ་བྱུང་བའི་སྐབས་སུ་རིམ་པས་སེལ་ཏེ་འགྲོ་རྒྱུ་ཞིག་ལས་དཀའ་ངལ་འདུག་ཅེས་ཁུམ་བསྡད་པ་དང༌། དཀའ་ངལ་ལ་བརྟེན་ནས་སྒྲིག་འཛུགས་ཆུང་དུ་གཏོང་བ་དང་ཕྱིར་བསྡུ་བྱེད་རྒྱུ། སྒྲིག་འཛུགས་ཀྱི་ལས་དོན་ཐོག་འཇིགས་ཞུམ་མེད་པའི་ཐོག་ནས་ཞུགས་མི་ནུས་པར་སྔོན་མ་དེ་འདྲ་བྱུང་སོང་ཕྱིས་སུ་གང་འདྲ་བྱས་ཡོང་བསམས་ནས་ཁུམ་བསྡད་ན་རྩ་བ་ཉིད་ནས་འགྲིགས་ཀྱི་མེད། དཀའ་ངལ་བྱུང་རིམ་བཞིན་གདོང་ལེན་དང་སེལ་དགོས་པའི་གནས་སྟངས་ཧ་ཅང་གལ་ཆེན་པོ་ཡིན་པ་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ཆ་ནས་གལ་ཆེན་པོ་ཡིན་པ་བཙན་བྱོལ་གཞུང་དང༌། བཀའ་ཤག་གིས་གསལ་པོ་ཤེས་ཀྱི་ཡོད། ཤེས་པ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་སྐབས་སུ་བབ་པ་འདིར་ཕེབས་པ་མང་ཆེ་བ་ས་གནས་འགོ་འཛིན་རྣམ་པ་ཚོ་ཡིན། ས་གནས་འགོ་འཛིན་མང་ཆེ་བར་གཅིག་ལྕོགས་ཁྲིམས་ཞིབ་པའི་དབང་ཚད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནང་ཡོད། མང་ཆེ་བ་འཕྲལ་སེལ་མ་ཡིན་པར་ལས་གནས་མ་འཕྱུར་བར་གནས་རྒྱུའི་གནས་སྟངས་ཐོག་ནས་གནང་གི་ཡོད། བཅའ་ཁྲིམས་ཟིན་བྲིས་འདེབས་པའི་སྐབས་སུ་ང་ཚོའི་བསམ་བློའི་ནང་ས་མཚམས་དང་ལྗིད་ཁོག་མང་པོ་ཡོད། ད་ལྟ་ཕྱི་བལྟས་སློག་སྐབས་འཇིགས་ཞུམ་མེད་པར་ཟིན་བྲིས་ཁ་ཤས་རྒྱག་མི་ཐུབ་པར་ནོར་འདུག་བསམ་པ་ཁ་ཤས་ཡང་སེ་དྲན་གྱི་ཡོད། དེ་སྐབས་ང་ཚོའི་བསམ་བློའི་ནང་ལྗིད་ཁོག་ཆེ་ཤོས་ག་རེ་ཡོད་ཟེར་ན། བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་གནས་བབ་ཡོད། བཙན་བྱོལ་གཞུང་གི་དཔལ་འབྱོར་གནས་བབ་ཀྱི་ལྗིད་ཁོག་ལ་བརྟེན་ནས་སྒྲིག་འཛུགས་ཚང་མ་ག་ཚོད་ཆུང་ཆུང་དང༌། ཉུང་ཉུང༌། ཕན་ཚུན་གཅིག་ལྕོགས་བྱེད་རྒྱུ་ཞིག་བྱུང་ན་གང་ཐུབ་གཅིག་ལྕོགས་ཡོང་རྒྱུའི་ཐབས་ལམ་བཟོས་ནས་ཕྱིན་པ་རེད།
ས་གནས་གྲོས་ཚོགས་ཡིན་ཡང་རེད། ཆེས་མཐོའི་ཁྲིམས་ཁྲིབ་ཁང་ཡིན་ཡང་བཅའ་ཁྲིམས་ཐོག་མར་ཟིན་བྲིས་འདེབས་པའི་སྐབས་སུ་ཁྲིམས་ཞིབ་པ་གཅིག་མ་གཏོགས་མེད། བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་ཁྲིམས་ཞིབ་པའི་གྲངས་ཚད་སྤར་ཡོད། གྲངས་ཚད་སྤར་རྒྱུ་ཐོག་མའི་བཅའ་ཁྲིམས་ནང་བཏོན་ཡོད། དེར་བརྟེན་ས་གནས་ཁྲིམས་ཞིབ་ཁང་དང༌། བསྐོར་བསྐྱོད་ཁྲིམས་ཞིབ་ཁང་ཟེར་བ་ནི་ས་གནས་འགོ་འཛིན། ལས་བྱེད་གཞན། ཡང་ན་སྐྱེ་བོ་བྱེ་བྲག་པ་སུ་རུང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བསྐོ་གཞག་གནང་ཆོག་པའི་ཆ་རྐྱེན་བཅའ་ཁྲིམས་དོན་ཚན་ ༦༩ ནང་གསལ་པོ་བཏོན་ཡོད། མི་ཉུང་ཉུང་ཞིག་གིས་ལས་ཀ་མང་པོ་བྱེད་ཐུབ་པའི་ཆེད་དུ་བཏོན་པ་ཞིག་ཡིན་པར་མ་ཟད། ང་ཚོའི་གནས་ཚང་རྒྱ་གར་ལྟ་བུར་ཆ་མཚོན་ཡང་རྫོང་གཞིས་ཀྱི་སོ་སོའི་རྫོང་དཔོན་དང༌། ལས་རོགས་ལ་སྤྱི་ཚོགས་ཀྱི་ཁྲིམས་ལུགས་དབང་ཆ་གང་ལ་གང་འཚམས་སྤྲད་ཡོད་ཀྱང་དེ་ Magistrial Power རེད་མ་གཏོགས་ Judicial Power རག་གི་མེད། ང་ཚོར་ Magistrial Power དང༌། Judicial Power དབྱེ་བ་ཕྱེ་རྒྱུ་བསྡད་མེད། གང་ཡིན་ཞེ་ན་ང་ཚོའི་ཁྲིམས་ཁང་གི་ཁྱབ་ཚད་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་དེ་དག་ Magistrial Power དང་ Judicial Power དབྱེ་བ་ཕྱེ་མེད་ལ། དབྱེ་བ་ཕྱེ་ཡང་གསལ་པོ་ཕྱེ་ཐུབ་རྒྱུ་མེད། དེ་དག་ལ་ལྟོས་ཏེ་ད་ལྟ་ང་ཚོ་ས་གནས་འགོ་འཛིན་ལ་གཅིག་ལྕོགས་ཁྲིམས་དཔོན་བསྐོ་རྒྱུ་ཆ་རྐྱེན་དེའི་འོག་ནས་གཅིག་ལྕོགས་ཁྲིམས་ཞིབ་པའི་ཕྱག་ལས་གནང་དང་གནང་མུས་ཡིན།
དེར་བརྟེན་དེ་རིང་གི་ཟབ་སྦྱོང་སྤྲོད་རྒྱུའི་གནས་བབ་དེ་བྱུང་བ་རེད། དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང༌། ས་གནས་འགོ་འཛིན་ཡོད་སར་འཛིན་སྐྱོང་ངོས་ནས་དོན་དག་གཅིག་ངེས་པར་དུ་གསལ་པོ་བཟོ་དགོས་ཀྱི་རེད་བསམ་གྱི་འདུག གསལ་པོ་བཟོ་དགོས་པ་ནི་ཁྱེད་རང་ཚོས་ཆུ་ཚོད་ ༢༤ རིང་ག་དུས་ཡིན་ཡང་ཁྱེད་རང་ཚོའི་ངོ་བོ་ངོ་མ་ནི་ས་གནས་འགོ་འཛིན་རེད་མ་གཏོགས་ཁྲིམས་ཞིབ་པ་མིན། ཁྲིམས་ཞིབ་པ་གཅིག་ལྕོགས་བྱེད་རྒྱུ་ཡིན། དེར་བརྟེན་ཁྲིམས་ཞིབ་པའི་ལས་འགན་ཁུར་དགོས་པའི་སྐབས་སུ་ཆུ་ཚོད་གཅིག་གམ་སྐར་མ་བཅོ་ལྔ། ཉིན་མ་གཅིག་ཁུར་དགོས་ཀྱང་དེའི་སྐབས་སུ་ཁྲིམས་ཞིབ་པའི་འགན་དབང་བྱས་ཏེ་ཁྲིམས་ཞིབ་པ་ཆགས་རྒྱུ་རེད། དེ་ཞོར་ལྕོགས་བྱེད་རྒྱུ་རེད་མ་གཏོགས་གང་ཟག་སོ་སོའི་ལས་འགན་གྱི་ངོ་བོ་དང༌། གནས་ཚད་ག་དུས་ཡིན་ཡང་ས་གནས་འགོ་འཛིན་ལ་སྡོད་རྒྱུ་རེད་མ་གཏོགས་ཁྲིམས་ཞིབ་པའི་ངོ་བོར་སྡོད་ཀྱི་མེད། གནས་ཚུལ་དེ་གསལ་པོ་མ་མཁྱེན་ན་གང་སར་འཁོན་དོགས་ཡོང་རྒྱུ་ཡིན། བཞུགས་གྲལ་སྒྲིག་པའི་སྐབས་སུའང་ས་གནས་འགོ་འཛིན་ནམ། ས་གནས་ཁྲིམས་ཞིབ་པ་བྱས་ཏེ་སྡོད་ཀྱི་ཡོད་པའི་གནས་སྟངས་གསལ་པོ་མི་རྟོགས་ན་ཞུགས་གྲལ་དེའང་ཏག་ཏག་མི་འགྲིགས་པའི་གནས་སྟངས་ཆགས་རྒྱུ་ཡིན། ཁྲིམས་ཞིབ་པའི་ངོ་བོ་འཛིན་སྐྱོང་གི་སྟངས་འཛིན་ཁྱབ་ཁོངས་ནང་མེད། གཅིག་ལྕོགས་ཁྲིམས་ཞིབ་པ་གཅིག་གིས་ཁྲིམས་ཞིབ་ལས་དོན་ཐོག་ནོར་འཁྲུལ་ཕྱིན་ན་སྟངས་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནང་རྒྱུ་ལས་འཛིན་སྐྱོང་གིས་བྱེད་རྒྱུ་མེད་ཀྱང༌། ངོ་བོ་ངོ་མ་ནི་ཁྲིམས་ཞིབ་པ་མིན་པར་ས་གནས་འགོ་འཛིན་ཆགས་ཡོད་པར་བརྟེན་ག་དུས་ཡིན་ཡང་སྲི་ཞུའི་ལས་བྱེད་ཡིན། སྲི་ཞུའི་ལས་བྱེད་ཡིན་པའི་ཆ་ནས་འཛིན་སྐྱོང་གི་སྟངས་འཛིན་འོག་ཏུ་ཡོད་པ་དང༌། འཛིན་སྐྱོང་གི་མདུན་དུ་ལོ་རེའི་གསང་སྙན་འབུལ་དགོས་པ། འཛིན་སྐྱོང་གིས་ཁྱེད་རང་ཚོའི་ལས་དོན་ནོར་འཁྲུལ་ཕྱིན་ན་སྟངས་འཛིན་བྱེད་རྒྱུ། སྲི་ཞུའི་ལས་བྱེད་ཀྱི་ལམ་སྟོན་གང་ཡོད་པ་གཅིག་ལྕོགས་ཁྲིམས་ཞིབ་པ་ཡིན་པ་དང༌། གཅིག་ལྕོགས་ཁྲིམས་ཞིབ་པ་མིན་པའི་ཆ་ནས་དབྱེ་བ་ཕྱེ་རྒྱུ་གང་ཡང་མེད། དེ་བཞིན་གཞུང་ཞབས་གཅིག་ས་གནས་ཁྲིམས་ཞིབ་པར་གཏན་འཇགས་བསྐོ་གཞག་གནང་ཚེ་འཛིན་སྐྱོང་ངོས་ནས་ག་དུས་ཡིན་ཡང་ག་རེ་བསམ་གྱི་ཡོད་ཅེ་ན། གཏན་འཇགས་ཁྲིམས་ཞིབ་པར་བསྐོ་གཞག་གནང་གྲུབ་པའི་རྗེས་སུ་ས་གནས་ཁྲིམས་ཞིབ་པ་བྱས་ཏེ་རྒས་ཡོལ་འགྲོ་དགོས་ཀྱི་རེད་མ་གཏོགས། ལོ་ཁ་ཤས་ས་གནས་ཁྲིམས་ཞིབ་ཟུར་འཛུགས་ནང་ཁྲིམས་ཞིབ་པ་གནང་རྗེས་བསྐྱར་དུ་གཞུང་ཞབས་ནང་ལོག་རྒྱུ་ཞིག་ཆགས་ན་མང་གཙོའི་ལྟ་གྲུབ་དང༌། སྤྱི་ཡོངས་འགྲོ་སྟངས་ཆ་ནས་འགྲིགས་ཀྱི་མེད། ཡིན་ཡང་ད་ལྟ་ཡོད་བཞིན་པའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་ནང་ཡོང་ཆོག་པ་ཆགས་ཡོད། གཞུང་ཞབས་གཅིག་ལ་ས་གནས་ཟུར་འཛུགས་ཁྲིམས་ཞིབ་པ་བསྐོས་ཀྱང་གཞུང་ཞབས་ནས་དགོངས་པ་མ་ཞུས་པར་ལུས་པ་ཡོད། ལུས་པ་ནི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དེའི་འོག་ནས་ཆ་རྐྱེན་ཡོད་པར་བརྟེན་གཞུང་ཞབས་སུ་འཁོད་པ་ཡིན་ཡང་དེའི་དབང་གིས་འདུག་སེ་ལུས་ཡོད། དེ་ལྟར་ཆགས་སྐབས་འཛིན་སྐྱོང་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་ཅེ་ན། དེ་འདྲའི་མི་གཅིག་འཛིན་སྐྱོང་གི་སྒྲིག་གྲལ་ནང་བསྡད་ཡོད་ན་གསང་སྙན་གང་དུ་འགྲོ་གི་རེད། རྗེས་སུ་ཁྲིམས་ཞིབ་པ་ཁྱུར་ནས་གཞུང་ཞབས་ནང་ལོག་ཡོང་ན་གང་དུ་སྡོད་ཀྱི་རེད། ལོ་མང་པོ་གསང་སྙན་མེད་པར་བསྡད་པ། ལས་བྱེད་ཁོ་རང་ངོས་ནས་ཡིན་ཡང་རྒས་ཡོལ་ཐོན་པའི་སྐབས་སུ་གཞུང་ཞབས་རྒས་ཡོལ་ཐོན་པར་བརྩི་གི་རེད། ཡང་ན་ཁྲིམས་ཞིབ་པ་རྒས་ཡོལ་ཐོན་པར་བརྩི་གི་རེད། དེ་འདྲའི་གནས་བབ་ཀྱི་གནས་ཚུལ་མང་པོ་ཡོད། དཔེར་ན་འཛིན་སྐྱོང་ནང་གང་བྱུང་བྱེད་མཁན་ཞིག་སླེབས་ན་འཛིན་སྐྱོང་གིས་ཟུར་འཛུགས་ཁྲིམས་ཞིབ་པ་གཞུང་ཞབས་ཡིན་པ་གཅིག་ལ་འགན་དབང་བསྐུར་བའམ། ལན་འཛུགས་པ། འགྲིགས་མི་འདུག་ཅེས་ལབ་ན་གནས་བབ་ག་འདྲ་ཆགས་འགྲོ་གི་རེད། དེ་སྔ་ཕན་དེ་ལྟར་བྱུང་མྱོང་མེད་ཀྱང༌། ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཐོག་ནས་ང་ཚོས་ཕྱི་བལྟས་སློག་ན་དཀའ་ངལ་ཡོང་སྲིད་པ་ཆགས་ཀྱི་ཡོད། ས་གནས་འགོ་འཛིན་རྣམས་ལ་དེ་ཆགས་རྒྱུ་མེད་པ་གང་ཡིན་ཞེ་ན། གཅིག་ལྕོགས་ཟེར་རྒྱུའི་ཚིག་ཡོད་པར་བརྟེན་གཅིག་ལྕོགས་དང་ཞོར་ལྕོགས་གཉིས་གཅིག་པ་ཡིན། དགོས་ངེས་སྐབས་སུ་བྱེད་རྒྱུ་མ་གཏོགས་རྒྱུན་དུ་ཁྲིམས་ཞིབ་པའི་གནས་བབ་མི་ལྡན་པར་བརྟེན་སྲི་ཞུའི་ལས་བྱེད་ཀྱི་འགྲོ་ལུགས་འདུག་སྟངས་ལྡན་དགོས་ཀྱི་ཡོད། དེར་བརྟེན་ས་གནས་ཁྲིམས་ཞིབ་པ་གཅིག་ལྕོགས་ཡིན་པ་གཞུང་ཞབས་ཡིན་པ་ཙམ་དུ་མ་ཟད། ས་གནས་ནས་འོས་བསྡུ་བྱས་པའི་ས་གནས་འགོ་འཛིན་ཡིན་ཡང་ལོ་གསུམ་དང༌། ལོ་དྲུག་ས་གནས་འགོ་འཛིན་ལོ་ག་ཚོད་བྱས་པའི་རིང་མི་མང་གིས་འོས་བསྡུ་བྱས་པའི་རྗེས་སུ་གཅིག་མཚུངས་ཀྱི་སྲི་ཞུ་བ་ཆགས་རྒྱུ་ཡིན་ཞིང༌། ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་འོག་ཏུ་ཡོད་པའི་སྲི་ཞུ་བ་ཞིག་ཡིན་པ་ལས་མི་མང་གིས་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་ཡིན་པའི་ཆ་ནས་སྲི་ཞུའི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞིར་བརྩི་མི་དགོས་པ་གང་ཡང་མེད། གཅིག་མཚུངས་ཡིན། གཞུང་གིས་བསྐོས་པ་དང༌། མི་མང་གིས་འདེམས་པའི་ཁྱད་པར་ལས་ལས་དོན་བྱེད་སྐབས་སྲི་ཞུའི་ལས་བྱེད་ཆགས་ཀྱི་ཡོད་ཅིང༌། དེ་ལས་གཞན་པའི་གནས་ཚུལ་གང་ཡང་ཆགས་རྒྱུ་མེད།
དེར་བརྟེན་གཅིག་ལྕོགས་ཁྲིམས་ཞིབ་པའི་འགན་ཁུར་དགོས་ས་ནི་དུས་ཚོད་དང་གནས་སྐབས་གང་དང་གང་རེད། ས་གནས་འགོ་འཛིན་གྱི་ངོ་བོའི་ལས་ཀ་བྱེད་དགོས་པའི་གོ་སྐབས་དང་གནས་ཚུལ་གང་ཡིན་དེ་གཉིས་ཀྱི་དབྱེ་བ་གསལ་པོ་ཕྱེ་ནས་ལས་དོན་གནང་དགོས་པ། ས་གནས་འགོ་འཛིན་གཅིག་ལྕོགས་ཁྲིམས་ཞིབ་པའི་ལས་འགན་ཆགས་རྒྱུ་ཡིན་པ། དཔལ་ལྡན་ཁྲིམས་ཞིབ་པ་དང་ཁྱེད་རང་ཚོ་ཚང་མ་འདུ་འཛོམས་སར་གསལ་པོ་ཞུ་རྒྱུ་ཡིན། ཁྲིམས་ཞིབ་ཀྱི་ཁྲིམས་དང་སྒྲིག་གཞི་དང་མི་མཐུན་པ་གང་ཡང་ཆགས་ཀྱི་མེད། ས་གནས་གཅིག་ལྕོགས་ཁྲིམས་ཞིབ་པའི་འགན་དབང་ཡོད་མཁན་ཚོས་རྩོད་རྙོག་དང༌། ཁ་མཆུ་ཉན་ཞིབ་བྱེད་རྒྱུའི་ལས་འགན་ཡོང་གི་ཡོད་ལ་ཡོང་དགོས་ཀྱི་ཡོད། ལས་དོན་གནང་བའི་སྐབས་སུ་ ༡༩༩༡ ལོར་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་མ་ཕབ་པའི་གོང་ས་གནས་འགོ་འཛིན་གྱི་རྩོད་རྙོག་མང་པོར་ཉན་ཞིབ་དང་ཐག་གཅོད་བྱེད་སྐབས་ཀྱི་ལས་རིམ་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འོག་ཏུ་གཅིག་ལྕོགས་ཁྲིམས་ཞིབ་པ་བསྐོས་པའི་རྗེས་སུ་ཁ་མཆུ་ཉན་ཞིབ་དང་ཐག་གཅོད་བྱེད་རྒྱུའི་ལས་གཞི་ལོགས་སུ་ཡིན་པ་གསལ་པོ་མཁྱེན་དགོས་པ་ཡིན། འཛིན་སྐྱོང་གི་དབང་ལྡན་འགན་འཛིན་ཡིན་པའི་ཆ་ནས་རྩོད་རྙོག་ལ་ལྟ་སྟངས་དང༌། ཞིབ་འཇུག་བྱེད་སྟངས། ཁྲིམས་ཞིབ་པ་ཡིན་པའི་ཆ་ནས་རྩོད་རྙོག་ལ་ལྟ་སྟངས་དང༌། ཞིབ་འཇུག་བྱེད་སྟངས་གཉིས་ལ་ཁྱད་པར་ཏན་ཏན་ཡོང་དགོས་ཀྱི་ཡོད། དེར་བརྟེན་ག་དུས་ཡིན་ཡང་ཁ་མཆུ་ཉན་ཞིབ་བྱེད་སྐབས་ས་གནས་འགོ་འཛིན་རྣམས་ཀྱིས་ང་ས་གནས་འགོ་འཛིན་ཡིན་བསམ་པ་རྩ་བ་ནས་གནང་རྒྱུ་མེད། ཁ་མཆུ་ཉན་ཞིབ་བྱེད་སྐབས་ས་གནས་འགོ་འཛིན་མིན། གཅིག་ལྕོགས་ཁྲིམས་ཞིབ་པ་ཆགས་ཀྱི་ཡོད། དེའི་ནང་འཛིན་སྐྱོང་གི་བྱུས་མེད་བྱུས་འཁྲི་བྱས་ན་རྩ་བ་ནས་མི་ཆོག་པར་ངོས་འཛིན་བྱེད་དགོས། རྩོད་རྙོག་འདི་འདྲ་ཞིག་ལ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་ན་དེར་ལན་འདེབས་དགོས་པ་གང་ཡང་མེད། གཅིག་ལྕོགས་ཁྲིམས་ཞིབ་པའི་ངོ་བོ་བྱས་ཏེ་རྩོད་རྙོག་དེར་བལྟ་གི་ཡོད་པ་ལས་གཞུང་གི་འཛིན་སྐྱོང་དབང་ལྡན་འགན་འཛིན་ཡིན་པའི་ཆ་ནས་བལྟ་གི་མེད། དེ་སྐབས་སོ་སོའི་ས་མཚམས་དང་རང་དབང་སྲུང་སྐྱོབ་བྱེད་པ་ལས་སྤྱིར་བཏང་སྲི་ཞུའི་ལས་བྱེད་ཡིན་པའི་བསམ་བློའི་བག་ཆགས་དེའི་དབང་གིས་ཁྲིམས་ཞིབ་པའི་ངོ་བོ་བྱས་ཏེ་ཁ་མཆུ་ཉན་ཞིབ་བྱེད་སྐབས་དེའི་བག་ཆགས་སླེབས་ན་འགྲིགས་ཀྱི་མེད། ཕན་ཚུན་གཉིས་ཀ་གཙང་མ་བྱས་ཏེ་འཇོག་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། ཁ་མཆུ་ཉན་ཞིབ་བྱེད་སྟངས་དང༌། ལྟ་སྟངས་ཡིན་ཡང་ཡོངས་སུ་རྫོགས་པ་སྤྱི་མང་གཏུགས་བཤེར་ཡིན་ཡང་རེད། བདེན་རྟགས་ཀྱི་གནས་ཚུལ་བཀོད་སྟངས་ཡིན་ཡང་རེད། གནས་ཚུལ་དེ་དག་ཡོངས་སུ་རྫོགས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཞིབ་ཚགས་གཏན་ལ་ཕབ་ཡོད། ཁྲིམས་ཡིག་གཞིར་བཟུང་བྱས་ཏེ་འགྲོ་དགོས་པ་ལས་ཁྲིམས་ཡིག་ཟུར་འཇོག་བྱས་ཏེ་ནམ་རྒྱུན་གྱི་བྱེད་སྟངས་བྱས་ན་འགྲིགས་ཐབས་མེད། སྐབས་རེ་སྲི་ཞུའི་ལས་བྱེད་ཀྱི་རྙོག་དྲ་ཡིན་ན་གཅིག་ལྕོགས་ཁྲིམས་ཞིབ་པར་སྤྲད་པའི་ཁ་མཆུའི་ངོ་བོར་མ་བལྟས་པར་ནང་དོན་སྒྲིག་འཛུགས་ཀྱི་ལས་དོན་ངོ་བོར་བལྟས་ན་སྡེ་ཚན་ནང་ཁུལ་གྱི་རྩོད་རྙོག་Departmental Dispute ཆགས་ཀྱི་རེད། ཁྲིམས་ཞིབ་པ་ཡིན་པར་བརྟེན་བྱེད་རྒྱུ་མེད། གཤམ་འོག་ལས་བྱེད་ཀྱི་བདེ་སྡུག་གནས་སྟངས་སྡེ་ཚན་རང་གི་སྒྲིག་གཞིའི་ཐོག་ནས་དབང་ལྡན་འགན་འཛིན་ཡིན་པའི་ཆ་ནས་ཁ་མཆུའི་ངོ་བོར་བལྟ་རྒྱུ་མེད། རྩོད་རྙོག་ངོ་བོ་དེའང་ཁ་མཆུའི་ངོ་བོར་ལེན་པ། འཛིན་སྐྱོང་གི་དཀའ་རྙོག་ངོ་བོར་ལེན་པ་སོ་སོས་ཐོག་མ་ནས་ཞིབ་ཚགས་མཁྱེན་དགོས་པ་དང༌། ཕན་ཚུན་བསྲེས་ལྷད་མི་ཡོང་བའི་བསམ་ཚུལ་ཤུགས་ཆེན་པོ་འཁྱེར་དགོས་པ་གལ་ཆེན་པོ་ཡིན། དེ་དག་གཅིག་ལྕོགས་ཁྲིམས་ཞིབ་པས་དོ་སྣང་དང་ཐུགས་ལ་འཇགས་དགོས་པ་ཡིན། གཅིག་ལྕོགས་ཁྲིམས་ཞིབ་པ་ཡིན་པའི་རྒྱུ་མཚན་གྱིས་དེ་རིང་འདིར་ཟབ་སྦྱོང་གནང་གི་ཡོད། ཟབ་སྦྱོང་གནང་མིན་ལ་མ་ལྟོས་པར་སྤྱི་མང་གཏུགས་བཤེར་གྱིས་མཚོན་ཁ་མཆུ་ཉན་ཞིབ་སྐབས་ཀྱི་བྱེད་སྒོ་རྣམ་གསུམ་གྱི་རིག་པ་གང་ཡིན་པ་སློབ་སྦྱོང་གནང་སྟེ་ཤེས་དགོས་པ་ཡིན། གལ་ཏེ་མ་ཤེས་པ་ཡིན་ན་ཁ་མཆུ་ལེན་རྒྱུ་མེད། སྔོན་ལ་སློབ་སྦྱོང་བྱས་ཏེ་ཤེས་རྟོགས་བྱུང་རྗེས་ཁ་མཆུ་ལེན་དགོས་པའི་གནས་སྟངས་དེ་ལྟར་ཡིན།
འཛིན་སྐྱོང་ངོས་ནས་རེ་བ་བྱེད་རྒྱུར་ས་གནས་ཟུར་འཛུགས་ཁྲིམས་ཞིབ་ཁང་དང༌། བསྐོར་བསྐྱོད་ཁྲིམས་ཞིབ་ཁང་རིམ་པས་ཇེ་མང་དུ་འགྲོ་ཐུབ་པ་དང༌། ས་གནས་འགོ་འཛིན་རྣམས་ལ་གཅིག་ལྕོགས་ཀྱི་ཁྲིམས་ཞིབ་པའི་འགན་དབང་དུས་ཚོད་ངེས་ཅན་ནང་ཇེ་ཉུང་དུ་གཏོང་ཐུབ་རྒྱུའི་ལས་གཞི་དམིགས་བསལ་བཙན་བྱོལ་བོད་རིགས་སྤྱི་ཚོགས་ཀྱི་དགོས་མཁོ་ཆགས་པར་མཐོང་གི་ཡོད། དེར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་དེའི་ཐོག་ངེས་པར་དུ་དགོངས་བཞེས་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཁྱབ་ཁོངས་ནང་འགྲོ་ཐུབ་པའི་ས་གནས་ཁག་ནས་ས་གནས་འགོ་འཛིན་ལ་གཅིག་ལྕོགས་ཁྲིམས་ཞིབ་པའི་འགན་དབང་མ་བསྐུར་ཡང་འགྲིགས་ཀྱི་མེད་དམ་བསམ་གྱི་ཡོད། ཁྲིམས་ཞིབ་ཁང་དུ་བཅར་ནས་དེ་ལྟར་བྱས་ན་འགྲིགས་མིན་ཞུ་རྒྱུ་མ་བྱུང་ཡང་མ་འོངས་པར་དགོས་གལ་བྱུང་ཚེ་སྙན་གསན་ཞུ་རྒྱུ་ཡིན། མི་གཅིག་གིས་གཅིག་ལྕོགས་ཁྲིམས་ཞིབ་པའི་མདུན་དུ་ཕྱིན་པ་དང༌། ས་གནས་ཟུར་འཛུགས་ཁྲིམས་ཞིབ་ཁང་དུ་ཕྱིན་པ་གཉིས་པོ་ས་ཐག་རིང་ཐུང་ཡིན་ཡང་རེད། དཀའ་ངལ་ཆེ་ཆུང་ཡིན་ཡང་དེ་འདྲ་རྩ་བ་ནས་མེད་ས་ཞིག་ཡིན་ན་དེ་དང་ཉེ་ཁུལ་གྱི་ས་ཁུལ་གང་ལ་གང་འཚམས་ཤིག་རིམ་པ་མང་པོ་བྱས་ཏེ་དང་པོ་ཞུ་གཏུགས་བྱེད་ས་དང༌། དེ་ནས་གོང་ཞུ་བྱེད་སའི་རིམ་པ་མང་པོ་བཞག་པའི་དབང་གིས་གནས་ཚུལ་གཟིགས་པ་ཡིན་ན་གནས་ཚུལ་ལོགས་ཀ་ཡིན་པ་ལས། དེ་ལྟར་མིན་ན་ཡང་གནས་ཚུལ་ཁ་ཤས་གོང་ཞུ་རིམ་པ་གསུམ་བཞི་མེད་ཀྱང་འགྲིགས་པའི་གནས་ཚུལ་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསྐྱར་དུ་ཞིབ་འཇུག་གནང་ཐུབ་ན་རྡོ་དོན་ཞུ་རྒྱུ་ནི་སྲི་ཞུའི་ལས་བྱེད་གཅིག་ལ་གཅིག་ལྕོགས་ཁྲིམས་ཞིབ་པའི་འགན་དབང་བསྐུར་གནང་བ་ནི་འགྲོ་གྲོན་སྲི་ཚགས་ཆེད་དུ་ཁུངས་འཁྱོལ་ཙམ་བྱེད་རྒྱུའི་ལས་གཞི་ལས་དེ་ནི་གཞི་ཕུན་སུམ་ཚོགས་པ་ཆགས་ཀྱི་མེད། དེར་བརྟེན་ས་གནས་སོ་སོའི་ནང་ཟུར་འཛུགས་ཁྲིམས་ཁང་དང༌། ཟུར་འཛུགས་ཁྲིམས་ཁང་གི་རིམ་པ་ད་དུང་ཡིན་ཡང་མང་དུ་གཏོང་རྒྱུའི་ཐོག་དགོངས་བཞེས་གནང་ཐུབ་ན་ཧ་ཅང་ཡག་པོ་ཡོང་རྒྱུ་ཡིན། གཅིག་ལྕོགས་དང་ཞོར་ལྕོགས་བྱེད་རྒྱུ་ནི་གནས་སྟངས་རིམ་པས་ཉུང་དུ་ཕྱིན་ན་ཡག་པ་ཡོད། དེ་ནི་ཟླ་བ་གཅིག་གཉིས་དང་ལོ་གཅིག་གཉིས་ནང་མྱོང་རྒྱུའི་གནས་ཚུལ་མིན་པར་ཕུགས་རྒྱང་རིང་པོའི་འཆར་གཞི་བསྒྲིག་རྒྱུའི་གནས་སྟངས་ཤིག་ཡིན། ཇི་སྲིད་ཀྱི་བར་དུ་ད་ལྟའི་ལས་ཀ་བྱེད་བཞིན་པའི་ཐོག་ནས་འགྲོ་བ་དེ་སྲིད་དུ་གཅིག་ལྕོགས་ཁྲིམས་ཞིབ་པ་ཡིན་པ་ཚང་མས་ཁྲིམས་དོན་ལས་གཞི་སློབ་སྦྱོང་དང༌། དོགས་གནས་ལ་བཀའ་འདྲི་ཞུ་རྒྱུ། རྩོད་རྙོག་ཉན་ཞིབ་བྱེད་བཞིན་པའི་སྐབས་སུའང་དོགས་གནས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུ། གང་ལྟར་ལས་གཞི་བྱས་པའི་ལས་རིམ་འདི་བརྒྱ་ཆ་བརྒྱ་ཐམ་པ་ཁྲིམས་སྒྲིག་དང་མཐུན་པའི་ཐོག་སླེབས་ཐུབ་པ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་ཅེས་ཏན་ཏན་གྱིས་ཞུ་རྒྱུ་ཡིན།
ཁྱེད་རང་ཚོ་རྒྱུན་ལྡན་མི་མང་དང་མཉམ་གཤིབས་བྱས་ཏེ་སྡོད་མཁན་ཡིན་ཞིང༌། ང་ཚོའི་སྤྱི་ཚོགས་ཀྱི་གོམས་གཤིས་ཟེར་ནའང་མི་འདུག སྤྱི་ཚོགས་ཀྱི་ཀུན་སྤྱོད་ཐོག་ཡར་རྒྱས་དང༌། བཟོ་བཅོས་བརྒྱབ་དགོས་པ་མང་པོ་ཡོད། ད་ལྟའི་མིའི་བསམ་བློའི་ནང་མང་གཙོའི་ཁེ་ཕན་ཡོངས་རྫོགས་ལོངས་སྤྱོད་བྱེད་ཀྱི་ཡོད་བསམ་པ་ཡོད་ཀྱང༌། མང་གཙོའི་རིང་ལུགས་ནང་འགྲོ་མཁན་མི་ཚང་མས་དཔལ་ལྡན་ཁྲིམས་ཞིབ་པའི་ངོ་སྤྲོད་གསུང་བཤད་ནང་ཡོད་པ་བཞིན་མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་པར་མང་གཙོའི་ལས་འགན་ཆ་ཚང་བསྒྲུབ་དགོས་པ་ད་དུང་ཡང་གསལ་པོ་བསམ་བློའི་བག་ཆགས་ནང་འཇགས་མི་ཐུབ་པར་བསྡད་ཡོད་པའི་ཚོར་སྣང་ཡོང་གི་འདུག མང་གཙོའི་གོམས་གཤིས་ཆ་ཚང་ཡོད་པའི་སྤྱི་ཚོགས་ནང་གི་མི་སུ་ཡིན་ཡང་ཁྲིམས་ཁང་ནས་ཐག་གཅོད་བྱས་པར་ཡིན་ཤག་བྱས་པ་མ་གཏོགས་དེར་ཟུར་ཟ་དང་སྐྱོན་བརྗོད་བྱེད་རྒྱུའི་གཤིས་ཀ་མེད། མི་སུ་དང་སུ་ཡིན་བློ་ཁ་མ་ཚིམས་པ་ཡིན་ན་གོང་ཞུས་བྱེད་ཀྱི་རེད། གོང་ཞུས་བྱེད་སྐབས་ཁྲིམས་ཁང་གོང་མས་ཁྲིམས་ཐག་གང་བཅད་རེད་མ་གཏོགས་ཁྲིམས་ཁང་འོག་མས་ཁྲིམས་ཐག་བཅད་པ་ནོར་བ་རེད། མ་འགྲིགས་པ་རེད་ཅེས་རེ་གཉིས་སྲིད་པ་རེད་མ་གཏོགས་མང་ཆེ་བས་ཁྲིམས་དཔོན་ཞེས་ཁྲིམས་ལ་གཟིགས་སྟངས་མི་འདྲ་བའི་ཆ་ནས་ཐག་གཅོད་མི་འདྲ་བ་བྱུང་ཡང་ཁྲིམས་ཁང་འོག་མས་ཐག་གཅོད་བྱས་པ་མ་དྲང་བ་དང་ནོར་བར་ཕལ་ཆེར་ངོས་འཛིན་བྱེད་ཀྱི་མེད། ལྷག་པར་དུ་སྒྲིག་འཛུགས་དང་གང་ཟག་གཅིག་པ་མ་གཏོགས་གང་ཟག་དང་སྒྲིག་འཛུགས་དབྱེ་བ་མ་ཕྱེ་བར་འགྲོ་བ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ཡིན།
ས་གནས་འགོ་འཛིན་གཅིག་གིས་ཁྲིམས་དང་སྒྲིག་གཞིའི་ལམ་ནས་གཤམ་འོག་ལས་བྱེད་ལ་ཉེས་པ་དང༌། ཉེན་བརྡ་གཏོང་དགོས་བྱུང་ན་ཕལ་ཆེར་གཤམ་འོག་ལས་བྱེད་དང་ས་གནས་འགོ་འཛིན་བར་དགྲ་ཆགས་ཀྱི་ཡོད། ངས་དཔེ་མཚོན་ས་གནས་འགོ་འཛིན་ལ་བཞག་པ་མ་གཏོགས་ང་ཚོའི་སྒྲིག་འཛུགས་གང་དུ་ཡིན་ཡང་དྲུང་ཆེ་གཅིག་གིས་གཤམ་འོག་ལས་བྱེད་ལ་སྒྲིག་འཛུགས་ཐོག་ནས་ནན་པོ་བྱས་ན་སྔོན་མ་ཁོང་གཉིས་གྲོགས་པོ་ཡིན་ཡང་གྲོགས་པ་མིན་པ་ཆགས་འགྲོ་བ། གང་ཟག་བྱེ་བྲག་པའི་བསམ་སྤྱོད་དང་འབྲེལ་བ་སྒྲིག་འཛུགས་ཀྱི་ལས་གནས་ཆ་ནས་བྱེད་རྒྱུའི་བསམ་སྤྱོད་ཀྱི་འབྲེལ་བ་གཉིས་པོ་དབྱེ་བ་ཕྱེ་མ་ཐུབ་ན། ཁྲིམས་དཔོན་བྱེ་བྲག་པ་གཅིག་ལ་སོ་སོ་འདོད་པ་མ་ཁེངས་པ་དང་མི་དགའ་བ་ཡོད་ན་ཁྲིམས་ཁང་དུ་འགྲོ་སྐབས་དྲང་པོ་བྱེད་ཀྱི་མ་རེད་བསམ་པའི་བསམ་བློའི་བག་ཆགས་འཁྱེར་ནས་འགྲོ་བ་དང༌། དྲང་པོ་བྱས་ཀྱང་དྲང་པོ་བྱས་མ་སོང་བསམ་པའི་གནས་ཚུལ་བཟོ་བ། གང་ཟག་དང་སྒྲིག་འཛུགས་དབྱེ་བ་མ་ཕྱེ་བའི་དབང་གིས་ཕར་མགོ་རྟིང་སློག་ན་བསམ་བློའི་ནང་གང་ཟག་གཅིག་གིས་དྲང་པོ་བྱས་མ་སོང་བསམ་པའི་བསམ་ཚུལ་ཡོད་ཀྱང་འདྲུད་ཡོང་སྐབས་སྒྲིག་འཛུགས་འདྲུད་ཡོང་བ། ཁྲིམས་དཔོན་བྱེ་བྲག་པ་གཅིག་འདོད་པ་མ་ཁེངས་པའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁ་མཆུར་སྦྱར་བ། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འདོད་པ་མ་ཁེངས་པ་བྱུང་ན་དེའི་ནང་ལས་ཀ་བྱེད་མཁན་གང་ཟག་བྱེ་བྲག་པར་སྐྱོན་འཛུགས་བྱེད་པ་དེ་གཉིས་ང་ཚོའི་སྤྱི་ཚོགས་ནང་གཞི་རིམ་གྱི་བསམ་བློའི་འགྱུར་བ་གཏོང་དགོས་པ་གལ་ཆེན་པོ་ཡིན། ས་གནས་སོ་སོར་ཡོད་པའི་ས་གནས་འགོ་འཛིན་གྱིས་དུས་རྒྱུན་འབད་བརྩོན་བྱས་ཏེ་ཁྲིམས་ཀྱི་དབང་སྒྱུར་ལ་བླ་ན་མེད་པའི་གུས་བཀུར་བྱེད་དགོས་པའི་གོམས་གཤིས་དང༌། གང་ཟག་དང་སྒྲིག་འཛུགས་བར་གྱི་དབྱེ་བ་ཡག་པོ་ཕྱེ་ཐུབ་པའི་གོམས་གཤིས་སླེབས་ཐུབ་པ་ང་ཚོའི་མང་གཙོའི་འཕེལ་རིམ་ནང་མེད་དུ་མི་རུང་བའི་ཡན་ལག་ཅིག་ཡིན། དེའི་ཐོག་ཚང་མས་དགོངས་འཇགས་གནང་རོགས་ཞུ་རྒྱུ་ཡིན།
གོང་དུ་སྤྱི་འཐུས་སྐུ་ཚབ་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ད་ལྟའི་གནས་སྐབས་སུ་སྐུ་ངལ་ནང་ལྷུང་ཡོད་རེད་གསུངས་སོང༌། འཛིན་སྐྱོང་ངོས་ནས་དེ་ལྟར་ངོས་འཛིན་རྩ་བ་ནས་ཞུ་གི་མེད། ཆེས་མཐོའི་ཁྲིམས་ཞིབ་ཁང་སྐུ་ངལ་ནང་ལྷུང་རྒྱུ་གང་ཡང་མེད། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་དཔོན་བྱེ་བྲག་པ་ས་གནས་ཀྱི་ཁྲིམས་ལ་སྦྱར་བ་བཟང་སྤྱོད་ཆ་ནས་ཧ་ཅང་སྡུག་ཅག་ཡིན། གང་ཡིན་ཞེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་བཀུར་མ་ཞུས་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ནས་བསྐྲུན་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་མ་ཞུས་པར་བསྐྱར་དུ་གཞན་ཞིག་ཏུ་འགྲོ་བ་ནི་བཟང་སྤྱོད་ཀྱི་ཆ་ནས་ཐབས་ཆག་ཆགས་འགྲོ་གི་ཡོད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། ད་དུང་དེ་ལས་མང་བ་བཟང་སྤྱོད་ཐོག་ཐབས་ཆག་ག་འདྲ་སེ་ཆགས་ཀྱི་ཡོད་ཅེ་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ག་དུས་ཡིན་ཡང་བཙན་དབང་གིས་ཁ་མཆུ་བཞེས་ཀྱི་མེད། ང་ཚོས་ཁ་མཆུ་བཞེས་རྒྱུའི་འགྲོ་སྟངས་ནི་ཡར་ཞུ་མཁན་དང་དེར་ལན་འདེབས་མཁན་གཉིས་ཀས་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་བར་ངོས་ལེན་དང༌། ཐག་གཅོད་གང་གནང་ལ་ངོས་ལེན་བྱེད་ཀྱི་ཡིན་ཞེས་ཕྱོགས་གཉིས་ཀས་མོས་མཐུན་ཡིག་ཆར་ས་ཡིག་བརྒྱབས་ནས་ཕུལ་རྗེས་གཞི་ནས་ཁ་མཆུ་བཞེས་ཀྱི་ཡོད་པ་མ་གཏོགས་ཕྱོགས་གཅིག་གིས་མོས་མཐུན་ཡིག་ཆར་ས་ཡིག་མ་བརྒྱབ་ན་ཁ་མཆུ་བཞེས་རྒྱུ་མེད། དེར་བརྟེན་སྤྱིར་བཏང་བོད་མི་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་བརྩི་མ་ཞུས་པ་བཟང་སྤྱོད་དང་འགལ་བ་མ་ཟད། བཙན་ཤུགས་གང་ཡང་མེད་པར་སོ་སོའི་འདོད་མོས་ཀྱི་ཐོག་ནས་ཁ་མཆུ་དེ་ཁྲིམས་ཞིབ་ཁང་དུ་བརྒྱབ་ཀྱི་ཡིན། དེ་ནས་གང་ཐག་བཅད་པ་ཉན་གྱི་ཡིན་ཟེར་རྒྱུའི་ཡིག་ཆར་ས་ཡིག་བརྒྱབས་རྗེས་ཚིག་ལ་མ་གནས་པར་གཞན་ཞིག་ཏུ་ཕྱིན་ན་ཧ་ཅང་ཐབས་ཆག་ཡིན། ཡིན་ཡང་དེ་འདྲའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒྲིག་འཛུགས་ལ་གནོད་སྐྱོན་འགྲོ་རྒྱུ་དང༌། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལ་གནོད་སྐྱོན་འགྲོ་རྒྱུ་དེ་འདྲའི་ཉེན་ཁ་དང་དཀའ་ལས་ཁག་པོ་ཡིན་པ་མཐོང་གི་མེད། ལོ་ཁ་ཤས་རིང་ཁ་མཆུ་བརྒྱབ་དགོས་བྱེད་ཀྱི་རེད། འཛིན་སྐྱོང་ངོས་ནས་ཞུ་རྒྱུ་ནི་ཁྲིམས་རྩོད་པ་ཡག་ཤོས་གང་དུ་ཡོད་ཀྱང་གྲ་སྒྲིག་བྱེད་རྒྱུ་དང་ཁ་མཆུའི་འགྲོ་སོང་གྲ་སྒྲིག་བྱེད་རྒྱུ་རེད་མ་གཏོགས་དེ་ལས་གཞན་པའི་ང་ཚོ་ཁ་མཆུ་ཤོར་གྱི་རེད་བསམ་པ་དང༌། ཁ་མཆུ་དེ་དག་ལ་བརྟེན་ནས་ཁྲིམས་ཞིབ་ཁང་སྒོ་བརྒྱབ་ཀྱི་རེད་བསམ་པ། བཙན་བྱོལ་གཞུང་སྒོ་བརྒྱབ་ཀྱི་རེད་བསམ་པའི་དེ་འདྲའི་ཉེན་ཁ་གང་ཡང་མཐོང་གི་མེད། གང་ཡིན་ཞེ་ན་གོང་དུ་ཞུས་པ་ལྟར་ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡོངས་སུ་རྫོགས་པ་གནས་ཡུལ་གཞུང་གི་ཁྲིམས་དང་ཟོན་དོགས་མེད་པའི་ཐོག་ནས་འགྲོ་རྒྱུའི་སྒྲོམ་གཞི་དང་པོ་ནས་བཟོས་ཡོད་པ་མ་གཏོགས་གཞི་ནས་ཕྱིས་སུ་དཀའ་ངལ་བྱུང་བའི་སྐབས་སུ་དཀའ་རྙོག་ལ་སྔོན་ནས་ཚོད་དཔག་བྱེད་མི་ཐུབ་པ་གང་ཡང་མེད། དེར་བརྟེན་ཁ་མཆུ་རྒྱ་གར་ཁྲིམས་ཁང་དང༌། རྒྱལ་སྤྱིའི་ཁྲིམས་ཁང་དུ་ཕྱིན་ཡང་ཁ་མཆུ་བརྒྱབ་རྒྱུ་ཡིན། ཁ་མཆུ་བརྒྱབས་ཏེ་དངོས་ཡོད་གནས་ཚུལ་ཐོག་ནས་ཁ་མཆུ་ཤོར་ཡང་འགྱོད་པ་གང་ཡང་མེད། དངོས་ཡོད་གནས་ཚུལ་ཐོག་ནས་ཁ་མཆུ་ཐོབ་ཀྱང་དངོས་དོན་དང༌། ཁྲིམས་མཐུན་ག་རེ་ཡིན་པ་དེ་གཉིས་ཐོག་ནས་ང་ཚོ་ནོར་འཁྲུལ་མེད་ན་གང་དུ་ཕྱིན་ཡང་ང་ཚོ་ངོ་གནོང་དགོས་པ་དང༌། དཀའ་ངལ་འཕྲད་ཀྱི་རེད་བསམ་པའི་ཞེད་སྣང་གང་ཡང་བྱེད་ཀྱི་མེད། བྱེད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག ད་ཕན་གྱི་ཁ་མཆུ་ཁ་ཤས་ཡོད༌། དེ་དག་ཚང་མའི་ཞུ་རྩ་དང༌། བར་ལམ་གྱི་གནས་ཚུལ་བྱུང་བ་ཚང་མ་ངས་བལྟ་རྒྱུ་བྱུང༌། དེ་དག་ནང་འདི་ག་འདྲ་བྱས་ཡོང་བསམ་པ་གང་ཡང་མི་འདུག རྒྱ་གར་ནང་ཁྲིམས་རྩོད་པ་ཡིད་ཆེས་བྱེད་ཐུབ་པ་དང༌། རྒྱ་གར་རྒྱལ་ཡོངས་ནང་ཁྲིམས་ཐོག་ངོས་འཛིན་ཡོད་པའི་མི་རོགས་ལ་བསྒྲིལ་གྱི་ཡོད། ཁོང་ཚོའི་ངོས་ནས་ལས་ཀ་བྱེད་ཀྱི་ཡོད། ཁྲིམས་རྩོད་པ་གསུམ་བཞི་ལྔའི་ཚོགས་ཆུང་འཛུགས་དགོས་བྱུང་ཡང་བཙུགས་ཀྱི་ཡོད། དེར་བརྟེན་བཟང་སྤྱོད་ཀྱི་ཆ་ནས་མ་འོས་པ་དང་སྤྱི་ཚོགས་ནང་མིག་ལྟོས་ངན་པ་འགྲོ་རྒྱུ་དེ་འདྲའི་ཐོག་ནས་ཕྲན་བུའི་བློ་ཕམ་གྱི་གཞི་ཡོང་གི་ཡོད་པ་མ་གཏོགས་དེ་ལ་བརྟེན་ནས་ཉེན་ཁ་འཕྲད་རྒྱུ་རྩ་བ་ནས་མཐོང་གི་མེད། དེར་བརྟེན་འཛིན་སྐྱོང་ངོས་ནས་དངོས་དོན་དང་ཁྲིམས་མཐུན་གཞིར་བཟུང་ཐོག་ནས་ཁ་མཆུར་རྩོད་པ་བརྒྱབ་རྒྱུ་དང་ཐག་གཅོད་རྒྱུ་ཡིན། དེ་རང་ཐོག་འགྲོ་གི་རེད་བསམ་དྲན་གྱི་ཡོད། གནས་ཚུལ་དེ་དག་ཚང་མས་མཁྱེན་དགོས་པ་གལ་ཆེན་ཡིན། དེར་བརྟེན་དེ་རིང་འདིར་ཞུས་པ་ཡིན། ཟབ་སྦྱོང་ཚད་ལྡན་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།