བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད།
༄༅། ། ད་རེས་ཀྱི་ཚོགས་འདུ་འདི་བོད་རྒྱ་ཞི་མོལ་ལས་དོན་གྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་ཚོགས་ཆུང་ཞིག་རེད། བོད་རྒྱ་ཞི་མོལ་ཟེར་བའི་གནད་དོན་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་ཐབས་ཚུལ་ཞིག་སྟོན་གནང་མཛད་པ་དང༌། དེར་གཞིས་བྱེས་བོད་མི་ཡོངས་རྫོགས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུས་པ་བཅས་ལ་བརྟེན་ནས་བོད་མི་རིགས་དང༌། བོད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཏུ་གྱུར་ཡོད། སྲིད་བྱུས་དེ་ལག་ལེན་དུ་འགེལ་རྒྱུའི་ཐབས་ལམ་ཐད་ང་ཚོས་བོད་རྒྱ་གཉིས་ཞི་མོལ་བྱ་རྒྱུའི་བརྒྱུད་ལམ་གདམ་ག་བྱས་པ་དང༌། དེའི་ཐོག་འབད་བརྩོན་ཡང་བྱེད་བཞིན་པ་ཡིན།
ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་མའི་ལམ་ཞེས་གསུངས་པ་དེ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གློ་བུར་དུ་ཐུགས་དྲན་གསོས་པ་དང༌། ཁོང་སྐུ་སྒེར་གྱིས་བརྒྱ་ཁ་གཅིག་ཆོད་བྱས་ཏེ་ཐག་བཅད་པའི་གནད་དོན་ཞིག་རྩ་བ་ནས་མིན། ང་ཚོས་ལོ་རྒྱུས་ཀྱི་བྱུང་རིམ་ལ་ཕྱི་མིག་བལྟས་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ཧ་ལམ་རྒྱ་བོད་གཉིས་བར་མཆོད་ཡོན་གྱི་འབྲེལ་བ་ཆད་པ་ནས་བཟུང་རང་བཞིན་གྱིས་འགོ་ཚུགས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༡༣་༡༤ ལོར་ཚོགས་པའི་སིམ་ལ་ཚོགས་འདུའི་མཐའ་མའི་ཐག་གཅོད་དེ་ཡང་དོན་དངོས་ཐོག་དབུ་མའི་ལམ་དང་མཚུངས་པ་ཞིག་ཡིན། བོད་ཀྱི་ངོས་ནས་རྒྱ་ནག་གིས་བོད་ལ་མིང་ཙམ་གྱི་དབང་སྒྱུར་ཡོད་པ་ཁས་ལེན་བྱ་རྒྱུ་དང༌། རྒྱ་ནག་གི་ངོས་ནས་བོད་ལ་རང་སྐྱོང་ཆ་ཚང་ཡོད་པ་ཁས་ལེན་བྱེད་དགོས་པ་འདི་སིམ་ལའི་ཆིངས་ཡིག་གི་ཐག་གཅོད་ཡིན་པར་མ་ཟད། གནས་སྟངས་འདི་ད་ལྟའི་དབུ་མའི་ལམ་དང་ཧ་ལམ་ཁྱད་པར་མེད་པ་ལྟ་བུ་རེད། འོན་ཀྱང་དེ་དག་ལག་ལེན་བསྟར་ཐུབ་ཡོད་མེད་ཀྱི་བྱུང་རབས་ནི་ཡོངས་སུ་ཐ་དད་རེད། མཐའ་མ་ཕྱི་ལོ་ ༡༩༥༡ ལོའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་གནས་སྟངས་དེ་ཡང་ཕྱོགས་གཅིག་ནས་བལྟས་ན་བཙན་གནོན་དང༌། དྲག་ཤུགས་འོག་བཞག་པའི་གྲོས་མཐུན་ཞིག་ཡིན་པས་རྗེས་སུ་ང་ཚོས་ངོས་ལེན་མེད་ཅེས་གསལ་བསྒྲགས་ཀྱང་གནང་ཡོད་ནའང༌། དེའི་གཞི་རྩ་འཇོག་སྟངས་དང༌། རྒྱབ་ལྗོངས་ཀྱི་གནས་ཚུལ་ནི་བོད་འདི་རྒྱ་ནག་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་དང༌། དེའི་ནང་རང་སྐྱོང་གི་གནས་བབས་ཆེན་པོ་སྤྲོད་དགོས་པ། ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དང༌། པཎ་ཆེན་རིན་པོ་ཆེ་ལ་སོགས་པའི་གནའ་རྒྱུན་གྱི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་དང༌། ཐོབ་ཐང་སོགས་རང་སོར་འཇོག་དགོས་པའི་གནས་ཚུལ་མང་པོ་ཞིག་གང་ལྟར་མིང་ཙམ་ཡིན་ནའང༌། རང་སྐྱོང་གི་ཚིག་འདི་མ་དོར་བ་བྱས་ཏེ་ཡོད་པ་ཡིན་སྟབས་སྐབས་དེའི་གནས་སྟངས་ཀྱང་དབུ་མའི་ལམ་གྱི་ལྟ་ཕྱོགས་དང་གཅིག་གྱུར་ཡིན་པ་མ་གཏོགས། དེ་ལས་གཞན་པའི་རྒྱ་ནག་གི་དབང་ཤུགས་ཆ་ཚང་ཡོད་པའི་གནས་སྟངས་ཤིག་བྱུང་མེད་པར་བརྟེན་ང་ཚོའི་ལོ་རྒྱུས་ཀྱི་ནང་ནས་རིམ་པར་བྱུང་བའི་འདས་པའི་གནས་ཚུལ་ཞིག་ཡིན་པ་ལས་གསར་པ་གང་ཡང་མིན། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༧ ཉིན་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ངོས་ལེན་མེད་པ་དང༌། ཕན་ནུས་མེད་པ། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཀྱང་ནུས་མེད་ཅིག་ཏུ་གསལ་བསྒྲགས་བསྐྱངས་ཏེ་བོད་རང་བཙན་གཙང་མ་བསྐྱར་གསོ་གནང་རྒྱུའི་ལས་འགུལ་ཞིག་དབུ་བརྩམས་གནང་ཡོད། དེའི་ཉིན་མོ་ནས་བཟུང་བཙན་བྱོལ་གཞུང་གི་སྲིད་བྱུས་འཛིན་སྟངས་དབུ་མའི་ལམ་ནས་ཟུར་དུ་ཕྱིན་ཏེ་མཐའ་གཅིག་ཏུ་རང་བཙན་བསྐྱར་གསོ་གནང་རྒྱུའི་ལམ་ཕྱོགས་སུ་བསྐྱོད་པ་རེད། དེ་ཡང་ང་ཚོར་རང་ཆས་སུ་ཡོད་པའི་ཐོབ་ཐང་རྩོད་རྒྱུའི་སྲིད་བྱུས་ཤིག་བཟུང་བ་མ་གཏོགས། གྲངས་ཉུང་མི་རིགས་སམ་སྡེ་ཚན་ཁ་ཤས་ནས་གྱེན་ལོག་བྱེད་པ་ལྟ་བུ་འདས་པའི་བྱུང་རབས་ཀྱི་རྒྱབ་ལྗོངས་མེད་པ་དང༌། ལོ་རྒྱུས་ཀྱི་གཞི་རྟེན་མེད་པ། ང་ཚོར་ཐོབ་ཐང་མེད་པ་ཞིག་རྩོད་པ་དེ་འདྲ་རྩ་བ་ནས་མིན། བོད་ཀྱི་མི་རབས་བྱུང་བ་ནས་བཟུང་ཕྱི་ལོ་ ༡༩༥༡ བར་ཕྱི་ལོ་བརྒྱ་ཕྲག་ ༡༣ པའི་ནང་ལོ་ ༤༠ ཙམ་གྱི་བར་སོག་པོའི་བཙན་འོག་ཏུ་ཚུད་པ་མ་གཏོགས་མུ་མཐུད་ནས་རང་བཙན་གཙང་མ་ཡོད་བཞིན་པའི་རྒྱལ་ཁབ་གཅིག་ཕྱི་ལོ་ ༡༩༥༡ ལོར་རྒྱ་མིས་བཙན་བཟུང་བྱས་པ་དང༌། བཙན་བཟུང་བྱས་པ་དེ་ཁྲིམས་དང་མཐུན་པ་ཞིག་བཟོ་མ་ཐུབ་པར་ཁྲིམས་མཐུན་མིན་པའི་ངོ་བོར་མུ་མཐུད་དེ་གནས་ཡོད་པ་ཙམ་དུ་མ་ཟད། བོད་རྒྱ་ཆེའི་མི་མང་འུ་ཐུག་ཐབས་ཟད་དེ་ཞི་བའི་གྱེན་ལངས་བྱེད་དགོས་བྱུང་ཡོད། དེར་བརྟེན་ང་ཚོའི་རང་བཙན་གཙང་མ་བསྐྱར་གསོ་བྱ་རྒྱུའི་འབོད་སྐུལ་ལམ། ལས་འགུལ་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བསམ་བློ་བཏང་ནའང་ང་ཚོར་ཐོབ་ཐང་ཡོད་པ་ཞིག་དང༌། བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ཐོབ་ཐང་ཡོད་པ། དངོས་ཡོད་གནས་ཚུལ་གྱི་ཆ་ནས་བལྟས་ཀྱང་དེ་མ་སྒྲུབ་ཐབས་མེད་ཡིན་པའི་གནས་ཚུལ་ཞིག་ཏུ་གྱུར་ཏེ་ཕྱི་ལོ་ ༡༩༥༩ ནས་བཟུང་ཕྱི་ལོ་ ༡༩༧༩ ལོ་མཇུག་བར་བཙན་བྱོལ་བོད་གཞུང་དང༌། བཙན་བྱོལ་བོད་མི་མང༌། བོད་ནང་དུ་ཡོད་པའི་མི་མང་བཅས་པ་ཚང་མས་སྲིད་བྱུས་དང༌། ལམ་ཕྱོགས་དེའི་ཐོག་འགྱུར་བ་མེད་པའི་ངང་ནས་བསྐྱོད་ཡོད། འོན་ཀྱང་རྒྱལ་སྤྱི་དང༌། རྒྱ་ནག་གི་གནས་སྟངས། བོད་ནང་གི་དངོས་ཡོད་གནས་ཚུལ་ཁག་ལ་ཕྱོགས་བསྡོམས་བྱེད་སྐབས་ཕྱོགས་གཅིག་ནས་རང་བཙན་བསྐྱར་གསོ་ཟེར་བ་འཕྲལ་དུ་ཡོང་ཐབས་དཀའ་བ་ཞིག་ཡིན་པ་རིམ་པས་ར་འཕྲོད་ཡོང་གི་ཡོད་པ་དང༌། ཕྱོགས་གཞན་ནས་བོད་ནང་རྒྱའི་མི་འབོར་གནས་སྤོས་མཚོན་པའི་ཕྱོགས་ཡོངས་ཀྱི་གནས་སྟངས་ནས་བོད་ཀྱི་ངོས་འཛིན་གནས་མི་ཐུབ་པའི་ཛ་དྲག་གི་གནས་ཚུལ་ཞིག་ཏུ་གྱུར་པར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་གཟིགས་སྣང་བླ་ན་མེད་པའི་ཐོག་ནས་ང་ཚོའི་རང་བཙན་གཙང་མ་བསྐྱར་གསོ་བྱ་རྒྱུའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ངེས་ཡིན་པ་དེ་སྔ་ཕྱི་ལོ་དྲུག་ཅུ་རེ་གྲངས་ནས་དགོངས་པར་འཁོར་བ་ཞིག་རེད་མ་གཏོགས། ཉིན་མ་གཅིག་གློ་བུར་དུ་ཧེབ་ལངས་པའི་གནས་ཚུལ་བྱུང་སྟེ་ཐག་གཅོད་གནང་བ་ཞིག་རྩ་བ་ནས་མ་རེད། ང་རང་སྒེར་ལྟ་བུར་མཚོན་ན། ཚད་མཐོའི་རང་སྐྱོང་གི་ཐོག་ལ་འབད་བརྩོན་བྱ་རྒྱུ་དང༌། རང་བཙན་རྩོད་གླེང་གནས་སྐབས་བཞག་རྒྱུའི་ལངས་ཕྱོགས་ཤིག་བཟུང་བ་ཡིན་ན་གང་འདྲ་འདུག་ཅེས་དེ་སྔ་ཕྱི་ལོ་ ༡༩༦༨ ལོར་ང་ཌལ་ཧོར་དུ་སློབ་སྤྱི་བྱས་ཏེ་སྡོད་སྐབས་བཀའ་འདྲི་ཐོག་མར་གནང་བྱུང༌། སྐབས་དེར་ྋསྐྱབས་མགོན་རིན་པོ་ཆེ་དེ་ཙམ་གྱི་ཐུགས་བྲེལ་ཆེན་པོ་མེད་པ་དང༌། ཐུགས་ལྷོད་པོ་ཡོད་པ་རེད། ཌལ་ཧོར་དུ་ཉིན་ཞག་བཅུ་ཙམ་བཞུགས་གདན་འཇགས་ཏེ་རྒྱུད་སྟོད་པའི་འདུས་མང་ལ་གསང་བ་འདུས་པའི་དབང་དང༌། བཀའ་ཁྲིད་ལ་སོགས་པ་བསྩལ་བ་དང༌། ཞབས་འཆམ་ཕེབས་རྒྱུ་དང༌། སྤྱི་འགྲོས་མུ་འགྲོས་ཀྱི་བཀའ་མོལ་གསུང་རྒྱུའི་ཐུགས་ཁོམ་ཡོད་པའི་སྐབས་ཤིག ཉིན་གཅིག་ཌལ་ཧོར་སར་ཀིཊ་ཧའོ་སེའི་ནང་རང་བཙན་རྩོད་གླེང་བཞག་སྟེ་རང་སྐྱོང་གི་ཕྱོགས་ལ་ཕྱིན་ན་ལེགས་པའི་དགོངས་ཚུལ་ཡོང་གི་ཡོད་པ་བཀའ་གནང་སྐབས་ང་རང་ལ་ཆ་བཞག་ན། སྐབས་དེ་དུས་ཕལ་ཆེར་སྣོད་རུང་གི་གདུལ་བྱར་གྱུར་ཡོད་བཟོ་མི་འདུག དུས་ཚོད་རིང་པོའི་བར་དེའི་ཐོག་ལ་རང་གི་བསམ་ཚུལ་རྣམས་ཞུས་བསྡད་པ་ཡིན། དེ་ནས་ཕྱི་ལོ་བདུན་ཅུ་དོན་གྲངས་ནང་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་པ་དང༌། བཀའ་ཤག་ལ་སོགས་པར་བཀའ་བསྡུར་གནང་བ་དང༌། དགོངས་འཆར་བསྡུས་པ་སོགས་རིམ་པས་བྱུང་འདུག མཐའ་མ་རྒྱ་ནག་གི་སྐབས་དེའི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་བརྒྱུད་རང་བཙན་གྱི་རྩོད་གླེང་མ་བྱས་ཚེ། གནས་ཚུལ་གཞན་ཚང་མ་གོ་བསྡུར་བྱས་ཏེ་ཐག་གཅོད་ཆོག་གི་རེད་ཟེར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གསུང་བཤད་ཚིག་གཉིས་པོ་དེར་ང་ཚོའི་ཕྱོགས་ནས་རྒྱལ་ཁབ་གཅིག་གི་འགོ་ཁྲིད་ནས་གསུངས་པའི་ཡིད་ཆེས་བློ་གཏད་ཆོག་པའི་གསུང་བཤད་ཅིག་ལ་ཆ་འཇོག་བྱས་ཏེ་བོད་རྒྱ་ཞི་མོལ་གནང་རྒྱུ་དང༌། བོད་རང་བཙན་བསྐྱར་གསོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གོམ་སྟབས་སྤོ་རྒྱུའི་ཐག་གཅོད་གནང་ཡོད། སྐབས་དེ་དུས་ཀྱི་སྤྱི་འཐུས་དང༌། བཀའ་ཤག་ལ་སོགས་པ་བཀའ་བསྡུར་གནང་དགོས་ས་ཚང་མར་ཞིབ་ཚགས་པོའི་སྒོ་ནས་བཀའ་བསྡུར་དང༌། དགོངས་པ་གཏིང་ཟབ་བཞེས་རྗེས་ཐག་གཅོད་གནང་བའི་གནས་སྟངས་ཤིག་རེད། ཐག་གཅོད་བྱ་རྒྱུའི་ལས་རིམ་དེ་ཡང་ཚད་དང་ལྡན་ཞིང་མ་ལན་མ་འགྱོད་མེད་པ་ཞིག་དང༌། མང་གཙོའི་ལམ་སྲོལ་གྱི་ཐག་གཅོད་བྱེད་སྟངས་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་བྱས་ཏེ་གནང་བ་མ་གཏོགས། ྋགོང་ས་མཆོག་སྐུ་རྐྱང་གིས་ཐུགས་ཐག་བཅད་ནས་དེ་གཞུང་དང༌། མི་མང་ལ་མར་བཙན་འགེལ་གནང་བ་ཞིག་རྩ་བ་ནས་མིན།
དེ་ནས་རིམ་པས་ལས་དོན་དེའི་འཕེལ་རིམ་ནང་མཐུན་རྐྱེན་དང༌། བར་ཆད་སྣ་ཚོགས་ཤིག་བྱུང་བའི་དབང་གིས་དུས་ཚོད་རིང་པོ་འགྱངས་ཏེ་མཐའ་མ་ཕྱི་ལོ་ ༡༩༨༨ ལོར་བོད་རྒྱ་ཞི་མོལ་གྱི་གཞི་རྩ་རང་སྲིད་རང་སྐྱོང་གི་གནས་བབས་གང་འདྲ་ཞིག་དགོས་པའི་གནས་ཚུལ་གསལ་བཤད་གནང་རྒྱུའི་ཆེད་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སི་ཏྲས་སི་སྦག་གསུང་བཤད་ཀྱི་ཟིན་བྲིས་འགོད་གནང་མཛད་པ་དང༌། དེའི་ཐོག་བགྲོ་གླེང་དང༌། སྦྱང་བཤད་བྱ་རྒྱུར་རྡ་རམ་ས་ལར་ཉིན་བདུན་གྱི་རིང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་ཡོད། ད་ལྟ་ཁྲིམས་ཞིབ་ཁང་ཡོད་སའི་བཀའ་ཤག་འོག་གི་ཚོགས་ཁང་ནང་ས་གནས་འགོ་འཛིན་དང༌། བོད་མིའི་སྡོད་སྒར་ཡོངས་རྫོགས་ཀྱི་ས་གནས་མི་མང་ཁག་གི་འཐུས་མི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་ཡོངས་རྫོགས། བཀའ་ཤག་ཡོངས་རྫོགས། གཞུང་ཞབས་ཡོངས་རྫོགས། གཞུང་ནས་ངོས་འཛིན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མའི་སྐུ་ཚབ། བོད་ནས་གསར་འབྱོར་བའི་འཐུས་མི། དམིགས་བསལ་མགྲོན་འབོད་གནང་བའི་གང་ཟག་བྱེ་བྲག་པ་ང་ལྟ་བུ་ཁ་ཤས་བཅས་ཁྱོན་མི་གྲངས་ ༣༠༠ ཡས་མས་ཤིག་འདུ་འཛོམས་དང་འབྲེལ་སྐབས་དེའི་བཀའ་བློན་ཁྲི་པས་གཙོ་སྐྱོང་གནང་སྟེ་ཉིན་གྲངས་བདུན་གྱི་རིང་སྦྱང་བཤད་མཐར་ཕྱིན་པ་གནང་བའི་མཐའ་མ་དེ་འགྲིགས་ཀྱི་མི་འདུག་ཅེས་ཞུ་མཁན་གཅིག་ཀྱང་བྱུང་མེད། ལག་པ་བརྐྱངས་པའམ་འོས་ཤོག་བླུགས་པའི་གནས་ཚུལ་བྱུང་མེད་ཀྱང༌། གང་ལྟར་མཐའ་མ་དེ་ག་རང་འགྲིགས་ཀྱི་འདུག་ཅེས་ཐག་བཅད་སྐབས་སྤྱི་མོས་རང་ཡིན། བགྲོ་གླེང་གནང་སྐབས་འགྲིགས་ཀྱི་མི་འདུག་ཅེས་ཤུགས་ཆེན་པོས་གསུང་བཤད་གནང་མཁན་མང་པོ་བྱུང་སོང༌། སྐབས་དེ་དུས་ཚོགས་འདུར་ཕེབས་མཁན་གྱི་ནང་ནས་ཁ་ཤས་མ་གཏོགས་མང་ཆེ་བ་ད་ལྟ་བཞུགས་ཡོད་པ་དང༌། རྦད་དེ་ལོ་རྒྱུས་ནང་འདས་ཟིན་པའི་ཐག་རིང་པོའི་སྐད་ཆ་ཞིག་མ་རེད། སྐབས་དེའི་སྤྱི་འཐུས་ལྷན་ཚོགས་ད་ལྟ་ནང་བཞིན་རྒྱ་ཆེན་པོ་མེད་ནའང༌། མང་ཚོགས་ཀྱི་བསམ་ཚུལ་ཡོངས་སུ་མཚོན་ནུས་པའི་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་རྫོགས་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཡོང་བའི་འཐུས་མི་རྣམས་ནས་མང་ཚོགས་ཀྱི་བསམ་ཚུལ་མཚོན་པའི་སྐུ་ཚབ་བྱས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་སྤྱི་དང༌། ལྷག་པར་སི་ཏྲས་སི་སྦག་གསུང་བཤད་ནང་ཞིབ་ཚགས་པོས་བཀའ་གནང་བའི་དོན་ཚན་རེ་རེ་བཞིན་ངོས་ལེན་དང༌། རྒྱབ་སྐྱོར་ཞུས་ཡོད་པ་བཅས་གང་ལྟར་མི་མང་གི་མངོན་འདོད་མཚོན་ནུས་པའི་ཐག་གཅོད་ཀྱི་ལམ་སྲོལ་ཞིག་ལ་བརྟེན་ནས་ཐག་གཅོད་གནང་བ་ཞིག་ཡིན་པར་བཀའ་ཤག་ནས་ངོས་འཛིན་བྱེད་ཀྱི་ཡོད།
དུས་ཚོད་གང་འཚམས་ཕྱིན་ཏེ་ལོ་རབས་ ༩༠ ནང་སླར་ཡང་ཐུགས་དོགས་བྱུང་ནས་ང་ཚོའི་མ་འོངས་པའི་མདུན་ལམ་འདི་གང་འདྲ་ཞིག་གི་ཐོག་ལ་ཕྱིན་ན་ལེགས་པའི་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུ་ཡིན་ཞེས་བཀའ་གནང་ཞིང༌། སྐབས་དེ་དུས་ད་ལྟའི་སྒྲིག་འཛུགས་དང་ལྡན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་ཟིན་ཡོད། བཀའ་སྤྱི་ཐུན་མོང་ནས་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་ལས་རིམ་གོ་སྒྲིག་དང༌། དེའི་ཐོག་ང་ཚོས་ལོ་གཅིག་ཡས་མས་སྦྱོང་བརྡར་བྱས་པ་རེད། རང་བཙན་གཙང་མ་རྩོད་དང༌། དབུ་མའི་ལམ་ལ་ཕྱིན། རང་ཐག་རང་གཅོད་བྱ་དགོས་སོགས་ཀྱི་གདམ་ཁ་བཟོས་ཏེ་ཐོག་མའི་སྔོན་འགྲོའི་བསམ་འཆར་བསྡུས་ཡོད། སྔོན་འགྲོའི་བསམ་འཆར་དེ་ཡང་བོད་ཕྱི་ནང་གཉིས་ཀ་ནས་བསྡུ་རྒྱུའི་འབད་བརྩོན་བྱས་ཡོད། བསམ་འཆར་དེ་དག་མཐའ་མ་མཇུག་བསྡོམས་བྱེད་སྐབས་མི་མང་གི་སྐུ་ཚབ་མཚོན་ཐུབ་པའི་དགོངས་འཆར་འབུལ་མཁན་གྱི་ནང་ནས་བརྒྱ་ཆ་ ༦༤ དང༌། གྲངས་ཆུང་འགའ་ཤས་ཤིག་གིས་མང་མོས་ཐག་གཅོད་འོས་བསྡུ་མ་གནང་རོགས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐུགས་ཐག་གང་བཅད་པ་དེར་བོད་གཞིས་བྱེས་བོད་མི་མང་གིས་རྒྱབ་སྐྱོར་ཡོད་ཅེས་ཞུ་བ་གནང་ནས་དེའི་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་ཡང་བྱུང་ཡོད། བགྲོ་གླེང་མཐར་ཕྱིན་པ་གནང་རྗེས་གྲོས་ཚོགས་ཀྱིས་དེ་རང་ཡག་པོ་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་རྒྱལ་སྤྱིའི་གནས་སྟངས་དང༌། བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་དང་འབྲེལ་ཐག་གཅོད་གང་གནང་བར་བོད་རྒྱ་ཆེའི་མི་མང་ནས་རྒྱབ་སྐྱོར་ཡོད། མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་བ་དང་ཁྱད་མེད་ཀྱི་ཚད་གཞིར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་པར་དེ་ལྟར་ངའི་ཐོག་ལ་བློ་བཀལ་གྱི་ཡོད་ན་ངའི་ལངས་ཕྱོགས་ནི་དབུ་མའི་ལམ་དེ་རང་ལས་གཞན་འགྱུར་བ་གང་ཡང་མེད། རང་སྲིད་རང་སྐྱོང་གི་གནས་བབས་མ་གཏོགས་དེ་མིན་རྩོད་རྒྱུ་གང་ཡང་མེད་ཅེས་བཀའ་ཕེབས་བྱུང་བར། དེ་ག་རང་འགྲིགས་ཀྱི་འདུག ང་ཚོས་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་སྤྱི་འཐུས་ལྷན་ཚོགས་ནས་ཡང་བསྐྱར་གྲོས་ཆོད་གཉིས་པ་ཞིག་སྣོལ་འཇོག་བྱས་ཡོད། དེར་བརྟེན་ད་བར་ང་ཚོ་བཙན་བྱོལ་གཞུང་མང་གཉིས་ནས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་ཚོགས་ཀྱི་མངོན་འདོད་ཇི་བཞིན་ཐག་གཅོད་ཀྱི་བརྒྱུད་རིམ་དང༌། སྒྲིག་འཛུགས་ཚང་མའི་ནང་ནས་ལུགས་སྲོལ་དང་མཐུན་པར་བྱས་པ་མ་ཟད། མང་གཙོའི་ལམ་སྲོལ་གྱི་ཐོག་ནས་ཐག་གཅོད་བྱས་པའི་སྲིད་བྱུས་ཤིག་ཡིན་མ་གཏོགས་ྋགོང་ས་མཆོག་ནས་ཐག་གཅོད་གནང་སྟེ་མར་བཙན་དབང་གིས་བཀའ་གནང་བ་དང༌། བཀའ་ཤག་གིས་ཐག་གཅོད་བྱས་ཏེ་ཡར་ཞུས་པ་དེ་འདྲ་རྩ་བ་ནས་མིན། ཐག་གཅོད་འདིར་ད་ལྟའི་བཀའ་ཤག་གིས་རྒྱལ་ཁབ་ཀྱི་ཐག་གཅོད་དང༌། མི་རིགས་ཀྱི་ཐག་གཅོད་ཅིག་ལ་ཆ་བཞག་ནས་མཐའ་གཅིག་ཏུ་མིག་བཙུམས་ནས་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་ལ་ཐུག་ཡོད་པར་བརྟེན། ཇི་སྲིད་ཀྱི་བར་དུ་དེ་སྔ་ནང་བཞིན་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་ཐག་གཅོད་གསར་པའམ། འགྱུར་བ་གསར་པ་ཞིག་མ་བྱུང་གི་བར་ང་ཚོས་དབུ་མའི་ལམ་འདི་རང་ལ་ཤུགས་བརྒྱབས་ཏེ་འགྲོ་དགོས་པ་ཞིག་ཡིན་པ་ནི་ང་ཚོར་འདི་ལས་གཞན་པའི་གདམ་ཁ་མེད་པ་དང༌། དེ་འདྲ་ཙམ་ཞིག་མ་གཏོགས་བྱེད་རྒྱུ་མེད་པའི་འུ་ཐུག་གི་གནས་སྟངས་ཤིག་མ་ཡིན་པར། ང་ཚོས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་བསམ་གཞིགས་མང་པོ་བྱས་རྗེས་ད་ལྟའི་གནས་སྐབས་སུ་ལམ་འདི་བཟང་ཤོས་ཡིན་པ་བོད་གཞིས་བྱེས་གཉིས་ཀྱི་བློ་གྲོས་བསྡུར་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པར་བརྟེན་གལ་ཆེན་པོ་དང༌། རྩ་བ་ཆེན་པོ་ཞིག་ལ་བརྩིས་ཏེ་ང་ཚོས་ཐབས་ཤེས་གང་ཡོང་གིས་བསྒྲུབ་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་དང་འབྲེལ་སྐབས་བཅུ་གཉིས་པའི་བཀའ་ཤག་གི་ངོས་ནས་དེའི་ཐོག་གང་འདྲ་ཞིག་ཞུ་དགོས་ཀྱང་འབད་བརྩོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འདི་ཚང་མའི་དགོངས་པར་འཇོག་རོགས་གནང་ཞུ་རྒྱུ་ཡིན། གོང་ཞུས་བཞིན་ད་ཕན་གྱི་དོན་ཚན་ཁག་གི་ནང་ནས་ཁྱེད་རང་ཚོས་མ་མཁྱེན་པ་གཅིག་ཀྱང་མེད་ནའང༌། ངས་བསྐྱར་ལྡབ་ཡང་ལྡབ་བྱེད་དགོས་པ་འདི་དེང་སང་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་སྣ་ཚོགས་ཡོད་པ་དང༌། ལྷག་པར་དུ་སྐད་ཆ་དེ་ཚོ་སྐབས་རེ་ཆབ་སྲིད་ཀྱི་གཅུས་དྲིལ་བརྒྱབས་ཏེ་གནས་ཚུལ་འདྲ་མིན་ཡོང་གི་འདུག དེ་འདྲའི་ཐོག་ནས་ཁ་ཤས་ལ་ཐུགས་དོགས་མ་ཆོད་པ་དེ་འདྲ་ཡོང་སྲིད་པ་རེད། དེར་བརྟེན་དེའི་ཐོག་ལ་བཀའ་ཤག་གི་བསམ་ཚུལ་ཇི་ཙམ་གྱི་གསལ་པོ་དང༌། བརྟན་པོ་ཡིན་པ་དེ་ང་རང་ཚོ་འབྲེལ་བ་ཡོད་པ་ཚང་མས་མཁྱེན་པ་ཡིན་ན། ཡག་པོ་རེད་བསམ་གྱི་འདུག
ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལག་ལེན་དུ་བསྟར་ནས་གྲུབ་འབྲས་ག་རེ་ཐོན་ཡོད་ཅེ་ན། གྲུབ་འབྲས་ཆེན་པོ་ཐོན་ཡོད་གསུང་མཁན་མང་པོ་ཡོད་ལ། གྲུབ་འབྲས་གང་ཡང་ཐོན་མེད། བརྒྱ་ཆ་བརྒྱ་ཐམ་པ་དོན་མེད་ལ་ཕྱིན་པ་རེད་གསུང་མཁན་ཡང་ཡོད། གསུང་མཁན་སོ་སོར་རྒྱུ་མཚན་རེ་རེ་གསུང་རྒྱུ་ཡོད་པས་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ནང་ང་ཚོ་འགྲོ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག བསྐྱར་ལྡབ་བྱེད་ཀྱི་མིན། འོན་ཀྱང་ད་ལྟ་ངས་གནས་ཚུལ་མདོར་བསྡུས་ཤིག་ཞུ་རྒྱུའི་འདོད་པ་ག་རེ་བྱུང་ཞེ་ན། ང་རང་ཚོའི་བསམ་བློའི་ནང་ངེས་པར་དུ་གསལ་པོ་ཤེས་དགོས་པའི་གནས་ཚུལ་གཅིག་ནི། ཏེང་ཞའོ་ཕིང་གིས་ྋསྐུའི་གཅེན་པོ་བརྒྱུད་ཐོག་མར་ལན་བཏང་བའི་སྐབས་ལ་བོད་དོན་འགྲིག་འཇགས་བཟོ་རྒྱུའི་བསམ་བློ་ཡོད་པ་མ་རེད་ཅེས་ངས་ནམ་ཡང་ཤོད་ཀྱི་མེད། གང་ལྟར་མགོ་སྐོར་གཏོང་རྒྱུ་དང༌། དུས་ཚོད་སྐྱེལ་རྒྱུའི་གནས་ཚུལ་ཞིག་ཡིན་གྱི་མ་རེད་བསམ་གྱི་ཡོད། གལ་སྲིད་སྐབས་དེར་ཐག་གཅོད་ཐུབ་པ་ཞིག་བྱུང་བ་ཡིན་ན། ངེས་པར་དུ་ཐག་གཅོད་བྱ་རྒྱུའི་འདོད་པ་ཞིག་གི་ཐོག་ནས་སྐད་ཆ་དེ་བཤད་པ་མ་གཏོགས། ང་ཚོ་མགོ་སྐོར་སླུ་བྲིད་བྱ་རྒྱུའི་ཆེད་དུ་བཤད་པར་མཐོང་གི་མེད། དེ་དུས་ང་ཚོར་མགོ་སྐོར་གཏོང་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། ང་ཚོ་སྣང་མེད་དུ་གཡུག་བཞག་ནའང་འགྲིགས་ངེས་ཀྱི་གནས་སྟངས་ཤིག་ཡོད་ཀྱང་དེ་དུས་དོ་སྣང་ཆེན་པོ་བྱས་པ་རེད། འོན་ཀྱང་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ལྕོགས་པའམ། ཇི་ལྟར་ཡང་གནས་ཚུལ་མང་པོ་ཞིག་ལ་ལྟོས་ཏེ་ང་ཚོས་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་རྒྱུ་མེད་ཅིང༌། དངོས་ཡོད་གནས་ཚུལ་ནས་ང་རང་ཚོ་ཚང་མ་དེའི་བྱུང་རིམ་ནང་ཡོད་པ་ཤ་སྟག་མ་གཏོགས་མེད་ནའང༌། གང་ལྟར་མཐའ་མ་ཏེང་ཞའོ་ཕིང་འཆི་ཁར་བཙན་བྱོལ་དུ་ཡོད་པའི་བོད་མི་དང་འབྲེལ་བ་མ་བྱེད་ཅེས་ཁ་ཆེམས་འཇོག་དགོས་པའི་གནས་སྟངས་ཤིག་གི་བར་འགྱུར་བ་ཕྱིན་ཡོད། གནས་ཚུལ་འགྱུར་བ་དེ་འདྲ་ཕྱིན་པ་དེ་རྒྱ་དམར་གཞུང་གི་སྲིད་བྱུས་ཀྱི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད་ཀྱི་རེད་ལ། རྒྱ་ནག་མི་མང་གི་བསམ་བློ་གཏོང་ཕྱོགས་དང༌། སྐད་ཆ་ཤོད་སྟངས་ཀྱི་ཐོག་ནས་ཀྱང་ཤུགས་རྐྱེན་ཡང་ཐེབས་ཡོད་ཀྱི་རེད་དེ། ང་རང་ཚོའི་བྱེད་སྟངས་ཀྱི་ཐོག་ནས་ཤུགས་རྐྱེན་རྩ་བ་ནས་ཐེབས་ཡོད་པ་མ་རེད་ཅེས་ཤོད་ཐུབ་ཐབས་མེད་པ་ཞིག་རེད། དེར་བརྟེན་སྐབས་དེ་དུས་ཀྱི་བྱུང་རབས་ལ་ང་ཚོས་ཕྱི་མིག་བལྟས་ཏེ་ཉམས་མྱོང་ལེན་དགོས་རྒྱུ་ནི་གལ་ཆེན་པོ་རེད་བསམ་གྱི་འདུག དབྱིན་ཇིའི་གཏམ་དཔེར་ཐག་གཅོད་བཟང་པོ་བྱེད་ཐུབ་པ་ལ་ཉམས་མྱོང་བཟང་པོ་དགོས། ཉམས་མྱོང་བཟང་པོ་ཐག་གཅོད་ངན་པ་ཁག་ནས་ཡོང་གི་རེད་ཅེས་ཟེར་བ་ལྟར། ཐག་གཅོད་བྱེད་སྟངས་ནོར་བ་དེ་ཚོ་ནས་ཉམས་མྱོང་གསོག་དགོས། ད་ལྟ་ང་ཚོའི་ཉམས་མྱོང་རྣམས་གཞི་ལ་བཞག་ནས་མ་འོངས་པར་ཐག་གཅོད་ཡག་པོ་བྱེད་ཐུབ་པའི་ནུས་པ་བསྐྲུན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན།
བཀའ་ཤག་སྐབས་བཅུ་གཉིས་པས་ཆབ་སྲིད་དང༌། འཛིན་སྐྱོང་གི་ལས་དོན་གང་འདྲ་ཞིག་ཡིན་ནའང་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་གཞི་རྩའི་ལྟ་གྲུབ་ཀྱི་རྩ་དོན་གསུམ་པོ་དང་མ་འགལ་བ་བྱ་རྒྱུ་གལ་ཆེན་པོར་འཛིན་གྱི་ཡོད། བདེན་པ་ཞེས་པའི་སྐབས་མི་ཁག་ཅིག་ལ་གཡོ་སྒྱུ་ཁྲམ་གསུམ་ཤོད་ས་ཡོད་པ་ཞིག་དང༌། གཞན་པ་ཚོར་བདེན་པ་ཤོད་དགོས་པ་དེ་འདྲ་རྩ་བ་ནས་མ་རེད། དེར་བརྟེན་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་ཤེས་ཀྱི་མི་འདུག་ཅེས་ནང་ཚགས་ཀྱིས་གསུང་མཁན་བྱུང་ལ། ཡང་འགལ་ཟླ་བྱས་ཏེ་སྐྱོན་བརྗོད་གནང་མཁན་ཡང་ཡོང་གི་འདུག ཆབ་སྲིད་ལས་དོན་དབྱིན་སྐད་དུ་ Diplomacy ཟེར་བ་དེ་ཐབས་བྱུས་སྣ་ཚོགས་ཤིག་བྱེད་དགོས་པ་རེད་མ་གཏོགས། ཡོངས་རྫོགས་སྣང་བ་གདོང་འདེད་གྲྭ་པ་གྲྭ་རྐྱང་གི་ལས་ཀ་བྱེད་སྟངས་ནང་བཞིན་ཁ་ཐུག་ལ་བཤད་པའམ་བྱས་པ་ཡིན་ན། དེས་ལས་དོན་ཆེན་པོ་སྒྲུབ་ཐུབ་ཀྱི་མ་རེད་ཅེས་གསུང་མཁན་མང་པོ་ཡོང་གི་འདུག སྐྱོན་བརྗོད་བྱས་ཏེ་གསུང་མཁན་ཚོར་ཞུ་རྒྱུ་གང་ཡང་མེད། གང་ཡིན་ཞེ་ན། སྐྱོན་བརྗོད་གནང་རྒྱུའི་ཐོབ་ཐང་ཡོད་པ་རེད། ཐུགས་བརྩེ་ཞེན་ཁོག་དང༌། ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་གསུང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོ་ལ་ཡོད་པའི་མ་རྩ་གཙོ་བོ་ནི་བདེན་པ་རེད། དེ་གཡུགས་བཞག་ནས་དེང་རབས་ཀྱི་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ཀ་བྱས་ཏེ་ནུས་པ་ཐོན་རྒྱུ་ཞིག་ག་ནས་ཡོང༌། གལ་སྲིད་འཕྲལ་སེལ་གྱི་ནུས་པ་ཞིག་ཐོན་པའི་དབང་དུ་བཏང་ནའང༌། ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོང་རྒྱུ་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད་གཤིས། ད་ལྟ་ང་ཚོའི་ལས་ཀ་བྱེད་སྟངས་འདི་ལ་འགྱུར་བ་གཏོང་རྩིས་ཀྱང་མེད་ལ། གཏོང་དགོས་པ་ཞིག་མཐོང་གི་མི་འདུག དེ་ལ་ཁ་ཤས་ཀྱིས་ལྐུགས་པ་རེད་དགོངས་ཀྱི་ཡོད་པ་འདྲ། གལ་སྲིད་དེ་འདྲ་དགོངས་ཀྱི་ཡོད་ན་ལྐུགས་པ་ཡིན་ཞུ་རྒྱུ་མ་གཏོགས། ང་ཚོས་ལྐུགས་པ་མིན་ཞེས་གསལ་བཤད་བྱེད་དགོས་གང་ཡང་མི་འདུག གང་ལྟར་མ་འོངས་པར་ཡང་བོད་རྒྱ་ཞི་མོལ་གྱིས་གཙོས་པའི་ལས་དོན་གང་གི་ཐོག་ཏུའང་དེང་རབས་ཀྱི་ཆབ་སྲིད་འཁྲབ་སྟངས་ནང་བཞིན་འཁྲབ་རྒྱུའི་བསམ་ཚུལ་སྐབས་བཅུ་གཉིས་པའི་བཀའ་ཤག་ལ་རྩ་བ་ནས་མེད། དེ་ཚང་མའི་ཐུགས་ལ་འཇོག་དགོས་པའི་གནས་ཚུལ་གཅིག་ཡིན།
ང་ཚོའི་ལས་དོན་རླབས་ཆེན་པོ་འདི་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་དང༌། གཞིས་བྱེས་བོད་མིའི་རྒྱབ་སྐྱོར་གཉིས་ཀའི་ཐོག་ནས་དངོས་འབྲེལ་བྱས་ན་ནུས་པ་ཆེན་པོ་ཞིག་དང༌། ཤར་བསྐྱོད་བྱེད་ཐུབ་པ་ཞིག་ཡོང་དགོས་པའི་གནས་སྟངས་ཡོངས་སུ་ལྡན་ཡོད་ནའང༌། བར་ཆད་མང་པོ་ཞིག་ཡོང་གི་ཡོད་པའི་ནང་ནས་བར་ཆད་ཆེ་ཤོས་གཅིག་ནི། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་བསམ་བློའི་ནུས་པ་གཅིག་བསྒྲིལ་ཡོང་མ་ཐུབ་པར་རིང་ཐུང་ཕྲན་བུ་ཤོར་གྱི་ཡོད་པ་དང༌། གལ་ཏེ་བསམ་བློའི་ནུས་པར་རིང་ཐུང་མ་ཤོར་ནའང༌། ཡིད་ཆེས་ཀྱི་ནུས་པ་ཆ་ཚང་དོ་མཉམ་མ་ཐུབ་པའི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེ་ཡིན། བསམ་བློ་རིང་ཐུང་དོ་མཉམ་མེད་པ་དེ་གང་འདྲ་ཡོང་གི་ཡོད་ཅེ་ན། མཁྱེན་ཡོན་ཅན་མང་པོས་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་གླེང་བྱེད་པ་འདིས་བོད་རྒྱ་ཆེའི་མང་ཚོགས་ལ་ཕུགས་ཀྱི་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད། རྒྱ་བོད་གཉིས་ཁ་བྲལ་དུ་མ་ཕྱིན་གྱི་བར་རྒྱ་ནག་དང་མཉམ་དུ་བསྡད་དེ་བོད་མིའི་མངོན་འདོད་སྒྲུབ་ཐུབ་པ་ཞིག་ཡོང་གི་མ་རེད་དགོངས་ཀྱི་ཡོད་པ་རེད། ཐུགས་ཁག་རྩ་བ་ནས་མི་འདུག འདས་པའི་བྱུང་རབས་ལ་གཞིགས་ནས་དེ་འདྲའི་དགོངས་ཚུལ་ཤུགས་ཆེན་པོ་ཡོད་མཁན་རྣམས་ཀྱིས་གསལ་པོའི་ཐོག་ནས་དབུ་མའི་ལམ་ལ་དགག་བྱ་གནང་གི་ཡོད་པ་རེད། དེ་ལྟར་མངོན་གསལ་དོད་པོས་དགག་བྱ་གནང་མཁན་ཚོས་ང་ཚོར་དེ་ཙམ་གྱི་གནོད་སྐྱོན་དང༌། བར་ཆད་གཏོང་གི་ཡོད་པར་རྩ་བ་ནས་མཐོང་གི་མེད། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་ཡོང་གི་ཡོད་པ་དང༌། ཡོང་ཆོག་གི་ཡོད་པ། ཡོང་དགོས་ཀྱི་ཡོད་པར་ང་ཚོས་ཁས་ལེན་བྱས་ཟིན་པར་བརྟེན། ང་ཚོའི་ལྟ་བ་དང་མི་མཐུན་པ་བྱས་ན་ང་ཚོའི་ནུས་པ་ཉམས་ཀྱི་འདུག་ཅེས་ཞུ་ས་རྩ་བ་ནས་མེད། ང་ཚོས་ང་རང་ཚོའི་ལྟ་བ་གཅིག་ཁྱེར་ནས་འགྲོ་བ་དང༌། མི་གཞན་པ་ཚོས་ཁོ་རང་ཚོའི་ལྟ་བ་གཅིག་ཁྱེར་ནས་འགྲོ་བ་དེ་ཕྱོགས་གཉིས་ཀའི་རང་དབང་རེད། རང་རང་སོ་སོའི་དམིགས་ཡུལ་དེ་བསྒྲུབ་རྒྱུའི་ཆེད་དུ་ལས་འགུལ་དང༌། འབད་བརྩོན་གང་འདྲ་ཞིག་བྱེད་ཀྱི་ཡོད་ནའང༌། སོ་སོའི་རང་དབང་དེའི་ཐོག་ནས་འགྲོ་ཐུབ་པ་ཡིན་ཞིང༌། དེའི་ཐོག་ནས་ང་ཚོར་བར་ཆད་གང་ཡང་ཡོང་གི་མེད། འོན་ཀྱང་མངོན་གསལ་དོད་པོས་བོད་རང་བཙན་བསྐྱར་གསོ་བྱ་རྒྱུའི་ལྟ་གྲུབ་ཁྱེར་ནས་དབུ་མའི་ལམ་ལ་དགག་བྱ་མ་བྱས་ནའང༌། ཕྱོགས་གཅིག་ནས་དབུ་མའི་ལམ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་ལ་སེམས་ཀྱི་གཏིང་ནས་དབུ་མའི་ལམ་གྱི་གོ་དོན་མ་རྟོགས་པའམ། ཡང་ན་དབུ་མའི་ལམ་གྱིས་ཕན་ཐོགས་ཡོང་གི་མ་རེད་སྙམ་པའི་བསམ་བློ་བློས་མ་ཐོངས་པ་ལྟ་བུས་ཁ་ཞེ་མི་མཚུངས་པ་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད། གཞུང་གི་ལས་བྱེད་ཀྱི་ནང་ལ་ཡོང་གི་ཡོད་པ་དང༌། གྲོས་ཚོགས་ཀྱི་འཐུས་མིའི་ནང་ལའང་ཡོང་གི་ཡོད། དེ་བཞིན་མི་མང་གི་ཁྲོད་དུ་ཡོང་གི་ཡོད་པ་སྨོས་ཅི་དགོས། དེར་བརྟེན་ང་རང་ཚོ་སྔོན་མའི་བསམ་བློའི་བག་ཆགས་དེའི་དབང་གིས་བོད་རྒྱ་ཞི་མོལ་གནང་དགོས་པ་དང༌། དབུ་མའི་ལམ་ཡག་པོ་རེད་ཅེས་ཤོད་ཀྱིན་ཤོད་ཀྱིན་ལ། ཡང་ལུས་ངག་གི་རྣམ་འགྱུར་དེ་དང་མ་མཐུན་པ་ཞིག་ཐོན་རྒྱུ་དང༌། ག་དུས་ཡིན་ནའང་སེམས་ནང་ཨའོ་ད་ང་ཚོར་མགོ་སྐོར་གཏོང་གི་ཡོད་ས་རེད། གཅིག་བྱེད་ཀྱི་ཡོད་ས་རེད་སྙམ་པའི་བློ་མ་བདེ་བ་ཞིག་ཡོང་གི་ཡོད་པ་དང༌། དེ་ལུས་ངག་གི་རྣམ་རིག་ལ་འཐོན་གྱི་ཡོད་པ་འདིས་ང་ཚོའི་ནུས་ཤུགས་ལ་གནོད་སྐྱོན་གཏོང་གི་འདུག གནས་ཚུལ་དེ་ལ་བརྟེན་ནས་རྒྱ་མིའི་ངོས་ནས་ག་རེ་ཤོད་ཀྱི་ཡོད་ཅེ་ན། ཁྱེད་རང་ཚོ་ལྷག་བསམ་རྣམ་དག་དང༌། དྲང་པོ་དྲང་གཞག་མི་འདུག ཁ་ཞེ་ངོ་ལྐོག་ཡོད་པ་ཞིག་རེད་འདུག ཁ་ནས་དབུ་མའི་ལམ་བཤད་པ་མ་གཏོགས་དོན་ལ་ཁ་བྲལ་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་ཀྱི་འདུག་ཅེས་ཤོད་རྒྱུའི་གཞི་རྩ་ཞིག་སྐྲུན་གྱི་ཡོད་པ་མ་ཟད། ང་རང་ཚོའི་བསམ་བློ་དང༌། ལྟ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་འདོན་མི་ཐུབ་པའི་དཀའ་ངལ་ཡང་ཡོང་གི་ཡོད། དཀའ་ངལ་དེ་བསལ་དགོས་རྒྱུ་ནི་གལ་ཆེན་པོ་རེད་བསམ་གྱི་འདུག སོ་སོའི་བསམ་བློའི་ནང་དམྀགས་ཡུལ་དང༌། ཐབས་ལམ་གཉིས་ཀར་ཡིད་ཆེས་མེད་པ་ཡིན་ན། ལས་དོན་ནུས་པ་ཐོན་པ་ཞིག་ཡོང་རྒྱུ་མིན་པ་གསལ་པོ་རེད། དེ་སྔ་ང་རང་སྤྱི་འཐུས་ཚོགས་གཙོ་ཡིན་སྐབས་ཚོགས་ཆུང་འདིའི་ནང་བཅར་སྐབས་ངས། ཁྱེད་རང་ཚོ་ཕྱག་ལས་གནང་མཁན་ཡོངས་རྫོགས་ཀྱིས་རང་སྲིད་རང་སྐྱོང་གི་གནས་བབས་དང༌། དབུ་མའི་ལམ་གྱི་ཐབས་བྱུས་གཉིས་ཀར་ཡིད་ཆེས་གཙང་མ་ཡོད་དམ་ཞེས་བཀའ་འདྲི་ཞུས་མྱོང༌། དེར་བརྟེན་ཉུང་མཐར་ང་རང་ཚོ་ལས་ཀྱི་སྣེ་མོར་གཏོགས་པ་སྤྱི་དང༌། ལྷག་པར་དུ་གཞུང་གི་སྲི་ཞུ་བ་དང༌། གྲོས་ཚོགས་ཀྱི་འཐུས་མི་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཚོའི་བསམ་བློའི་ནང་རང་སྲིད་རང་སྐྱོང་གི་གནས་བབས་དང༌། ཞི་མོལ་གྱི་ཐབས་ལམ་གཉིས་ལ་ངེས་པར་དུ་ཡིད་ཆེས་ཡོད་པ་ཞིག་དགོས་ཀྱི་རེད། ཡིད་ཆེས་དེ་ང་ཚོས་བསྐྲུན་དགོས་ཀྱི་ཡོད་དང༌། ཡིད་ཆེས་ཡོང་རྒྱུའི་ཐབས་ཤེས་གང་ཞིག་བྱེད་དགོས་ང་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་གཅིག་ཡིན། འདི་ང་ཚོའི་དཀའ་ངལ་དང་པོ་དེ་རེད།
དཀའ་ངལ་གཉིས་པ་ནི། དབུ་མའི་ལམ་དང༌། རང་སྲིད་རང་སྐྱོང་གི་གནས་བབས། ཞི་མོལ་གྱི་ཐབས་ལམ་བཅས་ཡོངས་རྫོགས་ལ་ཕྲན་བུའི་ཡིད་ཆེས་ཡོད་ནའང༌། ཆབ་སྲིད་ཀྱི་གནས་སྟངས་གསལ་པོ་མ་མཁྱེན་པའི་དབང་གིས་འདོད་ཐག་ཉེ་པོ་བྱས་ཏེ་ད་ཉིན་སྐུ་ཚབ་གཅིག་ཕར་ཕེབས་པ་ཡིན་ན། སང་ཉིན་ལམ་སེང་འགྲིགས་འཇགས་ཤིག་ཡོང་དགོས་པ་ལྟ་བུའི་གནས་སྟངས་འོག་སྐུ་ཚབ་ཚོ་ཚུར་ལོག་སྐབས་ང་ཚོའི་རྩ་དོན་ཐོག་ག་རེ་བྱུང་བ་རེད། གནས་སྟངས་ག་རེ་ཆགས་སོང༌། གང་ཡང་བྱུང་མེད་ན། ཁོང་ཚོ་ཞལ་ལག་མཆོད་ཁར་ཕེབས་པ་རེད་དམ་ཟེར་བ་སོགས་ཡོང་གི་འདུག དེ་རིགས་ལ་ང་ཚོས་ཨིའ་ཛི་རཱལ་དང༌། པེ་ལིསི་ཊ་ནིན། ཤྲིལངྐ༌། རྒྱ་གར་དང་ནཱ་ག་ལ་སོགས་པའི་ཞི་མོལ་ཁག་དཔེར་བཀོད་ནས་ཉི་མ་གཅིག་ལ་ཡོང་རྒྱུ་ཞིག་མེད་པ་དང༌། དུས་ཚོད་རྒྱུན་བསྲིངས་ནས་འབད་བརྩོན་བྱེད་དགོས་པའི་གནས་ཚུལ་ཡོད་པ་རྣམས་གོ་བསྐོན་གསལ་བཤད་བྱ་རྒྱུ་འདི་གལ་ཆེན་པོ་ཡིན་པར་བསམ་གྱི་འདུག བློ་ཐག་ཉེ་པོའི་རིགས་དེ་ཚོས་སྐུ་ཚབ་ཚོགས་པ་ཚར་གཅིག་ཕེབས། ཚར་གཉིས་ཕེབས་པའི་སྐབས་སུ་ཐག་གཅོད་གཅིག་མ་བྱུང་བ་ཡིན་ན། ད་གང་ཡང་ཡོང་རྒྱུ་མེད་པའི་བསམ་ཚུལ་ཡོང་གི་འདུག བསམ་བློ་འཁྱེར་སྟངས་འདི་ལ་འགྱུར་བ་གཏོང་ཐབས་ཤིག་མ་བྱས་ཚེ། ང་ཚོའི་ནུས་པ་ཡོངས་རྫོགས་གཅིག་ཏུ་སྤུང་ཐུབ་རྒྱུ་དང༌། ནུས་པ་ཐོན་ཐུབ་པ་ཡོང་རྒྱུར་བར་ཆད་གཏོང་གི་འདུག
དཀའ་ངལ་གསུམ་པ་ཞིག་ལ། ཞི་མོལ་གྱི་ལམ་ནས་གང་ཡང་ཡོང་རྒྱུ་མེད་པ་ཐག་བཅད་ནས་དེའི་གནས་ཚུལ་ཤུགས་ཆེན་པོས་དྲིལ་བསྒྲགས་བྱེད་མཁན་རིགས་གཅིག་ཡོད་པར་བརྟེན་སྐབས་རེ་ང་ཚོའི་ལས་ཀྱི་སྣེ་མོ་བ་ཚོ་ཡིན་ནའང༌། ཨའོ་ད་གང་འདྲ་ཡིན་ན་སྙམ་པའི་བསམ་བློའི་ཆོད་སེམས་དང༌། གདེང་སྤོབས་ལ་གཡོ་འགུལ་ཐེབས་རྒྱུའི་གནས་སྟངས་བཟོས་ཡོང་གི་འདུག ཁོང་ཚོ་ལ་རྒྱུ་མཚན་འགོད་རྒྱུ་མང་པོ་ཡོད། དཔེར་ན། རྒྱ་ནག་ཇི་ཙམ་གྱི་སྟོབས་ཤུགས་ཆེན་པོ་ཡིན་པ་དང༌། འཛམ་བུ་གླིང་སུས་ཀྱང་ཁ་གཏད་གཅོག་ཐུབ་ཀྱི་མེད་པ། བོད་ཇི་ཙམ་གྱི་སྟོབས་ཤུགས་དང་མི་འབོར་ཆུང་ཆུང་ཡིན་པ། རྒྱ་མི་ལ་བོད་རྒྱ་ཞི་འགྲིགས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པ། རྒྱ་མིས་ྋགོང་ས་མཆོག་གི་སྐུ་ཚེར་ཚད་བཟུང་ནས་དུས་ཚོད་འཕུལ་ཐབས་བྱེད་ཀྱི་ཡོད་པ། ཁོང་ཚོར་མགོ་སྐོར་གཏོང་རྒྱུའི་འཆར་གཞི་ངེས་ཅན་ཡོད་པ། རྒྱལ་སྤྱིའི་ནང་གནོན་ཤུགས་ཉུང་དུ་གཏོང་རྒྱུའི་ཆེད་དུ་འབྲེལ་མཐུད་བྱེད་ཀྱི་ཡོད་པ། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འཕྲོ་བརླག་གཏོང་རྒྱུའི་ཆེད་དུ་སྐུ་ཚབ་ངོས་ལེན་བྱེད་ཀྱི་ཡོད་པ་སོགས་གང་ལྟར་ང་ཚོ་ཚང་མ་རྒྱ་མིའི་མགོ་སྐོར་འོག་འགྲོ་ཡོད་པ་དང༌། བོད་རྒྱ་ཞི་མོལ་གྱི་ལམ་ནས་རང་སྲིད་རང་སྐྱོང་གི་གནས་བབས་ཟེར་བ་རྩ་བ་ཉིད་ནས་ཐོབ་རྒྱུ་མེད་པའི་རྒྱུ་མཚན་དང༌། རིགས་པ་ག་ཚོད་ཡོད་ཡོད་བཀོད་ནས་རང་རེའི་སྤྱི་ཚོགས་ཀྱི་ནང་དང༌། ལས་བྱེད་པའི་ཁྲོད་དུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ཙམ་དུ་མ་ཟད། སྐབས་རེ་ྋགོང་ས་མཆོག་ལའང་དེ་འདྲ་ཞུ་མཁན་ཡོང་གི་མེད་དམ་སྙམ་པ་ཡོང་གི་འདུག གནས་སྟངས་འདི་རིགས་ནི་ང་ཚོའི་ནང་གི་བར་ཆད་ཆེ་ཤོས་གཅིག་རེད། གཞན་པ་མ་བྱུང་ནའང་ང་རང་ཚོ་ལས་ཀྱི་སྣེ་ལ་སྡོད་མཁན་རྣམས་བོད་ཀྱི་གཏམ་དཔེར་ཕིག་ཕིག་སྡེར་མའི་ནང་བཞག་པ་བཞིན་དུ་འདར་སིག་མ་བརྒྱབ་པར་ཆོད་སེམས་རི་བོ་བཞིན་བརྟན་པོ་བྱས་ཏེ་སྡོད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད། བདག་ཉིད་ཆེན་པོ་གཱན་དིས་དུས་རྒྱུན་དུ་རང་གི་ཁ་གཏད་དང༌། འགལ་ཟླ་ལ་ཡིད་ཆེས་བྱེད་དགོས། ཕ་རོལ་པོས་ཡིད་ཆེས་བྱེད་མི་རུང་བ་གསལ་པོར་ར་མ་སྤྲོད་ཀྱི་བར་དུ་ཡིད་ཆེས་བྱེད་དགོས་ཞེས་གསུངས་ཡོད། དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་ཡིད་ཆེས་བྱེད་མི་འོས་པ་དེ་ཁོ་རང་ཚོའི་ངོས་ནས་རྒྱལ་སྤྱིའི་ནང་གསལ་པོ་མ་བཟོས་ཀྱི་བར་དུ་ང་ཚོས་ཡིད་ཆེས་བྱེད་དགོས་པ་མ་གཏོགས། ཉིན་མ་དང་པོ་ནས་ཁོང་ཚོར་ཡིད་ཆེས་བྱེད་མི་ཐུབ་པའི་འདུ་ཤེས་བཟུང་བ་ཡིན་ན་དྲང་པོ་ཡང་མ་རེད་ལ། དེས་ང་ཚོའི་དགོས་མཁོ་ཡང་སྒྲུབ་ཐུབ་ཀྱི་མ་རེད། དོན་དམ་གྱི་ཡིད་ཆེས་བྱེད་མི་འོས་པ་ཞིག་ཡིན་ན་ཉི་མ་གཅིག་རྟགས་མཚན་གསལ་པོ་ཐོན་ཡོང་གི་རེད། ག་དུས་ཡིན་ནའང་ཡིད་ཆེས་བྱེད་མི་འོས་པ་ཞིག་ལ་ང་ཚོས་ཡིད་ཆེས་བྱས་ཏེ་དོན་དག་བསྒྲུབ་རྒྱུ་ཞིག་ནམ་ཡང་མེད་ལ། དེ་ལྟར་སྡོད་ཐུབ་ཐབས་ཀྱང་མེད། དེར་བརྟེན་ཕ་རོལ་པོའི་ཕྱོགས་ནས་ཡིད་ཆེས་བྱེད་མི་འོས་པའི་རྟགས་མཚན་གསལ་པོ་མ་བསྟན་གྱི་བར་རང་ཕྱོགས་ནས་ཡིད་ཆེས་བྱས་ཏེ་གོམ་པ་མདུན་སྤོས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བསམ་གྱི་ཡོད།