མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མའི་ལྷན་དུ་གནང་བའི་བགྲོ་གླེང་ཐེངས་གཉིས་པ།

ཆོས་འཁོར་དུས་ཆེན་སྐོར།
རིན་པོ་ཆེས། ཁྱེད་ཚོ་སྔ་པོ་ནས་བསྡད་ཚར་འདུག འདིར་བསྡད་ནས་ག་ཚོད་ཙམ་ཕྱིན་སོང༌། དེ་རིང་གུང་གསེང་མ་རེད་དམ།
སློབ་མས། རེད།

རིན་པོ་ཆེས། གང་ཡིན་ནམ།

སློབ་མས། ཆོས་འཁོར་དུས་ཆེན་རེད།

རིན་པོ་ཆེས། ཆོས་འཁོར་ཟེར་ན་ག་རེ་རེད།

སློབ་མས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་དང་པོ་གསུང་ས།

རིན་པོ་ཆེས། ཆོས་དང་པོ་གསུང་ས་ཞེ་ན་ས་ཆ་ལ་གོ་གི་རེད། ཆོས་དང་པོ་གསུང་ས་ག་པར་རེད།

སློབ་མས། ཆོས་འཁོར་དང་པོ།

རིན་པོ་ཆེས། གསུང་ས་ག་པར་རེད། གསུང་ས་དེ་ཝཱ་རཱ་ཎ་སཱི་མ་རེད་དམ།

སློབ་མས། རེད།

རིན་པོ་ཆེས། ཝཱ་རཱ་ཎ་སཱི་ག་པར་ཡོད་རེད།

སློབ་མས། ཝཱ་རཱ་ཎ་སཱི་བིཧཱར་ལ་ཡོད་རེད།

རིན་པོ་ཆེས། དེ་འགྲིགས་མ་སོང༌། ཁྱེད་རང་ཕེབས་མྱོང་ངམ།

སློབ་མས། འགྲོ་མ་མྱོང༌།

རིན་པོ་ཆེས། ཁྱེད་རང་མར་བཞུགས་དང༌། ཁྱེད་རང་གསུངས་དང༌། ཁྱེད་རང་གིས་ད་གིན་གཅིག་གསུངས་སོང༌། དེ་རིང་གུང་གསེང་ག་རེ་བྱས་ནས་བཞག་པ་རེད།

སློབ་མས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་གསུངས་པ་རེད།

རིན་པོ་ཆེས། ཆོས་འཁོར་དང་པོ་གསུངས་པའི་དུས་ཚོད་དེ་ཡིན་ཙང་གུང་གསེང་བཞག་པ་རེད། དེ་རིང་བོད་པའི་ཚེས་པ་ག་རེ་རེད།

སློབ་མས། བོད་ཟླ་དྲུག་པའི་ཚེས་བཞི་རེད།

རིན་པོ་ཆེས། དེ་ཁྱེད་རང་ཚོས་མཁྱེན་གྱི་འདུག ད་དེ་རིང་ང་ཚོ་འདིར་འཛོམས་ནས་ག་རེ་བྱེད་རྒྱུ་རེད།

སློབ་མས། དྲི་བ་འདྲི་རྒྱུ་རེད།

རིན་པོ་ཆེས། དྲི་བ་འདྲི་རྒྱུ་རེད་དམ། ཡང་ན་རྩེད་མོ་རྩེ་རྒྱུ་རེད།

སློབ་མས། རྩེད་མོ་རྩེ་རྒྱུ་མ་རེད།

རིན་པོ་ཆེས། རྩེད་མོ་རྩེ་རྒྱུ་མ་རེད་དམ།

སློབ་མས མ་རེད།

རིན་པོ་ཆེས། ཆུ་ཚོད་གཉིས་ཙམ་འདིར་བསྡད་ནས་དཀའ་ལས་ཁག་རོགས་མ་རེད་དམ། དྲི་བ་གྲ་སྒྲིག་བྱས་ཡོད་དམ། ཡང་ན་ཁ་ཐུག་ལ་འདྲི་རྒྱུ་ཡིན། དེ་རིང་དྲི་བ་སྔོན་ལ་འདྲི་མཁན་སུ་ཡིན་ནམ། དྲི་བ་ཐོ་བརྒྱབས་ཡོད་དམ།

ྋགོང་ས་མཆོག་དང་འགྲོ་དོན།

སློབ་མས། ངའི་མིང་ལ་བསྟན་འཛིན་ཆོས་དབྱིངས་ཟེར། ང་འཛིན་གྲྭ་ལྔ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ངས་ཟམ་གདོང་རིན་པོ་ཆེ་ལ་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད། ྋགོང་ས་མཆོག་ཉིན་རེ་བཞིན་ལུང་པ་གཞན་དག་ལ་ཕེབས་དགོས་དོན་གང་ཡིན་ནམ།

རིན་པོ་ཆེས། ལོ་རེ་བཞིན་ཞེས་གསུངས་པ་ཡིན་ནམ།

སློབ་མས། ཉིན་རེ་བཞིན་ལུང་པ་གཞན་དག་ལ་ཕེབས་དགོས་དོན་གང་ཡིན་ནམ།

རིན་པོ་ཆེས། ད་དྲི་བ་དེ་དཔེ་དཀའ་ལས་ཁག་པོ་རེད་འདུག ཁྱེད་རང་མར་བཞུགས་དང༌། ྋགོང་ས་མཆོག་ཉིན་མ་རྟག་པར་ཕར་ཚུར་ཕེབས་འགྲོ་གི་འདུག ཕེབས་དགོས་དོན་ག་རེ་རེད། དྲི་བ་དེ་རེད་འདུག ཁྱེད་རང་ཚོའི་ནང་ནས་ལན་རྒྱག་མཁན་ཡོད་དམ། ཁྱེད་ཚོས་བྱས་ན་ག་རེ་ཡིན་ས་རེད། ག་རེ་བྱས་ནས་ཕེབས་ཀྱི་ཡོད་ས་རེད། དེ་རིང་ྋསྐྱབས་མགོན་རིན་པོ་ཆེ་ག་པར་བཞུགས་ཡོད་རེད། མཁྱེན་གྱི་ཡོད་དམ། དེ་རིང་རྡ་རམ་ས་ལར་བཞུགས་ཡོད་དམ།

སློབ་མས། བཞུགས་ཡོད་རེད།

རིན་པོ་ཆེས། སང་ཉིན་ག་པར་ཆིབས་བསྒྱུར་གནང་རྒྱུ་རེད།

སློབ་མས། ཁེ་ན་ཌ་ལ་ཕེབས་རྒྱུ་རེད།

རིན་པོ་ཆེས། ཁེ་ན་ཌ་ལ་སང་ཉིན་མ་རེད། ཕྱི་ཟླ་བཅུ་པའི་ནང་ལ་རེད། སང་ཉིན་ག་པར་ཕེབས་ཀྱི་རེད། ཁྱེད་རང་ཚོས་བྱས་ན་ྋརྒྱལ་བ་རིན་པོ་ཆེ་རྡ་རམ་ས་ལར་གཏན་འཇགས་བཞུགས་ན་དགའ་གི་རེད། ཡང་ན་ག་ས་ག་ལ་ཕེབས་ན་དགའ་གི་རེད་བསམ་གྱི་འདུག

སློབ་མས། ག་ས་ག་ལ་ཕེབས་ན་དགའ་གི་རེད།

རིན་པོ་ཆེས། གང་ཡིན་ནམ།

སློབ་མས། ལུང་པ་ཚང་མ་ལ་ཆོས་དེ་ཁྱབ་འགྲོ་གི་རེད།

རིན་པོ་ཆེས། རྡ་རམ་ས་ལར་བཞུགས་ནས་ཆོས་དེ་ཁྱབ་སྤེལ་གནང་རྒྱུ་མེད་དམ།

སློབ་མས། བོད་ཀྱི་སྐོར་ལ།

རིན་པོ་ཆེས། ཚིག་ཆ་ཚང་གསུངས་དང༌། བོད་དོན་སྐོར་ལ་ཞེས་ག་རེ་གསུངས་པ་ཡིན་ནམ། ྋརྒྱལ་བ་རིན་པོ་ཆེ་ནི་འཛམ་བུ་གླིང་གི་མི་རྒན་གཞོན་དང༌། ཆོས་ལ་དད་པ་ཡོད་མཁན་དང་དད་པ་མེད་མཁན། སྐྱེ་བོ་ཕོ་མོ། ལུང་པ་དང་ཆོས་ལུགས་མི་རིགས་ཀྱི་དབྱེ་བ་མེད་པར་ཚང་མས་དགའ་པོ་ཞུ་གི་ཡོད་རེད། དད་པ་བྱེད་ཤེས་མཁན་ཚོས་དད་པ་ཞུ་གི་ཡོད་རེད། དད་པ་བྱེད་མི་ཤེས་མཁན་ཚོས་ཧ་ཅང་དགའ་པོ་ཞུ་གི་ཡོད་རེད། དཔེར་ན་དམར་པོའི་ལྟ་བ་འཛིན་མཁན་དེ་ཚོས་དད་པ་བྱེད་ཤེས་ཀྱི་མེད་ལ་དད་པ་བྱེད་ཆོག་གི་ཡང་མ་རེད། ཡིན་ནའང་ཁོང་ཚོས་ྋརྒྱལ་བ་རིན་པོ་ཆེ་ལ་དགའ་པོ་ཡོད་ཅེས་ལབ་ཀྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་མཇལ་འདོད་བྱེད་ཀྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཉན་གྱི་ཡོད་རེད། དེ་ག་ནང་བཞིན་ཡེ་ཤུ་དང༌། ཁ་ཆེ། འཇིའུ། ཧིན་རྡུ་སོགས་ནང་པ་མ་ཡིན་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དེ་ཚོ་ཡང་ྋརྒྱལ་བ་རིན་པོ་ཆེའི་གསུང་བཤད་ཉན་རྒྱུ་དང༌། ྋརྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་ལ་དགའ་པོ་བྱེད་ཀྱི་ཡོད། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཉན་ན་ཁོང་རང་ཚོའི་སེམས་ལ་ཕན་པོ་ཡོད་རེད། དེ་འདྲ་ཡིན་ཙང་འཛམ་བུ་གླིང་གི་མི་སྒེར་པ་ཁག་དང༌། ཆོས་ཀྱི་སྒྲིག་འཛུགས་ཁག དགོན་སྡེ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྐུ་མདུན་ཕེབས་རོགས་གནང༌། བཀའ་སློབ་གནང་རོགས་གནང་ཞེས་གདན་ཞུ་འབུལ་མཁན་ཧ་ཅང་མང་པོ་ཡོད་རེད། ཡོངས་རྫོགས་ལ་ཞལ་བཞེས་གནང་ཐུབ་ཀྱི་ཡོད་མ་རེད། ཕེབས་ཐུབ་ཀྱི་ཡོད་མ་རེད། དུས་ཚོད་ཀྱིས་ལྡེང་གི་ཡོད་མ་རེད། དེར་བརྟེན་གདན་འདྲེན་ཞུ་མཁན་དེ་ཚོའི་ནང་ནས་གལ་ཆེ་ཆུང་གི་དབྱེ་བ་ཕྱེ་སྟེ་མི་མང་ཤོས་ལ་ཕན་ཐོགས་པ་དང༌། གལ་ཆེ་བ་ཁག་ལ་སྐུ་མདུན་གྱིས་སྐུ་ངལ་ལ་མ་འཛེམས་པར་ཕེབས་ཀྱི་ཡོད་རེད། ཕེབས་སྐབས་གདན་འདྲེན་ཞུ་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ྋརྒྱལ་བ་རིན་པོ་ཆེ་སྐུ་མཉེས་པོ་མི་ཡོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད་དེ། ཐག་རིང་པོར་ཕེབས་དགོས་དུས་ཕྱོགས་ཐམས་ཅད་ནས་སྐུ་ངལ་མེད་པ་ཞིག་ཡོང་ཁག་པོ་རེད། ཉེ་ཆར་ཁུ་ནུ་དང༌། སྤི་ཏི་སོགས་ལ་ཕེབས་སྐབས་གནམ་གཤིས་ཡག་པོ་མེད་པ་དང༌། ཡར་ཞོར་ཧེ་ལེ་ཀོབ་ཊར་ནང་ཕེབས་པ་རེད་དེ། མར་ཞོར་ཕྱག་ཚོད་དགུ་ཙམ་ཞིག་མོ་ཊའི་ནང་ཕེབས་པ་རེད། དགོང་མོ་གཅིག་ན་ལ་ཀནཌ་ལ་བཞུགས། སང་ཉིན་དེར་ཕྱག་ཚོད་གཉིས་ཙམ་ཕེབས་ཏེ་སིམ་ལ་དང༌། དེ་ནས་རྡ་རམ་ས་ལར་ཕེབས་པ་རེད། དེ་བཞིན་ཕྱི་རྒྱལ་ཁག་ལ་ཕེབས་དུས་གནམ་གྲུའི་ནང་ལ་ཕྱག་ཚོད་བརྒྱད་དགུ་ཞིག་ཕེབས་དགོས་པར་ཧ་ཅང་སྐུ་མཉེས་པོ་ཡོད་རེད། ཡིན་ནའང་སྐུ་ངལ་ལ་མ་འཛེམས་པར་ག་རེ་བྱས་ནས་ཕེབས་ཀྱི་ཡོད་རེད་ཟེར་རྒྱུ་དེ་ཁྱེད་རང་གི་དྲི་བ་དེ་རེད། ཕེབས་དགོས་པའི་དོན་དག་དེ་སྐད་ཆ་མང་པོ་མི་དགོས་པར་བསྡོམས་བརྒྱབས་ནས་ཞུས་ན། བསྟན་པ་དང་སེམས་ཅན་གྱི་དོན་མཛད་དགོས་ཀྱི་ཡོད་པ་དང༌། སེམས་ཅན་ལ་ཕན་ཐོགས་བྱེད་དགོས་ཀྱི་ཡོད་ཙང་ཕེབས་ཀྱི་ཡོད་རེད། ག་རེ་བྱས་ནས་ཕེབས་ཀྱི་ཡོད་རེད་གསུངས་པ་ཡིན་ན། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་སེམས་ཅན་ཡོངས་ལ་ཐུགས་བརྩེ་བ་ཆེན་པོ་ཞིག་ཡོད་པ་ཡིན་ཙང༌། སེམས་ཅན་ལ་ཐུགས་བརྩེ་བ་དང་སྙིང་རྗེ་ཆེན་པོས་གཟིགས་ནས་ཕེབས་ཀྱི་ཡོད་རེད། ད་ལྟ་ཚུར་རྡ་རམ་ས་ལར་ཕེབས་ནས་བདུན་ཕྲག་གཅིག་ལྷག་ཙམ་ལས་ཕྱིན་ཡོད་མ་རེད་དེ། སང་ཉིན་སླར་ཡང་ཕྱི་ལོགས་ལ་ཕེབས་མཁན་རེད། པོ་ལེཎ་ཌ་དང༌། འཇར་མན། སུད་ཛར་ལེཎ་ཌ་ལ་ཕེབས་རྒྱུ་དང༌། དེ་ནས་ཚུར་ཕེབས་ཏེ་ལ་དྭགས་ལ་ཕེབས་རྒྱུ་རེད། དེར་ཟླ་བ་གཅིག་ལྷག་ཙམ་བཞུགས་རྒྱུ་རེད།བྱས་ཙང་ཉིན་མ་རྟག་པར་ག་ས་ག་ལ་ཕེབས་དགོས་པ་དེ་བསྟན་པ་དང་སེམས་ཅན་གྱི་དོན་མཛད་རྒྱུའི་ཆེད་དུ་ཕེབས་ཀྱི་ཡོད་རེད། ཐུགས་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཡིན་ཙང༌། དེའི་དབང་གིས་ཕེབས་ཀྱི་ཡོད་རེད། ད་དྲི་བ་གཞན་པ་ག་རེ་ཡོད།

ཚོར་བ་དང་མྱོང་བའི་སྐོར།

སློབ་མས། ཟམ་གདོང་རིན་པོ་ཆེ་ཁྱེད་རང་བཀའ་བློན་ཁྲི་པ་ཆགས་དུས་ཚོར་བ་ག་རེ་སླེབས་སོང༌།

རིན་པོ་ཆེས། ཁྱེད་རང་གིས་བྱས་ན་བཀའ་བློན་ཁྲི་པ་ཆགས་དུས་ཚོར་བ་ག་འདྲ་ཞིག་སླེབས་ཡོད་རེད་བསམས་སོང༌། ཚོར་བ་ག་འདྲ་ཞིག་སླེབས་དགོས་ཀྱི་རེད། བཀའ་བློན་འཁོད་པའི་སྐབས་ལ་ཚོར་བ་ག་འདྲ་ཞིག་སླེབས་སོང་ཟེར་བའི་དྲི་བ་དེ་དེ་རིང་སང་ཉིན་གསར་འགྱུར་འགོད་མཁན་ཚོའི་དྲི་བའི་བཟོ་འདྲ་ཞིག་མི་འདུག་གམ། ཕྲུ་གུ་ཆུང་ཆུང་ཞིག་གིས་དྲན་པའི་དྲི་བའི་བཟོ་འདྲ་ཞིག་འདུག་གམ། ཁྱེད་རང་གིས་དྲན་སོང་ངམ། ཡང་ན་གཞན་པ་ཞིག་གིས་བསླབས་སོང༌།

སློབ་མས། ང་རང་གིས་དྲན་སོང༌།

རིན་པོ་ཆེས། ཁྱེད་རང་གིས་དྲན་པ་ཡིན་ན་ལན་རྒྱག་དགོས་ཀྱི་རེད། མིའི་བསམ་བློའི་ནང་ལ་འཁོར་བསྡད་པའི་བསམ་བློ་དེ་ཚོ་རྗེས་མ་ཁྱེད་རང་ཚོས་བློ་རིག་བལྟས་པའི་སྐབས་ལ་བསམ་བློའི་དབྱེ་བ་ཧ་ཅང་མང་པོ་ཕྱེ་རྒྱུ་ཡོད་རེད། ཡིན་ནའང་དབྱེ་བ་མང་པོ་མ་ཕྱེ་བར་རགས་པ་ཙམ་ཞིག་བྱེད་པ་ཡིན་ན་ཚོར་བ་ཟེར་རྒྱུ་གཅིག་དང༌། མྱོང་བ་ཟེར་ནའང་འགྲིག་གི་འདུག འདུན་པ་ཟེར་ནའང་འགྲིག་གི་འདུག དེ་འདྲ་གཉིས་ཀྱི་ནང་ལ་བསྡུས་ཆོག་གི་རེད། མྱོང་བ་དང་འདུན་པ་ཟེར་བ་དེ་གང་འདྲ་ལབ་ཀྱི་རེད་ཟེར་ན། མིག་གིས་གཟུགས་མཐོང་བའི་སྐབས་ལ་གཟུགས་དང་མིག་གི་ཤེས་པ་གཉིས་པོ་དེ་ཕྲད་ནས་དཀར་པོ་སྔོན་པོ་སེར་པོ་དེ་འདྲ་མཐོང་རྒྱུ་གཅིག་དང༌། ཨམ་ཅོག་གིས་སྒྲ་ཐོས་པའི་སྐབས་ལ་སྒྲ་སྙན་པོ་དང་སྒྲ་མི་སྙན་པ། དེ་བཞིན་སྙན་མི་སྙན་གང་ཡང་མ་ཡིན་པ་སྐད་ཆའི་སྒྲ། ཆུ་ཡི་སྒྲ། དེ་ཚོ་ཁ་ཐུག་གོ་བ་ཙམ་ཞིག་དང་སྒྲའི་ངོས་འཛིན་ཙམ་བྱེད་རྒྱུ་ཞིག་ལ་མྱོང་བ་ཟེར་གྱི་རེད། སྒྲ་དེ་མྱོང་གི་ཡོད་རེད། སྒྲ་དེ་ཐོས་ཀྱི་ཡོད་རེད། གཟུགས་དེ་མཐོང་གི་ཡོད་རེད། དྲི་དེ་བསྣམས་ཀྱི་ཡོད་རེད། རོ་ཡིན་ན་ལྕེ་ལེབ་ཀྱིས་མྱོང་གི་ཡོད་རེད། ང་ཚོའི་བསམ་བློ་ཕྱི་ལོགས་ཀྱི་ཡུལ་ལ་ཕར་འགྲོ་སའི་སྒོ་ལྔ་ཡོད་རེད། མིག་དང༌། ཨམ་ཅོག སྣ་ཁུང༌། ལྕེ་ལེབ། གཟུགས་པོའི་པགས་པ། ནང་གི་ཤེས་པ་དེ་རྩིས་ན་དྲུག་རེད། ནང་གི་ཡིད་དེ་མ་རྩིས་ན་ལྔ་རེད། མིག་གིས་གཟུགས་མཐོང་གི་ཡོད་རེད། ཨམ་ཅོག་གི་བརྒྱུད་ནས་སྒྲ་ཐོས་ཀྱི་ཡོད་རེད། སྣ་ཁུང་གི་བརྒྱུད་ནས་དྲི་མ་སྣོམ་གྱི་ཡོད་རེད། ལྕེ་ལེབ་ཀྱི་བརྒྱུད་ནས་བྲོ་བ་མྱོང་གི་ཡོད་རེད། གཟུགས་པོའི་པགས་པ་བརྒྱུད་ནས་རེག་བྱ་འཇམ་རྩུབ་དང་ལྗིད་ཡང་བཅས་ཀྱི་རེག་བྱ་ཚོར་གྱི་ཡོད་རེད། དེ་རྗེས་ཚང་མའི་ལན་འདྲ་པོ་བསྐྱལ་ས་དེ་ནང་ལོགས་ཀྱི་བསམ་བློ་དེ་རེད། བསམ་བློ་དེས་དེ་དག་ངོས་འཛིན་བྱས་པ་ཙམ་ལ་མྱོང་བ་ཟེར་གྱི་རེད། མྱོང་བ་དེ་ལ་བརྟེན་ནས་མིག་གིས་གཟུགས་མཐོང་བའི་རྗེས་ལ་བསམ་བློའི་ནང་ལ་ཚོར་སྣང་ཞིག་ཤར་གྱི་རེད། དེ་ལ་ཚོར་བ་ཟེར་གྱི་རེད། ཚོར་བ་ཟེར་རྒྱུ་དེ་ལ་རགས་པ་ཙམ་གྱིས་དབྱེ་བ་ཕྱེ་ན་ཚོར་བ་བདེ་བ་དང༌། ཚོར་བ་སྡུག་བསྔལ། ཚོར་བ་བཏང་སྙོམས་བཅས་གསུམ་ཡོད་རེད། ཚོར་བ་བདེ་བ་ནི་དགའ་པོ་བྱུང་བའི་ཚོར་བ་དེ་རེད། ཚོར་བ་སྡུག་བསྔལ་ནི་མི་དགའ་བའི་ཚོར་བ་དེ་རེད། ཚོར་བ་བཏང་སྙོམས་ནི་དགའ་པོ་དང་མི་དགའ་བ་གང་ཡང་མ་ཡིན་པའི་བར་མའི་ཚོར་བ་དེར་ཟེར་གྱི་ཡོད་རེད། དཔེར་ན་ཁྱེད་རང་ཚོས་གློག་བརྙན་བལྟས་པའི་སྐབས་ལ་ལྟད་མོ་ཡག་པོ་ཞིག་མཐོང་བ་ཡིན་ན་མཐོང་རྒྱུ་དེ་མིག་གིས་མཐོང་བ་རེད་དེ། མིག་ལ་དགའ་མི་དགའ་དང་བདེ་བ་སྡུག་བསྔལ་གང་ཡང་ཡོང་རྒྱུ་ཡོད་མ་རེད། མིག་གིས་མཐོང་བ་དེ་ནང་གི་བསམ་བློ་ཡིད་ཟེར་བ་དེར་ཕར་ལན་བསྐྱལ་དུས་གཞི་ནས་དགའ་པོ་ཡོང་གི་ཡོད་རེད། ཡང་ཞེད་སྣང་ཚ་པོ་དེ་འདྲ་དང་ལྟད་མོ་སྡུག་ཅག་དེ་འདྲ་མཐོང་བ་ཡིན་ན་མི་དགའ་བ་ཡོང་གི་ཡོད་རེད། ཞེད་སྣང་ཡོང་གི་ཡོད་རེད། དེ་འདྲ་གང་ཡང་མིན་པར་ལྟད་མོ་ཐབས་ཆག་ཡིན་ན་དགའ་བའི་ཚོར་བ་དང་སྡུག་པའི་ཚོར་བ་དེ་འདྲ་གང་ཡང་མེད་པ་ཞིག་ཡོད་རེད།བྱས་ཙང་ནང་གི་སེམས་ཀྱི་འགྱུར་བ་དེ་ལ་དགའ་པོ་བྱེད་རྒྱུ་དང་མི་དགའ་བ་བྱེད་རྒྱུ་དེ་ལ་ཚོར་བ་ཞེས་ལབ་ཀྱི་ཡོད་རེད། དཔེར་ན་མི་གཅིག་ལ་ཁྱེད་རང་ཁ་ལག་ཟ་སྐབས་ཚོར་བ་གང་ཕྲད་བྱུང་ལབ་ན། ཞིམ་པོ་བྱུང་ན་དགའ་པོ་བྱུང་བ་དང༌། མ་ཞིམ་པ་བྱུང་ན་མི་དགའ་བ་བྱུང་སོང་ཞེས་བཤད་ཀྱི་རེད། མཚམས་རེ་སེ་པན་གྱིས་ཁ་འཚིགས་ནས་མིག་ཆུ་ཤོར་དགོས་པ་དེ་འདྲ་ཡོང་གི་རེད། དེའི་ཚོར་བ་དེ་སྡུག་བསྔལ་རེད། མི་དགའ་བ་ཞིག་ཡོད་རེད། དེ་ནས་བདེ་སྡུག་གཉིས་ཀ་མེད་ན་ཚོར་བ་བཏང་སྙོམས་ཟེར་རྒྱུ་དེ་རེད། དེ་ལ་དགའ་དང་མི་དགའ་བའི་ཐ་སྙད་གང་ཡང་མེད།

ད་བཀའ་བློན་འཁོད་དུས་ཚོར་བ་ག་རེ་བྱུང་ཞེས་གསུངས་པ་རེད། དྲི་བ་དེ་གསལ་པོ་བཟོས་པ་ཡིན་ན་དགའ་པོ་བྱུང་ངམ་མི་དགའ་བ་བྱུང༌། ཡང་ན་དགའ་མི་དགའ་གང་ཡང་མེད་པ་ཞིག་བྱུང་ཞེས་དྲིས་ཀྱི་ཡོད་རེད། ང་བཀའ་བློན་ཁྲི་པ་མ་བྱས་གོང་ལ་སྤྱི་འཐུས་ཚོགས་གཙོ་ཚར་གཉིས་བྱས་པ་རེད། སྤྱི་འཐུས་ཚོགས་གཙོ་ཚར་གཉིས་དེ་ཆ་ཚང་བསྡད་ན་ལོ་བཅུ་བསྡད་དགོས་ཀྱི་ཡོད་རེད། ལོ་བཅུའི་ནང་ནས་ཟླ་བ་བཞི་ཙམ་ཚང་ཡོད་མ་རེད། ལོ་དགུ་དང་ཟླ་བ་བརྒྱད་ལྷག་ཙམ་སྤྱི་འཐུས་ཚོགས་གཙོ་བྱས་ནས་བསྡད་པའི་སྐབས་ལ་ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་ངས་བཀའ་བློན་དང་ཚོགས་གཙོ་སོགས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགོ་ཁྲིད་བྱས་ནས་ཧ་ཅང་ཕན་ཐོགས་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་དེ་ར་འཕྲོད་ཚར་བ་རེད། ཉམས་མྱོང་བྱུང་ཚར་བ་རེད། དེར་བརྟེན་ཚོགས་གཙོ་བཞག་ནས་འགྲོ་སྐབས་ངས་མང་ཚོགས་ལ་བཟོད་གསོལ་ཞུས་པ་དེའི་ནང་ལ་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་ངའི་བསམ་བློ་འཁྱེར་སྟངས་གཉིས་པོ་དེ་ར་འཕྲོད་པོ་ཞིག་མི་འདུག དེ་འདྲ་སོང་ཙང་མ་འོངས་པར་འགོ་ཁྲིད་དང་འགན་ཡོད་པའི་གཞུང་འབྲེལ་གྱི་ལས་ཀ་དེ་འདྲ་བྱེད་ཐུབ་ཀྱི་མི་འདུག་ཅེས་ལབ་ཡོད་རེད། འོན་ཀྱང་བྱེད་ཀྱི་མིན་ཟེར་རྒྱུ་དེ་ད་ཆ་བདེན་པ་ཆགས་ཡོད་མ་རེད། རྗེས་མ་བཀའ་བློན་འཁོད་དུས་བཀའ་བློན་ཁྲི་པ་བྱེད་དགོས་བྱུང་བ་རེད། འོན་ཀྱང་བཀའ་བློན་ཁྲི་པར་བདམས་པའི་སྐབས་ལ་སྐྱིད་པོ་བྱུང་ཡོད་མ་རེད། དགའ་པོ་བྱུང་ཡོད་མ་རེད། ཚོར་བ་དེ་ག་འདྲ་ཞིག་བྱུང་ཞེ་ན་ང་ཚོ་བོད་པའི་སྔ་མོའི་སྐད་ཆ་ཤོད་སྟངས་བྱས་ན་ཅ་མ་ཟིང་ད་གང་དྲག་བསམས་པ་ཞིག་བྱུང་བ་མ་ཟད། བཀའ་བློན་ཁྲི་པ་བྱས་ནས་ཕན་ཐོགས་ཡོད་པའི་ལས་ཀ་ནི་གང་ཡང་བྱེད་ཐུབ་ཐབས་ཡོད་མ་རེད། དུས་ཚོད་ནི་མང་པོ་ཞིག་འགྲོ་གི་རེད། དཀའ་ལས་ནི་ཆེན་པོ་ཡོད་རེད། དེ་འདྲ་ཡིན་ཙང་ད་མི་ཚེ་ཆུད་ཟོས་འདྲ་པོ་ཞིག་མ་གཏོགས་ཡག་པོ་བྱུང་མ་སོང་བསམ་པའི་ཚོར་བ་ཞིག་བྱུང་ཡོད་རེད། འོན་ཀྱང་ཚོར་བ་དེ་རྒྱུན་རིང་པོ་བསྡད་ཐབས་ཡོད་མ་རེད། གལ་ཏེ་ལོ་བཅུའི་རིང་ལ་ཚོར་བ་དེ་ཁྱེར་ནས་བསྡད་ན་ཧ་ཅང་དཀའ་ལས་ཁག་པོ་རེད་དམ། དེ་ནས་ཀུན་སློང་བཅོས་ཟེར་རྒྱུ་ཞིག་ཡོད་རེད། ཀུན་སློང་བཅོས་ཟེར་བ་དེ་འདྲ་ཞིག་གོ་མྱོང་ངམ། ཀུན་སློང་བཅོས་ཟེར་དུས་སོ་སོའི་བསམ་བློ་བཟོ་བཅོས་བཏང་ནས་སོ་སོ་ལ་བསླབ་བྱ་བརྒྱབས་ཏེ་ད་དེ་འདྲ་ཞིག་བྱུང་བ་དེ་སྟབས་ཉེས་སོང་དྲན་རྒྱུ་ཡོད་མ་རེད། གོ་སྐབས་ཤིག་ཡིན་དྲན་དགོས་རེད། གོ་སྐབས་དེ་བླངས་ནས་གང་ཐུབ་ཐུབ་ཅིག་བྱེད་དགོས་བསམ་པའི་བསམ་བློ་བཟོ་བཅོས་བཏང་བའི་རྗེས་ལ་ཚོར་བ་ཡིད་དུ་མི་འོང་བའམ་ཚོར་བ་སྡུག་བསྔལ་དེ་རྒྱུན་རིང་པོ་ཞིག་བསྡད་ཡོད་མ་རེད། ད་དེའི་མཉམ་དུ་འགྲིག་ཆགས་བྱེད་དགོས་རེད་དམ། ཚོར་བ་སྡུག་བསྔལ་དེ་བཞག་ནས་རང་གིས་རང་ལ་སེམས་གསོ་འདྲ་བཏང་སྟེ་ད་ཁྱད་པར་ཡོད་མ་རེད། བྱེད་དགོས་ཀྱི་རེད། བྱེད་ཐུབ་ཀྱི་རེད་བསམ་པའི་ཀུན་སློང་འཁྱེར་ནས་འགྲོ་དུས་དང་པོའི་ཚོར་བ་སྡུག་བསྔལ་དང༌། ཚོར་བ་ཡིད་དུ་མི་འོང་བ། དགའ་པོ་མེད་པ་ཞིག་བྱུང་བ་རེད། དེའི་རྗེས་ལ་དགའ་པོ་མེད་ན་ཡང་ཡོད་མདོག་མདོག་བྱེད་རྒྱུ་ཞིག་བྱུང་བ་རེད། འགྲིག་སོང་ངམ། དྲི་བ་གཞན་པ་ག་རེ་ཡོད།

རིན་པོ་ཆེ་དང་སྤྱི་ཚོགས་ཞབས་ཞུ།

སློབ་མས། རིན་པོ་ཆེ་སྐུ་ཁམས་བཟང༌། ངའི་མིང་ལ་བསྟན་འཛིན་དབང་གྲགས་ཟེར་གྱི་ཡོད། ང་འཛིན་གྲྭ་ལྔ་པའི་ནང་སློབ་སྦྱོང་བྱེད་ཀྱི་ཡོད། གལ་སྲིད་རིན་པོ་ཆེ་བཀའ་བློན་ཁྲི་པ་གནང་མེད་ན་སྤྱི་ཚོགས་ཀྱི་ཆེད་དུ་རོགས་རམ་ག་རེ་གནང་ཡོད་དམ།

རིན་པོ་ཆེས། སྤྱི་ཚོགས་ཀྱི་ཆེད་དུ་རོགས་རམ་ཞིག་མ་ཞུས་ན་བསྡད་ཆོག་གི་མེད་པ་ཡིན་ནམ། ད་ལྟ་གོང་དུ་ཞུས་པ་བཞིན་༢༠༠༡ ཕྱི་ཟླ་༣ པའི་གྲོས་ཚོགས་གྲོལ་ནས་ངས་ཚོགས་གཙོའི་ལས་ཁུར་ནས་དགོངས་པ་ཞུས་པ་དང༌། ཝཱ་རཱ་ཎ་སིའའི་མཐོ་རིམ་སློབ་གྲྭའི་ངེས་སྟོན་པའི་ལས་ཀ་དེ་ཡང་ལོ་མ་ཚང་གོང་ནས་དགོངས་པ་ཞུས་པ་རེད། དེར་ད་དུང་བསྡད་པ་ཡིན་ན་ལོ་བཞི་ལྷག་ཙམ་ཞིག་བསྡད་རྒྱུ་ཡོད་རེད། དེ་ནས་ང་ལྷོ་ཕྱོགས་ལ་ཕྱིན་པ་རེད། རྒྱ་གར་ལྷོ་ཕྱོགས་ལ་སྦེང་ལོར་ཟེར་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་རེད། གོ་མྱོང་ངམ། འགྲོ་མྱོང་མཁན་ཡོད་དམ།

སློབ་མས། ཡོད།

རིན་པོ་ཆེས། ཕྱག་རྐྱོངས་དང༌། སྦེང་ལོར་ག་འདྲ་ཞིག་འདུག ས་ཆ་རྒྱ་ཆེན་པོ་འདུག་གམ། གྲོང་ཁྱེར་དེ་ནས་ཆུ་ཚོད་གཅིག་ཙམ་ཞིག་སྣུམ་འཁོར་ནང་འགྲོ་ན་ཤིང་ནགས་ཆེན་པོ་ཞིག་ཡོད་རེད། ཤིང་ནགས་དེའི་ནང་ལ་ཀྲྀཥ྄ཎམཱུརྟི་ཕའུན་ཌེ་ཤན་(Krishnamurti Foundation) གྱི་སློབ་གྲྭ་ཞིག་དང༌། སློབ་སྦྱོང་གི་ལྟེ་གནས་(Study Center) ཞིག་ཡོད་རེད། ཤིང་ནགས་དེའི་ས་ཆའི་རྒྱ་ཁྱོན་བྱས་པ་ཡིན་ན། ཨེ་ཀར་བརྒྱ་དང་ཉི་ཤུ་རྩ་གྲངས་ཤིག་ཡོད་རེད། ཤིང་ནགས་ཧ་ཅང་མཐུག་པོ་ཡོད་རེད། མཚན་མོར་གཟིག་དང་གླང་ཆེན་སོགས་རི་དྭགས་མང་པོ་མཐོང་རྒྱུ་ཡོད་རེད། དེའི་ནང་ལ་ཁང་པ་ཆུང་ཆུང་ཞིག་ཡོད།

དེར་གཞིས་ཆགས་རྩིས་བྱས་ནས་བསྡད་པ་རེད།བྱས་ཙང་དེར་བསྡད་ན་སྤྱི་ཚོགས་ལ་ག་རེ་ཕན་ཐོགས་བྱེད་ཐུབ་ཀྱི་རེད་ཅེས་དྲིས་པ་ཡིན་ཙང༌། སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་ལ་སྐད་ཆ་བཤད་རྒྱུ་དང༌། དེབ་འབྲི་རྒྱུ། ཚོགས་འདུ་སོགས་སུ་ཕྱིན་ནས་ཕྲན་བུ་ཞིག་ཕན་ཐོགས་སྲིད་ཀྱི་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ལ་འདི་འདྲ་ཞིག་ཕན་ཐོགས་སྙམ་པའི་བསམ་བློ་དེ་དུས་འཁོར་མ་སོང༌། སྤྱིར་བཏང་ང་ཝཱ་རཱ་ཎ་སཱི་ལ་ལོ་སུམ་ཅུ་ཏག་ཏག་བསྡད་པ་རེད། དེའི་གོང་ཕྱི་ལོ་༡༩༦༠ ནས་༡༩༧༠ ཐམ་པའི་བར་ལོ་བཅུ་ཆ་ཚང་སློབ་གྲྭ་ཁག་ལ་བསྡད་པ་རེད། སིམ་ལ་སློབ་གྲྭའི་དགེ་རྒན་བྱས་པ་རེད། རྡོ་རྗེ་གླིང་སློབ་གྲྭའི་དགེ་རྒན་བྱས་པ་རེད། ཌལ་ཧོར་སློབ་གྲྭའི་སློབ་སྤྱི་བྱས་པ་རེད། དེ་ནས་༡༩༧༡ ནས་༢༠༠༡ བར་ལོ་སུམ་ཅུ་ཙམ་ཞིག་ཝཱ་རཱ་ཎ་སཱིར་བསྡད་པ་རེད། དེ་ཡིན་ཙང་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ནང་ལ་ང་ངོ་ཤེས་མཁན་དང་ངའི་སྐད་ཆ་ཉན་མཁན་མང་བ་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ལ་ངའི་སྐད་ཆ་ཉན་མཁན་ཉུང་བ་ཡོད་རེད། ང་བཀའ་བློན་ཁྲི་པ་མ་བྱས་པར་བསྡད་པ་ཡིན་ན་རྒྱ་གར་གྱི་སྤྱི་ཚོགས་ལ་ཆོས་དང་ནང་དོན་རིག་པའི་རྣམ་གཞག་བཤད་རྒྱུ་དང༌། འཚེ་བ་མེད་པའི་སྤྱི་ཚོགས་བསྐྲུན་རྒྱུ། བདག་ཉིད་ཆེན་པོ་གྷན་རྡི་དང༌། ཨཱཙཱརྱ་བིནོབཱ་བྷཱབེའི་ལྟ་གྲུབ་ཁྱབ་སྤེལ་བྱེད་རྒྱུ། ཇེ་ཀྲྀཥ྄ཎམཱུརྟིའི་ལྟ་གྲུབ་ཁྱབ་སྤེལ་བྱེད་རྒྱུ་བཅས་ཀྱི་ཐོག་ལ་དུས་ཚོད་མང་བ་ཕྱིན་ཡོད་ཀྱི་རེད་བསམ་གྱི་འདུག དེ་བཞིན་བོད་པའི་སྤྱི་ཚོགས་ནང་ལའང་ཆོས་བཤད་ཀྱིས་ཕྲན་བུའི་ཕན་ཐོགས་བྱེད་ཡོད་མདོག་ཁ་པོ་རེད། དེབ་ཁ་ཤས་བྲིས་ཡོད་ཀྱི་རེད། དེའང་སྤྱིར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཚན་རིག ལྷག་པར་དུ་དེང་སང་འགྲོ་བ་མི་སྤྱི་ཡོངས་ཀྱིས་མྱོང་བའི་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ཤེས་ག་རེ་ཡོད་པ་བཅས་ཀྱི་ཐོག་ལ་དེབ་འདྲ་པོ་དེ་འདྲ་བྲིས་ཡོད་ཀྱི་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ཁོ་ནའི་དོན་ལ་ལས་ཀ་མང་པོ་ཞིག་གཅིག་བྱས་ན་བྱས་ཡོད་མདོག་ཁ་པོ་མ་རེད། ང་ཚོ་བོད་པའི་སྐད་ལ་རྟོག་པས་མཐའ་བཟུང་ཞེས་པ་ཞིག་ལབ་རྒྱུ་ཡོད་རེད། ཁྱེད་རང་ཚོས་དེ་གོ་མྱོང་ཡོད་མེད་མི་ཤེས། རྟོག་པས་མཐའ་བཟུང་ཟེར་དུས་ཚོད་དཔག་རང་རེད། བཀའ་བློན་ཁྲི་པ་མ་བྱས་པར་བསྡད་ཡོད་ན་ག་རེ་བྱས་ཡོད་ཀྱི་རེད་ཟེར་བ་དེ་ལ་ཐག་བཅད་ནས་ལབ་ཐུབ་ཐབས་གང་ཡང་མེད། ཚོད་དཔག་དེ་ཐིག་ཀྱང་སྲིད་ཀྱི་རེད། མ་ཐིག་པའང་སྲིད་ཀྱི་རེད།བྱས་ཙང་ཐག་བཅད་ནས་ཁྱེད་རང་གི་དྲི་བ་ལ་ལན་བརྒྱབ་ཐུབ་ཐབས་མེད། དྲི་བ་གཞན་པ་ག་རེ་ཡོད།

འཛམ་གླིང་ནང་འཁྲུགས་འཛིངས་དང་དམག་གི་རྒྱུ་རྐྱེན།

སློབ་མས། ཉིན་གུང་བདེ་ལེགས། ངའི་མིང་ལ་བསྟན་འཛིན་རྣམ་མཁྱེན་ཟེར་གྱི་ཡོད། ང་འཛིན་གྲྭ་དྲུག་པའི་ནང་སློབ་སྦྱོང་བྱེད་ཀྱི་ཡོད། དེ་རིང་ཁ་སང་རྒྱལ་ཁབ་ཕན་ཚུན་མ་མཐུན་པར་དམག་འདྲ་པོ་ཡོང་གི་འདུག དཔེར་ན་ཤིང་ཅང་མི་དང་རྒྱ་མི་ཕན་ཚུན་འཁྲུག་འཛིང་ཡོང་གི་འདུག་གམ། དེ་ག་རེ་བྱས་ནས་ཡོང་གི་ཡོད་རེད།

རིན་པོ་ཆེས། བཞུགས་དང༌། ཁྱེད་ཚོ་ཕྲུ་གུ་ནང་ཕན་ཚུན་འཁྲུག་པ་རྒྱག་གི་ཡོད་དམ། རྒྱག་རེས་ཤོར་སོང་ངམ། རྒྱག་རེས་རྒྱག་མཁན་གཅིག་ཀྱང་ཡོད་མ་རེད་དམ། རྒྱག་རེས་ཏོག་ཙམ་ཏོག་ཙམ་བརྒྱབ་ཀྱི་ཡོད་འགྲོ། བརྒྱབ་ཀྱི་མེད་དམ།

སློབ་མས ཏོག་ཙམ་ཏོག་ཙམ།

རིན་པོ་ཆེས། ཏོག་ཙམ་ཏོག་ཙམ་ག་རེ་བྱས་ནས་བརྒྱབ་ཀྱི་ཡོད།

སློབ་མས ཕན་ཚུན་མ་མཐུན་ནས།

རིན་པོ་ཆེས། ག་རེའི་ཐོག་ལ་མ་མཐུན་ནས་རྒྱག་རེས་རྒྱག་གི་ཡོད། ཁ་སང་ཁེ་ཉིན་རྒྱག་རེས་བརྒྱབས་པ་ཡིན་ནམ། ཉིན་ཁ་ཤས་སྔོན་དང་ཡང་ན་བདུན་ཕྲག་ཁ་ཤས་སྔོན་ལ་རྒྱག་རེས་བརྒྱབས་པ་ཡིན་ནམ། གཅིག་ཀྱང་དྲན་གྱི་མི་འདུག་གམ།

སློབ་མས། མི་གཞན་གྱིས་བརྡུངས་ན་བཟོད་སྒོམ་བྱེད་དགོས།

རིན་པོ་ཆེས། བརྡུང་ན་བཟོད་སྒོམ་བྱེད་དགོས་རེད། ཕར་བརྡུང་རྒྱུ་ཡོད་མ་རེད། ཡིན་ནའང་རྡུང་མཁན་དེ་ལ་བརྡུང་ན་ཡག་པོ་མ་རེད་ཅེས་ལབ་དགོས་ཀྱི་རེད། ལབ་ཐུབ་ས་རེད་དམ།

སློབ་མས། མ་ལབ་ནས་བཟོད་སྒོམ་བྱེད་དགོས་རེད།

རིན་པོ་ཆེས། ཁ་རོག་བསྡད་ནས་བཟོད་སྒོམ་བྱེད་ཀྱི་ཡོད་དམ།

སློབ་མས། རྡུང་དུས་སྐབས་ལ་བཟོད་སྒོམ་བྱེད་དགོས་རེད། རྡུང་མཁན་དེས་བསམ་བློ་འཁོར་གྱི་རེད།

རིན་པོ་ཆེས། རྡུང་མཁན་དེས་བསམ་བློ་འཁོར་ན་ཡག་པོ་རེད། རྡུང་མཁན་དེས་བསམ་བློ་མ་འཁོར་བར་ཁོས་བཟོད་སྒོམ་བྱེད་ཀྱི་འདུག་བསམས་ནས་ད་དུང་བརྡུང་ན་ག་རེ་བྱེད་རྒྱུ་ཡིན་ནམ།

སློབ་མས། མ་ཉན་ན་བསླབ་བྱ་རྒྱག་དགོས་རེད།

རིན་པོ་ཆེས། ལགས།

སློབ་ཕྲུག རྒན་ལགས་རྩ་ལ་འགྲོ་རྒྱུ་རེད།

རིན་པོ་ཆེས། དགེ་རྒན་རྩ་ལ་འགྲོ་རྒྱུ་རེད་དམ།

སློབ་མས། བཀག་རོགས་བྱེད་དགོས་རེད།

རིན་པོ་ཆེས། བཀག་མ་ཐུབ་པར་བཀག་མཁན་དེར་ཉེས་རྡུང་བཏང་ན་ག་རེ་བྱེད་ཀྱི་ཡིན་ནམ། འཛིན་གྲྭའི་ནང་དང་ཉལ་ཁང་ནང་ལ་སློབ་ཕྲུག་ཚོ་རྒྱག་རེས་ཤོར་དུས་རྒྱག་རེས་རྒྱག་མཁན་གཉིས་ཀར་རྒྱག་རེས་ཤོར་རྒྱུ་དེ་ལ་རྒྱུ་མཚན་ཞིག་ཡོད་བསམ་དྲན་གྱི་རེད། ཁྱེད་རང་ཚོ་དེ་དུས་དེ་འདྲ་དྲན་གྱི་མི་འདུག་གམ། ང་ལ་ཁག་མེད། ཁོས་ང་ལ་ཚུར་གཅིག་བྱས་བྱུང༌། ཕར་ཕྱོགས་དེས་ང་ལ་ཁག་མེད། ཁོས་གཅིག་བྱས་བྱུང་བསམ་པ་ཞིག་ཕྱོགས་ཕན་ཚུན་གཉིས་ཀར་ཡོང་གི་ཡོད་རེད། རྒྱག་རེས་ཤོར་དུས་དེ་འདྲ་ཡོང་གི་འདུག་གམ་མི་འདུག

སློབ་མས། ཡོང་གི་འདུག

རིན་པོ་ཆེས། རྗེས་མ་ཁོང་ཁྲོ་ཡལ་སོང་ན། དེ་ངས་ནོར་འདུག ཁོ་ལ་ཁག་མི་འདུག་བསམ་པ་ཡོང་གི་རེད། དེ་འདྲ་དྲན་ན་ཡག་པོ་རེད། ཡང་ཁ་ཤས་དེ་འདྲ་མི་དྲན་པར་་ཁོང་ཁྲོ་འཇགས་ཚར་ནའང་ང་བདེན་པ་ཡིན། ཁོས་འགྲིག་མ་སོང་བསམ་མཁན་ཡང་ཡོད་རེད། གང་ལྟར་རྒྱག་རེས་བརྒྱབས་ནས་དོན་དག་འགྲུབ་རྒྱུ་གང་ཡང་ཡོད་མ་རེད། ཧོབ་སྟེ་བལྟས་ན་མི་གཉིས་རྒྱག་རེས་རྒྱག་པའི་གཞུག་ལ་གཅིག་རྒྱལ་སོང༌། གཅིག་ཕམ་སོང་བསམ་པ་དེ་འདྲ་ཞིག་ཡོང་སྲིད་ཀྱི་རེད། ཡང་གཉིས་ཀ་རྒྱག་རེས་འགོ་བཙུགས་ཙམ་ཞིག་ལ་མི་གཞན་ཞིག་གིས་བར་བཅད་ནས་རྒྱག་རེས་བརྒྱབ་མ་བཅུག་པར་རྒྱལ་ཕམ་མེད་པའང་ཡོང་སྲིད་ཀྱི་རེད། གང་ལྟར་རྒྱག་རེས་འགོ་བཙུགས་པ་ཡིན་ནའང་འདྲ། མ་བཙུགས་པ་ཡིན་ནའང་འདྲ། རྒྱག་རེས་བརྒྱབས་པའི་མཐའ་མ་ལ་དོན་དག་ངོ་མ་དེ་ཕྱོགས་གཉིས་ཀ་ཕམ་རྒྱུ་དང༌། ཕྱོགས་གཉིས་ཀའི་བསམ་བློའི་ནང་བག་ཆགས་ངན་པ་གཅིག་བཞག་རྒྱུ་མ་གཏོགས་རྒྱག་རེས་བརྒྱབས་ནས་དོན་དག་འགྲུབ་རྒྱུ་ཡོད་མ་རེད། ད་གིན་སློབ་ཕྲུག་གཅིག་གིས་བརྡུང་ན་བཟོད་བསྲན་བྱེད་དགོས་རེད་གསུངས་སོང༌། དེ་བདེན་པ་རེད། ཚུར་གཅིག་གཞུ་དུས་ཕར་གཉིས་གཞུས་པ་ཡིན་ན་ཚུར་གཅིག་གཞུས་པ་དེ་མེད་པ་ཆགས་འགྲོ་རྒྱུ་གང་ཡང་མེད། ཕར་གཉིས་གཞུས་པ་དེས་སོ་སོ་ལའང་སྡུག་གྱོང་དང་གཞུ་ས་དེ་ལའང་སྡུག་གྱོང་རེད།བྱས་ཙང་ཞིབ་ཚགས་པོས་ཞིབ་འཇུག་བྱེད་ན་ཕྲུ་གུ་ཆུང་ཆུང་རྒྱག་རེས་རྒྱག་མཁན་ལའང་རྒྱག་རེས་བརྒྱབ་རྒྱུའི་རྒྱུ་མཚན་གང་ཡང་ཡོད་མ་རེད། དོན་དག་ཁྱོན་ནས་མེད་པ་ཞིག་ལ་རྒྱག་རེས་རྒྱག་གི་ཡོད་རེད། ཤིང་ཅང་དང་རྒྱ་ནག་དབུས་གཞུང་གི་དབང་འཛིན་པ་དེ་ཚོའི་བར་ལ་འཁྲུགས་འཛིངས་བྱུང་ནས་མི་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ཞིག་བསད་༥༠༣

པ་རེད་ཅེས་ལབ་ཀྱི་འདུག་གམ། དངོས་གནས་བྱས་ན་དེ་ལས་ཧ་ཅང་མང་བ་བསད་ཡོད་རེད་དེ། ལབ་ཀྱི་ཡོད་མ་རེད་ཅེས་བཤད་ཀྱི་ཡོད་རེད། ད་བསད་པ་དང་ཤི་བ་དེ་དག་ཚུར་ལོག་ཡོང་ཐབས་མེད། རྨས་མ་ཁ་ཤས་རྐང་པ་སྐྱོན་ཤོར་ཡོད་ཀྱི་རེད། ཁ་ཤས་ལག་པ་སྐྱོན་ཤོར་ཡོད་ཀྱི་རེད། མི་ཚེ་གཅིག་རིང་ལ་སོ་སོའི་གཟུགས་པོ་དབང་པོ་མ་ཚང་བར་སྡུག་བསྔལ་མྱང་རྒྱུ་ཞིག་རེད། ད་ལྟ་བཙོན་ཁང་ནང་བསྡད་པ་དེ་ཚོའང་སྡུག་བསྔལ་མ་གཏོགས་བདེ་བ་གང་ཡང་ཡོད་མ་རེད།

ད་དྲི་བ་གཏིང་ཟབ་པོ་དེ་རྒྱག་རེས་ག་རེ་བྱས་ནས་བརྒྱབ་ཀྱི་ཡོད་རེད་ཟེར་རྒྱུ་དེ་རེད། རྒྱག་རེས་བརྒྱབ་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད་དེ། རྒྱག་རེས་རྒྱག་གི་ཡོད་རེད། དཔེར་ན་ཤིང་ཅང་གི་གནས་སྟངས་ལ་ཆ་བཞག་པ་ཡིན་ན། ཤིང་ཅང་ནང་ལ་སྡོད་མཁན་གྱི་མི་རིགས་ལུང་པའི་བདག་པོ་དེ་ལ་ཡུ་གུར་ཟེར་གྱི་རེད། གནའ་སྔ་མོ་ཡུ་གུར་གྱི་མི་རིགས་མང་ཆེ་བ་ནང་པ་རེད། སངས་རྒྱས་ཀྱི་ཆོས་ལུགས་པ་རེད། དེང་སང་ཡུ་གུར་ཆ་ཚང་ཁ་ཆེའི་ཆོས་ལུགས་བྱེད་མཁན་ལ་འགྱུར་ཡོད་རེད། ང་ཚོའི་བོད་སྐད་དང་རྒྱ་སྐད་ནང་ཡུ་གུར་ཞེས་ལབ་ཀྱི་ཡོད་རེད། ནུབ་ཕྱོགས་པའི་སྐད་ལ་ཊར་ཀི་དང་ཏུར་ཀི་ཞེས་ལབ་ཀྱི་རེད། སྔ་མོའི་ཚིག་ལ་ཏུར་ཀི་ཞེས་ཡོད་རེད། དེ་འདྲའི་མི་རིགས་དེ་ད་ལྟ་དུམ་བུ་གཉིས་ལ་ཆགས་ནས་ཕྱེད་ཀ་རང་བཙན་ཡོད་པའི་རྒྱལ་ཁབ་རེད། དེའི་ནང་ལ་ཡུ་གུར་མི་རིགས་མང་པོ་ཞིག་ཚུར་སླེབས་ཡོད་རེད། ཕྱེད་ཀ་རྒྱ་ནག་གི་དབང་སྒྱུར་འོག་ལ་ཡོད་རེད། དེ་ལ་ཤིང་ཅང་ཟེར་གྱི་ཡོད་རེད། དེའི་ནང་ལའང་ཊར་ཀི་དང་ཏུར་ཀི་ཟེར་བའི་མི་རིགས་མང་པོ་ཡོད་རེད། ཆ་ཚང་ཁ་ཆེའི་ཆོས་ལུགས་པ་རེད། ཤིང་ཅང་རྒྱ་ནག་གི་དབང་འོག་ལ་ཡོད་པ་ཡིན་ཙང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་ལ་མི་རིགས་མི་འདྲ་བ་ལྔ་བཅུ་ང་དྲུག་ཡོད་རེད། དེའི་ནང་ནས་ལྔ་བཅུ་ང་ལྔ་གྲངས་ཉུང་མི་རིགས་རེད། གཅིག་དེ་གྲངས་མང་མི་རིགས་རེད། དེ་ནི་ཧན་མི་རིགས་ཟེར་བ་དེ་རེད། རྒྱ་མི་རང་གི་མི་རིགས་དེ་རེད། གཞན་ཡུ་གུར་དང༌། བོད་པ། སོག་པོ་སོགས་ནི་གྲངས་ཉུང་མི་རིགས་རེད། གྲངས་ཉུང་མི་རིགས་ཚོ་ལ་རྒྱ་ནག་གི་རྩ་ཁྲིམས་ནང་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་ཅེས་བཤད་ཡོད་རེད། མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་ལབ་པ་བཞིན་རང་སྐྱོང་ལྗོངས་ཟེར་བ་དེ་འདྲ་ཡང་མིང་བཏགས་ནས་བཙུགས་ཡོད་རེད། ཡིན་ནའང་དེ་ཚོ་ལ་དབང་ཆ་སྤྲོད་ཀྱི་ཡོད་མ་རེད། དབང་ཆ་ཚང་མ་དབུས་གཞུང་གི་གུང་བྲན་ཚོགས་པས་བཟུང་ཡོད་རེད། འདས་པའི་ལོ་དྲུག་ཅུའི་རིང་ལ་ཡུ་གུར་གྱི་མི་རིགས་དེ་ཚོ་རྒྱ་ནག་གི་འོག་ལ་གཉའ་གནོན་དང༌། བཙན་དབང་གིས་སྡུག་བསྔལ་ཧ་ཅང་མང་པོ་མྱངས་ཡོད་རེད། ཡུ་གུར་གྱི་སྐད་ཡིག་བརླགས་འགྲོ་གི་ཡོད་རེད། ཡུ་གུར་གྱི་ལེགས་བྱང་ཡང་བརླགས་འགྲོ་གི་ཡོད་རེད། ལྷག་པར་དུ་ཡུ་གུར་གྱི་ལུང་པའི་ནང་ལ་ཡུ་གུར་གྱི་མི་རིགས་མ་ཡིན་པའི་མི་རིགས་གཞན་དང་རྒྱ་ནག་གི་ཧན་མི་རིགས་དེ་འདྲ་ཧ་ཅང་མང་པོ་ཞིག་གནས་སྤོས་བྱས་ནས་ཡུ་གུར་གྱི་མི་རིགས་བརླགས་འགྲོ་གི་ཡོད་རེད། བོད་དང་གཅིག་པ་རེད། བོད་མི་ས་ཡ་དྲུག་ཅེས་ལབ་ཀྱི་ཡོད་ཀྱང་རྒྱ་མིས་ཉིས་སྟོང་ལོ་ལ་མི་འབོར་གྲངས་བཤེར་བྱས་པའི་ནང་ས་ཡ་ལྔ་ལྷག་ཙམ་ཞིག་མ་གཏོགས་གྲངས་ཀ་བརྒྱབས་ཡོད་མ་རེད། བོད་རིགས་ས་ཡ་ལྔ་ཙམ་ལས་མེད་པའི་ལུང་པ་དེའི་ནང་ལ་བོད་རིགས་མ་ཡིན་པ་ས་ཡ་བརྒྱད་མ་ཟིན་ཙམ་སླེབས་ཡོད་རེད། དེ་བཞིན་ཡུ་གུར་ནང་ཡུ་གུར་གྱི་མི་རིགས་མ་ཡིན་པ་དེ་ཧ་ཅང་གི་མང་བ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་ཡུ་གུར་གྱི་མི་རིགས་ཚོའི་བསམ་བློའི་ནང་ང་ཚོ་ལ་རང་དབང་སྤྲོད་ཀྱི་མི་འདུག ང་ཚོ་ལ་ཆོས་དད་རང་དབང་མི་འདུག ང་ཚོ་ལ་སྨྲ་བརྗོད་རང་དབང་མི་འདུག ང་ཚོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མི་འདུག རང་སྐྱོང་ལྗོངས་ཞེས་མིང་བཏགས་པ་མ་གཏོགས་རང་སྐྱོང་ལྗོངས་ཀྱི་དབང་ཆ་སྤྲོད་ཀྱི་མི་འདུག་བསམས་ནས་ཁོང་ཚོའི་བསམ་བློའི་ནང་དེའི་བློ་ཁ་མ་ཁེངས་པ་ཞིག་ཡོད་རེད། ཁོང་ཚོས་ག་དུས་ཡིན་ནའང་བློ་ཁ་མ་ཁེངས་པ་དེ་འཚེ་མེད་ཞི་བའི་ལམ་ནས་བཏོན་ཐུབ་ཀྱི་འདུག་གམ། འཚེ་མེད་ཞི་བའི་ལམ་ནས་བཏོན་ཐུབ་ཀྱི་མི་འདུག་ན། དྲག་སྤྱོད་ཐོག་ནས་བཏོན་ཐུབ་ཀྱི་འདུག་གམ་ལྟ་གི་ཡོད་རེད། དེ་འདྲ་སྔོན་ནས་ཡོད་མུས་རེད། ཡུ་གུར་དང་བོད་པ་གཉིས་དེ་སྤྱིར་བཏང་གཅིག་པ་རེད་དེ། བོད་པའི་ལས་འགུལ་དེ་བརྒྱ་ཆ་བརྒྱ་ཐམ་པ་དྲག་པོ་མིན་པར་འཚེ་མེད་ཞི་བའི་ཐོག་ནས་བྱེད་ཀྱི་ཡོད་རེད། ༡༩༦༧ ལོའི་རྗེས་ལ་བོད་རིགས་ཀྱི་འཐབ་རྩོད་དེ་ཆ་ཚང་འཚེ་བ་མེད་པའི་ཐོག་ནས་འགྲོ་གི་ཡོད་རེད། དེའི་སྔོན་ལ་ཡང་ང་ཚོ་བོད་པས་དམག་འཛིངས་པ་རེད། ཡུ་གུར་དེ་ཚོ་ད་ལྟ་ཡང་དམག་འཛིངས་ཀྱི་ཡོད་རེད། ཡང་འཚེ་མེད་ཞི་བའི་ངོ་རྒོལ་ཡང་བྱེད་ཀྱི་ཡོད་རེད། ཁ་སང་ཟླ་བ་བདུན་པའི་ཚེས་ལྔ་དྲུག་ལ་བྱུང་བའི་ཡུ་གུར་ནང་གི་གནས་ཚུལ་ཇི་མ་ཇི་བཞིན་ང་ཚོས་ཤེས་ཀྱི་ཡོད་མ་རེད། ཡིན་ནའང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་རྒྱུ་ལ་ཡུ་གུར་གྱིས་ཡུ་གུར་མ་ཡིན་པ་བསད་ཀྱི་འདུག་ཅེས་ལབ་ཀྱི་ཡོད་རེད། ཡུ་གུར་གྱིས་རྒྱ་ནག་གི་དམག་མིས་ཁོང་ཚོ་བསད་བྱུང་ཞེས་ལབ་ཀྱི་ཡོད་རེད། གཅིག་བྱས་ན་ཕྱོགས་གཉིས་ཀས་ཕར་ཚུར་བསད་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་ཤི་མཁན་མང་ཆེ་བ་དེ་ཡུ་གུར་ཡིན་སྲིད་ཀྱི་རེད། ཡུ་གུར་ལ་དམག་དང་དེ་འདྲའི་སྒྲིག་འཛུགས་གང་ཡང་ཡོད་མ་རེད། ཇབ་དམག་ཅིག་ཡོད་པ་ཡིན་ནའང་ཕྱི་ལོགས་ལ་ཡོད་རེད་མ་གཏོགས་ད་ལྟ་རྒྱག་རེས་ཤོར་ས་དེ་ལ་ཡོད་མ་རེད། རྒྱ་མི་ལ་དམག་མི་ཡོད་རེད། ཉེན་རྟོག་སྐོར་སྲུང་བ་ཡོད་རེད། ཁོང་ཚོར་མཚོན་ཆ་ཡོད་ཙང་ཁོང་ཚོས་མང་པོ་བསད་ཡོད་ཀྱི་རེད་བསམ་གྱི་ཡོད་རེད། ན་ནིང་ཁོང་ཚོས་བོད་པ་བསད་པ་བཞིན་ཡུ་གུར་བསད་པ་རེད། དེ་ལ་རྒྱག་རེས་རྒྱག་དགོས་དོན་གཙོ་བོ་ནི་དབུས་གཞུང་གིས་ཡུ་གུར་མི་རིགས་ལ་དྲང་པོ་མ་བྱས་པ་དེར་ཐུག་ཡོད་རེད། དབུས་གཞུང་གིས་ཡུ་གུར་མི་རིགས་ཙམ་མ་ཡིན་པར་རྒྱ་ནག་ནང་ལ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མར་མ་དྲང་བ་གཅིག་པ་རེད། ཡིན་ནའང་གྲངས་ཉུང་མི་རིགས་གཞན་པ་དེ་ཚོ་འབུར་ཐུབ་ཀྱི་ཡོད་མ་རེད། གང་ལགས་ཟེར་ན་ཕྱོགས་གཅིག་ནས་གྲངས་ཀ་ཡང་ཉུང་ཉུང་རེད་ལ། ཕྱོགས་གཉིས་ནས་རྒྱ་ནག་གི་དཀྱིལ་ལ་ཡོད་པ་ཡིན་ཙང་གཉའ་གནོན་བྱེད་བདེ་པོ་རེད། འོན་ཀྱང་ཡུ་གུར་དང་བོད་གཉིས་པོ་དེ་མཐའ་ལ་རེད། དེར་བརྟེན་ང་ཚོས་མཚམས་མཚམས་རྒྱག་རེས་རྒྱག་ཐུབ་ཀྱི་ཡོད་རེད། གལ་སྲིད་ཡུ་གུར་གཅིག་ལ་ཁྱེད་ཚོས་རྒྱག་རེས་བརྒྱབས་འདུག་ལབ་ན་གཅིག་བྱས་ན་དགའ་པོ་བྱེད་མདོག་ཁ་པོ་མ་རེད། ང་ཚོས་རང་གི་ཐོབ་ཐང་གི་དོན་ལ་ལས་འགུལ་སྤེལ་གྱི་ཡོད་མ་གཏོགས་རྒྱག་རེས་རྒྱག་གི་མེད་ཅེས་ལབ་མདོག་ཁ་པོ་རེད། རྒྱ་མིའི་ངོས་ནས་ཁོང་ཚོས་ངོ་རྒོལ་བྱེད་ཀྱི་འདུག ལོག་སྤྱོད་ཀྱི་ལས་ཀ་བྱེད་ཀྱི་འདུག་ཅེས་ལབ་ཀྱི་ཡོད་རེད། ཡིན་ནའང་ཡུ་གུར་ཁོ་རང་ཚོའི་ངོས་ནས་ཁྲིམས་མཐུན་དང༌། རང་གི་ཐོབ་ཐང་རྩོད་རྒྱུའི་ལས་ཀ་བྱེད་ཀྱི་ཡོད་བསམ་གྱི་ཡོད་རེད། ད་ག་རེ་བྱས་ནས་དེ་འདྲ་བྱུང་བ་རེད་ཅེ་ན། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་དེ་དྲང་པོ་མིན་པ་དང༌། སྲིད་བྱུས་ཡག་པོ་མིན་པ་དེ་ལ་ཐུག་ཡོད་རེད། ཇི་སྲིད་རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཕྱིན་བར་དེ་སྲིད་གྲངས་ཉུང་མི་རིགས་ཀྱིས་དཀའ་ངལ་མྱང་རྒྱུ་རེད། དེ་ལས་རྒྱག་རེས་མུ་མཐུད་ཡོང་གི་རེད་བསམ་གྱི་འདུག ཡིན་ནའང་དེ་འདྲའི་རྒྱག་རེས་ཡོང་བའི་རྒྱུ་རྐྱེན་དེ་འཛམ་བུ་གླིང་གི་ལུང་པ་གཞན་དང་རྒྱལ་ཁབ་གཞན་གྱི་ནང་ལ་བྱུང་བའི་རྒྱག་རེས་དང་གཅིག་པ་རེད་ཅེས་ལབ་ན་དེ་མ་རེད། རྒྱག་རེས་མི་འདྲ་བ་རེ་རེ་ལ་བྱུང་རྐྱེན་གྱི་རྒྱུ་མཚན་རེ་རེ་ཏན་ཏན་ཡོད་དགོས་ཀྱི་རེད། ཡིན་ནའང་རྐང་འདྲ་པོ་དེ་དྲང་བདེན་མ་བྱུང་བ་དང༌། ཡིན་ལུགས་ཚུལ་མཐུན་མ་བྱུང་བ། དེ་ལ་བརྟེན་ནས་རྒྱག་རེས་ཡོང་བསྡད་ཀྱི་ཡོད་རེད། དེ་ནས་གཞན་ག་རེ་ལབ་རྒྱུ་ཡོད།

སློབ་མས། ངའི་མིང་ལ་པ་སངས་དབང་འདུས་ཟེར་གྱི་ཡོད། ང་འཛིན་གྲྭ་དྲུག་པའི་ནང་སློབ་སྦྱོང་བྱེད་བཞིན་པ་ཡིན། དེ་རིང་རིན་པོ་ཆེ་ཆེད་མངགས་ང་ཚོའི་སློབ་གྲྭར་ཕེབས་པར་ཧ་ཅང་དགའ་པོ་བྱུང༌། དེང་སང་འཛམ་གླིང་ཡོངས་རྫོགས་ཀྱི་བརྒྱ་ཆ་བརྒྱ་ནས་བརྒྱད་ཅུ་ཙམ་དམག་རྒྱག་དགོས་དོན་ག་རེ་རེད།

རིན་པོ་ཆེས། ཁྱེད་རང་བྱས་ན་ག་རེ་ཡིན་ས་རེད། བརྒྱ་ཆ་བརྒྱ་ནས་བརྒྱད་ཅུ་དེ་ག་རེ་བྱས་ནས་དམག་རྒྱག་གི་ཡོད་རེད་བསམ་གྱི་འདུག དྲི་བ་དེ་བསམ་བློ་ག་ནས་འཁོར་སོང༌། དམག་བརྒྱབས་པ་ག་པར་མཐོང་སོང༌།

སློབ་མས། རྒྱ་ནག་གིས་དེང་སང་དམག་གི་ཐོག་ལ་འགྲོ་སོང་ཆེན་པོ་གཏོང་གི་འདུག

རིན་པོ་ཆེས། དམག་གི་ཐོག་ལ་འགྲོ་སོང་ཆེན་པོ་གཏོང་གི་འདུག་གམ། འགྲོ་སོང་ཆེན་པོ་བཏང་ནའང་དམག་མ་འཛིངས་པར་སྡོད་མཁན་ཡོད་རེད། དམག་མི་ཉར་བ་མ་གཏོགས་དམག་མ་འཛིངས་པའང་ཡོད་རེད། ད་ལྟ་དམག་འཛིངས་བཞིན་པ་ག་པར་འདུག

སློབ་མས། ཨི་རག

རིན་པོ་ཆེས། ད་ཨི་རག་ཏུ་དམག་དགའ་རབ་ག་རྫོགས་ཚར་བ་རེད།

སློབ་མས། ཤིང་ཅང༌།

རིན་པོ་ཆེས། ཤིང་ཅང་ལ་དམག་འཛིངས་ཀྱི་ཡོད་དམ། ཉེན་རྟོག་སྐོར་སྲུང་བ་དང་དམག་མིས་མི་སེར་ལ་རྡུང་གི་ཡོད་རེད། དམག་འཛིངས་ཟེར་དུས་ཕྱོགས་གཉིས་ཀ་ལ་དམག་མི་བྱས་ཏེ་འཛིངས་པ་དེ་ལ་དམག་འཛིངས་ཟེར་གྱི་ཡོད་རེད། འཛམ་བུ་གླིང་ལ་དམག་ཆེན་ག་ཚོད་འཛིངས་པ་རེད། མཁྱེན་གྱི་ཡོད་དམ།

སློབ་མས། དམག་ཆེན་དང་པོ།

རིན་པོ་ཆེས། དམག་ཆེན་དང་པོ་བྱས།

སློབ་མས དམག་ཆེན་གཉིས་པ།

རིན་པོ་ཆེས། དམག་ཆེན་གཉིས་པ་བྱས། གསུམ་པ་ག་དུས་འཛིངས་ཀྱི་རེད་ཟེར་གྱི་འདུག གསུམ་པ་འཛིངས་ཡོད་དམ།

སློབ་མས། འཛིངས་ཡོད་མ་རེད།

རིན་པོ་ཆེས། འཛིངས་ཀྱི་རེད་དམ།

སློབ་མས། འཛིངས་གྲབས་བྱེད་ཀྱི་ཡོད་རེད།

རིན་པོ་ཆེས། འཛིངས་གྲབས་ག་པར་བྱེད་ཀྱི་འདུག

སློབ་མས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀག་གི་ཡོད་རེད།

རིན་པོ་ཆེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀག་གི་ཡོད་རེད་དམ། དམག་ཆེན་གསུམ་པ་མི་ཡོང་བ་གང་གི་ཐོག་ནས་བྱེད་དགོས་ཀྱི་རེད།

སློབ་མས། ཞི་བདེའི་ཐོག་ནས་མེད་པ་བཟོ་གི་ཡོད་རེད།

རིན་པོ་ཆེས། ཉིན་མ་གཅིག་དམག་ཆེན་གསུམ་པ་འཛིངས་སོང་ན་ག་རེ་བྱེད་ཀྱི་རེད།

སློབ་མས། མི་མང་པོ་ཤི་གི་རེད།

རིན་པོ་ཆེས། མི་མང་པོ་ག་ཚོད་ཙམ་ཤི་གི་རེད། ལྔ་བཅུ་ཤི་གི་རེད་དམ།

སློབ་མས། ལྔ་བཅུས་ཚད་ཀྱི་མ་རེད།

རིན་པོ་ཆེས། ལྔ་བཅུས་ཚད་ཀྱི་མ་རེད་དམ། དེ་ནས་ག་ཚོད་ཤི་གི་རེད།

སློབ་མས། གྲངས་མེད་ཤི་གི་རེད།

རིན་པོ་ཆེས། གྲངས་མེད་ཟེར་རྒྱུ་དེ་ག་ཚོད་རེད། ནག་པང་སྒང་ལ་གྲངས་མེད་བྲིས་དགོས་བྱུང་ན་འབྲི་རྒྱུ་ཡོད་དམ།

སློབ་མས། ཡོད་མ་རེད།

རིན་པོ་ཆེས། གྲངས་མེད་འབྲི་རྒྱུ་ཡོད་རེད། ནག་པང་སྒང་ལ་བརྒྱ་བྲིས་ཟེར་ན། ཨང་ཀི་གཅིག་དང་དེ་རྗེས་ཀླད་ཀོར་གསུམ་བྲིས་ན་ག་ཚོད་རེད།

སློབ་མས། སྟོང་གཅིག་རེད།

རིན་པོ་ཆེས། ཀླད་ཀོར་བཞི་བྲིས་ན་ག་ཚོད་རེད།

སློབ་མས། ཁྲི་གཅིག

རིན་པོ་ཆེས། ཀླད་ཀོར་ལྔ་བྲིས་ན་ག་ཚོད་རེད།

སློབ་མས། འབུམ་གཅིག

རིན་པོ་ཆེས། ཨང་ཀི་གཅིག་གི་རྗེས་ལ་ཀླད་ཀོར་དྲུག་ཅུ་བྲིས་ན་ག་ཚོད་རེད།

སློབ་མས། ཨང་ཀི་གཅིག་གི་རྗེས་ལ་ཀླད་ཀོར་དྲུག་ཅུ་བྲིས་ན་གྲངས་མེད་རེད།

རིན་པོ་ཆེས། འབྲི་རྒྱུ་འདུག་གམ། ཨང་ཀི་གཅིག་གི་རྗེས་ལ་ཀླད་ཀོར་དྲུག་ཅུ་ཐམ་པ་སླེབས་ན་དེའི་མིང་ལ་གྲངས་མེད་ཟེར་གྱི་ཡོད་རེད། གྲངས་མེད་ཅེས་མིང་བཏགས་པ་མ་གཏོགས་གྲངས་ཀ་ཡོད་རེད། ཁྱེད་རང་ཚོ་མང་ཆེ་བ་ཞིག་དམག་གི་སྐོར་ལ་སེམས་ཁྲལ་བྱེད་ཀྱི་འདུག དེ་གང་ཡིན་ནམ། ད་རིང་དྲི་བ་མང་པོ་དམག་དང་འབྲེལ་བ་སླེབས་སོང༌།

སློབ་མས། གལ་སྲིད་དམག་བརྒྱབ་ན་སོ་སོའི་སྲོག་ལ་ཉེན་ཁ་ཡོད་རེད།

རིན་པོ་ཆེས། སྲོག་ལ་ཉེན་ཁ་ཡོད་ཙང་དེས་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཡིན་པ་རེད། ཁྱེད་རང་ལ་གླིང་བུ་ཡག་པོ་ཞིག་འདུག་གམ། བཏང་ཤེས་ཀྱི་ཡོད་དམ། གཅིག་ཐོངས་དང༌།

སློབ་མས། ཤེས་ཀྱི་མེད།

རིན་པོ་ཆེས། བཏང་ཤེས་ཀྱི་མེད་ན་ལག་པ་ལ་འཁྱེར་ནས་ག་རེ་བྱེད་དགོས་རེད།

སློབ་མས། ད་ལྟ་སྦྱོང་བཞིན་པ་ཡིན།

རིན་པོ་ཆེས། སྦྱོང་བཞིན་པ་ཡིན་ན་ཏོག་ཙམ་བཏང་ཤེས་ཀྱི་རེད། ཕུ་རྒྱག་ཤེས་ཀྱི་རེད་དམ། རྒྱལ་ཁབ་ཚང་མས་དམག་མི་མེད་པ་བཟོས་ན་འགྲིག་གི་མ་རེད་དམ།

སློབ་མས། འགྲིག་གི་མ་རེད།

རིན་པོ་ཆེས། འགྲིག་གི་མ་རེད་ཅེས་ཤུགས་ཆེན་པོ་ལབ་ཀྱི་འདུག དེ་གང་ཡིན་ནམ།

སློབ་མས། རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས།

རིན་པོ་ཆེས། རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པ་དེ་རྒྱལ་ཁབ་གཞན་པ་ཚོ་ལ་དམག་མི་ཡོད་ཙང་བྱེད་དགོས་པ་རེད། རྒྱལ་ཁབ་ཚང་མ་ལ་དམག་མི་མེད་པ་བཟོས་བཞག་ན་སྐྱོན་ག་རེ་ཡོད་རེད།

སློབ་མས། སྐྱོན་ཡོད་མ་རེད།

རིན་པོ་ཆེས། རྗེས་མ་ཁྱེད་རང་ཚོ་ཆེན་པོ་ཆགས་ན་རྒྱལ་ཁབ་ཚང་མ་ལ་དམག་མི་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས་རེད། དེ་ནས་ཁོ་རང་གི་དྲི་བ་དེ་ཡོང་གི་མ་རེད། ང་ཚོ་བསྡད་སའི་གཡས་གཡོན་ལ་བལ་ཡུལ་དང༌། འབྲུག་ཡུལ། མ་ཡན་མར། བངྒལཱ་དེ་ཤ། ཤྲཱིལངྐཱ། པཱཀིསཏཱན་བཅས་ཚང་མས་དམག་མི་ཉར་གྱི་ཡོད་རེད། མཚོན་ཆ་མཁོ་སྒྲུབ་བྱེད་ཀྱི་ཡོད་རེད། དཔེར་ན་སྔོན་མ་བོད་ལའང་ལྔ་བཅུ་ང་གཅིག་གི་སྔོན་ལ་དམག་མི་དགའ་རབ་ཡོད་རེད། གྲ་བཞི་དམག་སྒར་དང༌། སྐུ་སྲུང་དམག་སྒར། དྭང་བླངས་དམག་སྒར་ཟེར་བ་དེ་འདྲ་ཡོད་རེད། ཡིན་ནའང་རྒྱ་མིའི་དམག་སླེབས་དུས་ང་ཚོར་ཡོད་པའི་དམག་མི་དེ་ཚོས་ཕན་ཐོགས་གཅིག་ཀྱང་མ་བྱུང་བ་རེད། གང་ཡང་བྱེད་མ་ཐུབ་པ་རེད། བྱེད་ཐུབ་ཐབས་ཀྱང་ཡོད་མ་རེད། རྒྱ་མིའི་དམག་མི་འབུམ་གཅིག་གི་ཁ་གཏད་ལ་བོད་པའི་དམག་མི་ཁྲི་གཅིག་གིས་འཛིངས་དགོས་བྱུང་ན་ཁྲི་གཅིག་གིས་འབུམ་གཅིག་ལ་ག་འདྲ་ཁ་གཏད་གཅག་གི་རེད།

སློབ་མས། སློབ་སྦྱོང་བྱས་ནས་དང༌། རིག་པ་གཡུགས་ནས་ཁ་གཏད་གཅག་གི་རེད།

རིན་པོ་ཆེས། རྡུལ་ཕྲན་མཚོན་ཆ་ལྟ་བུ་ནི་མི་གཅིག་གིས་གཡུགས་ནའང་འགྲིག་གི་རེད། མི་མང་ཉུང་གི་སྐད་ཆ་གང་ཡང་ཡོད་མ་རེད། ད་ལྟ་ང་ཚོ་རང་བཙན་ཤོར་ཚར་བ་རེད། འོན་ཀྱང་འབྲུག་ཡུལ་ལྟ་བུ་ལ་མཚོན་ན་འབྲུག་ཡུལ་རང་བཙན་གྱི་རྒྱལ་ཁབ་རེད། རྒྱ་གར་དང་རྒྱ་ནག་ལུང་པ་ཆེན་པོ་གཉིས་ཀྱི་བར་ལ་འབྲུག་ཡུལ་ཡོད་རེད། འབྲུག་ཡུལ་ནི་ལུང་པ་ཧ་ཅང་ཆུང་ཆུང་རེད། གལ་ཏེ་རྒྱ་གར་གྱིས་འབྲུག་ལ་དམག་བརྒྱབ་ནའང་འབྲུག་པས་ཁ་གཏད་ཆོག་གི་མ་རེད། དེ་བཞིན་རྒྱ་མིས་འབྲུག་ཡུལ་ལ་དམག་བརྒྱབ་ནའང་འབྲུག་པས་ཁ་གཏད་ཆོག་གི་མ་རེད། ཡིན་ནའང་འབྲུག་ཡུལ་གྱིས་དམག་མི་ཉར་གྱི་ཡོད་རེད། དེ་ལ་འགྲོ་སོང་ཞིག་ཀྱང་གཏོང་གི་ཡོད་རེད། མཚོན་ཆའང་མཁོ་སྒྲུབ་བྱེད་ཀྱི་ཡོད་རེད། འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མའི་བསམ་བློའི་ནང་ལོགས་ལ་དམག་མི་མེད་ན་འགྲིག་གི་མི་འདུག་བསམ་པའི་ལོག་རྟོག་ཅིག་ཡོད་རེད། ད་ལྟ་ཁྱེད་ཚོའི་བསམ་བློའི་ནང་ལའང་དེ་འདུག་གམ། རྒྱལ་ཁབ་སྲུང་སྐྱོབ་བྱེད་མཁན་དགོས་ཀྱི་རེད། བྱས་ཙང་དམག་མི་དགོས་ཀྱི་རེད་བསམ་པའི་བསམ་བློ་དེ་ཡང་དག་པའི་བསམ་བློ་ཞིག་རེད་དམ། ཡང་ན་ང་ཚོས་བཟོས་པའི་བསམ་བློའི་ནང་གི་རྣམ་རྟོག་ཅིག་རེད་དམ། དེ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ཞིབ་འཇུག་བྱེད་ན། འཛམ་བུ་གླིང་གི་དམག་མི་ཉར་མཁན་ཚང་མ་སྨྱོན་པའི་བཟོ་འདྲ་ཞིག་ཡིན་པ་གཞི་ནས་ཧ་གོ་གི་རེད། ཁྱེད་ཚོའི་མི་ཚེའི་ནང་ལ་ཧ་གོ་བ་དེ་ཨ་མི་རི་ཀས་ཨི་རག་ལ་དམག་བརྒྱབས་པ་དེ་རེད། ཨ་མི་རི་ཀ་ཧ་ཅང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཨི་རག་རྒྱལ་ཁབ་ཆུང་ཆུང་ཞིག་རེད། ས་དཱམ་ཧུ་སེན་བསད་ཐུབ་པ་བྱུང་བ་རེད། འོན་ཀྱང་ཨ་མི་རི་ཀ་ལ་རྒྱལ་ཁ་ག་རེ་ཐོབ་འདུག ཁྱེད་ཚོ་མ་སྐྱེས་གོང་དུ་ང་ཚོ་གཞོན་པ་ཡིན་པའི་སྐབས་ལ་ཨ་མི་རི་ཀས་ཝེ་ཏེ་ནམ་ནང་ལ་ལོ་བཅོ་བརྒྱད་བཅུ་དགུ་ཙམ་དམག་འཛིངས་པ་རེད། དམག་ཐོབ་དགོས་ན་ཆུ་ཚོད་ཁ་ཤས་ནང་ལ་ཐོབ་ཐུབ་ཀྱི་ཡོད་རེད། དམག་མཚམས་བཞག་ན་ཆུ་ཚོད་གཅིག་ནང་ལ་བཞག་ཐུབ་ཀྱི་ཡོད་རེད། ཡིན་ནའང་དམག་ཐོབ་ཀྱང་ཡོད་མ་རེད་ལ། དམག་མཚམས་ཀྱང་བཞག་ཡོད་མ་རེད། ལོ་མང་པོ་འཛིངས་བསྡད་པ་རེད། དེ་ཚོ་ལྐུགས་པའི་ལས་ཀ་བཟོ་འདྲ་ཞིག་མ་རེད་དམ། མི་མང་པོའི་སྲོག་ལ་སྐྱོན་བཏང་བ་དང༌། ཕྲུ་གུ་མང་པོ་ཕ་མ་མེད་པ་བཟོས་པ། བུད་མེད་མང་པོ་ཁྱོ་ག་མེད་པ་བཟོས་པ་བཅས་ཧ་ཅང་དཀའ་ལས་ཁག་པོ་བྱུང་བ་རེད། ང་དེ་དུས་ཝེ་ཏེ་ནམ་ལ་འགྲོ་མྱོང་ཡོད། ཕྱི་ལོ་༡༩༦༨ ལོ་ལ་ང་ཝེ་ཏེ་ནམ་ལ་འགྲོ་དུས་སྨན་ཁང་དེ་ཚོའི་ནང་འཛུལ་ནུས་ཚད་ཙམ་འདུག ལག་པ་མེད་མཁན་དང༌། རྐང་པ་མེད་མཁན། མིག་མེད་མཁན་བཅས་ཀྱི་དམག་མི་རྨས་མ་དེ་ཚོར་ལྟ་ནུས་ཚད་རེད། དེ་འདྲའི་སྡུག་བསྔལ་མྱངས་ནས་མཐའ་མ་དེར་གང་ཡང་བྱུང་ཡོད་མ་རེད། དེ་ནས་མཚམས་ཤིག་ལ་ཨ་མི་རི་ཀ་ཕྱིར་འཐེན་བརྒྱབས་པ་རེད། ཝེ་ཏེ་ནམ་དུམ་བུ་གཉིས་ལ་ཕྱིན་པ་དེ་སླར་ཡང་དུམ་བུ་གཅིག་ཏུ་གྱུར་པ་རེད། ད་ལྟ་ཁོང་ཚོ་ལྷོད་ལྷོད་བསྡད་ཡོད་རེད།བྱས་ཙང་བརྒྱ་ཆ་བརྒྱད་ཅུ་ཐམ་པས་དམག་བརྒྱབ་དགོས་པའི་རྒྱུ་མཚན་ནི་ང་ཚོའི་བསམ་བློ་གཏོང་སྟངས་བཞིན་ལན་བརྒྱབ་ན་རྒྱུ་མཚན་གང་ཡང་ཡོད་མ་རེད། ངའི་བསམ་པར་དགོས་པ་རྒྱུ་མཚན་གང་ཡང་མེད་པར་དམག་རྒྱག་གི་ཡོད་རེད་སྙམ་གྱི་ཡོད། འོན་ཀྱང་ཁྱེད་ཚོས་དེ་ལ་མོས་མཐུན་ཡོད་མེད་མི་ཤེས། དམག་རྒྱག་མཁན་ཚོར་ཡང་དགོས་པ་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་རེད། ལབ་རྒྱུ་ཕ་བསད་ཀྱི་བུ་ལའང་ཡོད་རེད་ཟེར་བའི་བོད་ཀྱི་གཏམ་དཔེ་ཞིག་ཡོད་རེད། བུ་གཅིག་གིས་སོ་སོའི་ཕ་བསད་པ་ཡིན་ནའང་པ་ལགས་ཀྱིས་ཡས་བྱས་མ་སོང་མས་བྱས་མ་སོང༌། དེ་ནས་ང་འུ་ཐུག་ནས་ཕ་བསད་དགོས་བྱུང་ཞེས་བཤད་རྒྱུ་མང་པོ་ཡོད་རེད། དེས་ན་དམག་བརྒྱབས་པའི་རྒྱུ་མཚན་མང་པོ་ཤོད་ཀྱི་ཡོད་རེད་དེ། དམག་རྒྱག་རྒྱུ་དེ་ལ་རྒྱུ་མཚན་གང་ཡང་ཡོད་མ་རེད། ད་ལྟའི་གནས་སྐབས་སུ་འཛམ་བུ་གླིང་ལ་དཀའ་ངལ་ཞིག་ཡོད་རེད། འཛམ་བུ་གླིང་གི་མི་ཚང་མ་ཚོང་བརྒྱབ་རྒྱུ་དེ་གལ་ཆེ་ཤོས་དང༌། ཚོང་བརྒྱབས་ནས་ཁེ་བཟང་བཟའ་ཐུབ་ན་མི་དེ་འཇོན་ཤོས་ལ་རྩིས་ཀྱི་ཡོད་རེད། ཚོང་བརྒྱབ་རྒྱུའི་ཅ་ལག་གི་ནང་ལ་མེ་མདའ་དང༌། མེ་སྒྱོགས། འབར་རྫས་སོགས་མཚོན་ཆ་བཟོ་མཁན་གྱི་བཟོ་གྲྭ་ཧ་ཅང་མང་པོ་ཡོ་རོབ་ཀྱི་ནང་ལ་ཡོད་རེད། མང་ཤོས་དེ་ཨ་མི་རི་ཀའི་ནང་ལ་ཡོད་རེད། ཁོང་ཚོའི་བཟོ་གྲྭ་ནས་བཟོས་པའི་དམག་གི་ནང་ལ་བེད་སྤྱོད་བྱ་རྒྱུའི་ཅ་ལག་དེ་དག་འགྲོ་སོང་གཏོང་དགོས་ཀྱི་ཡོད་རེད། དེ་འགྲོ་སོང་མ་བཏང་ན་ཁོང་ཚོའི་ཚོང་གི་ཁྲོམ་རྭ་མེད་པ་ཆགས་འགྲོ་གི་ཡོད་རེད། མཚོན་ཆ་དེ་ཚོ་བེད་སྤྱོད་གཏོང་མཁན་ཞིག་ཡོད་པ་ཡིན་ན་ཁོང་ཚོའི་ཁྲོམ་རྭ་དེ་གནས་ཀྱི་ཡོད་རེད། ཁོང་ཚོར་ཁེ་བཟང་རག་གི་ཡོད་རེད། དེར་བརྟེན་ག་དུས་ཡིན་ནའང་དམག་ཅིག་དགོས་ཀྱི་ཡོད་རེད། གལ་སྲིད་དམག་མེད་ནའང་དམག་གི་ཉེན་ཁ་ཞིག་ཡོད་དགོས་ཀྱི་ཡོད་རེད། དཔེར་ན་ཨ་རི་ལྟ་བུ་ལ་མཚོན་ན་པཱཀིསཏཱན་ལ་དམག་གི་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། རྒྱ་གར་ལའང་དམག་གི་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། རྒྱ་གར་དང་པཱཀིསཏཱན་གཉིས་པོ་དེ་འཆམ་པོ་བྱུང་ན་ཨ་རིའི་མཚོན་ཆ་བཟོ་གྲྭའི་བདག་པོ་དེ་ཚོ་དགའ་གི་མ་རེད། དེ་འདྲ་སོང་ཙང་པཱཀིསཏཱན་ལ་ང་ཚོས་མཚོན་ཆ་དེ་འདྲ་ཞིག་རྒྱ་གར་ལ་བཙོངས་ཡོད། དེའི་ཁ་གཏད་ཁྱེད་ཚོ་ལ་ཡོད་མ་རེད་ཟེར་གྱི་ཡོད། དེ་ནས་པ་ཀི་སི་ཐན་གྱིས་དེའི་ཁ་གཏད་ང་ཚོ་ལ་མེད་ན་འགྲིག་གི་མི་འདུག་བསམས་ནས་དེ་ལས་ཡག་པའི་མཚོན་ཆ་ང་ཚོ་དགོས་ཟེར་ནས་ཉོ་གི་ཡོད་རེད། ཡང་པ་ཀི་སི་ཐན་ལ་མཚོན་ཆ་བཙོངས་པ་དེ་ལས་གཞན་ཞིག་རྒྱ་གར་ལ་ཉོ་རུ་བཅུག་པ་སོགས་བྱེད་ཀྱི་ཡོད། གང་ལྟར་ཁོང་ཚོའི་ཚོང་དེ་འགྲོ་བ་ཡིན་ན་དེ་གས་འགྲིག་གི་ཡོད་རེད།བྱས་ཙང་འཛམ་བུ་གླིང་གི་ནང་ལ་མཚོན་ཆ་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་དེ་ཚོ་མེད་པ་མ་ཆགས་ཀྱི་བར་དུ་དམག་མེད་པ་ཡོང་ཧ་ཅང་ཁག་པོ་རེད། དམག་དངོས་སུ་མེད་ནའང་དམག་འཛིངས་རྒྱུའི་ཉེན་ཁ་དེ་རྟག་ཏུ་བསྡད་ཀྱི་རེད། དེ་ལས་མི་མང་ཧ་ཅང་མང་པོ་ཞིག་ལྟོགས་ཤི་ཐེབས་སུ་བཅུག་པ་དང༌། སྨན་གྱི་མཐུན་རྐྱེན་དང༌། སློབ་སྦྱོང་གི་མཐུན་རྐྱེན་མ་རག་༥༡༤

ནའང་ད་དུང་རྒྱལ་ཁབ་ཀྱི་དངུལ་ཕོན་ཆེ་ཞིག་མཚོན་ཆ་དང་དམག་གི་ཐོག་ལ་གཏོང་དགོས་པའི་གནས་ཚུལ་དེ་མུ་མཐུད་ཡོང་གི་རེད། དེ་འདྲ་ཡིན་ཙང་མཚོན་ཆ་དང་མཚོན་ཆའི་བཟོ་གྲྭ་མེད་པ་བཟོ་རྒྱུ་དེ་མ་འོངས་པར་ཁྱེད་ཚོའི་མི་རབས་ཀྱི་ནང་ལ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་བསམ་བློའི་ནང་ལ་ཁོང་ཁྲོ་མེད་པ་བཟོ་རྒྱུ་དང༌། ཕྱི་ལོགས་ལ་མཚོན་ཆ་མེད་པ་བཟོ་རྒྱུ་དེ་འདྲའི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཐུབ་ན། མ་འོངས་པར་དམག་མེད་པ་ཆགས་མདོག་ཁ་པོ་རེད་མ་གཏོགས། གཞན་དམག་མུ་མཐུད་ནས་འཛིངས་བསྡད་ཀྱི་རེད། དམག་དེ་ཚོང་གི་ངོ་བོར་བསྡད་པའི་རིང་དམག་འཛིངས་རྒྱུའི་རྒྱུ་མཚན་མེད་ཀྱང་མཚོན་ཆའི་ཁྲོམ་རྭ་དགོས་ཀྱི་ཡོད་ཙང་དམག་འཁྲུགས་བཟོ་བསྡད་ཀྱི་ཡོད་རེད། དཀྲུགས་ཤིང་བརྒྱབས་པ་དང་སྐྱག་རྫུན་བཤད་པ། གཡུ་སྒྱུ་ཁྲམ་བཤད་ཀྱིས་མིའི་བར་ལ་དོན་མེད་འཁོན་འཛིན་བཟོས་ཏེ་དམག་རྒྱག་ཏུ་བཅུག་གི་ཡོད་རེད། དེ་ནི་ང་ཚོས་འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་རིང་རྟག་ཏུ་མཐོང་བསྡད་པའི་གནས་སྟངས་ཤིག་རེད། དེ་ནས་དྲི་བ་གཞན་ཡོད་དམ།

དཔེ་སྟོན་སློབ་གྲྭ་དང་སློབ་གྲྭ་གཞན།

སློབ་མས། རིན་པོ་ཆེ་སློབ་གྲྭ་མང་པོ་ཞིག་ནང་གཟིགས་སྐོར་ལ་ཕེབས་ཀྱི་ཡོད་ཙང་སློབ་གྲྭ་གཞན་པ་དང་དཔེ་སྟོན་སློབ་གྲྭའི་བར་ལ་ཁྱད་པར་ག་རེ་གཟིགས་སོང༌།

རིན་པོ་ཆེས། དྲི་བ་དེ་ཡག་པོ་ཞིག་འདུག སྤྱིར་བཏང་སློབ་གྲྭ་གཞན་པ་ནི་སློབ་གྲྭ་གཞན་པ་རེད། དཔེ་སྟོན་སློབ་གྲྭ་ནི་དཔེ་སྟོན་སློབ་གྲྭ་རེད། འོན་ཀྱང་དཔེ་སྟོན་ཟེར་དུས་སློབ་གྲྭ་གཞན་ལ་དཔེ་སྟོན་རྒྱུ་ཞིག་དགོས་ཀྱི་ཡོད་རེད།བྱས་ཙང་དཔེ་སྟོན་སློབ་གྲྭ་དེ་སློབ་གྲྭ་གཞན་ལས་མི་འདྲ་བ་ཞིག་མེད་ན་མིང་དེ་ཏག་ཏག་བསྡད་ཀྱི་མ་རེད། ང་ནམ་རྒྱུན་སློབ་གྲྭ་ཁག་ལ་ལྟ་སྐོར་འགྲོ་སྐབས་སློབ་གྲྭའི་དགེ་རྒན་དང་ལས་བྱེད་སློབ་ཕྲུག་བཅས་ཚང་མས་ལྟ་སྐོར་ཡོང་མཁན་གྱི་མི་དེ་ཚོའི་བསམ་བློའི་ནང་སློབ་གྲྭ་དེ་ཡག་པོ་འདུག་ཅེས་དྲན་དུ་བཅུག་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད། ཐབས་ཤེས་དེའི་ནང་ལ་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན། ཕྲུ་གུ་ཚོ་ལ་སྒྲིག་ཆས་གསར་པ་གཡོགས་ཏེ་ཚང་མ་གཅིག་པ་འདྲ་པོ་བཟོ་རྒྱུ་དང༌། སྒྲིག་ཆས་དེ་ཚོ་གཙང་མ། གོས་ཐུང་ཡིན་ནའང་གཉེར་མ་མེད་པ་ཟུར་དེ་ཚོ་ཏག་ཏག་བསྡད་པ། སྟོད་ཐུང་ཡིན་ནའང་ནག་ཐིག་ཁྱོན་ནས་མེད་པ། ནུབ་ཕྱོགས་པའི་ལུགས་སྲོལ་ལྟར་སྐེ་ལ་ཐག་པ་བཏགས་རྒྱུ། དེ་ཚོ་མདུད་པ་ཧ་ཅང་ཡག་པོ་བརྒྱབས་པ། འཛིན་གྲྭའི་ཁང་པ་གཙང་མ་ཡོད་པ། ཉལ་ཁང་གཙང་མ་ཡོད་པ། ཁ་ལག་ཡག་པོ་སོགས་ལ་དང་དོད་ཞེ་དྲགས་བྱེད་ཀྱི་རེད། འོན་ཀྱང་ང་ཚོས་སློབ་གྲྭའི་ནང་ལ་དེ་ཚོའི་ཐོག་ལ་དོ་སྣང་བྱེད་ཀྱི་མེད། དེ་ཚོ་ཡག་པོ་མེད་ནའང་སློབ་ཕྲུག་གི་སྤུས་ཀ་ཞན་དུ་འགྲོ་གི་མ་རེད། སྒྲིག་ཆས་ཡག་པོ་མེད་ན་གོས་ཀྱི་སྤུས་ཀ་ཞན་དུ་ཕྱིན་པ་མ་གཏོགས་གོས་ཀྱི་ནང་ལ་ཡོད་པའི་མི་དེའི་སྤུས་ཀ་ཞན་དུ་ཕྱིན་པ་མ་རེད། སྟོད་ཐུང་སེར་པོ་ཞིག་གྱོན་ན་མི་དེ་སེར་པོ་ཆགས་ཀྱི་མ་རེད། སྟོད་ཐུང་ནག་པོ་ཞིག་གྱོན་ན་མི་དེ་ནག་པོ་ཆགས་ཀྱི་མ་རེད། དེ་འདྲ་ཡིན་ཙང་བང་ཡག་པོ་བསྒྲིག་རྒྱུ་དང༌། རྔ་μིག་པོ་བརྡུང་རྒྱུ། རུ་སྒྲིག་གཏང་རྒྱུ། དར་ཆ་བསླང་རྒྱུ་སོགས་ནི་སུ་ཡིན་ནའང་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་སློབ་ཕྲུག་དེའི་སྤྱོད་ལམ་ག་འདྲ་ཞིག་ཡོད་རེད། བསམ་བློ་གཏོང་སྟངས་ག་འདྲ་ཞིག་ཡོད་རེད། དེ་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ཁྱེད་ཚོ་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བཞི་པ་ལྔ་པ་དྲུག་པ་བཅས་ཀྱི་ནང་ལ་སློབ་སྦྱོང་བྱེད་བཞིན་པ་དེ་ཚོའི་དྲི་བ་སྐུལ་སྟངས་དང༌། སློབ་གྲྭ་གཞན་པའི་ནང་ལ་ཡོད་པའི་སློབ་ཕྲུག་དེ་ཚོའི་དྲི་བ་གཏོང་སྟངས་ཀྱི་དྲི་བའི་སྤུས་ཀ་ལ་བལྟས་པ་༥༡༦

ཡིན་ན་ཁྱད་པར་ཆེན་པོ་ཡོད་རེད། གལ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། སློབ་ཕྲུག་སོ་སོའི་རང་བཞིན་ག་འདྲ་ཡོད་པ་དེ་བཅོས་མ་མིན་པར་དེ་རང་གསལ་པོ་བཟོ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་སློབ་ཕྲུག་ཚང་མ་སྤར་ཀོང་གཅིག་ནང་བརྒྱབས་པ་བཞིན་གཅིག་པ་བཟོས་ན། མིའི་ཐུན་མོང་མ་ཡིན་པའི་ནུས་པ་དེ་དག་བཏོན་ཐུབ་ཀྱི་ཡོད་མ་རེད། མིའི་བསམ་བློ་ཟེར་བ་དེ་ཞེད་སྣང་མེད་པ་དང་འཚེར་སྣང་མེད་པ། ཤེས་འདོད་ཡོད་པ། ག་དུས་ཡིན་ནའང་གནས་ཚུལ་ཞིབ་འཇུག་བྱེད་རྒྱུའི་འདུན་པ་ཡོད་པ། མིས་ག་རེ་ཟེར་བ་ལ་ལམ་སེང་ཆ་མ་བཞག་པར་སོ་སོས་བརྟག་དཔྱད་ཞིབ་ཚགས་བྱས་ནས་ཤེས་རྒྱུའི་ཐབས་ཤེས་བྱེད་ཤེས་པ་བཅས་ནི་མིའི་ཁྱད་ཆོས་རེད།བྱས་ཙང་དཔེ་སྟོན་སློབ་གྲྭའི་ནང་ལ་ཡོད་པའི་སློབ་ཕྲུག་དེ་ཚོའི་བསམ་བློའི་གནས་ཚད་དེ་སློབ་གྲྭ་གཞན་པའི་ནང་ལ་ཡོད་པའི་སློབ་ཕྲུག་ཚོའི་བསམ་བློའི་གནས་ཚད་ལས་མི་འདྲ་བ་ཡོད་པའི་ཚོར་སྣང་ཡོང་གི་འདུག འོན་ཀྱང་དྲང་པོ་བཤད་ན། ང་ཚོས་དཔེ་སྟོན་སློབ་གྲྭའི་ནང་ལ་དམིགས་ཚད་ག་ཚོད་བཟུང་བ་དང༌། རེ་བ་ག་ཚོད་བརྒྱབས་པ་བཞིན་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དམ་ཟེར་ན་དེ་ད་ལྟ་ཡོད་མ་རེད། ད་དུང་ཡར་རྒྱས་གཏང་དགོས་པ་མང་པོ་ཞིག་ཡོད་རེད། ཡིན་ནའང་ང་ཚོས་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་མེད་མི་ཤེས། ཡར་རྒྱས་གཏང་བ་ལ་མཐུན་རྐྱེན་མང་པོ་ཞིག་འཛོམས་དགོས་རེད། ཡང་མཐུན་རྐྱེན་མང་པོ་འཛོམས་དགོས་རེད་ཟེར་དུས་ངས་ཁང་པ་དང་ཅ་ལག་གི་མཐུན་རྐྱེན་ལ་བཤད་ཀྱི་མེད། དགེ་རྒན་དང་ལས་བྱེད་ཚོར་བསམ་བློའི་གནས་ཚད་མཐོ་པོ་ཞིག་གི་ཐོག་ནས་སློབ་ཕྲུག་ཚོ་གོང་ནས་གོང་དུ་འཁྲིད་པའི་ནུས་པ་ཞིག་དགོས་རེད། དེའི་ནུས་པ་དེ་ང་ཚོས་ལྡང་གྲབས་ཡོད་འགྲོ་མེད་འགྲོ་ཤེས་ཀྱི་མི་འདུག འོན་ཀྱང་ད་ལྟ་ཕན་ཆད་ལ་ཡག་ཐག་ཆོད་བྱུང་ཡོད་རེད། ལྷག་པར་དུ་ད་དུང་འཛིན་གྲྭ་བརྒྱད་པ་དགུ་པ་བཅུ་པ་བཅུ་གཅིག་པར་འགྲོ་དུས་དེའི་དགོས་མཁོ་དེ་ཇེ་ཆེར་འགྲོ་གི་རེད། དེའི་དགོས་མཁོ་དེ་བསྐྲུན་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག ང་ཚོ་ལ་མིའི་མཐུན་རྐྱེན་ཧ་ཅང་དཀོན་པོ་རེད། འོན་ཀྱང་ཁྱེད་རང་ཚོར་དམིགས་ཚད་བཟུང་བ་བཞིན་བསྒྲུབ་རྒྱུའི་ནུས་པ་དེ་ཁྱེད་ཚོ་སློབ་ཕྲུག་ཚོ་ལ་ཡོད་རེད་བསམ་གྱི་འདུག སློབ་ཕྲུག་ལ་ནུས་པ་གང་ཡོད་པ་དེ་ང་ཚོས་བེད་སྤྱོད་གཏང་ཐུབ་གྲབས་ཡོད་མེད་ད་ལྟ་བཤད་ཐུབ་རྒྱུ་ཁག་པོ་རེད། དེ་འདྲ་རེད་དམ།

སློབ་མས། རེད།

རིན་པོ་ཆེས། བསམ་བློ་ཁྱོན་ནས་མ་བཏང་བར་རེད་ཟེར་ན་འགྲིག་གི་ཡོད་དམ། ད་རྫོགས་སོང་ངམ།

རིགས་ལམ་སློབ་ཁྲིད་སྐོར།

སློབ་མས། ངའི་མིང་ལ་བསྟན་འཛིན་བཀྲ་ཤིས་ཟེར་གྱི་ཡོད། ང་ད་ལྟ་འཛིན་གྲྭ་དྲུག་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོ་ད་ལྟ་དཔེ་སྟོན་སློབ་གྲྭར་བསྡུས་གྲྭ་སློབ་ཀྱི་ཡོད་རེད། བསྡུས་གྲྭ་བསླབས་ནས་ཕན་ཡོན་ག་རེ་ཡོད་རེད།

རིན་པོ་ཆེས། བསྡུས་གྲྭ་ག་རེ་བསླབས་སོང༌། སྔོན་ལ་དེ་གསུངས་དང༌། དྲན་གྱི་འདུག་གམ། བསྡུས་གྲྭ་སློབ་དུས་ཁ་དོག་དཀར་དམར་ཟེར་བ་དེ་བསླབས་སོང་ངམ།

སློབ་མས། སྔོ་སེར་དཀར་དམར་བཞི།

རིན་པོ་ཆེས། སྔོ་སེར་དཀར་དམར་བཞི་ལ་ག་རེ་ལབ་ཀྱི་འདུག

སློབ་མས། རྩ་བའི་ཁ་དོག

རིན་པོ་ཆེས། དེ་ནས་ཡན་ལག་གི་ཁ་དོག་ག་ཚོད་ཡོད་རེད།

སློབ་མས། བརྒྱད།

རིན་པོ་ཆེས། ག་རེ་རེད།

སློབ་མས། སྣང་མུན་སྤྲིན་དང་དུ་བ་དང༌།། རྡུལ་གྲིབ་ཁུག་སྣ་ཉི་མའོ།།

རིན་པོ་ཆེས། བསྡུས་གྲྭ་སློབ་དུས་ཁྱེད་ཚོའི་བསམ་བློའི་ནང་དོན་དག་མི་འདུག་བསམ་གྱི་འདུག་གམ། ཡང་ན་བསླབས་ནས་དོན་དག་ཡོད་རེད་བསམ་གྱི་འདུག དཔེར་ན་ཁ་དོག་གི་དབྱེ་བ་དེ་སློབ་དུས་དོན་དག་ཡོད་པ་ཞིག་མཐོང་གི་འདུག་གམ། དོན་དག་མེད་པ་འདྲ་ཞིག་མཐོང་གི་འདུག

སློབ་མས། དོན་དག་ཡོད་པ་མཐོང་གི་འདུག

རིན་པོ་ཆེས། ནང་པས་རིག་གནས་ཆེན་པོ་ལྔ་རྩིས་པའི་སྐབས་ལ་ཚད་མ་རིག་པ་ཟེར་བ་ཞིག་ཡོད་རེད། ཚད་མ་རིག་པ་ཟེར་བ་དེ་བརྟག་དཔྱད་བྱེད་སྟངས་ཀྱི་རིག་གནས་ཤིག་རེད། མིག་གིས་མཐོང་མ་ཐུབ་པ་དང༌། ཨམ་ཅོག་གིས་གོ་མ་ཐུབ་པའི་ཅ་ལག་ཐག་རིང་པོ་དང༌། གཏིང་ཟབ་པོ་ཡོད་པ་དེ་དག་ག་འདྲ་བྱས་ནས་ཧ་གོ་དགོས་རེད། ཚོད་དཔག་ག་འདྲ་བྱས་ནས་བྱེད་དགོས་རེད། དཔེར་ན་ང་ཚོས་མཐོང་དུས་ལ་གཅིག་ཡོད་པ་གང་ཞིག་ལ་མཐོང་རྒྱུ་དང་དངོས་པོའི་གནས་སྟངས་མི་འདྲ་བ་ཡོད་པ་དེ་ཚོ་ལ་ག་འདྲ་བྱས་ནས་བརྟག་དཔྱད་བྱེད་དགོས་རེད། དེ་ལ་ཚད་མ་རིག་པ་ཟེར་གྱི་རེད། དེང་སང་ཚན་རིག་ཟེར་བ་ཞིག་ཡོད་རེད། ཚན་རིག་གིས་བརྟག་དཔྱད་བྱེད་ཀྱི་ཡོད་རེད། ཚན་རིག་གིས་བརྟག་དཔྱད་བྱེད་སྟངས་ནི་མིག་གིས་བལྟས། ཨམ་ཅོག་གིས་ཉན། སྣ་ནས་སྣོམ། ལག་པས་རེག ལྕེས་བྲོ་བ་མྱངས་པའི་ཐོག་ནས་གང་མཐོང་བ་དང་ཐོས་པ་རེག་པ་ཚོར་བ་དེ་འདྲ་ཞིག་མ་གཏོགས། ལག་པ་འཆང་རྒྱུ་མེད་པ་དང༌། མིག་གིས་མཐོང་རྒྱུ་མེད་པ། དྲི་མ་བསྣམ་རྒྱུ་མེད་པའི་རིགས་ལ་ཚན་རིག་པས་བརྟག་དཔྱད་བྱེད་ཤེས་ཀྱི་ཡོད་མ་རེད། ཚན་རིག་པ་དེ་ཚོ་ལ་བརྟག་དཔྱད་བྱེད་པའི་ལག་ཆའང་ཡོད་མ་རེད། འོ་ན་ཤེས་བྱ་ཡོངས་སུ་རྫོགས་པར་བརྟག་དཔྱད་བྱེད་པའི་ཅ་ལག་དེ་མཐོང་རྒྱུ་དང༌། ཐོས་རྒྱུ། རེག་རྒྱུ། བསྣམ་རྒྱུ། མྱོང་རྒྱུ་ཞིག་མ་གཏོགས། དེ་གང་ཡང་མིན་པ་ཞིག་ཡོད་མ་རེད་དམ་ཞེ་ན། དེ་ཚོ་གང་ཡང་མིན་པ་ད་དུང་ཧ་ཅང་མང་པོ་ཡོད་རེད། ཧ་ལས་པའི་མང་པོ་ཡོད་རེད། དེ་དག་ལ་ཕྱི་ཡི་དབང་པོའི་ཤེས་པས་མིག་དང་ཨམ་ཅོག་སོགས་མ་ཡིན་པའི་ནང་བསམ་བློའི་ཐོག་ནས་བརྟག་དཔྱད་བྱེད་རྒྱུའི་ཐབས་ལམ་ཞིག་དགོས་ཀྱི་ཡོད་རེད། དེའི་བརྟག་དཔྱད་བྱེད་སྟངས་དེ་ལ་ཚད་མ་རིག་པ་ཟེར་བ་རེད། སྲོལ་རྒྱུན་གྱི་རིག་གནས་ནང་ནས་ཚད་མ་རིག་པས་རྒྱུ་མཚན་དང་གཏན་ཚིགས་ལ་བརྟེན་ནས་ལམ་སེང་མཐོང་མ་ཐུབ་པའི་དངོས་པོ་དེ་ཚོར་བརྟག་དཔྱད་བྱས་ནས་ཧ་གོ་ཐུབ་པ་བཟོ་གི་ཡོད་རེད། ཚད་མ་རིག་པ་བསླབ་པའི་དགོས་པ་གཉིས་ཡོད་རེད། དགོས་པ་དང་པོ་དེ་ག་རེ་རེད་ཟེར་ན། དོན་དག་གནད་འགག་ཆེན་པོ་དེ་ཚོ་བརྟག་དཔྱད་མི་བྱེད་པར་ཡིན་ཤག་ཤག་མི་བྱེད་པའི་གཤིས་ཀ་ཞིག་སློབ་ཕྲུག་གི་ནང་དུ་བསྐྲུན་དགོས་ཀྱི་ཡོད་རེད། དེའི་གཤིས་ཀ་དེ་མེད་པ་ཡིན་ན་དེ་རིང་རྒན་ལགས་གཅིག་གིས་དེ་འདྲ་རེད་ཅེས་ལབ་ན་སློབ་ཕྲུག་ཚང་མས་ཡིན་ཤག་ཤག་བྱེད་ཀྱི་རེད། ཡང་སང་ཉིན་རྒན་ལགས་གཅིག་གིས་དེ་མ་རེད། ཁ་སང་རྒན་ལགས་ཀྱིས་ལབ་པ་དེ་ནོར་བ་རེད། དངོས་གནས་དེ་འདྲ་རེད་ཅེས་གཞན་དག་ཅིག་ལབ་སོང་ན་དེ་ཡང་ཡིན་པ་རེད་བསམས་ནས་ཆ་བཞག་འགྲོ་བ་རེད། གང་ལྟར་མིའི་རྩ་ནས་གང་གོ་བ་དེ་དང༌། མིས་གང་ལབ་པ་དེ་མ་གཏོགས་སོ་སོས་བརྟག་དཔྱད་བྱས་ནས་དེ་ནོར་བ་རེད། དེ་ནོར་ཡོད་མ་རེད་བསམས་ནས་དྲན་མི་ཤེས་པ་དེ་མིའི་ཞན་ཆ་ཞིག་རེད། མིའི་ཞན་ཆ་དེ་མེད་པ་བཟོ་དགོས་ཀྱི་རེད། རྒན་ལགས་ཀྱིས་རེད་ཅེས་གསུངས་སོང་ཡང༌། ངས་རེད་འདུག་རེད་མི་འདུག་བརྟག་དཔྱད་བྱས་ཏེ་ཧ་གོ་བ་བྱེད་ཀྱི་ཡིན་ཞེས་བརྟག་དཔྱད་བྱས་ཏེ་ཡིན་པ་དེ་ཡིན་པར་ཤེས་ན་རྒན་ལགས་ཀྱིས་གསུངས་པ་དེ་བདེན་པ་རེད་འདུག་བསམ་གྱི་རེད། རེད་མི་འདུག་ན་རྒན་ལགས་ཀྱིས་གསུངས་པ་དེ་ནོར་འདུག དེ་དེ་འདྲ་ཞིག་རེད་འདུག་ཅེས་སོ་སོའི་ངོས་ནས་ཧ་གོ་གི་རེད། མི་གཞན་ཞིག་གིས་དེ་ལས་གཞན་པ་ཞིག་ལབ་ན་དེས་མགོ་འཁྲུགས་ཀྱི་མ་རེད། གསལ་པོ་ཧ་གོ་གི་རེད། ༥༢༠

དེ་འདྲ་ཡིན་ཙང་རང་ངོས་ནས་བརྟག་དཔྱད་བྱས་ནས་མ་ཤེས་ཀྱི་བར་དུ་མིས་ག་རེ་ལབ་པའི་རྗེས་སུ་མི་འགྲོ་བར། རང་ཐག་རང་གིས་གཅོད་པའི་ནུས་པ་ཡོད་པ་ཞིག་བཟོ་རྒྱུ་དེ་བསྡུས་གྲྭ་བསླབ་པའི་དམིགས་ཡུལ་དང་དགོས་པ་དང་པོ་དེ་རེད། བསྡུས་སྒྲ་ནི་ཚད་མ་རིག་པའི་སྔོན་འགྲོ་དེ་རེད། དེ་དང་ཆབས་ཅིག་ཏུ་ཐད་ཀར་མངོན་སུམ་གྱི་ཤེས་པས་རྟོགས་མ་ཐུབ་པའི་གནས་ཚུལ་མང་པོ་ཡོད་རེད། དེ་དག་རིགས་པ་ཡང་དག་ལ་བརྟེན་ནས་རྟོགས་ཐུབ་རྒྱུའི་གནས་ཚད་དེ་བསླབ་ཀྱི་ཡོད་རེད། དེ་ཤེས་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་ཡོད་པའི་ནང་ནས་མངོན་གྱུར་དེ་ང་ཚོས་ཐད་ཀར་རྟོགས་ཐུབ་ཀྱི་ཡོད་པ་ཡིན་ནའང་ལྐོག་གྱུར་དེ་ང་ཚོས་ཐད་ཀར་མཐོང་མི་ཐུབ་པ་དེ་དག་ཤེས་རྒྱུའི་དོན་དུ་ཚད་མ་རིག་པ་དེ་དགོས་ཀྱི་ཡོད་རེད། ཚན་རིག་སློབ་མཁན་ཡིན་ན་བརྟག་དཔྱད་བྱེད་སའི་འཕྲུལ་ཆས་(Laboratory) དགོས་ཀྱི་འདུག་གམ། དེ་མེད་ན་ཚན་རིག་བསླབ་ཐུབ་ཐབས་མེད། བརྟག་དཔྱད་བྱེད་སྲོལ་དེས་ཚན་རིག་ནང་བཤད་པ་དེ་དག་དངོས་སུ་བདེན་པ་ཡིན་མིན་སོ་སོས་མིག་གིས་མཐོང་ནས་བལྟ་རྒྱུ་ཞིག་རེད། དེ་བཞིན་བསམ་བློ་རང་གི་ཐོག་ནས་འགྲོ་དགོས་པའི་ལྐོག་གྱུར་གྱི་གནས་དེ་ལ་ཚན་རིག་གི་Laboratory ལྟ་བུ་བེད་སྤྱོད་གཏང་རྒྱུ་ནི་ཚད་མ་རིག་པ་དེ་རེད།བྱས་ཙང་བསྡུས་གྲྭ་བསླབ་པའི་དགོས་པ་དེ་རེད། ད་ང་ཚོ་དུས་ཚོད་རྒྱུན་རིང་པོ་ཕྱིན་སོང༌། ད་འདིར་བཞག་གི་ཡིན་ནམ། དྲི་བ་འཕར་མ་ཡོད། ཁྱེད་རང་ཚོ་ཉལ་ཁང་ནང་ལ་སྡོད་མཁན་ཕྲུ་གུ་ག་ཚོད་ཡོད་རེད།

དགེ་ཆེས། དགུ་བཅུ་ཡོད་རེད།

རིན་པོ་ཆེས། ཕྲུ་གུ་དགུ་བཅུ་ཆ་ཚང་གི་མིང་ཤེས་ཀྱི་ཡོད་དམ།

སློབ་མས། ཤེས་ཀྱི་ཡོད།

རིན་པོ་ཆེས། མིང་མ་ཤེས་པ་གཅིག་ཀྱང་མེད་དམ།

སློབ་མས། མེད།

རིན་པོ་ཆེས། ད་དྲི་བ་མཐའ་མ་གཅིག་དྲིས་དང༌།

རྒྱ་གར་ནང་བཙན་བྱོལ་གཞུང་བཙུགས་དགོས་དོན་སྐོར།

སློབ་མས། ྋགོང་ས་མཆོག་གིས་རྒྱ་གར་ལ་བོད་གཞུང་བཙུགས་དགོས་དོན་གང་རེད།

རིན་པོ་ཆེས། དེང་སང་མི་རྒན་པ་དེ་ཚོས་ཀྱང་སྐད་ཆ་དེ་རང་འདྲི་གི་འདུག བོད་གཞུང་གསར་པ་བཙུགས་པ་རེད་ཟེར་གྱི་འདུག གནས་ཚུལ་དེ་ཞིབ་ཚགས་པོས་ཞིབ་འཇུག་མ་བྱས་པར་ཧོབ་སྟེ་ལབ་པའི་སྐད་ཆ་ཞིག་རེད། ྋགོང་ས་མཆོག་གིས་རྒྱ་གར་དུ་བོད་གཞུང་གསར་པ་ཞིག་བཙུགས་ཡོད་མ་རེད། ད་ལྟ་ང་ཚོའི་བོད་གཞུང་དེ་ཕྱི་ལོ་༡༦༤༢ ལ་བོད་དུ་བཙུགས་པའི་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེའི་རྒྱུན་དེ་རེད། ༡༩༥༩ ལ་གཞུང་དེ་ལྷ་སར་ཡོད་རེད། ༡༩༥༩ ཕྱི་ཟླ་༣ ཚེས་༡༧ མཚན་མོར་ྋསྐྱབས་མགོན་རིན་པོ་ཆེ་དང་བཀའ་ཤག་བཅས་ནོར་བུ་གླིང་ཁ་ནས་བཙན་བྱོལ་ལ་ཕེབས་སྐབས་ལ་གཞུང་དེ་ཡང་ྋརྒྱལ་བ་རིན་པོ་ཆེའི་ལྷན་དུ་བཙན་བྱོལ་དུ་འབྱོར་བ་རེད། གཞུང་ཆ་ཚང་སྐུ་མདུན་དང་ལྷན་དུ་རྒྱ་གར་ལ་སླེབས་པ་རེད། དེ་འདྲའི་གཞུང་དེ་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་གྱི་གཞུང་དེ་རེད། ང་ཚོས་ལོ་༣༦༠ ཕྱིན་པའི་དུས་སྟོན་གྱི་དྲན་གསོ་དེ་༢༠༠༢ ལ་ཞུས་པ་རེད། ད་ལྟ་༢༠༠༩ ལོར་ལོ་༣༦༥ ཕྱིན་པའི་གཞུང་རྙིང་པ་ཞིག་རེད། དེ་འདྲའི་གཞུང་དེ་ག་རེ་བྱས་ནས་བཙུགས་པ་རེད་ཟེར་ན། བོད་མི་མང་ལ་ཐོབ་ཐང་ཡོད་པའི་ཁྲིམས་མཐུན་གྱི་གཞུང་ཞིག་དགོས་ཀྱི་ཡོད་རེད། དེའི་གཞུང་དེ་རྒྱུན་མ་ཆད་པར་ད་ལྟ་བར་དུ་གནས་ཡོད་པ་ཡིན་ཙང༌། དེ་རྒྱ་གར་ལ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་མཚོན་པའི་ཆེད་དུ་གཞུང་དེ་གནས་བསྡད་པ་རེད།

གཞུང་དེ་རྒྱ་གར་ལ་སླེབས་ནས་མི་འདྲ་བ་ག་རེ་ཆགས་ཡོད་ཅེ་ན། བོད་ལ་ཡོད་པའི་སྐབས་ལ་ད་ལྟ་ནང་བཞིན་མང་གཙོའི་ལམ་སྲོལ་དེ་ཡོད་མ་རེད། རྒྱ་གར་ལ་ཕེབས་མ་ཐག་ནས་བོད་ཀྱི་གཞུང་དེ་མང་གཙོའི་ལམ་སྲོལ་ལ་བསྒྱུར་རྒྱུ་དབུ་འཛུགས་གནང་བ་རེད། དཔེར་ན་༡༩༥༩ ཕྱི་ཟླ་༥ ཚེས་ཤར་ལ་མ་སུ་རི་ལ་དང་པོ་ག་རེ་གནང་ཡོད་རེད་ཅེ་ན། སྔོན་མ་ང་ཚོ་བོད་ལ་ཡོད་པའི་སྐབས་ལ་གཞུང་དགའ་ལྡན་ཕོ་བྲང་དེ་བཀའ་ཤག་དང་ཡིག་ཚང་གཉིས་སུ་ཕྱེ་སྟེ་ལས་ཁུངས་ཆེ་ཤོས་གཉིས་པོ་དེ་རེད། བཀའ་ཤག་གི་ནང་ལ་བཀའ་བློན་ལྔ་ནས་དྲུག་བདུན་བར་དུ་ཡོད་སྲིད། དེའི་ནང་ལ་བཀའ་བློན་གྲྭ་པ་ཡིན་པ་གཅིག་མ་གཏོགས་ཡོད་མ་རེད། དེ་མིན་གྱི་བཀའ་བློན་དེ་དག་ཁྱིམ་པ་རེད། དེ་ནས་ཡིག་ཚང་ནི་དེང་སང་ཆོས་དོན་ལས་ཁུངས་ཀྱི་ཚབ་དེ་རེད། དེའི་ནང་དྲུང་ཡིག་ཆེ་མོ་བཞི་ཡོད་པ་དེ་དག་ཚང་མ་གྲྭ་པ་རེད། ཆོས་ཕྱོགས་ཀྱི་ལས་དོན་ཐོག་ལ་ལྟ་མཁན་དེ་རེད། ྋགོང་ས་མཆོག་མ་སུ་རི་ལ་ཕེབས་མ་ཐག་ཏུ་ལས་ཁུངས་ལྔ་ལ་དབྱེ་བ་ཕྱེ་ནས་ཡིག་ཚང་ཟེར་བའི་ལས་ཁུངས་དེ་ཕྱིར་བསྡུ་གནང་བ་རེད། བཀའ་ཤག་གི་འོག་ལ་ཆོས་དོན་ལས་ཁུངས་དང༌། ཕྱི་དྲིལ་ལས་ཁུངས། བདེ་སྲུང་ལས་ཁུངས། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས་བཅས་ལྔ་ལ་ཕྱེ་གནང་བ་རེད། རྗེས་མ་རྡ་རམ་ས་ལར་ཚུར་སྤོས་ཏེ་འཕྲོད་བསྟེན་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་གཉིས་རིམ་པས་སྣོན་མ་བརྒྱབས་པ་རེད། དང་པོ་ལས་ཁུངས་ལྔ་དང༌། དེ་ནས་དྲུག་ཅུ་ཐམ་པའི་ལོ་ལ་སྤྱི་འཐུས་འོས་བསྡུ་བྱས་པ་རེད། ༡༩༦༢ ཕྱི་ཟླ་༩ ཚེས་༢ ཉིན་སྤྱི་འཐུས་ཀྱིས་དམ་བཅའ་ཕུལ་བ་རེད། སྤྱི་འཐུས་ལྷན་ཚོགས་ཚུགས་པའི་ཉིན་མོ་དེར་མང་གཙོའི་དུས་དྲན་བྱེད་ཀྱི་ཡོད་རེད། ད་ལྟ་ང་ཚོ་མང་གཙོའི་འགྱུར་བ་དེ་ཕྱིན་པ་མ་གཏོགས་གཞུང་གསར་པ་བཙུགས་པ་ཞིག་མ་རེད། གཞུང་བཙུགས་དགོས་པ་ནི་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་དང༌། བཙན་བྱོལ་བོད་མིའི་མངོན་འདོད་སྒྲུབ་རྒྱུའི་ཆེད་དུ་སྒྲིག་འཛུགས་ཤིག་མེད་ན་མི་འགྲིག་པ་ཡིན་ཙང་སྔོན་མ་ནས་ཡོད་པའི་གཞུང་དེ་ཕྱིར་བསྡུ་མ་གནང་བར་མུ་མཐུད་ནས་ཉར་བ་ཞིག་རེད། དེ་ནས་དྲི་བ་ཡོད་དམ།

ཤེས་ཡོན་དང་མི་ཚེའི་མདུན་ལམ།

སློབ་མས། ངའི་མིང་ལ་བསྟན་འཛིན་འོད་ཟེར་ཞུ་གི་ཡོད། ང་འཛིན་གྲྭ་དྲུག་པ་ཁ་པའི་ནང་ལ་སློབ་སྦྱོང་བྱེད་བཞིན་ཡོད། དེང་སང་འཚོ་བའི་ནང་ལ་མི་མང་པོ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་མདུན་ལམ་དེ་བེད་སྤྱོད་བཏང་མ་ཐུབ་པའི་རྒྱུ་མཚན་གང་རེད།

རིན་པོ་ཆེས། མི་ཚེའི་མདུན་ལམ་བེད་སྤྱོད་གཏང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད་ཟེར་བ་དེ་དྲི་བ་དཀའ་ལས་ཁག་པོ་རེད་འདུག ལན་མ་བརྒྱབ་ན་འགྲིག་གི་མ་རེད་དམ། མི་ཚེའི་མདུན་ལམ་བེད་སྤྱོད་གཏང་མ་ཐུབ་པ་དེ་འདྲ་ཁྱེད་རང་གིས་མཐོང་སོང་ངམ།

སློབ་མས། མཐོང་སོང༌།

རིན་པོ་ཆེས། སུ་འདུག་གམ།

སློབ་མས། སྔོན་མ་གཞོན་ནུ་ཁ་ཤས་ཀྱིས་ཐ་མག་དང་ཆང་རག་དེ་འདྲ་བཏུངས་ནས་འཚོ་བ་སྐྱེལ་གྱི་འདུག

རིན་པོ་ཆེས། ད་གིན་ང་ཚོ་དྲི་བ་དང་པོ་དེའི་སྐབས་ལ་བཀའ་མོལ་བྱུང་སོང་ངམ། མིའི་བསམ་བློའི་ནང་ལ་ཚོར་བ་ཟེར་བ་ཞིག་དང་མྱོང་བ་ཟེར་བའམ། ཡང་ན་ཤེས་རབ་ཟེར་བ་ཞིག་དང་ཚོར་བ་ཟེར་བ་གཉིས་ཡོད་རེད། དེ་གཉིས་ཀྱི་ནང་ནས་ཚོར་བ་དེ་དབང་ཆེ་རུ་གཏང་རྒྱུ་ཡོད་མ་རེད། ཤེས་རབ་དེ་དབང་ཆེ་རུ་གཏོང་དགོས་རེད། སོ་སོའི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ནས་བྱེད་འོས་པ་དང་བྱེད་མི་འོས་པ་ག་རེ་ཡིན་པ་དང༌། རང་ལ་ཕན་པ་དང་རང་ལ་གནོད་པ་ག་རེ་ཡིན་པ་བརྟག་དཔྱད་བྱས་པའི་རྗེས་ལ་རང་ལ་ཕན་པ་དེ་ཚོ་ལག་ལེན་ལ་བསྟར་བ་དང༌། རང་ལ་གནོད་པ་དེ་ཚོ་བཞག་དགོས་ཀྱི་ཡོད་རེད། དེ་བྱས་པ་ཡིན་ན་དེ་རང་ཐག་རང་གཅོད་ཀྱི་རང་དབང་ཡོད་པ་ཞིག་དང༌། མི་དེ་ཤེས་རབ་ལྡན་པ་ཞིག་ལ་རྩིས་ཀྱི་རེད། དེ་འདྲ་ལེགས་ཉེས་འབྱེད་པའི་ཤེས་རབ་མེད་པར་དཔེར་ན་ཐ་མག་འཐེན་པ་ཡིན་ན། གནས་སྐབས་ཤིག་ལ་སྐྱིད་པོའི་ཚོར་སྣང་ཞིག་ཡོང་གི་ཡོད་རེད། ཨ་རག་འཐུང་ན་ར་བཟི་དུས་ཆུ་ཚོད་ཁ་ཤས་རིང་སེམས་ཁྲལ་ཡོད་ན་དེ་བརྗེད་འགྲོ་བ་དང༌། བསམ་བློ་མི་སྐྱིད་པ་ཡོད་ན་དེ་ཕར་བརྗེད་ནས་སྐྱིད་པོ་འདྲ་པོ་ཞིག་ཚོར་རྒྱུ་བཅས་དེ་འདྲའི་ཚོར་བ་ཆུང་ཆུང་ཞིག་གི་དབང་ལ་ཕྱིན་ནས་ཐ་མག་འཐེན་ན་ཕུགས་ཀྱི་གཟུགས་གཞི་ལ་གནོད་པ་དང༌། ན་ཚ་ཡོང་བ་རྣམས་ཧ་མ་གོ་བ་དང༌། ཧ་གོ་བ་ཡིན་ནའང་ཤེས་རབ་དང་ཚོར་བ་གཉིས་པོ་ནས་ཚོར་བ་ཤུགས་ཆེ་རུ་ཕྱིན་ཏེ་ཚོར་བའི་གཞན་དབང་ལ་ཕྱིན་ནས་གནས་སྐབས་ཤིག་ལ་སྐྱིད་པོ་ལྟ་བུ་ཞིག་ཡོད་ཀྱང་མི་ཚེའི་མདུན་ལམ་དེ་ཡག་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་མ་རེད། དེའི་ནང་གལ་ཆེ་ཤོས་ནི་བསམ་བློའི་རང་དབང་དེ་རེད། མིས་ག་རེ་ལབ་པ་བཞིན་མ་བྱས་པར་སོ་སོས་བསམ་བློ་བཏང་ནས་ཐག་གཅོད་བྱེད་ཐུབ་པ་དང༌། རིགས་པའི་ཐོག་ནས་བརྟག་དཔྱད་བྱེད་ཐུབ་པ་ཞིག་དགོས་ཀྱི་རེད། ད་གིན་དྲི་བ་སྔོན་མ་གཅིག་གི་ནང་ལ་བསྡུས་གྲྭ་བསླབས་ནས་ག་རེ་ཕན་གྱི་རེད་ཅེས་ལབ་སོང་ངམ། བསྡུས་གྲྭ་གཅིག་པོ་བསླབས་ནས་གང་ཡང་ཕན་གྱི་མ་རེད་དེ། བསྡུས་གྲྭ་བསླབས་པའི་རྗེས་ལ་བསྡུས་གྲྭ་ནས་འགོ་བཙུགས་ཏེ་ཚད་མ་རིག་པ་དེ་ཡང་དག་པ་ཞིག་བསླབ་ཐུབ་ན། ཚད་མ་རིག་པའི་ལམ་ནས་ཡག་པོ་ག་རེ་རེད། སྡུག་ཅག་ག་རེ་རེད། དེ་བརྟག་དཔྱད་བྱེད་ཐུབ་པ་དང་བརྟག་དཔྱད་བྱེད་ཤེས་པ་ཆགས་འགྲོ་གི་རེད། དེ་བརྟག་དཔྱད་བྱེད་ཤེས་ན། གཞི་ནས་རང་ལ་འཕྲལ་ཕུགས་རྒྱང་གསུམ་ལ་ཁེ་ཕན་ཡོད་པ་དང༌། གནོད་པ་རྣམས་ཧ་གོ་ཐུབ་ཀྱི་རེད། ཧ་གོ་ཐུབ་པ་ཙམ་དུ་མ་ཟད། ཤེས་རབ་སྟོབས་ཆེན་པོ་ཆགས་ན། གནས་སྐབས་ཀྱི་ཚོར་བའི་གཞན་དབང་ལ་མ་ཕྱིན་པར་ཐ་མག་འཐེན་འདོད་ཞིག་བྱུང་ནའང་མ་འཐེན་པར་བསྡད་ཐུབ་པ་དང༌། ཆང་རག་འཐུང་འདོད་ཞིག་བྱུང་ནའང་དེ་ཡག་པོ་མ་རེད་བསམས་ནས་སྤང་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད། གནས་ཚུལ་གཞན་པ་གཅིག་ནི་རང་ལ་བསམ་བློའི་ནུས་པ་ཆེན་པོ་མེད་ན་སོ་སོའི་རོགས་པ་ཡག་ཉེས་ལ་ཁྱད་པར་ཆེན་པོ་འགྲོ་གི་རེད། རོགས་པ་སྡུག་ཅག་ཅིག་དང་འཕྲད་ན། རང་ཡང་སྡུག་ཅག་ཆགས་འགྲོ་བ། རོགས་པ་ཡག་པོ་ཞིག་དང་འཕྲད་ན་སོ་སོའང་ཡག་པོ་ཆགས་འགྲོ་བ་དེ་འདྲ་ཡོང་གི་རེད། སོ་སོའི་ཤེས་རབ་དེ་སྟོབས་ཆེན་པོ་ཞིག་ཡོད་ན། རོགས་པ་སྡུག་ཅག་ཅིག་ཡོད་པ་ཡིན་ནའང་རང་གི་ནུས་པ་དེས་རོགས་པ་སྡུག་ཅག་དེ་ཡག་ཏུ་བཏང་བ་མ་གཏོགས་རོགས་པ་སྡུག་ཅག་དེས་སོ་སོ་མར་མེད་པ་བཟོ་ཐུབ་ཀྱི་མ་རེད། སོ་སོའི་ཤེས་རབ་ཀྱི་ནུས་པ་དེ་ཡག་པོ་ཞིག་མེད་ན། ཐ་མག་འཐེན་མཁན་གྱི་རོགས་པ་ཞིག་གིས་གང་ཡང་ཡོད་མ་རེད་འཐེན་དང་ཞེས་ལབ་ན་གང་ཡང་ཡོད་མ་རེད་བསམས་ནས་འཐེན་འགྲོ་གི་རེད། སོ་སོའི་ཤེས་རབ་ཀྱི་སྟོབས་དེ་ཡག་པོ་ཞིག་ཡོད་ན་ཐ་མག་འཐེན་མཁན་གྱི་རོགས་པ་ཞིག་བྱུང་ཡང་དེ་འཐེན་རྒྱུ་ཡོད་མ་རེད། ཁྱེད་རང་ལ་གནོད་ཀྱི་རེད་ཅེས་ཕར་ལབ་ཐུབ་ཀྱི་རེད། གནོད་ཀྱི་རེད་ཅེས་ལབ་དུས་ཁོས་ཐ་མག་མ་བཞག་པ་ཡིན་ནའང་སོ་སོས་མ་འཐེན་པར་བསྡད་ཐུབ་ཀྱི་རེད༌། དེ་འདྲ་ཡིན་ཙང་སློབ་སྦྱོང་བྱེད་སྐབས་ཚང་མ་ཡིན་པ་རེད་བསམས་ནས་ཆ་མ་བཞག་པར་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་བརྟག་དཔྱད་བྱེད་རྒྱུའི་གཤིས་ཀ་དང༌། རང་གི་ཤེས་རབ་དེ་ཤུགས་ཆེན་པོ་དང་དེས་མི་ཚེའི་ཁ་ལོ་བསྒྱུར་ཐུབ་པ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་བཟོ་ཐུབ་ན་མི་ཚེའི་མདུན་ལམ་ཏག་ཏག་བེད་སྤྱོད་བྱེད་ཐུབ་ཀྱི་རེད།

འགྲིག་སོང་ངམ། ད་བཞག་ན་འགྲིག་གི་འདུག་གམ།

སློབ་མས། འགྲིག་གི་འདུག། །།

སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ཐེངས་གཉིས་པ་ཆེད་ཕེབས་ཀྱིས་དེ་གའི་སློབ་ཕྲུག་ཚོ་དང་གནད་དོན་སྣ་ཚོགས་ཐོག་གནང་བའི་བགྲོ་གླེང་ཞིག་ཡིན།

ཕྱི་ལོ་༢༠༠༩ ཟླ་༧ ཚེས་༢༥ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མའི་ལྷན་དུ་གནང་བའི་བགྲོ་གླེང་ཐེངས་གཉིས་པ།