གཞིས་བྱེས་བོད་མི་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཏམ་བཤད།

༈ ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༢ ཉིན་གཞིས་བྱེས་བོད་མི་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཏམ་བཤད། དྷ་སའི་ཁུལ་དུ་བཞུགས་པའི་བོད་རིགས་སེར་སྐྱ་མང་ཚོགས་རྣམས་དང༌། ཁྱེད་རྣམ་པའི་བརྒྱུད་གཞིས་བྱེས་བོད་རིགས་ཡོངས་ལ་ཞུ་རྒྱུ།

བོད་ཀྱི་གནས་བབ་ངོས་འཛིན།

༡ ད་རེས་བོད་དུ་བྱུང་བའི་ཞི་བའི་གྱེན་ལངས་ཀྱི་གནས་ཚུལ་འདི་ནི་ཧ་ཅང་རླབས་ཆེན་དང༌། གཟི་བརྗིད་ཅན། བྱུང་རབས་ཀྱི་དོན་སྙིང་ལྡན་པ། བོད་མི་རིགས་ཀྱི་སྙིང་སྟོབས་དང་བློ་སྤོབས་མཚོན་པའི་དཔའ་རྟགས་འགྲན་ཟླ་མེད་པ་ཞིག་རེད།

༢ གྱེན་ལངས་ཀྱི་རྦ་རླབས་ལྷ་ས་དང་དེའི་ཉེ་འཁོར་ཙམ་དུ་མ་བསྡད་པར་བོད་ཆོལ་ཁ་གསུམ་གྱིས་མཚོན་པའི་བོད་རིགས་གནས་ཡུལ་གང་སར་རྒྱ་ཁྱབ་ཏུ་འཕྱུར་བ་དེ་ནི། གཅིག་ཏུ། བོད་མི་ཡོངས་རྫོགས་བསམ་པ་དང་མངོན་འདོད་གཅིག་མཐུན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་གཅིག་འདུས་ཡིན་པ་མངོན་པར་གསལ་བར་བྱས་པ་མ་ཟད། གཉིས་སུ་རྒྱ་གཞུང་གིས་ཏཱ་ལའི་ལོག་སྤྱོད་པའི་རྗེས་འཇུག་མངའ་བདག་དང༌། ས་བདག་གྲལ་རིམ་ཉུང་ཤས་ཤིག་མ་གཏོགས་བོད་དུ་ཡོད་པའི་བོད་མི་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་གྲུབ་དང་ཆབ་སྲིད་ལ་གློ་སྙིང་བྲང་གསུམ་གཏོད་མཁན་ཡིན་ཚུལ་བཤད་པ་དང༌། དེ་བཞིན་བོད་མི་རྣམས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ཀྱིས་བློ་ཁ་ཚིམས་ཏེ་དུས་བདེ་ཞོད་འཇགས་ཡོད་པའི་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱེད་བཞིན་པ་གཉིས་ཀའི་རྫུན་རྐུབ་ཡོངས་སུ་བརྡོལ་ཏེ། དངོས་ཡོད་གནས་ཚུལ་འཛམ་གླིང་ཡོངས་ཀྱི་སྤྱན་ལམ་དུ་ར་འཕྲོད་བྱུང་བ་རེད།

༣ དེ་ཙམ་མ་ཟད་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོལ་ཁ་གསུམ་གྱིས་མཚོན་པའི་ས་ཁྱོན་གང་སར་གནས་པའི་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་དགོས་རྒྱུའི་དགོངས་ཚུལ་གསུངས་པའང་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་གསལ་སྟོན་བྱས་པ་རེད།

༤ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣེ་མོ་བ་ཚོས་ད་རེས་ཀྱི་བྱུང་རྐྱེན་འདི་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱ་རྒྱུ་ཡིན་ཚུལ་བཤད་པ་འདིས་བོད་མི་རིགས་རྒྱ་ནག་ཁྱིམ་ཚང་ཆེན་མོའི་ཆ་ཤས་ཤིག་མ་ཡིན་པར་དགྲ་བོའི་འདུ་ཤེས་འཛིན་པའི་ནང་གི་གནས་ཚུལ་ཕྱིར་ཐོན་པ་ཞིག་ཀྱང་རེད།

༥ འདི་འདྲའི་དཔའ་མཛངས་ཅན་གྱི་གྱེན་ལངས་བོད་ས་ཡོངས་ལ་ཁྱབ་པ་འདི་འདས་པའི་ལོ་༤༩ རིང་བྱུང་བའི་གྱེན་ལངས་ཚང་མ་ལས་གཞི་རྒྱ་ཆེ་བ་ཞིག་ཡིན་པ་དང༌། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་གང་ནས་བལྟས་ཀྱང་བོད་མི་རིགས་ཆགས་འཇིག་ཁ་ཚོན་ཆོད་པའི་འཐབ་རྩོད་ཅིག་ཏུ་གྱུར་པ་མ་ཟད། ད་ལམ་གྱི་ལས་འགུལ་འདི་བོད་རྒྱ་མིས་དབང་བསྒྱུར་ཟིན་རྗེས་ཀྱི་མི་རབས་བཞི་པ་རྣམས་ཀྱིས་གཙོ་བོར་ལག་བསྟར་མཉམ་ཞུགས་བྱས་པ་ཡིན་པས་ང་ཚོའི་ལས་འགུལ་ནི་མི་རབས་ནས་མི་རབས་བརྒྱུད་ཉམས་མེད་རྒྱུན་འཁྱོངས་ཡོད་པའི་དན་རྟགས་གསལ་པོ་རེད།

༦ བྱུང་རྐྱེན་འདིས་བོད་དུ་ཡོད་པའི་བོད་མི་རྣམས་ཀྱི་བློས་བཏང་དང༌། ཆོད་སེམས། ལྷག་བསམ་ཇི་ཙམ་ཡོད་པ་ས་རིས་ཐང་གསལ་གྱུར་པ་འདི་ལ་ང་ཚོ་ཚང་མས་སྤོབས་པ་དང༌། ཡི་རངས་ཀྱི་སྒོ་ནས་བསྔགས་བརྗོད་ཚད་མེད་ཞུ་རྒྱུ་མ་ཟད། བོད་མི་རིགས་ཀྱི་བྱུང་རབས་དེབ་ཐེར་དུ་གསེར་གྱི་ཡིག་འབྲུར་འབུར་དུ་དོད་རྒྱུ་ཡིན་པར་ཐེ་ཚོམ་མེད་ཅིང༌། ད་ལམ་སྐུ་སྲོག་ཤོར་བ་རྣམས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་སྟེ་ཁོང་གི་གདུལ་ཞིང་གངས་ལྗོངས་སུ་སླར་ཡང་མི་ལུས་འཐོབ་རྒྱུ་ཡིན་པ་ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ལུང་བསྟན་ཡོད།

བཙན་བྱོལ་གཞུང་གིས་ད་བར་གང་བྱས།

༧ དེ་འདྲའི་དཔའ་མཛངས་ཅན་གྱི་བྱུང་བ་འདི་ལ་བྱེས་འབྱོར་བོད་རིགས་ཡོད་དོ་ཅོག་གིས་ངོས་འཛིན་ཐུབ་པའི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འཕྲལ་ཕུགས་གཉིས་ཀར་དོན་ཕན་ཡོད་པ་ཞིག་སྤེལ་དགོས་རྒྱུ་ནི་བརྗོད་མ་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་འོག་ཆེས་མཐོའི་ཚོགས་ཆུང་བཙུགས་ཏེ་བཙན་བྱོལ་བོད་མི་རྣམས་ཀྱི་ལས་འགུལ་ཡོངས་རྫོགས་ཁ་མ་གྲམ་པར་གོང་བུ་གཅིག་སྒྲིལ་བཟོ་ཐབས་བྱས་པ་འདི་ནི། བཙན་བྱོལ་གྱི་བྱུང་རིམ་ནང་ཛ་དྲག་གི་བྱེད་ཐབས་གསར་པ་ཞིག་ཡིན་པས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང༌། སྡེ་ཚན། སྐྱིད་སྡུག་སོགས་དང་ཡུལ་མི་སྒེར་ཚང་མས་དབུ་ཁྲིད་འདིའི་འོག་ཤར་སྐྱོད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

༨ བོད་དུ་དྲག་གནོན་གྱི་གནས་ཚུལ་བྱུང་བ་ནས་བཟུང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ཁམས་བདེ་མིན་ལ་མ་ལྟོས་པར་ཆབ་སྲིད་ཀྱི་ཐོག་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ་དང༌། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པ། དེ་བཞིན་གྲགས་ཅན་གྱི་མི་སྣ་ཁག་ལ་བཀའ་ཡིག་སྔ་རྗེས་སྩོལ་གནང་དང༌། གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་ཡང་བཅར་འདྲིའི་གོ་སྐབས་གསོལ་བསྩལ། དེ་བཞིན་རྒྱལ་སྤྱིའི་གཞུང་དང་མང་ཚོགས་ལ་འབོད་སྐུལ་སོགས་མཛད་འཕྲིན་རྒྱ་ཆེ་རྒྱུན་མི་ཆད་དུ་བསྐྱངས་གནང་མཛད་དང་མཛད་བཞིན་པའི་ཁར། ཆོས་ཕྱོགས་ནས་སྒྲོལ་མ་དང༌། ཤེར་སྙིང༌། རྟ་མགྲིན་གྱི་སྔགས་སོགས་རྐྱེན་སེལ་ཞབས་རིམ་དང་བོད་སྤྱི་མཐུན་གྱི་བསོད་ནམས་སྤེལ་བའི་ཐབས་ཚུལ་ལ་འབད་དགོས་པའི་ལམ་སྟོན་དང༌། ཞབས་རིམ་གྱི་ཚོགས་དབུར་ཆིབས་བསྒྱུར་སོགས་ཀྱི་བཀའ་དྲིན་གནང་ཡོད།

བཀའ་ཤག་ནས་སྐུ་ཚབ་དོན་གཅོད་ཁག་བརྒྱུད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ལ་གནས་ཚུལ་མཁོ་སྤྲོད་དང༌། རོགས་མགོན་རྒྱབ་སྐྱོར་ཞུ་རྒྱུའི་བྱེད་སྒོ་མཐའ་དག་འཐུས་ཚང་ཞུས་དང་ཞུ་བཞིན་པ་མ་ཟད། ཨ་རི་དང༌། ཡོ་རོབ་མཉམ་འབྲེལ་གྱིས་མཚོན་པའི་འཛམ་གླིང་ཤར་ནུབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་མང་པོའི་ཆེས་མཐོའི་དབུ་ཁྲིད་ཁག་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ། ཆབ་སྲིད་ཚོགས་པ་ཁག སྤྱི་ཚོགས་ཞབས་ཞུ་བ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཆོས་ལུགས་སོ་སོའི་ཆེས་མཐོའི་དབུ་ཁྲིད་རྣམ་པ་བཅས་སྤྱི་སྒེར་མང་པོས་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་སྤེལ་བ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུས་པའི་ཐོག ད་དུང་བོད་དོན་བདེན་མཐའ་མ་གསལ་བར་ནུས་པ་ཐོན་པའི་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་བསྐུལ་ནན་པོ་ཞུས་དང་ཞུ་བཞིན་པ་ཡིན།

མ་འོངས་བྱེད་ཕྱོགས་འབོད་བསྐུལ།

༩ ད་ལྟའི་གནས་སྐབས་སུ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ་ཞུ་རྒྱུའི་དོན་གནད་གཙོ་བོ།

ཀ བོད་ས་ཡོངས་སུ་དྲག་གནོན་གསོད་རྡུང་གི་བྱ་བ་འཕྲལ་དུ་མཚམས་འཇོག་དགོས་པ།

ཁ བྱུང་རྐྱེན་འདི་དང་འདི་འདྲའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་དགོས་པ།

ག རྨས་མ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དང༌། གནས་ཡུལ་སོ་སོར་འགྲུལ་བཞུད་བཀག་སྟེ་བཞག་པ་རྣམས་སྒོ་ཕྱེ་སྟེ་བཟའ་བཏུང་གི་མཐུན་རྐྱེན་འཕྲལ་དུ་མཁོ་སྤྲོད་དགོས་པ།

ང རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་དང༌། རིས་སུ་མ་མཆིས་པའི་གསར་འགོད་པ་རྣམས་བཀག་འགོག་མེད་པར་བོད་ས་ཡོངས་སུ་འགྲོ་སྐྱོད་ཆོག་པ་བཅས་ཀྱི་དགོས་འདུན་འདོན་རྒྱུ་ཁོ་ནར་རྡོག་ཏུ་བསྒྲིལ་ཏེ་ནུས་པ་བཏོན་དགོས་པའི་དུས་ལ་བབས་ཡོད།

༡༠ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སོ་པ་ཧ་ཅང་མང་པོ་གཞིས་བྱེས་བོད་མིའི་ཁྲོད་དུ་བཀྲམས་ནས་བོད་མི་ནང་ཁུལ་དང༌། བོད་མི་དང་རྒྱ་མིའི་བར། བོད་མི་དང་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་མིའི་དབར་དཀྲུགས་ཤིང་གིས་ཆིག་བསྒྲིལ་དང་ལས་འགུལ་གྱི་ནུས་པ་ལ་གཏོར་བཤིག་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ལས་གཞི་རྩོམ་བཞིན་པར་བརྟེན། བོད་རིགས་ཚང་མས་སྤྱང་གྲུང་དང་དོགས་ཟོན་ཧ་ཅང་ཆེན་པོས་ཐུགས་གཟབ་གནང་དགོས་པ་མ་ཟད། བཙན་བྱོལ་བོད་མིའི་ལས་འགུལ་གྱི་རྨང་གཞི་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་དང༌། ལྷག་པར་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གི་བསྟི་གནས་རྒྱ་གར་ཡིན་པས་ལས་འགུལ་ཆེ་ཕྲ་ཇི་འདྲ་ཞིག་སྤེལ་རུང་གནས་ཡུལ་སོ་སོའི་ཡུལ་མི་རྣམས་སུན་སྣང་སྐྱེ་གཞི་དང༌། སྟབས་མ་བདེ་བ་མི་ཡོང་བ། ཡུལ་ཁྲིམས་དང་མི་འགལ་བ་བཅས་ཀྱི་བྱེད་ཕྱོགས་དམ་གཟབ་ངེས་པར་དགོས་རྒྱུའི་ཐོག རང་རེའི་སྟོབས་ཤུགས་དང་ཐབས་ལམ་འཚེ་མེད་ཞི་བའི་རྒྱ་ལས་ནམ་ཡང་མ་བརྒལ་བ་དགོས་རྒྱུ་དང༌། དེ་བཞིན་རྒྱ་ཕྱོགས་ནས་གནས་ཚུལ་འདི་དག་བོད་རྒྱ་མི་རིགས་དབར་གྱི་འཁོན་རྩོད་དང༌། ཆོས་ལུགས་དབར་གྱི་འཁོན་རྩོད་ཡིན་ཚུལ་འཁྱོག་བཤད་བྱས་པ་རྣམས་ལ་ལན་འདེབས་ནན་པོ་བྱེད་དགོས།

༡༡ ཆབ་སྲིད་ཀྱི་ལས་འགུལ་ཁག་དང་མཉམ་དུ་ཆོས་ཕྱོགས་ནས་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ཐབས་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་སྤྱི་དང༌། ཁྱད་པར་སྐབས་སུ་བབས་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ལམ་སྟོན་མཛད་པའི་ྋཞབས་རིམ་སྒྲོལ་མ། ཤེར་སྙིང༌། ཡིག་དྲུག གུ་རུའི་ཐུགས་དམ་གནད་བསྐུལ་བཅས་ལ་བོད་མི་ཚང་མས་ཉིན་མཚན་ཁོར་ཡུག་ཏུ་འབད་འབུང་དགོས་པའི་ཐོག དེའི་དགེ་རྩ་རྣམས་བོད་དུ་དྲག་གནོན་འཕྲལ་དུ་མཚམས་ཆོད་པ་དང༌། འདས་པོ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གངས་ལྗོངས་སུ་སླར་ཡང་མི་ལུས་བཟང་པོ་ཐོབ་ནས་བོད་མི་རིགས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པ། རྨས་མ་རྣམས་མྱུར་དུ་གཟུགས་ཁམས་བདེ་གསོས་ཡོང་བ། མདོར་ན་བོད་དོན་བདེན་མཐའ་མྱུར་གསལ་གྱིས་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྟོན་ལ་མྱུར་དུ་སྤྱོད་ཐུབ་པ་བཅས་བསྔོ་སྨོན་ཤུགས་དྲག་གནང་དགོས།

༡༢ ད་ལྟའི་ཛ་དྲག་གི་གནས་བབ་འདི་འབྱུང་འགྱུར་གནས་ཚུལ་ཇི་ཆགས་ཚོད་དཔག་དཀའ་ཞིང༌། བོད་ཕྱི་ནང་དུ་ལས་འགུལ་རྒྱུན་རིང་སྤེལ་དགོས་བྱུང་བའམ། དེ་མིན་གུད་སྐྱོབ་ལས་དོན་ཇི་སྙེད་ཅིག་དགོས་གལ་ཡོང་སྲིད་པར་བརྟེན། བཙན་བྱོལ་བོད་མི་ཕྱུག་དབུལ་བར་གསུམ་ཚང་མས་སྔ་ལོ་འཁྲུངས་སྐར་སྐབས་བཀའ་ཤག་གིས་རེ་བསྐུལ་ཞུས་དོན་བཞིན་གནས་སྐབས་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་དོར་ཏེ་རང་རང་སོ་སོའི་དཔལ་འབྱོར་བསྲི་ཚགས་གང་ཐུབ་གནང་དགོས་ཤིང༌། སྤྱི་དོན་ལས་འགུལ་ཆེད་རང་བློས་གང་ཆོད་ཟུར་གསོག་གནང་གལ་ཆེ།

༡༣ མཐའ་དོན་ཤིན་ཏུ་གལ་གནད་ཆེ་བའི་གནད་དོན་གཙོ་བོ་ཞིག་ནི། རང་ཅག་བོད་མིའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་ལམ་སྟོན་མཛད་པ་ལས་ལྷག་པའི་བོད་མིའི་འདུན་ལམ་གཞན་ཞིག་གཏན་ནས་མེད་པས། ཛ་དྲག་གི་གནས་ཚུལ་འདི་འདྲའི་སྐབས་ྋགོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་དགོས་རྒྱུ་ལས། ྋགོང་ས་མཆོག་གི་ལམ་སྟོན་ལས་ལྷག་པའི་ཐབས་ལམ་ཞིག་ཡོད་མདོག་གིས་བཙན་བྱོལ་བོད་མི་ཉུང་ཤས་དེའང་གཅིག་བསྒྲིལ་མེད་པར་ཁ་འཐོར་དུ་སོང་ན་དགྲ་དགའ་གཉེན་སྡུག་གི་གཞི་ལས་མ་འདས། བར་ལམ་བྱུང་བའི་ལས་འགུལ་ཁ་ཤས་ཐོག་བཀའ་ཤག་བློ་ཕམ་ཆེན་པོ་ཡོད་ཅིང༌། ལྷག་པར་ྋགོང་ས་མཆོག་ལ་མཚན་ཤས་དང་མཛད་དཀའ་ཆེད་མངགས་བཟོས་པ་ལྟ་བུའི་ལས་འགུལ་དེ་རིགས་ནི་གནང་མཁན་ཚོའི་ལྷག་བསམ་ལ་སྐྱོན་མེད་པའི་རེ་བ་ཡོད་ཀྱང༌། གནང་ཕྱོགས་ནི་བོད་ཀྱི་རྩ་དོན་ལ་ཕན་པ་གཏན་ནས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བཅས་ཀྱི་བསྒྲགས་གཏམ་དུ། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༢ ལ།།

ཕྱི་ལོ་༢༠༠༨ ལོར་བོད་དུ་ཞི་རྒོལ་ཆེན་མོ་བྱུང་རྗེས་གནང་བ་ཞིག་རེད།