༈ ཚོགས་ཐེངས་བཞི་པ། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཕྲུག
(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༥) ཕྱི་དྲོ།
༄༅།། ད་ལྟ་ཚོགས་ཐེངས་འདིའི་ནང་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཕྲུག་གི་ཁྱད་པར་དེ་བཤད་རྒྱུ་ཡིན་པའི་ཁུལ་རེད། ད་ནངས་ཚོགས་ཐེངས་སྔོན་མའི་སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་སྐོར་ལ་མཇུག་ཏོག་ཙམ་བསྐྱལ་རྒྱུ་བསྡད་ཡོད། ཕ་རོལ་ཏུ་ཕྱིན་པའི་གཞུང་ནས་བཤད་པའི་དགེ་རྒན་གྱི་འོས་ཆོས་སམ་ཡོན་ཏན། ཡང་ན་ཁྱད་ཆོས་ཚང་དགོས་པ་བཅུ་དེ་ཡོངས་གྲགས་རེད། དེ་མིན་གཞུང་སོ་སོ་ནས་བཤད་པའང་ཡོད་རེད། གཙོ་བོ་ནང་དོན་རིག་པའི་ས་ལམ་གྱི་རྣམ་གཞག་སྟོན་པའི་དགེ་རྒན་དང་སློབ་དཔོན་ལ་གོ་དགོས་པ་ཞིག་ཡིན་རུང་། དེའི་ཟླས་དྲངས་ནས་ཐ་སྙད་རིག་པའི་དགེ་རྒན་ལ་སྦྱར་ནའང་ཏག་ཏག་བསྡད་ཀྱི་ཡོད། གལ་ཏེ་གཞུང་ནས་བཤད་པའི་ཡོན་ཏན་མཚན་ཉིད་པ་མ་ལྡན་ནའང་དེ་ཚོའི་བྱེད་ལས་དང་མཚུངས་པའི་ཡོན་ཏན་ལྡན་ནའང་འགྲིགས་པ་རེད།
ཡོངས་འཛིན་གྱི་ཡོན་ཏན་གསུམ་པོ་དང་ཕྱོགས་མཚུངས་པ་ཞིག་སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་གཉིས་ཀ་ལ་ཚང་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། དེའི་ནང་དང་པོ་དེ་གང་རེད་ཅེ་ན། ”སེམས་མི་འགོང་བ་ཉིད་ལ་སོགས།། ཞེས་པའི་སོགས་སྒྲའི་ནང་མང་པོ་ཞིག་ཡོད་རེད། མི་འགོང་བ་ཞེས་པ་ནི་སེམས་མི་སྐྲག་པའམ་སེམས་མི་ཞུམ་པའི་དོན་རེད། སྐྲག་པ་དང་ཞུམ་པ་གཉིས་ཀ་ལ་འགོང་ཞེས་པའི་ཚིག་དེ་སྦྱར་བ་རེད། གང་ལྟར་རང་གིས་སྦྱང་བྱའི་སློབ་ཚན་ཐོག་དོ་སྣང་མེད་པ་དེ་གང་གིས་བྱེད་ཀྱི་ཡོད་ཅེ་ན། སེམས་འགོང་འགྲོ་བ་རེད། སེམས་འགོང་ཞེ་ན། འདི་ངས་ཤེས་དགོས་ཀྱི་མི་འདུག་སྙམ་པའི་ཞེན་པ་ལོག་པའི་བསམ་ཚུལ་དང་། ཡང་ན་ངས་འདི་ཤེས་ཐུབ་ཀྱི་མ་རེད་སྙམ་པའི་འཇིགས་སྣང་གི་བསམ་ཚུལ། ཡང་ན་འདི་ཤེས་པ་ལ་བརྟེན་ནས་ང་ལ་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་སྒྲུབ་ཐུབ་ཀྱི་མི་འདུག་སྙམ་པའི་དགོས་པ་མཐོང་བའི་ཡིད་ཆེས་མ་རྙེད་པ་བཅས་ཀྱི་ཐོག་ནས་སེམས་འགོང་བ་རེད།
སྤྱིར་བཏང་དེང་སང་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཡག་པོ་མི་ཡོང་བའི་གནས་ཚུལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཕར་ཁག་ཚུར་དཀྲི་མང་པོ་རེད། དཔེར་ན་དགེ་རྒན་གྱིས་སློབ་ཕྲུག་དང་། ཕ་མ། འཛིན་སྐྱོང་། སློབ་ཚན་བཅས་ཀྱི་འགྲིག་གི་མེད་ཚུལ་བརྗོད་ཀྱི་རེད། དེ་བཞིན་ཕ་མ་དང་དགེ་ཕྲུག་ཚོས་དགེ་རྒན་དང་། འཛིན་སྐྱོང་། སློབ་ཚན་བཅས་ཀྱི་འགྲིག་གི་མེད་པ། དེ་ནས་འཛིན་སྐྱོང་གིས་ཕ་མ་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་འགྲིག་གི་མེད་ཚུལ་བཤད་ཀྱི་རེད། དེ་བཞིན་དགེ་རྒན་དང་། ཕ་མ། འཛིན་སྐྱོང་བཅས་ཚང་མས་གཅིག་གྱུར་ལ་སློབ་ཕྲུག་ལ་དོ་སྣང་དང་བརྩོན་འགྲུས་མི་འདུག་ཅེས་སློབ་ཕྲུག་ཐོག་ལ་ཁག་གཞག་ས་མང་བ་རེད། འོན་ཀྱང་དེ་ནི་བདེན་པ་རེད་དམ་རྫུན་པ་རེད་ཅེ་ན། མང་ཆེ་བ་བདེན་པ་རེད། བརྒྱ་ཕྲག་ཉེར་གཅིག་པའི་འཁྲུག་ཆ་དོད་པོའི་འཇིག་རྟེན་འདིའི་ནང་སློབ་སྦྱོང་ཐོག་དོ་སྣང་མེད་པར། ཕྲུ་གུ་ལོ་བཞི་ལྔ་ནས་སོ་སོ་ལ་དམིགས་བསལ་གྱིས་མགོ་བོ་འཁོར་ས་རེ་ཡོད་ཅིང་། ཁ་ཤས་ནི་ཀམ་པིའུ་ཀྲར་དང་། ཁ་ཤས་ནི་གཟུགས་མཐོང་རླུང་འཕྲིན། ཁ་ཤས་ནི་ལག་ཐོགས་ཁ་པར་སོགས་ལ་གཡེངས་ཏེ་སྤྱི་ཡོངས་ཀྱི་ཤེས་བྱའི་གནས་ལ་དོ་སྣང་མེད།
ཡིན་ནའང་དོ་སྣང་མེད་པ་དེ་སུའི་སྐྱོན་རེད་ཅེ་ན། འཛིན་སྐྱོང་དང་། སྒྲིག་འཛུགས། ཕ་མ། དགེ་རྒན་བཅས་ཚང་མའི་ནང་ནས་དོ་སྣང་མེད་པ་དེ་ཡོད་པར་བཟོ་མཁན་གྱི་འགན་དེ་དགེ་རྒན་ལ་བབས་ཀྱི་ཡོད། དེས་ན་སྤྱི་ཚོགས་དང་ཁོར་ཡུག་གིས་དེ་ཙམ་གནོན་ཤུགས་ཐེབས་ཀྱི་མེད། དགེ་རྒན་སོ་སོས་འཛིན་གྲྭའི་ནང་སློབ་ཚན་སློབ་པའི་སྐབས་སུ་ཕྲུ་གུས་དགོས་པ་དང་རྒྱུ་མཚན་མཐོང་ནས་དོ་སྣང་སླེབས་ཐུབ་པ་དང་། དོ་སྣང་མི་སླེབས་པའི་འགལ་རྐྱེན་གང་ཡིན་པ་རྣམས་དགེ་རྒན་གྱིས་ཤེས་པར་བྱས་ཏེ་ཕྲུ་གུའི་ཁམས་དང་། མོས་པ་དང། བསམ་པ་དང་། བག་ལ་ཉལ་བ་དང་མཐུན་པར་ཐབས་ཤེས་བྱེད་ཐུབ་ན་དགེ་རྒན་དེ་ཚད་ལྡན་ཞིག་ཆགས་རྒྱུ་རེད། དེས་ན་སྲོལ་རྒྱུན་གྱི་ནང་དོན་རིག་པའི་དགེ་རྒན་ནམ་ཡོངས་འཛིན་གྱི་ཐོག་མའི་བྱ་བ་དེ་གང་རེད་ཅེ་ན། སློབ་ཕྲུག་གི་སེམས་མི་འགོང་བར་བྱས་ནས་སློབ་ཚན་ལ་དོ་སྣང་གཏིང་གཟབ་ཡོད་པ་བཟོ་རྒྱུ་དེ་རེད། སློབ་ཚན་ལ་དོ་སྣང་དང་སྤྲོ་སྣང་ཡོད་ན་སློབ་ཚན་སློབ་པ་དང་སྦྱོང་བའི་སྐབས་ཐམས་ཅད་དུ་ངལ་བའི་འདུ་ཤེས་སམ་ཐང་ཆད་པ་དང་། སྦུ་སུབ་དོག་པའི་འདུ་ཤེས་དེ་མི་ཡོང་།
དཔེར་ན་ཕྲུ་གུ་ཚོས་སོ་སོའི་སྤྲོ་སྣང་ཡོད་པའི་རྩེད་མོ་ཞིག་རྩེད་ན་ལམ་སེང་དཀའ་ལས་ཁག་རྒྱུ་མེད། ལྷག་པར་དུ་ཁང་པའི་ཕྱི་ལ་རྩེད་རྒྱུའི་རྩེད་མོ་རྣམས་ཡོང་མཚམས་ནས་བསམ་བློ་མ་ཁེངས་ནའང་གཟུགས་པོ་ཐང་ཆད་ཀྱི་རེད། ཁང་པའི་ནང་གི་རྩེད་མོ་ནི་གཟུགས་པོ་ཐང་མ་ཆད་ན་གཉིད་ཀྱང་མ་ཁུག་པར་ཉིན་མཚན་མེད་པར་རྩེད་མཁན་མང་པོ་རེད། དེ་ནི་སྤྲོ་སྣང་ཡོད་པའི་དབང་གིས་རེད། དེས་ན་སློབ་སྦྱོང་ཐོག་ལའང་སྤྲོ་སྣང་དེ་ལྟ་བུ་སླེབས་རྒྱུ་མེད་པ་མ་རེད། རྩེད་མོའི་ཅ་ལག་དེ་ཚོས་བསམ་བློ་བཀུག་ཐུབ་པ་དེ་དྲིལ་བསྒྲགས་བྱེད་མཁན་དང་འབོད་སྒྲ་བཟོ་མཁན་ཚོས་བསམ་བློ་མང་པོ་བཏང་ཡོད། དཔེར་ན་དྲིལ་བསྒྲགས་ཤིག་གི་ནང་སྣང་བརྙན་དང་། འབོད་སྒྲ། དེའི་དགོས་པ་བཅས་ཤོད་མཁས་པོ་བྱུང་ན་ད་ལྟ་ལམ་སེང་ཉོ་བསམ་པའི་སྣང་བ་ཁུག་འགྲོ་གི་ཡོད། དེ་ལྟ་བུ་སློབ་ཚན་ལ་དྲིལ་བསྒྲགས་བྱེད་དགོས་ཞེས་བཤད་ཀྱི་མེད་ཀྱང་། སྤྱིར་བཏང་ནས་སྲོལ་རྒྱུན་གྱི་སློབ་ཚན་གང་འདྲ་ཞིག་ཡིན་ཡང་དགོས་སོགས་ཆོས་བཞི་མགོ་དེར་སླེབས་ཀྱི་རེད། དགོས་པ་དེ་ཡག་པོ་མཐོང་ན་དེ་སྒྲུབ་པའི་ཆེད་དུ་སློབ་ཚན་ལ་སྤྲོ་སྣང་ཡོང་གི་རེད། སློབ་ཕྲུག་ཡོངས་སུ་རྫོགས་པ་ལ་གཅིག་གྱུར་གྱི་ཐབས་ལམ་ཞིག་རྙེད་ཁག་པོ་རེད། གཅིག་གྱུར་གྱི་ཐབས་ལམ་མེད་པ་མིན་རུང་། རྙེད་ཁག་པོ་དང་དོན་དུ་སྨིན་ཁག་པོ་རེད། དེར་བརྟེན་སློབ་ཕྲུག་སོ་སོའི་ཁམས་མོས་བསམ་པ་ལ་བརྟེན་ནས་སློབ་ཕྲུག་འདི་ལ་སློབ་ཚན་འདིའི་ཐོག་དོ་སྣང་ཡོང་བའི་ཐབས་ཤེས་གང་འདྲ་བསྟེན་དགོས་མིན་བལྟ་རྒྱུ་དེ་དགེ་རྒན་གྱི་ལས་འགན་རེད། དེ་བལྟས་ཐུབ་པ་ཡིན་ན་དགེ་རྒན་ཡག་པོ་ཞིག་ཆགས་ཀྱི་རེད། དེ་བཞིན་སློབ་ཕྲུག་གི་དོ་སྣང་འགུགས་ཐུབ་ན་དགེ་རྒན་ཚད་ལྡན་ཞིག་ཆགས་ཀྱི་ཡོད།
དོན་མེད་དོན་ལྡན་ཕལ་ཆེར་དོན་དང་ལྡན།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱིས་ཆོས་བསྟན་པ་ནམ་ཡང་དོན་མེད་དུ་མི་འགྱུར་བ་དང་། བྱང་སེམས་འཕགས་པས་ཆོས་བསྟན་པ་ཕལ་ཆེ་བ་དོན་དང་ལྡན་པ་ཡིན་པ། སོ་སོ་སྐྱེ་བོས་ཆོས་བསྟན་པ་ཕལ་ཆེ་བ་དོན་མེད་པ་ཡིན་ཞེས་གསུངས་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྟོན་པ་པོ་གང་ཟག་གིས་བསྟན་སའི་གདུལ་བྱའི་སེམས་ཇི་ལྟར་བཀུག་དགོས་པ་དང་། སློབ་ཚན་དེ་ལ་མོས་པ་ཇི་ལྟར་སྐྱེ་རུ་འཇུག་དགོས་པ་དེ་སངས་རྒྱས་ཀྱིས་མཁྱེན་པ་བཞིན་བྱང་སེམས་འཕགས་པས་ཀྱང་མཁྱེན་གྱི་མེད། དེས་ན་ང་ཚོ་སོ་སོའི་སྐྱེ་བོ་དགེ་རྒན་ཞིག་ཡིན་ན་ཧ་ཅང་དཀའ་ལས་ཁག་པོའི་གནས་སྟངས་ཤིག་རེད། ཡིན་ནའང་ཚོད་དཔག་དང་རྗེས་དཔག་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འཇུག་དགོས་པ་རེད།
དེང་རབས་ཀྱི་དགེ་རྒན་དེ་ཚོའང་དགེ་རྒན་འོས་སྦྱོང་བྱེད་པའི་སྐབས་སུ་ཕྲུ་གུའི་སེམས་ཁམས་རིག་པའི་སྐོར་ལ་ངེས་པར་དུ་སློབ་ཀྱི་ཡོད། ཕྲུ་གུའི་སེམས་ཁམས་རིག་པ་སློབ་དགོས་པའི་སྐོར་ལ་དེང་རབས་དང་སྲོལ་རྒྱུན་ལ་ཁྱད་པར་ཆེན་པོ་མེད། ཕྲུ་གུའི་སེམས་ཁམས་རིག་པ་ཤེས་པའི་ཐོག་ནས་ཕྲུ་གུ་ལ་སློབ་སྦྱོང་སྤྲོད་དགོས་པ་དེ་དེང་རབས་དང་སྲོལ་རྒྱུན་གཉིས་ཀ་མཐུན་པ་རེད། ཡིན་ནའང་སེམས་ཁམས་རིག་པ་ཤེས་སྟངས་ཐོག་དེང་རབས་དང་སྲོལ་རྒྱུན་དབར་མི་འདྲ་བ་གང་ལ་གང་ཙམ་ཡོད་རེད། དེར་བརྟེན་སྲོལ་རྒྱུན་དང་དེང་རབས་བཅས་ཕྱོགས་གཉིས་ཀའི་ཐབས་ལམ་བེད་སྤྱོད་བཏང་ནས་ཕྲུ་གུའི་སེམས་ཁམས་ཤེས་པར་བྱས་ནས་དེའི་ཐོག་ནས་འཇུག་དགོས་པ་རེད། གང་ལྟར་སློབ་སྦྱོང་དང་སློབ་གཞི་ལ་སྤྲོ་བ་སྐྱེས་ནས་ད་ལྟ་ལམ་སེང་ངས་སྦྱང་དགོས་བསམ་པའི་འདུན་པ་ཞིག་སྐྲུན་ཐུབ་ན། ཕྲུ་གུ་ལ་བདའ་འདེད་གཏོང་དགོས་པ་དང་སྐུལ་མ་བྱེད་དགོས་ཀྱི་མེད། རང་བཞིན་གྱིས་སློབ་སྦྱོང་ལ་འཇུག་གི་རེད། བརྩོན་འགྲུས་སླེབས་ན་དཀའ་ངལ་གང་ཡང་མེད། བརྩོན་གང་དགེ་ལ་སྤྲོ་བ་འོ།། ཞེས་བརྩོན་འགྲུས་ནི་སྤྲོ་བའི་ངང་ནས་འཇུག་པ་རེད། སྡུག་རུས་ཀྱིས་རྒྱུན་རིང་འཁྱོལ་ཐབས་མེད། དེས་ན། སེམས་མི་འགོང་བ་ཉིད་ལ་སོགས།། ཟེར་བ་དང་པོ་དེ་རེད།
གཉིས་པ་ནི། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། ཅེས་བསྟན་བྱའི་དོན་སློབ་ཚན་དེ་ནང་དོན་རིག་པའི་སྐབས་ཡིན་ན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སོགས་རེད། འདིར་སོགས་ཁོངས་སུ་ཆ་ཚང་འདུས་ཡོད། དེས་ན་སོ་སོས་བསླབ་རྒྱུའི་སློབ་ཚན་གང་ཡིན་པ་དེ་སྨྲ་མཁས་པའམ་སློབ་སྟོན་བྱེད་སྟངས་མཁས་པོ་ཞིག་གི་ཐོག་ནས་སློབ་དགོས་ཀྱི་ཡོད། སློབ་པའི་སྐབས་སུའང་བློ་དང་འཚམས་པར་ཇི་ལྟར་སློབ་དགོས་འདུག་བལྟ་རྒྱུ་དེ་གལ་ཆེན་པོ་རེད། དེ་མིན་དགེ་རྒན་ལ་ག་ཚོད་བསླབ་རྒྱུ་ཡོད་པ་ཚང་མ་ཕྲུ་གུ་ཚང་མ་ལ་གཅིག་གྱུར་གྱིས་བསླབ་ན་འགྲིག་ཐབས་མེད། དེ་ཡང་དབང་པོ་རབ་ལ་རྒྱས་ཤིང་རྒྱས་པ་མཐའ་དཔྱོད་དང་བཅས་པ། དབང་པོ་འབྲིང་ལ་རྒྱས་བསྡུས་འཚམས་པ། དབང་པོ་མཐའ་མ་ལ་ཚིག་དོན་གཉིས་ཀ་བསྡུས་པའི་སྒོ་ནས་ངོ་སྤྲོད་བྱེད་དགོས། སངས་རྒྱས་ཀྱིས་ཡུམ་གྱི་མདོ་གསུང་བའི་སྐབས་སུ་བརྗོད་བྱ་དངོས་བརྒྱད་དོན་བདུན་ཅུ་གཅིག་པ་ཡིན་རུང་། གདུལ་བྱ་སོ་སོའི་དབང་པོ་རབ་འབྲིང་གི་དབང་གིས་རྒྱས་འབྲིང་བསྡུས་གསུམ་ཆགས་པ་རེད། ལ་ལ་ལས་དོན་གཞན་ལས་ཚིག།།གཞན་ལས་རྣམ་གྲངས་མིང་གིས་ཏེ།། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་།། དོན་བསྡུས་དེ་ཙམ་ཤེས་པར་བྱ།། ཞེས་གསུངས་པའི་དོན་དེ་རེད། ཚིག་དོན་གཉིས་ཀ་བསྡུས་པ་དང་། ཚིག་བསྡུས་ལ་དོན་རྒྱས་པ། ཚིག་དོན་གཉིས་ཀ་རྒྱས་པ་རྣམས་ལས་གདུལ་བྱའི་བསམ་པའམ་དགེ་ཕྲུག་གི་བསམ་བློའི་ནུས་པ་ལ་བལྟས་ནས་ཇི་ལྟར་བྱེད་དགོས་མིན་དགེ་རྒན་གྱིས་ཤེས་པར་བྱེད་དགོས་པ་དེ་སློབ་པའི་ཚུལ་དེ་རེད།
གསུམ་པ་ནི། བསླབས་པའི་རྗེས་སུ་དེ་ཙམ་ལ་མ་བཞག་པར་སློབ་ཕྲུག་དེས་སློབ་ཚན་ཆ་ཚང་ཁོང་དུ་མ་ཆུད་བར་དུ་མི་མཐུན་པའི་ཕྱོགས་བསལ་དགོས་པ་ནི་ལས་རིམ་གསུམ་པ་དེ་རེད། བསླབས་ཚར་བའི་རྗེས་སུའང་ནང་དོན་རིག་པ་ལྟ་བུ་ཡིན་ན་སློབ་ཕྲུག་དེས་སྦྱོང་བ་དང་། བསམ་པ། སྒོམ་པ་བཅས་ཀྱི་སྐབས་སུ་མི་མཐུན་པའི་ཕྱོགས་མང་པོ་ཡོད་པ་དང་། དེ་བཞིན་ཐ་སྙད་རིག་གནས་ལྟ་བུ་ཡིན་ན་བསམ་པའི་སྐབས་དང་བེད་སྤྱོད་གཏོང་བའི་སྐབས་སུ་མི་མཐུན་པའི་ཕྱོགས་མང་པོ་ཡོད་རེད། མི་མཐུན་པའི་ཕྱོགས་བསལ་རྒྱུ་ཞེས་པ་ནི་སློབ་ཕྲུག་དེས་སློབ་ཚན་དེ་ཡོངས་སུ་རྫོགས་པ་བྱང་ཆུབ་པ་ཞིག་མ་ཤེས་བར་དུ་དགེ་རྒན་གྱིས་དེ་འཇུག་སྐྱོང་བྱེད་རྒྱུ་དེ་རེད། དེས་ན་དེ་གསུམ་ག་བྱེད་ཐུབ་ན། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་ཟེར་བ་དེ་རེད། ད་ལྟ་ཕྱིའི་ཡོངས་འཛིན་གྱི་སྐད་ཆ་ཞུ་གི་ཡོད། ནང་གི་ཡོངས་འཛིན་ཡིན་ན་ཕྲན་བུ་མི་འདྲ་བ་རེད། ཕྱིའི་ཡོངས་འཛིན་བླ་མ་ཡིན་པ་དེ་གང་འདྲ་ཞིག་དགོས་ཤེ་ན། ད་ལྟ་འདིའི་དོན་ཚན་གསུམ་པོ་ཆ་ཚང་མཁྱེན་མཁན་ཞིག་དགོས། དེ་ཡང་ཐོག་མར་དོ་སྣང་སློང་བར་བྱེད་ཐུབ་མཁན་དང་། བར་དུ་སློབ་ཚན་གང་ཡིན་པ་དེ་ལས་སླ་པོས་ངོ་སྤྲོད་བྱེད་ཐུབ་མཁན། མཐའ་མ་དེ་ལ་བྱང་མ་ཆུབ་ཀྱི་བར་དུ་འགལ་རྐྱེན་དང་དཀའ་ངལ་གང་ཡོད་ནའང་སེལ་ཐུབ་མཁན་ཞིག་དགོས།
སྤྱིར་བཏང་སློབ་ཕྲུག་སོ་སོ་ལ་འགལ་རྐྱེན་སྣ་ཚོགས་མང་པོ་ཡོང་སྲིད་པ་ཞིག་རེད། ཡིན་ནའང་གཞུང་ནས་བཤད་པ་ནང་བཞིན་བསླབས་ཚར་བའི་རྗེས་སུ་སློབ་སྦྱོང་མཐར་ཕྱིན་པ་མི་ཡོང་བའི་འགལ་རྐྱེན་དེ་ཚོ་རགས་པ་ཙམ་བསྡུས་ན་རིགས་ཀྱི་སྐྱོན་བཞི་ཟེར་བ་དེ་རེད། དེ་དག་ནི་ཚང་མ་ལ་ཕལ་ཆེར་གཅིག་གྱུར་འདྲ་བོ་ཡོང་གི་ཡོད།
སྐྱོན་དང་པོ་ནི་ཉོན་མོངས་མང་བ་ཞེས་པ་དེ་རེད། གང་ཟག་སུ་ཡིན་ནའང་རང་བཞིན་གྱིས་ཉོན་མོངས་མ་སྤངས་པའི་གང་ཟག་ཡིན་དུས་ཁོའི་རྒྱུད་ལ་ཉོན་མོངས་ཡོད་བཞིན་པ་རེད། དེ་ལ་གསོས་འདེབས་པའི་རྐྱེན་ནི་དེང་རབས་ཀྱི་སྤྱི་ཚོགས་ནང་ལ་ཧ་ཅང་མང་པོ་རེད། ཡུལ་ཉེ་བར་གནས་པ་ཞེས་པ་དེ་དེང་རབས་ཀྱི་སྤྱི་ཚོགས་གང་དུ་ཕྱིན་ནའང་ཆགས་སྡང་རྨོངས་གསུམ་སྐྱེ་ས་ཤ་སྟག་རེད། དཔེར་ན་གྲོང་ཁྱེར་ཞིག་ལ་ཕྱིན་ན་དེའི་ཁང་པའི་རྩིག་པའི་ལོགས་དང་གཡས་གཡོན་གྱི་སྦྱར་པང་ཐོག་ཡོད་པའི་གཟུགས་བརྙན་ཆེན་པོ་དང་། བཀྲ་པོ་དང་། གློག་གི་འོད་དང་བཅས་པའི་གནས་ཚུལ་ཡོད་པ་ཚང་མ་ཉོན་མོངས་སྤེལ་བའི་ཐབས་ཤ་སྟག་རེད། དེ་བཞིན་ཆགས་སྡང་ཇི་ཙམ་སྤེལ་ཐུབ་པའི་ནུས་པ་ཡོད་པའི་གསར་འགྱུར་ཞིག་ཡིན་ན་དེ་ཙམ་གྱིས་གསར་འགྱུར་གྱི་རིན་ཐང་ཆེ་བར་བརྩི་བ་རེད།
གསར་འགོད་པ་ཚོ་ལ་གསར་འགོད་རིག་པའི་ལྟ་གྲུབ་སློབ་པའི་སྐབས་སུ་བཤད་རྒྱུ་ཞིག་ཡོད་རེད། གལ་ཏེ་ཁྱི་ཞིག་གིས་མི་ཞིག་ལ་སོ་བརྒྱབས་ན། དེ་ནི་ག་དུས་ཡིན་ནའང་བརྒྱབ་སྲིད་པར་བརྟེན། གསར་འགྱུར་ཆགས་ཀྱི་མ་རེད། འོན་ཀྱང་མི་ཞིག་གིས་ཁྱི་ཞིག་ལ་སོ་བརྒྱབས་ན། དེ་ནི་མི་འདྲ་བ་ཞིག་ཡིན་པར་བརྟེན། གསར་འགྱུར་ཆགས་ཀྱི་ཡོད་རེད། དེ་བཞིན་གནས་ཚུལ་ཡག་པོ་ཞིག་ཡིན་ན་གསར་འགྱུར་མ་རེད་ (Good news is no news) ཅེས་བཤད་ཀྱི་ཡོད། གང་ལྟར་ཁོང་ཚོའི་གཞི་རིམ་གྱི་ལྟ་གྲུབ་འཁྱེར་སྟངས་དེ་འདྲ་ཞིག་ཡོད་རེད། གང་ལྟར་གནས་ཚུལ་ཆུང་ངུ་ཞིག་ཆེན་པོ་བཟོས་ནས་མི་ཆ་ཚང་ཧ་ལས་དགོས་པ་དང་འདྲོགས་དགོས་པ་སོགས་བཟོ་གི་རེད། དེ་དག་ཚང་མ་ཉོན་མོངས་སྤེལ་བའི་རྒྱུ་ཤ་སྟག་རེད། ལྷག་པར་དུ་དེང་རབས་ཀྱི་གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་དང་། བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་དེ་ལམ་འགྲོ་རྒྱུགས་པ་ལ་ཡུལ་མི་ཡོངས་རྫོགས་ཀྱི་འདོད་སྲེད་དེ་ཚད་མཐོ་ཤོས་བར་དུ་སྤར་མ་ཐུབ་པ་ཡིན་ན་བག་མེད་ལོངས་སྤྱོད་བྱེད་མཁན་ཡོང་གི་མ་རེད། བག་མེད་ལོངས་སྤྱོད་བྱེད་མཁན་དང་གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་ལ་རོགས་བྱེད་མཁན་ཡོང་བ་ལ་འདོད་སྲེད་དེ་སྤེལ་དགོས་ཀྱི་ཡོད། དེ་ནས་འདོད་རྔམས་སྤེལ་བ་ལ་ཆགས་སྡང་གང་རུང་ཞིག་ངེས་པར་དུ་སྤེལ་ན་མ་གཏོགས། ཆགས་སྡང་ལ་མ་བརྟེན་པའི་འདོད་སྲེད་རང་དགའ་བ་ཞིག་གིས་ཤུགས་ཆེན་པོ་འཕེལ་ཐུབ་པའི་རེ་བ་དེ་ཆུང་ཆུང་རེད། དེས་ན་ཉོན་མོངས་མང་བ་དེ་དཀའ་ངལ་ཆེ་ཤོས་ཤིག་རེད།
སྐྱོན་གཉིས་པ་ནི་གྲོགས་ངན་པ་ཟེར་བ་དེ་རེད། དེ་ནི་སྡིག་པའི་གྲོགས་པོ་དང་གྲོགས་ངན་པ་ཐུག་རྒྱུ་དེ་རེད། དེང་སང་ག་བར་ཕྱིན་པ་ཡིན་ཡང་འདོད་རྔམས་སྤེལ་མཁན་གྱི་གྲོགས་ཤིག་མ་གཏོགས་འདོད་ཆུང་ཆོག་ཤེས་སློབ་མཁན་གྱི་གྲོགས་ཤིག་ཧ་ལམ་རག་ཁག་པོ་རེད། གུང་ཐང་གིས། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།། གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།། ཞེས་གསུངས་པ་བཞིན་ཐག་ཉེ་མདོག་ཁ་པོ་དང་བརྩེ་མདོག་ཁ་པོ་བྱས་ནས་གང་ལྟར་ཉོན་མོངས་པ་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་ཕྱོགས་སུ་ཁྲིད་མཁན་གང་ཡིན་པ་དེ་གྲོགས་ངན་པ་རེད། བཟང་སྤྱོད་ཀྱི་ཕྱོགས་སུ་ཁྲིད་མཁན་གྱི་གྲོགས་དེ་ཧ་ཅང་དཀོན་པོ་རེད། དེར་བརྟེན་གྲོགས་ངན་པ་དང་ཁ་བྲལ་ཐབས་དང་། གྲོགས་བཟང་པོ་དང་མཚམས་སྦྱོར་ཐབས་གཟིགས་རྒྱུ་དེ་དགེ་རྒན་གྱི་འགན་ཁུར་ཞིག་ཆགས་ཀྱི་ཡོད་རེད།
སྐྱོན་གསུམ་པ་ནི་ཕོངས་པ་ཟེར་བ་དེ་རེད། ཕོངས་པ་དེ་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། འདིར་སློབ་སྦྱོང་གི་མཐུན་རྐྱེན་གྱིས་ཕོངས་པ་རེད། ཁ་ཤས་ལ་སློབ་ཚན་འགའ་ཞིག་གི་ཐོག་ཏུ་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་མ་རག་པ་དང་། དེའི་སྐོར་གྱི་དེབ་ཆ་ཚང་མ་རག་པ། ཚོད་བལྟ་བྱེད་དགོས་པ་ཞིག་ཡིན་ན་དེའི་ཡོ་བྱད་དང་ཚོད་བལྟའི་ཁང་པ་སོགས་པ་མ་རྙེད་པ། དུས་ཚོད་སོགས་ཀྱི་དབང་གིས་སློབ་སྦྱོང་ཇི་བཞིན་བྱེད་མ་ཐུབ་པ་སོགས་སློབ་སྦྱོང་གི་མཐུན་རྐྱེན་གྱིས་ཕོངས་པ་དེ་ལ་མཐུན་རྐྱེན་སྦྱར་དགོས་པ་དེ་གལ་ཆེན་པོ་རེད།
སྐྱོན་བཞི་པ་ནི་གཞན་གྱི་དབང་དུ་གྱུར་པ་ཞེས་པ་དེ་རེད། དེ་ནི་ཉེན་ཁ་ཆེ་ཤོས་དང་། སྤོང་ཁག་ཤོས་ཤིག་རེད། དེང་སང་སྤྱིར་མི་ཚང་མ་དང་། ལྷག་པར་དུ་ན་གཞོན་དང་དར་མའི་མི་དེ་དག་རང་དབང་གིས་བསམ་བློ་གཏོང་ཐུབ་པའི་གནས་བབས་དེ་ཧ་ལམ་ཤོར་ཚར་བ་རེད། བསམ་བློ་ཡོངས་སུ་རྫོགས་པ་དེ་ཕྱིའི་གནོན་ཤུགས་ཀྱི་འོག་ལ་འགྲོ་བསྡད་པ་རེད། ངས་ཁ་སང་ཞུས་པ་ཡིན། ང་སུ་ཡིན་པ་དེ་ངོས་འཛིན་ཐུབ་ཀྱི་ཡོད་མ་རེད། ང་སུ་ཡིན་པ་ངོས་འཛིན་པ་ལ་གཞན་དང་མཚུངས་བསྡུར་བྱས་ནས་ངོས་འཛིན་དགོས་པ་ཞིག་ཆགས་བསྡད་ཡོད་རེད། རང་གིས་རང་ཉིད་ངོས་མ་ཟིན་པའི་སྐབས་སུ་རང་གི་བསམ་བློ་དེའང་གསར་འགྱུར་ནང་ལ་ག་རེ་བཤད་ཀྱི་འདུག གསར་ཤོག་ནང་ལ་ག་རེ་བྲིས་འདུག གཟུགས་མཐོང་གློག་འཕྲིན་ནང་ལ་ག་རེ་བསྟན་གྱི་འདུག ཕྱོགས་ཀུན་ལ་ཁྱབ་པའི་དྲིལ་བསྒྲགས་ནང་ལ་ག་རེ་འདུག སྤྱིར་བཏང་ནས་མི་ཚོས་ག་འདྲ་ཞིག་བསམ་གྱི་འདུག ག་འདྲ་ཞིག་བྱེད་ཀྱི་འདུག དེའི་རྗེས་སུ་ཞུགས་ནས་དཔེ་བལྟས་ནས་ཕྱིན་པ་མ་གཏོགས། རང་གིས་རང་ཉིད་ངོ་ཤེས་པར་བྱས་ནས་རང་ཉིད་ལ་མཁོ་བ་ག་རེ་རེད། མི་མཁོ་བ་ག་རེ་རེད། དགོས་པ་ག་རེ་རེད། མི་དགོས་པ་ག་རེ་རེད། བླང་འོས་པ་ག་རེ་རེད། དོར་འོས་པ་ག་རེ་རེད། དེ་ཚོ་ངོས་ཟིན་དགོས། འོན་ཀྱང་རང་གི་བླང་དོར་འབྱེད་པའི་ཤེས་རབ་དེ་རྦད་དེ་བརླགས་ནས་བསམ་བློའི་རང་དབང་དེ་མེད་པར་ཆགས་ཚར་བ་རེད། འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་གསལ་བསྒྲགས་སུ་རང་དབང་དང་ཐོབ་ཐང་ཤོད་པའི་སྐབས་སུ་བསམ་བློའི་རང་དབང་ (Freedom of thought) དང་། རྣམ་དཔྱོད་ཀྱི་རང་དབང་ (Freedom of conscience) ཞེས་ལོགས་སུ་ཟིན་བྲིས་རྒྱག་མཁན་ཚོས་བྲིས་ཡོད་ཀྱང་། མི་ཕལ་པ་ཚོས་དབྱེ་བ་གང་ཡང་འབྱེད་ཤེས་ཀྱི་མ་རེད། འོན་ཀྱང་ Thought དང་ Conscience ཡོང་བའི་གཞི་རྩ་དེང་རབས་སྤྱི་ཚོགས་དང་། ལྷག་པར་དུ་དེང་དུས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ཧ་ཅང་རྙེད་ཁག་པོ་ཙམ་དུ་མ་ཟད། ཧ་ལམ་རྩ་མེད་དུ་བཏང་ཟིན་པ་ལྟ་བུ་རེད། དེར་བརྟེན་རང་གི་བསམ་བློོའི་རང་དབང་དེ་སྐྱར་གསོ་གང་འདྲ་ཞིག་བྱེད་ཐུབ་ཀྱི་རེད། རྒྱ་སྐད་ལ་བསམ་བློའི་དབུ་ཁྲིད་ཅེས་པའི་བཤད་སྲོལ་ཞིག་ཡོད་རེད། དང་པོ་ངས་དེ་ལ་གོ་རྒྱུ་མེད་པ་ལྟ་བུ་ཞིག་བསམས་མྱོང་། ད་ལྟ་བལྟས་དུས་དབུ་ཁྲིད་ཀྱི་ནང་དུ་བསམ་བློའི་དབུ་ཁྲིད་ཅེས་པའི་རྒྱ་མིའི་སྐད་ཆ་ཤོད་སྟངས་དེ་འདྲ་ཆགས་པོ་རེད་འདུག གལ་ཏེ་བསམ་བློ་གཏོང་ཕྱོགས་ལ་ཁ་ལོ་སྒྱུར་ཐུབ་མཁན་ཞིག་ཡོད་ན་དེ་ནི་དངོས་གནས་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་ཀྱི་ཡོད། དེའི་ཐོག་ནས་འགྲོ་བ་མིའི་བསམ་བློའི་རང་དབང་དང་རྣམ་དཔྱོད་ཀྱི་རང་དབང་བསྐྱར་གསོ་ཐུབ་པ་མ་ཟད། སྲུང་སྐྱོབ་ཐུབ་པའང་ཆགས་ཀྱི་ཡོད།
དེས་ན། དེ་ཡི་མི་མཐུན་ཕྱོགས་བོར་བ།། ཞེས་པའི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་མང་བ་དང་གཅིག གྲོགས་ངན་པ་དང་གཉིས། མཐུན་རྐྱེན་གྱིས་ཕོངས་པ་དང་གསུམ། གཞན་དབང་དུ་གྱུར་པ་དང་བཞི་བཅས་རེད། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རིགས་ཀྱིས་ཁྱབ་པ་ཡིན་ཡང་། རིགས་མགྱོགས་པོ་སད་མི་ཐུབ་པ་དེ་སྐྱོན་བཞི་པོ་དེས་བྱེད་ཀྱི་ཡོད་ཅེས་མངོན་རྟོགས་རྒྱན་ནང་གསུངས་པ་རེད། དེ་བཞིན་ཤེས་ཡོན་ལ་སྦྱར་ནའང་དེ་ག་རང་འགྲིགས་པ་རེད། གང་ལྟར་དེ་དག་ནི་ཤེས་ཡོན་གྱི་སློབ་སྦྱོང་ཇི་བཞིན་མི་ཡོང་བའི་འགལ་རྐྱེན་གཙོ་ཆེ་བ་བཞི་པོ་དེ་རེད། དེས་ན་དེ་དག་སྤོང་ཐུབ་མཁན་ཞིག་བྱུང་ན་དགེ་རྒན་གྱི་མཚན་ཉིད་དེ་ཚང་གི་ཡོད་རེད། དེ་ནི་ཆོས་སྟོན་པའི་བླ་མ་དང་། ནང་དོན་རིག་པའི་དགེ་བའི་བཤེས་གཉེན་ཞིག་ཡིན་ན་ངས་གོང་དུ་བཤད་པ་རྣམས་ཇི་མ་ཇི་བཞིན་ཚང་བ་ཞིག་དགོས་ཀྱི་རེད། ཐ་སྙད་རིག་པའི་སློབ་དཔོན་དང་། སྐད་ཡིག་དང་སྤྱི་ཚོགས་ཚན་རིག་ལ་སོགས་པའི་དགེ་རྒན་ཞིག་ཡིན་ན། ཚང་མ་ལ་དངོས་དང་ཕྱོགས་མཐུན་གཉིས་ཀ་ག་དུས་ཡིན་ནའང་ཡོང་གི་ཡོད། གལ་ཏེ་དངོས་དང་ཕྱོགས་མཐུན་གཉིས་ཀ་སྦྱར་ན་སྲོལ་རྒྱུན་ཙམ་དུ་མ་ཟད། དེང་རབས་ལའང་ཕལ་ཆེར་ཁྱབ་པ་ཞིག་རེད།
དེང་རབས་དགེ་རྒན་གྱི་གནས་སྟངས་གང་འདྲ་ཡིན་པ་དེ་བཤད་མི་དགོས་པར་ནམ་རྒྱུན་མཐོང་བསྡད་པ་དེ་རེད། དེང་རབས་ཀྱི་ནང་ལ་སྐྱོན་ཆེ་ཤོས་དེ་གང་རེད་ཅེ་ན། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཡོངས་སུ་རྫོགས་པ་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནའི་དོན་དུ་བསྒྱུར་ཟིན་པ་དེ་རེད། དེར་བརྟེན་ཚོང་ལས་མ་ཡིན་པའི་ཅ་ལག་གཅིག་ཀྱང་ལྷག་མེད། དེ་ལྟར་ཤེས་ཡོན་དེའང་ཚོང་ལས་སུ་བསྒྱུར་བ་དེས་དགེ་རྒན་དང་། དགེ་ཕྲུག ཕ་མ། འཛིན་སྐྱོང་བཅས་ཚང་མ་ལ་དམིགས་བསལ་གྱིས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། ཤེས་ཡོན་སློབ་སྦྱོང་ལ་མཚོན་ན། དེང་རབས་ཀྱི་ལུང་པ་མང་ཆེ་བའི་ནང་ཉེན་ཁ་མེད་པའི་ཁེ་བཟང་ཡག་ཤོས་ཡོང་ས་དེ་ཤེས་ཡོན་སློབ་སྦྱོང་དེ་ཆགས་བསྡད་ཡོད། དེ་ལ་ཤེས་ཡོན་གྱི་བཟོ་གྲྭ་ (Educational Industry) ཞེས་བརྗོད། དེ་ཡང་སློབ་གྲྭ་དང་། མཐོ་རིམ་སློབ་གྲྭ གཙུག་ལག་སློབ་ཁང་སོགས་ཚང་མ་ཚོང་གི་ངོ་བོ་རེད། སློབ་ཕྲུག་དང་ཕ་མའི་ས་ནས་དངུལ་བསྡུས་པ་དེ་ལས་སློབ་སྦྱོང་གི་ཐོག་ལ་བརྒྱ་ཆ་ཁ་ཤས་ཤིག་བཏང་བ་དང་། དེ་ནས་བརྒྱ་ཆ་མང་ཆེ་བ་གཙང་ཁེ་བྱས་ནས་སློབ་གྲྭའི་བདག་པོ་ཚོས་ཁྱེར་འགྲོ་གི་ཡོད།
དེར་བརྟེན་དགེ་རྒན་ཚོའི་བསམ་བློའི་ནང་ཉིན་རེར་འཛིན་གྲྭ་ཚོགས་ཐེངས་བཞི་བསླབ་ན་གླ་ཕོགས་འདི་ཙམ་རག་གི་རེད། ཚོགས་ཐེངས་ལྔ་བསླབ་པ་ཡིན་ན་གླ་དེ་ལས་མང་བ་རག་གི་རེད། ཚོགས་ཐེངས་གཉིས་བསླབ་པ་ཡིན་ན་གླ་འདི་མ་གཏོགས་རག་གི་མ་རེད་བསམ་པའི་བསམ་ཚུལ་དེ་ཡོད་རེད། དེ་ནི་ནུབ་ཕྱོགས་སུ་ལས་ཀ་བྱེད་པའི་ཆུ་ཚོད་གྲངས་ཀ་ལ་བལྟས་ནས་གླ་ཆ་སྤྲོད་ཀྱི་ཡོད་པ་དེ་ལས་དཔེ་བླངས་པ་ཞིག་རེད། དེར་བརྟེན་གནད་འགག་བརྩི་སྟངས་རྦད་དེ་ཐ་དད་ཆགས་པ་རེད། དགེ་རྒན་གྱིས་ངས་བཤད་རྒྱུའི་གནས་ཚུལ་དེ་དགེ་ཕྲུག་གི་བློའི་ནང་མགྱོགས་པོ་འཇགས་ཐུབ་པ་དང་། ཀམ་པིའུ་ཀྲར་བཞིན་བཅུག་པ་དང་ཡིག་རྒྱུགས་སྐབས་འདོན་ཐུབ་པ། འཛིན་གྲྭ་ཉུང་ཉུང་མ་གཏོགས་ཁྲིད་མི་དགོས་པར་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་ཡག་པོ་རག་རྒྱུ་སོགས་རེད། དེས་ན་ཤེས་ཡོན་དང་ཕྲུ་གུའི་བསམ་སྤྱོད་ཀྱི་ཡར་རྒྱས་གཉིས་ལ་འབྲེལ་བ་རྩ་བ་ནས་མེད་པར་ཐ་དད་ལ་འགྲོ་བའི་གནས་སྟངས་དེ་འདྲ་ཆགས་པ་རེད།
དེ་མཚུངས་གཞན་དག་ལ་བལྟས་པ་ཡིན་ནའང་མིའི་གཟུགས་པོའི་འཕྲོད་བསྟེན་དེ་ང་ཚོའི་སྲོག་འཚོ་བའི་ཆ་རྐྱེན་རྩ་ཆེན་པོ་ཞིག་རེད། ད་ལྟ་མིའི་འཕྲོད་བསྟེན་གྱི་ལས་ཀ་དེའང་བཟོ་གྲྭའམ་ཚོང་ལས་ (Health Industry) ཆགས་ཡོད། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་ཡིན་ནའང་ Tourist Industry ཞེས་ཚོང་ལས་ཆགས་ཡོད། གང་ལྟར་འགུལ་སྐྱོད་ཅིག་མ་བརྒྱབ་ན་མ་གཏོགས་ཚང་མ་ Industry ཆགས་ཡོད། བདག་ཉིད་ཆེན་མོ་གཱཾདྡྷཱིས་རྒྱ་གར་རང་དབང་ (Hind Swaraj) ནང་སྨན་པ་དང་ཁྲིམས་རྩོད་པ་གཉིས་པོ་དམིགས་སུ་བཀར་ནས་དེང་རབས་ཀྱི་སྤྱི་ཚོགས་ནང་ཇི་ཙམ་ངན་པ་ཆགས་ཡོད་པ་དེ་གསལ་བཏོན་གནང་ཡོད། སྨན་པས་དམིགས་ཡུལ་ག་རེ་གཟུང་དགོས་ཤེ་ན། སྤྱི་ཚོགས་ནང་ན་ཚ་མེད་པའམ་ན་ཚ་གང་ཉུང་ཡོང་དགོས་པ་དེ་རེད། འཕྲོད་བསྟེན་གྱི་ལས་ཀ་བྱེད་མཁན་ཞིག་གིས་དམིགས་ཡུལ་ག་རེ་གཟུང་དགོས་རེད་ཅེ་ན། མི་ཚོ་གཟུགས་པོ་འཕྲོད་བསྟེན་ཡག་པོ་ཞིག་བསྡད་ཐུབ་པ་དང་། ན་ཚ་སྔོན་འགོག་ཡོང་ཐུབ་པ། ནད་པ་གང་ཉུང་ཡོང་ཐབས་བྱེད་ན་འཕྲོད་བསྟེན་ཟེར་བ་མིང་དོན་མཚུངས་པ་རེད། ད་ལྟ་འདི་ནི་ཚོང་ལས་ཡིན་དུས་སྨན་པ་དང་སྨན་ཁང་བདག་པོ་ཚང་མ་ནད་པ་མེད་ན་ཁོང་ཚོའི་ཚོང་འབོ་ལུག་རྒྱུ་རེད། ཡིན་ནའང་ཁོ་ཚོ་ལ་སྟབས་ཡག་ནས་ཁོར་ཡུག་ཉམས་ཆགས་ཕྱིན་པ་དང་། འཕྲུལ་ཆས་ཀྱིས་བརྡབ་སྐྱོན་སོགས་མང་བའི་དབང་གིས་ལོ་རེ་ནས་ལོ་རེར་ནད་པ་མང་དུ་འགྲོ་གི་ཡོད་རེད། གང་ལྟར་ཁོང་ཚོའི་ཚོང་ཡག་ཏུ་འགྲོ་གི་ཡོད་རེད། ཁོང་ཚོའི་དམིགས་ཡུལ་དེ་ཇི་ཙམ་གྱིས་ནད་པ་མང་བ་བཟོ་ཐུབ་པ་དེ་ཙམ་གྱིས་ཁོ་ཚོའི་ཚོང་ལས་ལ་ཁེ་འབབ་ཆེ་རུ་ཡོང་རྒྱུ་རེད། དངོས་གནས་བྱས་ན་ལྷ་བདུད་དུ་བབས་པ་ཟེར་བ་དེ་ཆགས་པ་རེད། གང་ལྟར་ན་ཚ་ཉུང་དུ་གཏོང་མཁན་གྱི་མི་དེའི་དམིགས་ཡུལ་ལ་ནད་པ་མང་དུ་སོང་ན་སྙམ་པའི་ཀུན་སློང་ཞིག་སླེབས་དུས། ད་ག་རེ་ཆགས་པ་རེད། དེ་སྤྱི་ཚོགས་ཀྱི་བདེ་དོན་རེད་དམ། ཡང་ན་སྤྱི་ཚོགས་ཀྱི་སྡུག་བསྔལ་གྱི་རྒྱུ་ལ་ཕྱིན་པ་རེད། ཡིན་ནའང་ཚང་མས་ཡིན་ཤག་ཤག་ཕྱིན་པ་མ་གཏོགས་དེ་ལ་ངོས་རྒོལ་བྱེད་མཁན་མེད། དེས་ན་འཕྲོད་བསྟེན་གྱི་མཐུན་རྐྱེན་དེ་རྒྱུ་ཆེན་པོ་ཞིག་ཡིན་ན་ཡག་ཤོས་ཐོབ་ཐུབ་པ་དང་། འབྲིང་ཞིག་ཡིན་ན་འབྲིང་ཙམ་ཐོབ་པ། དབུལ་པོ་ཞིག་ཡིན་ན་ཤི་རྐྱང་མ་གཏོགས་འཕྲོད་བསྟེན་ཡག་པོ་ཐོབ་པའི་རེ་བ་བརྒྱབ་ས་མེད་པ་ཆགས་ཡོད།
དེ་བཞིན་ཁྲིམས་ཁང་དང་ཁྲིམས་རྩོད་པ་ནི་སྤྱི་ཚོགས་ཀྱི་ནང་རྩོད་པ་དང་གླེང་སློང་གང་ཉུང་ཡོང་བའི་དོན་དུ་རེད། གལ་ཏེ་སྤྱི་ཚོགས་ནང་རྩོད་པ་སོགས་མེད་ན་ཁྲིམས་རྩོད་པ་ལྟོགས་ཤི་ཐེབས་རྒྱུ་རེད། རྒྱ་གར་གྱི་གཏམ་དཔེར། གལ་ཏེ་ཁྲིམས་རྩོད་པ་དང་སྨན་པ་ལ་ཐེངས་གཅིག་ཐུག་ན་མི་ཚེ་རིང་ལ་མཉམ་དུ་འདྲུད་འགྲོ་གི་རེད་ཟེར་བ་དེ་དངོས་གནས་རེད། སྨན་པ་ཞིག་གིས་ན་ཚ་གཅིག་དྲག་པ་བཟོས་ན་དེ་དང་ཆབས་ཅིག་ཏུ་ན་ཚ་གཞན་ཞིག་མགོ་ཚུགས་ཀྱི་རེད། དེ་ནི་དེང་རབས་ཀྱི་སྨན་ནང་རང་ཆས་སུ་གྲུབ་པ་ཞིག་རེད། ན་ཚ་དེ་ལ་ཕན་ནའང་ན་ཚ་གཞན་ཞིག་མགོ་ཚུགས་འགྲོ་གི་རེད། དེ་ལྟར་མི་ཚེ་ཧྲིལ་པོ་སྨན་པའི་སར་རྒྱུགས་དགོས་པ་ཆགས་ཀྱི་ཡོད། དེ་བཞིན་ཁྲིམས་ནང་ཐེངས་གཅིག་ཚུད་ན་མི་ཚེའི་རིང་དེའི་ནང་ཚུད་རྒྱུ་རེད། གལ་ཏེ་ཁ་མཆུ་ཐོབ་པ་ཡིན་ན་ད་དུང་དེ་ལས་མང་བ་ཐོབ་དགོས་པར་བརྟེན། བསྐྱར་དུ་ང་ཚོས་གོང་ཞུས་བྱས་ན་ཡག་པོ་ཡོད་རེད་ཅེས་ཟེར་གྱི་རེད། གལ་ཏེ་ཁ་མཆུ་ཤོར་ན་གོང་ཞུས་མ་བྱས་ཐབས་མེད་རེད་ཅེས་ཟེར་གྱི་རེད། གང་ལྟར་སྐོར་བ་བརྒྱབས་ནས་ཁྲིམས་རྩོད་པས་རང་གི་ཡོང་འབབ་བཟོ་རྒྱུ་ཁོ་ན་མ་གཏོགས་མེད། ཁ་ནས་དེང་རབས་ཀྱི་སྲིད་གཞུང་དེ་སྤྱི་ཚོགས་བདེ་དོན་གྱི་སྲིད་གཞུང་ (Welfare State) ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་། སྤྱི་ཚོགས་ཀྱི་བདེ་དོན་ལ་ལྟ་གི་མེད་པ་དེ་མངོན་སུམ་དུ་རྭ་འཕྲོད་རྒྱུ་ཞིག་རེད།
དེས་ན་དེང་རབས་ཀྱི་དགེ་རྒན་གྱི་ཀུན་སློང་ནི་རང་གི་འཚོ་ཐབས་དང་ཚོང་གི་ཁེ་ཕན་ཡོང་བའི་ཆེད་དུ་བསམ་བློ་གཏོང་གི་ཡོད་རེད། སྲོལ་རྒྱུན་གྱི་དགེ་རྒན་གྱིས་སློབ་ཕྲུག་གི་བསམ་སྤྱོད་ཡར་རྒྱས་དང་། ཤེས་ཡོན་གྱི་དར་ཁྱབ། སློབ་ཕྲུག་གི་མི་ཤེས་པའི་མུན་པ་བསལ་ནས་བླང་དོར་གྱི་གནས་འབྱེད་པའི་ཤེས་རབ་ཐོབ་ཐུབ་པ་ལ་དམིགས་ཀྱི་ཡོད། དེ་གཉིས་ཀྱི་ཐོག་མའི་དམིགས་སྟངས་ལོགས་སུ་ཆགས་པ་དེ་འདྲ་རེད། སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་གྱི་ཁྱད་པར་དེ་ཙམ་གྱིས་འགྲིག་པ་བྱ་རྒྱུ་ཡིན།
སྲོལ་རྒྱུན་གྱིས་དགེ་ཕྲུག་ལ་རེ་བ་དང་དམིགས་ཚད་ཅི་འདྲ་ཞིག་གཟུང་གི་ཡོད་ཅེ་ན། འཕགས་པ་ལྷས་བཞི་བརྒྱ་པའི་ནང་། གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་པ་དེ་ཡོངས་གྲགས་རེད། མཁས་པ་ཚང་མས་གཞུང་ཚང་མའི་ནང་ལ་དྲང་རྒྱུ་དང་སྟབས་བདེ་པོ་ཞིག་ཡོད་རེད། དེ་གསུམ་ནི་བསམ་པའི་ཁྱད་ཆོས་རེད། ལུས་དང་ངག་གི་ཁྱད་ཆོས་དམིགས་བསལ་བ་གང་ཡང་དགོས་ཀྱི་མེད།
འོས་ཆོས་དང་པོ་བློ་གཟུ་བོར་གནས་པ་ཞེས་པ་ནི་སློབ་ཕྲུག་བཟང་པོ་ཞིག་ཆགས་པ་ལ་གལ་ཆེ་ཤོས་ཐོག་མ་དེ་རེད། བློ་གཟུ་བོར་མ་གནས་པ་ཞེ་ན། ཤེས་ཡོན་སློབ་གསོའི་ནང་དུ་མ་ཞུགས་པའི་གོང་ནས་རང་གི་བསམ་བློའི་ནང་ལ་སྔོན་ཡོད་ཀྱི་ལོག་རྟོག་གམ། ཡང་ན་སྔོན་ཞེན་དམ་པོ་ཞིག་ཡོད་པ་ཡིན་ན་སློབ་སྦྱོང་གི་ཐོག་ལ་ཏག་ཏག་འགྲོ་ཐུབ་ཐབས་མེད། ཤེས་བྱའི་གནས་ལ་མ་དཔྱད་གོང་ནས་འདི་རེད་འདི་མ་རེད་བསམ་པའི་སྔོན་ཞེན་ཞིག་ཡོད་ན། དཔྱད་པ་བྱེད་པའི་སྐབས་ལ་དེའི་ཕྱོགས་སུ་འགྲོ་གི་རེད། དེ་ནས་དཔྱད་པ་ཡང་དག་པ་དང་དོན་ལ་རེག་པ་ཞིག་ཡོང་ཁག་པོ་རེད། གཟུ་བོར་གནས་པ་ཞེ་ན། ཕྱོགས་སུ་མ་ལྷུང་བ་དང་དྲང་པོའི་སྐད་ཆ་རེད། ཕྱོགས་སུ་ལྷུང་བ་ཞེས་པ་ནི་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཅིག་ཡིན་ན་སློབ་ཕྲུག་དེའི་བསམ་བློའི་ནང་ལ་དང་པོ་ནས་ལུས་ཀྱི་འགྲུབ་ཚུལ་འདི་འདྲ་ཡིན་བསམ་པའི་སྔོན་ཞེན་ཞིག་ཡོད་ན་དངོས་སུ་བསླབ་ཡོང་དུས་སྔོན་ཡོད་ཀྱི་རྣམ་རྟོག་ (Pre-concept) དེའི་ཐོག་ལ་འགྲོ་གི་རེད་མ་གཏོགས། གཙང་མ་ཡག་པོ་ཞིག་ཤེས་པའི་རེ་བ་དང་ནུས་པ་དེ་ཤུགས་ཆུང་དུ་ཕྱིན་པ་རེད། དེ་བཞིན་ཆོས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་ཆོས་ཤེས་མིན་ལ་མ་ལྟོས་པར་རང་གི་བསམ་བློའི་ནང་དུ་ཆོས་ཀྱི་སྐོར་ལ་རྣམ་རྟོག་གི་སྒྲོ་འདོགས་ཤིག་དང་པོ་ནས་ཡོད་ན་དེའི་དབང་གིས་དགེ་རྒན་དང་བླ་མས་ཆོས་གསུངས་པའི་སྐབས་སུ་གཙང་མ་ཞིག་གོ་བའི་ནུས་པ་དེ་ཉམས་འགྲོ་བ་རེད། བློ་གཟུ་བོར་མི་གནས་པ་ཞེས་པ་དེ་ཕྱོགས་གཞན་ནས་བཤད་ན་སྣོད་ཀྱི་སྐྱོན་གསུམ་ནས་སྣོད་དྲི་མ་ཅན་ལྟ་བུ་དེ་ཆགས་ཀྱི་ཡོད། སྣོད་དྲི་མ་ཅན་ཆགས་པ་ཡིན་ན་དྲི་མ་ཅན་གྱི་སྣོད་ཀྱི་ནང་དུ་བདུད་རྩི་ལྟ་བུ་ཞིག་བླུགས་ནའང་སྔར་ནས་ཡོད་པའི་དྲི་མ་དེས་བསླད་ནས་ཆུད་ཟོས་སུ་འགྲོ་རྒྱུ་རེད། དེ་ལྟར་དང་པོ་ནས་བློ་གཟུ་བོར་མི་གནས་པ་དང་ཕྱོགས་སུ་ལྷུང་བ་ཞིག་ཡིན་ན་དང་པོ་ནས་འཛིན་པ་དམ་པོ་ཡོད་པའི་དབང་གིས་སློབ་སྦྱོང་ལ་གེགས་བྱེད་ཀྱི་ཡོད།
འོས་ཆོས་གཉིས་པ་བློ་གྲོས་དང་ལྡན་པ་ཞེས་པ་ནི་ཤེས་རབ་ཡག་པོ་ཡོད་པ་དང་། རིག་པ་ཡག་པོ་ཡོད་པ་ལ་ཟེར་གྱི་ཡོད། དབང་པོ་རྟུལ་པོ་དང་རིག་པ་སྐྱོ་པོ་དེ་དག་སློབ་སྦྱོང་བྱེད་རྒྱུ་མེད་པ་མིན་ཡང་། སློབ་སྦྱོང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཁག་པོ་རེད། དེ་འདྲའི་རིགས་ལ་ཤེས་རབ་བློ་འཕེལ་གྱི་ཐབས་ཤེས་བྱེད་དགོས་པ་རེད། གལ་ཏེ་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན་སོ་སོའི་ཆོས་ལུགས་དང་འབྲེལ་བའི་ཐབས་ཤེས་བྱེད་རྒྱུ་ཡོད་རེད། དེ་བཞིན་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ནའང་བློ་གྲོས་ཀྱི་སྦྱོང་བརྡར་ལ་རྩལ་སྦྱོང་བའི་ཐོག་ནས་ཤེས་རབ་དྲག་ཏུ་གཏོང་བའི་ཐབས་ལམ་ཡོད་རེད། བློ་གྲོས་དང་མི་ལྡན་པ་ཡིན་ན་སྣོད་ཀྱི་སྐྱོན་གསུམ་ལས་ཞབས་བརྡོལ་བ་ལྟ་བུ་དེ་རེད། སྣོད་ཞབས་བརྡོལ་བའི་ནང་ཇི་ཙམ་བླུགས་ཀྱང་ནང་ལ་མི་སྡོད་པར་འཛག་འགྲོ་གི་རེད། མཐར་བསྟན་རྒྱུ་གང་ཡང་མེད་པ་ཆགས་རྒྱུ་རེད། དེས་ན་བློ་གྲོས་དང་ལྡན་པ་ནི་ཁྱད་ཆོས་གཉིས་པ་དེ་རེད།
འོས་ཆོས་གསུམ་པ་དོན་གཉེར་བ་ཞེས་པ་ནི་སྣོད་ཀྱི་སྐྱོན་གསུམ་ནས་ཁ་སྦུབ་པ་ལྟ་བུ་དེ་རེད། སྣོད་ཁ་སྦུབ་པའི་ནང་ཅི་ཞིག་བླུགས་ཀྱང་ནང་དུ་འགྲོ་ཐབས་མེད། དེས་ན་སློབ་ཚན་གང་འདྲ་ཞིག་ཡིན་ཡང་དོན་གཉེར་དང་ཤེས་འདོད་དེ་གལ་ཆེན་པོ་རེད། དེ་ནི་གོང་དུ་ཞུས་ཟིན་པ་ཡིན། དོན་གཉེེར་ཤུགས་ཆེན་པོ་ཡོད་ན་བློ་གྲོས་ཕྲན་བུ་དམན་ཡང་གུན་གསབ་བྱེད་ཐུབ་ཐབས་ཡོད་རེད། གཟུ་བོར་གནས་པ་དེ་མེད་ན་གུན་གསབ་བྱེད་ཐབས་གང་ཡང་མེད། བློ་དང་མི་ལྡན་པ་ཡིན་ན་བློ་དང་ལྡན་པ་བཟོ་ཐབས་བྱེད་རྒྱུ་ཡོད་རེད། དེར་བརྟེན་སྲོལ་རྒྱུན་གྱི་ནང་དུ་སློབ་ཕྲུག་ཡག་པོ་ཞིག་ཡོང་བའི་འབད་བརྩོན་བྱེད་པའི་སྐབས་སུ་ཐོག་མར་བློ་གཟུ་བོར་གནས་པའི་ཐབས་ཤེས་བྱེད་ཀྱི་རེད། དེ་ནས་བློ་གྲོས་དང་ལྡན་པ་དང་དོན་གཉེར་ཡོང་བའི་ཐབས་ཤེས་བྱེད་ཀྱི་རེད། དེ་དག་ལ་སློབ་ཕྲུག་རང་གིས་ཐབས་ཤེས་བྱེད་རྒྱུ་ཡོད་རེད་ལ། དེ་བཞིན་ཕ་མ་དགེ་རྒན་མཉམ་དུའང་ཐབས་ཤེས་བྱེད་རྒྱུ་ཡོད་རེད། དེ་ལྟར་འབད་བརྩོན་བྱས་ཏེ་འོས་ཆོས་དེ་ཚོ་སྐྲུན་ཐུབ་པ་ཡིན་ན་སྲོལ་རྒྱུན་གྱི་སློབ་ཕྲུག་ཡག་པོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་རེད།
བློ་གྲོས་དང་ལྡན་པ་ཟེར་བ་དེ་ཕྱོགས་གཞན་ནས་བཤད་ན་དཔྱད་པ་བྱེད་ཤེས་མ་ཤེས་ཀྱི་ཁྱད་པར་གྱིས་བློ་དང་ལྡན་མི་ལྡན་གྱི་རྣམ་གཞག་ཀྱང་འགྲོ་སྲིད་པ་རེད་ལ་འགྲོ་བའང་ཡོད་རེད། བློ་གྲོས་དང་ལྡན་པ་ནི་ཞིབ་འཇུག་དང་བརྟག་དཔྱད་བྱེད་པའམ་རྒྱུ་མཚན་བསམས་ནས་སློབ་སྦྱོང་བྱེད་པའི་ནུས་པ་ཡོད་པ་ལ་ཟེར་བ་རེད། དེར་བརྟེན་བོད་ཀྱི་ནང་དོན་རིག་པའི་སློབ་སྦྱོང་སྤྲོད་པའི་གོ་རིམ་གྱི་ནང་ལ་རིགས་ལམ་གྱི་སློབ་སྦྱོང་དང་། བསྡུས་གྲྭའི་སློབ་སྦྱོང་། རྟགས་རིགས་ཀྱི་སློབ་སྦྱོང་བཅས་སྔོན་དང་པོར་སྤྲད་དེ་སློབ་ཕྲུག་རྣམས་རང་གི་སྦྱང་བྱའི་གནས་ལ་སྦྱོང་བའི་སྐབས་སུ་ལམ་སེང་རྩོད་པ་རྩོད་ཤེས་པ་དང་། ཁྱབ་མཐའི་ཐོག་ནས་བསམ་བློ་གཏོང་ཤེས་པ། རིགས་པ་ཡང་དག་གི་རྒྱུ་མཚན་ཐོག་ནས་བསམ་བློ་གཏོང་ཤེས་པ་བཟོ་གི་ཡོད། སྤྱིར་བཏང་དངོས་པོའི་གནས་ལུགས་ལ་དཔྱོད་པའི་སྐབས་སུ་ཆོས་ཉིད་ཀྱི་རིགས་པ་དང་། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ་དེ་ཚོའི་ཐོག་ནས་ཀྱང་དཔྱད་པ་བྱེད་རྒྱུ་ཡོད་རེད་ལ། དེ་དག་གི་ཐོག་ནས་དཔྱད་པ་བྱེད་ཚུལ་དེ་དེང་རབས་ཀྱི་དཔྱད་པ་བྱེད་ཚུལ་དང་མཐུན་པའང་མང་པོ་རེད། ཡིན་ནའང་རིགས་པ་བཞིའི་ནང་ནས་འཐད་སྒྲུབ་ཀྱི་རིག་པ་དེ་གལ་ཆེ་ཤོས་རེད། འཐད་སྒྲུབ་ཀྱི་རིགས་པ་དེ་ཡག་པོ་མ་ཤེས་ན་རིགས་པ་གཞན་གསུམ་ཡང་ཡན་ལག་མ་ཚང་བ་ཆགས་འགྲོ་བ་ལྟ་བུ་ཡོད་རེད། དེར་བརྟེན་ཚད་མའི་གཞུང་ལ་སྦྱང་དགོས་པ་དེ་སློབ་ཕྲུག་བློ་དང་ལྡན་པ་དང་རྣམ་དཔྱོད་དང་ལྡན་པ་ཡོང་བའི་ཐབས་ཤེས་གཙོ་བོ་དེ་རེད།
ཚད་མའི་གཞུང་ལ་སྦྱང་བ་ཡིན་ན་དངོས་སྟོབས་ཀྱི་རིག་པ་དང་། དེ་ལས་གཞན་པའི་རིག་པ་དག་ལ་བརྟེན་ནས་ཅུང་ཟད་ལྐོག་གྱུར་སོགས་གཞལ་བྱའི་གནས་གང་འདྲ་ཞིག་ཡིན་ནའང་དེ་དང་མཚམས་པའི་རིགས་པ་ཡང་དག་གིས་བརྟག་དཔྱད་བྱས་ནས་འགྲོ་ཤེས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་བྱུང་ན་སློབ་ཕྲུག་དེ་ལ་སློབ་གཉེར་བྱེད་པའི་སྐབས་སུ་ཁེ་ཕན་ག་རེ་ཡོད་རེད་ཅེ་ན། གནས་ཚུལ་གང་ཡིན་ནའང་རྒན་ལགས་ཀྱིས་རེད་གསུང་ན་ཡིན་པ་རེད་བསམ་པ་དང་། མ་རེད་ཅེས་གསུང་ན་མིན་པ་རེད་བསམས་ཏེ་ཆ་བཞག་ནས་འགྲོ་གི་མ་རེད། རང་གིས་ཤེས་པར་བྱས་ནས་འགྲོ་བའི་སྤོབས་པ་ཞིག་སླེབས་ཀྱི་རེད། ནང་དོན་རིག་པའི་གཞུང་ལ་སློབ་གཉེར་བྱེད་པའི་སྐབས་སུ་ཉེན་ཁ་ཆེན་པོ་ཞིག་ག་རེ་ཡོད་རེད་ཅེ་ན། རྩོད་པ་རྩོད་པའི་སྐབས་སུ་གནས་ཚུལ་མང་པོ་ཞིག་ཁ་ནས་ལབ་ཤེས་པ་མ་གཏོགས། བསམ་བློའི་ནང་ལ་གོ་བ་ཁྱོན་ནས་མ་ཆགས་པ་དེ་འདྲ་མང་པོ་ཡོད་རེད། བསམ་བློའི་ནང་ལ་གོ་བ་མ་ཆགས་ན་ཁ་ནས་ལབ་ཤེས་པ་དེས་དཔེར་ན་རྩོད་པ་རྩོད་པའི་སྐབས་སུ་ལན་བརྒྱབ་ཐུབ་ཀྱང་། དོན་དུ་ཉམས་ལེན་ལ་སྦྱར་བའི་སྐབས་སུ་བསམ་པ་ཡར་རྒྱས་འགྲོ་བ་ལ་ཕན་ཐོགས་གང་ཡང་མེད། གང་ལྟར་ལབ་ཤེས་པ་རེད་མ་གཏོགས། དོན་དེ་ཤེས་ཡོད་མ་རེད། ལབ་ཤེས་པ་དེའང་མི་གཞན་ཞིག་ནས་སྦྱངས་པའམ་ཁ་བསླབ་བྱས་པ་ཞིག་རེད།
ང་ཚོ་གྲྭ་པ་གསར་པ་ཚོས་བསྡུས་གྲྭ་བལྟས་པའི་སྐབས་ནས་བུམ་པ་དངོས་པོ་ཡིན། བུམ་པའི་ལྡོག་པ་རྟག་པ་ཡིན་ཞེས་ལབ་ཤེས་ཀྱི་ཡོད་རེད། བུམ་པའི་ལྡོག་པ་ཞོག་ཟེར་ན་བུམ་པ་ཆོས་ཅན་ཞེས་ཟེར་གྱི་རེད། འོན་ཀྱང་བུམ་པའི་ལྡོག་པ་རྟག་པ་ཡིན་པའི་དོན་སྤྱི་བློ་ལ་འཆར་ནས་གོ་བ་ཞིག་འཆར་དགོས་པ་དེ་འཆར་ཐུབ་ཀྱི་མེད། ༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་སྐུའི་ཡོངས་འཛིན་ཉག་རེའི་རྒན་ལོ་ཡག་ཞུ་བ་ཞིག་ཡོད་རེད། རྗེས་སུ་ཁོང་རྭ་སྟོད་མཁན་པོ་གནང་སྟེ་རྭ་སྟོད་ལ་ཧ་ཅང་སྐུ་དྲིན་ཆེན་པོ་གནང་བ་རེད། ང་ཚོ་གྲྭ་ས་ཡོད་པའི་སྐབས་སུ་འཇང་དགུན་ཆོས་ཀྱི་རྭ་སྟོད་ཀྱི་འདུ་ཁང་དེ་ཁོང་མཁན་པོ་ཡིན་པའི་སྐབས་སུ་བཞེངས་པ་ཞིག་རེད། ཁོང་ངའི་རྒན་རིན་པོ་ཆེ་དམ་པ་དེའི་ཡང་དགེ་རྒན་རེད་འདུག ཁོང་གིས་རྣམ་འགྲེལ་བལྟས་ནས་ལོ་ལྔ་ཕྱིན་པའི་རྗེས་སུ་རྭ་སྟོད་ཀྱི་འདུ་ཁང་ནང་ལ་ཉིན་ཞིག་བསམ་བློ་གཏོང་བསྡད་དུས་གཞི་ནས་བུམ་པ་དངོོས་པོ་ཡིན་པ་དང་བུམ་པའི་ལྡོག་པ་རྟག་པ་ཡིན་པའི་གནས་ཚུལ་དེ་གོ་བ་ཆགས་སོང་། དེའི་བར་དུ་ལབ་ཤེས་ཀྱི་ཡོད་ཀྱང་སེམས་ཀྱི་ནང་ལ་གོ་བ་ཆགས་མ་སོང་ཞེས་གསུངས་པ་ངའི་རྒན་ལགས་ཀྱིས་གསུང་གི་རེད།
ང་ཚོ་མཚན་ཉིད་པ་ལ་དེ་དང་དེ་བཞིན་གྱི་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོད་རེད། ལྷག་པར་དུ་དངོས་པོ་བརྒྱད་དང་དོན་བདུན་བཅུ་སོགས་ས་ལམ་གྱི་རྣམ་གཞག་མཐོན་པོ་དེ་ཚོ་ཤོད་པའི་སྐབས་སུ་མང་ཆེ་བ་ཞིག་གིས་ཚོང་ཁང་གི་ནང་ལ་བཞག་པའི་ཅ་ལག་གྲངས་ཀ་རྒྱག་བསྡད་པ་ལྟ་བུ་ཞིག་ཡོད། དེས་གྲངས་ཀ་བརྒྱབ་ཤེས་ཀྱི་རེད། མཚན་ཉིད་དང་དབྱེ་བ་ས་མཚམས་དེ་ཚོ་འཇོག་ཤེས་ཀྱི་རེད། དེ་ཚོ་ནི་ནེ་ཙོ་ལ་མ་ཎི་བསླབས་པ་ལྟ་བུ་རེད། དེ་ཚོ་རང་གི་བློ་ཡུལ་ལ་མ་འཆར་བར་འགྲོ་བསྡད་པ་དེ་སྐྱོན་ཆེ་ཤོས་ཤིག་རེད། དེ་འདྲ་བའི་སྐྱོན་རྣམས་ཇི་ལྟར་བསལ་དགོས་ཞེ་ན། ཕྱོགས་གཅིག་ནས་རིགས་པ་ཡང་དག་གིས་བརྟག་དཔྱད་བྱེད་པ་དང་། ཕྱོགས་གཞན་ནས་རིགས་པ་ཡང་དག་གིས་བརྟག་དཔྱད་བྱེད་རྒྱུ་དེ་རྒྱུན་བསྲིངས་པ་མ་ཟད། གཏིང་ཟབ་ཐོག་ནས་རང་གི་སེམས་རྒྱུད་ལ་གོ་བ་མ་ཆགས་ཀྱི་བར་དུ་མ་ཚིམས་པར་འགྲོ་ཐུབ་དགོས། དེས་ན་ཁ་ནས་ལབ་ཤེས་ཀྱང་སེམས་ལ་གོ་བ་མ་ཆགས་པར་སྡོད་པའི་ཉེན་ཁ་དེ་ཆེན་པོ་རེད།
དེ་ལྟ་བུའི་ཉེན་ཁ་དེ་བཟློག་པ་ལ་བློ་གྲོས་དང་ལྡན་པ་དང་། དེ་ཡང་རིགས་པས་དཔྱད་མཐའ་རྙེད་པའི་འདུན་པ་ཤུགས་དྲག་པའི་དོན་གཉེར་དང་ལྡན་པ་ཞིག་མ་བྱུང་ན་ཧ་ཅང་ཁག་པོ་རེད། དེས་ན་སྲོལ་རྒྱུན་གྱི་སློབ་ཕྲུག་གི་དགོས་མཁོ་ནི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་དང་། གཟུ་བོར་གནས་པ། བློ་གྲོས་དང་ལྡན་པ། དོན་གཉེར་ཡོད་པ་བཅས་སྒྲུབ་ཕྱོགས་ཀྱི་ཡོན་ཏན་གསུམ་དང་ལྡན་པ་ཞིག་དགོས། དེང་རབས་ཀྱི་སློབ་ཕྲུག་ལ་དེ་འདྲའི་རྣམ་གཞག་གང་ཡང་དགོས་ཀྱི་མེད། དེ་ནི་གནས་ཚུལ་རྣམས་ལམ་སེང་དྲན་པས་བཟུང་ཐུབ་མིན་ཙམ་ལས། ཤེས་པ་དང་མ་ཤེས་པའི་རྣམ་གཞག་ལྟ་མཁན་ཉུང་ཉུང་རེད། དེང་རབས་ཀྱི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་དེས་སློབ་ཕྲུག་གིས་གང་ཤེས་དང་མི་ཤེས་དེ་ཚོད་དཔག་བྱེད་ཐུབ་ཀྱི་མེད། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཐོན་སྐབས་ཇི་ཙམ་བློ་ལ་བཟུང་མིན་དེ་ཚོད་དཔག་བྱེད་ཀྱི་ཡོད་རེད། རྒྱུགས་སྤྲོད་གཏོང་སྟངས་ཀྱི་ལམ་སྲོལ་དང་ཞིབ་འཇུག་གི་ཐབས་ལམ་གཉིས་ཀས་སློབ་ཕྲུག་གི་བསམ་བློ་ཇི་ཙམ་ཡར་རྒྱས་ཕྱིན་པ་དང་། ཤེས་རབ་ཇི་ཙམ་འཕེལ་མིན་དེ་ལྟ་གི་མེད། འཛིན་གྲྭའི་ནང་ལ་བསླབས་པ་དང་སློབ་དེབ་ནང་དུ་བྲིས་པ་དེ་ཇི་ཙམ་བློ་ལ་བཟུང་འདུག རྒྱུགས་སྤྲོད་སྐབས་སུ་ཇི་ཙམ་བྲིས་ཐུབ་འདུག་དེ་བལྟ་རྒྱུ་ཙམ་ཞིག་རེད།
དེར་བརྟེན་ཤེས་པ་དེ་ཧ་ཅང་ཉུང་ཉུང་དང་། ཆ་བཞག་ནས་འགྲོ་བ་དང་རྨོངས་དད་ཀྱི་དབང་དུ་འགྲོ་བ་དེ་ཧ་ཅང་མང་པོ་ཡོད་པ་དེ་དེང་རབས་ཀྱི་སྐྱོན་གནས་ཆེ་ཤོས་ཤིག་རེད། དེ་འདྲ་བའི་དེང་རབས་ཀྱི་སྐྱོན་གནས་དེ་སྲོལ་རྒྱུན་གྱི་སློབ་གྲྭ་ཁག་གི་ནང་དང་། ལྷག་པར་དུ་དགོན་སྡེའི་སློབ་གྲྭ་ཁག་གི་ནང་དུ་མ་འགོས་པ་ཞིག་བྱུང་ན་ཡག་ཤོས་རེད་བསམ་གྱི་འདུག དེ་འགོས་སོང་བ་ཡིན་ན་ང་ཚོས་ཐོག་མར་སློབ་གྲྭ་བཙུགས་པའི་དམིགས་ཡུལ་དང་དགོས་པ་དང་མཚུངས་པའི་གྲུབ་འབྲས་ཤིག་ཐོན་ཁག་པོ་རེད། གདན་ས་ཆེན་པོ་ཟེར་བ་དེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་གི་ལྟེ་གནས་ཤིག་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་པའི་ལྟེ་གནས་སུ་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་ཟུང་དུ་སྦྲེལ་ནས་འགྲོ་རྒྱུ་དེ་ང་ཚོའི་སྐབས་སུ་བབས་པའི་ལས་སུ་བྱ་བའི་རིམ་པ་ཞིག་ཆགས་བསྡད་ཡོད་རེད། དེ་ཡང་། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་ཡོད། དེ་འདྲའི་གདན་ས་ཁག་གི་ནང་དུ་དེང་རབས་ཀྱི་སློབ་ཚན་ཡང་ཡོད་པའི་སློབ་གྲྭ་འཛིན་སྐྱོང་བྱེད་རྒྱུ་དེ་གཟབ་གཟབ་མ་བྱས་ན་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་རེད། ཕར་གཅོད་གྲབས་་ཡོད་དམ། ཚུར་མགོ་ལ་རྨ་བཟོ་གྲབས་ཡོད་མི་ཤེས་པ་རེད། གུང་ཐང་གིས། ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ།། ཤེས་བྱའི་གནས་ལ་གདེངས་ཆེ་ན།། རང་མགོ་རྨས་པ་ཨ་ཙ་མ།། རྣོ་ཕྱོགས་གཅིག་ཡོད་ན་ཆོག་པ་ལ།། ཞེས་གུང་ཐང་བསྟན་པའི་སྒྲོན་མེའང་གསུང་ཤོར་འདུག དེས་ན་འཆར་གཞི་སྒྲིག་སྟངས་ཡིན་ནའང་རེད། སློབ་ཚན་སློབ་སྟངས་ཡིན་ནའང་རེད། དགེ་རྒན་རྣམ་པ་ཚོའི་ལས་སུ་བྱ་བའི་རིམ་པ་ཡིན་ནའང་རེད། ཚང་མ་མཐའ་མ་དེ་ལ་གཞུང་ཆེན་མོའི་སློབ་གཉེར་གྱི་མཐུན་རྐྱེན་ལ་གཞོལ་བ་ཞིག་དང་། གཞུང་ཆེན་མོའི་སློབ་གཉེར་གྱི་མཐུན་རྐྱེན་ལ་འབབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
ལྟ་གྲུབ་ཀྱི་ཆ་ནས་གཞུང་ཆེན་སློབ་གཉེར་བྱེད་མཁན་གྱི་དགོན་སྡེ་ཁག་གིས་གཞི་རིམ་སློབ་གྲྭ་འཛིན་སྐྱོང་བྱས་ན་ཡག་པོ་ཡོད་རེད་ཅེས་གསུང་མཁན་ཡང་མང་པོ་རེད། དགོས་པ་མེད་པ་མ་ཟད། འགལ་རྐྱེན་རེད་ཅེས་གསུང་མཁན་ཡང་མང་པོ་རེད། ཡིན་ནའང་ད་ལྟའི་གནས་སྐབས་སུ་དགོས་མཁོ་ཡོད་པ་ཞིག་ལ་ཚང་མས་ངོས་འཛིན་མ་བྱས་ཐབས་མེད་ཅིག་ཆགས་ཡོད་རེད་བསམ་གྱི་འདུག བོད་ཀྱི་ནང་དུ་ཡོད་པའི་རིས་སུ་མ་ཆད་པའི་དགོན་སྡེ་དེ་དག་མཉམ་རུབ་ཀྱིས་གྲྭ་པ་ཉིས་བརྒྱ་སུམ་བརྒྱ་ཡན་བརྒལ་བའི་དགོན་པ་ཆེན་པོ་དེ་ཚོའི་ནང་དུ་ལོ་གཞོན་གྱི་ཆེད་དུ་སློབ་གྲྭ་ཞིག་དང་། སློབ་གྲྭ་ཐོན་པའི་དགེ་འདུན་པ་ཚོའི་ཆེད་དུ་བཤད་གྲྭ་ཞིག བཤད་གྲྭ་ཐོན་པའི་དགེ་འདུན་པ་ཚོའི་ཆེད་དུ་སྒོམ་གྲྭའམ་སྒྲུབ་གྲྭ་ཞིག་བཅས་གསུམ་ངེས་པར་དུ་ཚང་དགོས་ཞེས་ལོ་ཁ་ཤས་སྔོན་དུ་ཐག་གཅོད་གནང་འདུག དེ་ནི་རླབས་ཆེན་གྱི་དགོངས་པ་བཞེས་པ་རེད་ལ། ཐག་གཅོད་ཧ་ཅང་ཡག་པོ་གནང་འདུག་བསམ་གྱི་ཡོད།
ང་རང་ཚོ་བྱེས་སུ་ཡོད་པའི་དགོན་སྡེ་ཁག་གི་ནང་ལ་དགོས་ངེས་ཀྱི་དེང་རབས་ཀྱི་སློབ་ཚན་དང་། གནས་ཡུལ་རྒྱལ་ཁབ་ཀྱི་ངོས་འཛིན་ལག་ཁྱེར་ཡོད་པའི་གཞི་རིམ་སློབ་གྲྭ་རེ་བཅས་བྱུང་ན་འགྲིགས། བཤད་གྲྭ་ནི་གནའ་སྔ་མོ་ནས་ཡོད་བཞིན་པ་རེད། ད་ལྟ་ཡར་རྒྱས་གཏོང་རྒྱུ་ཙམ་རེད། དེ་དང་ཆབས་ཅིག་ཏུ་སྒྲུབ་གྲྭ་ཞིག་ཀྱང་ཡོད་ཆོག དངོས་གནས་བྱས་ན་སྒྲུབ་གྲྭ་ཟེར་བའི་ཐ་སྙད་དེ་ཟུར་དུ་མི་དགོས་པར། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད།། ཞེས་གསུངས་པ་བཞིན་རང་བཞིན་གྱིས་བང་འགྲིག་ཡོང་རྒྱུ་ཞིག་རེད། སྒྲུབ་པ་བྱ་ས་དེ་ཡང་རང་གི་ཤག་གི་ནང་སོགས་གང་དུའང་སྒྲུབ་པ་བྱེད་རྒྱུ་རེད་མ་གཏོགས། སྒྲུབ་པ་བྱེད་པ་ཡིན་ཞེས་ཟུར་ཞིག་ཏུ་འགྲོ་དགོས་པ་མེད། རྗེ་བཙུན་མི་ལ་བཞིན་བྱེད་ན་ནི་དབེན་པའི་རི་ལ་མི་འགྲོ་རང་འགྲོ་རེད། དེ་མིན་གདན་ས་ལ་བཞུགས་ཏེ་དགེ་ཕྲུག་ལ་ཕྱག་དཔེ་ཁྲིད་པ་དང་མཉམ་དུ་རང་གིས་སྒྲུབ་པ་ཉམས་ལེན་གནང་རྒྱུ་ཡོད། སྒྲུབ་པ་ཉམས་ལེན་ཟེར་བ་དེ་སྔགས་བགྲང་བ་དང་། བསྙེན་པ་གཏོང་བ། སྦྱིན་སྲེག་བླུག་པ་ཙམ་ལ་ཟེར་གྱི་མེད། དེ་དག་ནི་སྒྲུབ་པ་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་གྱི་རེད། གཙོ་བོ་ནི་གང་ཐོས་པའི་དོན་དེ་སེམས་རྒྱུད་ལ་སྦྱར་ནས་ཡང་དང་ཡང་དུ་གོམས་པར་བྱ་རྒྱུ་དེ་རེད། དེ་ཡང་། འཇལ་དང་ངེས་རྟོག་སྒོམ་པའི་ལམ།། ཞེས་གསུངས་པ་བཞིན་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་དེ་ཉིད་སྒོམ་པའི་ཉམས་ལེན་ལ་སྦྱར་ནས་རང་ཉིད་ཀྱི་བློའི་ནུས་པ་གོང་མཐོར་གཏོང་བ་དང་། ས་དང་ལམ་གྱི་རིམ་པ་དེ་གོང་ནས་གོང་དུ་འཕེལ་བའི་ཐབས་ཤེས་བྱེད་རྒྱུ་དེ་སྒོམ་སྒྲུབ་རེད། དེས་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
གདན་ས་ཆེན་པོ་ཚོས་ཕུགས་ལ་གཞུང་ཆེན་མོ་སློབ་གཉེར་གནང་མཁན་ཚད་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་ན་གཞོན་གྲྭ་པ་རྣམས་གཞི་རིམ་གྱི་སློབ་གྲྭར་བཞག་པའི་སྐབས་སུ་དགོས་ངེས་ཀྱི་སློབ་ཚན་རྣམས་གནས་ཡུལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་འོག་ཏུ་རྒྱུགས་འཕྲོད་པ་ཁོ་ན་དམིགས་ཡུལ་དུ་མ་བཟུང་བར། དམིགས་ཡུལ་གཙོ་བོ་ནི་སློབ་གྲྭ་ཐོན་རྗེས་ཆོས་རྭར་ཞུགས་དུས་སློབ་གྲྭ་མ་འགྲིམ་པའི་གྲྭ་གཞོན་ཞིག་ཆོས་རྭ་ལ་ཞུགས་པ་ལས་ཕྱོོགས་གང་ཐད་ནས་ལེགས་ཆ་ཡོད་པ་ཞིག་དང་། གཞུང་ཡིན་ནའང་གཏིང་ཟབ་པ་དང་ཤེས་མགྱོགས་པ། རིགས་ལམ་ཡིན་ཡང་གང་ལ་གང་ཙམ་ཆགས་ཟིན་པ། དེང་རབས་ཀྱི་ཤེས་ཡོན་དང་སྦྱར་བའི་སྐབས་སུའང་གཞན་དྲིང་མི་འཇོག་པ་ཞིག་བྱུང་ན་སློབ་གྲྭ་འཛིན་སྐྱོང་བྱས་པའི་དགོས་པ་དེ་གྲུབ་པ་རེད། དེས་ན་སློབ་གྲྭའི་ནང་སློབ་ཚན་གོ་སྒྲིག་བྱེད་སྟངས་དང་གཅིག སློབ་སྟོན་གྱི་ཐབས་ལམ་སྟོན་སྟངས་གཉིས་ཀྱི་ཐོག་ཏུ་ཡང་ཡང་བསྐྱར་ཞིབ་དང་ཞིབ་འཇུག་ནན་ཏན་གྱིས་ལེགས་བཅོས་གནང་དགོས་པ་མ་ཟད། སོ་སོའི་ཕུགས་ཀྱི་དམིགས་ཡུལ་དང་མཐུན་པ་ཞིག་བཟོ་དགོས། གལ་ཏེ་དེ་མ་བྱུང་ན། ལོ་མང་པོ་ཞིག་འགྲོ་སོང་བཏང་སྟེ་དཀའ་ལས་བརྒྱབས་ནས་གསོ་སྐྱོང་བྱས་པའི་གྲྭ་པ་ན་གཞོན་ཞིག་སློབ་གྲྭ་ཐོན་ནས་ཆོས་རྭ་ལ་ཞུགས་པའི་སྐབས་སུ་བསམ་བློ་དང་སྤྱོད་པ་གཉིས་ཀ་གཞུང་ཆེན་སློབ་སྦྱོང་བྱེད་འོས་པ་མ་ཆགས་པར་ཆུད་ཟོས་སུ་སོང་ན་དགོས་པ་མ་གྲུབ་པའི་ཐོག་ཏུ་འགལ་རྐྱེན་ཆགས་འགྲོ་གི་རེད། དེ་ཡང་དགེ་རྒན་རྣམ་པ་མང་ཆེ་བ་རིགས་པ་སྨྲ་བ་དང་རབ་ཏུ་འབྱུང་བ་ཤ་སྟག་ཡིན་ཙང། སློབ་ཚན་བསྐྱར་ཞིབ་གནང་རྒྱུ་དང་། སློབ་སྟོན་གྱི་ལམ་སྲོལ་ལ་བསྐྱར་ཞིབ་གནང་རྒྱུ། རྒྱུགས་སྤྲོད་ཀྱི་ལམ་སྲོལ་ལ་བསྐྱར་ཞིབ་གནང་རྒྱུ། ལྷག་པར་དུ་སློབ་པའི་སྐབས་སུ་སེམས་རྒྱུད་དང་སྦྱར་ནས་སློབ་ཐབས་གནང་དགོས། ༧གོང་ས་༧སྐྱབས་མགོན་ཆེན་པོས་རྟག་ཏུ་གསུང་རྒྱུ་དེ་རེད། བསྡུས་རྭ་དང་རྟགས་རིགས་སུ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་དོན་དེ་སློབ་པའི་སྐབས་སུ་མི་རྟག་པའི་གོ་རྟོགས་ཤིག་བློ་ལ་འཆར་བའི་ཐབས་ཤེས་བྱེད་དགོས་རེད་མ་གཏོགས། ཚིག་དེ་ལབ་ཤེས་པ་ཙམ་གྱིས་ཕན་ཐོགས་མེད། མི་རྟག་པ་ག་རེ་ཡིན་པ་དང་། བྱས་པ་ག་རེ་ཡིན་པ། སྒྲ་ག་རེ་ཡིན་པའི་གོ་བ་ཙམ་ཡང་མེད་པར་ལུས་པ་ཡིན་ན་ནེ་ཙོ་ལ་སྐད་བསླབས་པ་དང་གཅིག་མཚུངས་ཆགས་རྒྱུ་རེད། གང་ལྟར་དེ་ཚོ་ཚང་མ་སེམས་རྒྱུད་དང་སྦྱར་ཐབས་གནང་དགོས། དེ་ཡང་འདུས་ཤིང་བྱས་པའི་དངོས་པོ་ཟེར་བ་དེ་ག་འདྲ་ཞིག་གོ་གི་རེད། འདུས་ཤིང་བྱས་པའི་དངོས་པོ་ཡིན་ཕྱིན་རྟག་བརྟན་དུ་མི་གནས་པར་འགྱུར་བའི་རང་བཞིན་ཇི་ལྟར་ཆགས་ཀྱི་ཡོད་རེད། དེ་འདྲ་བའི་འགྱུར་བའི་རང་བཞིན་དེ་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་ལ་ལུས་མི་རྟག་པ་དང་། ཚེ་མི་རྟག་པ། འཆི་བ་མི་རྟག་པ་སོགས་ཇི་ལྟར་བསམ་བློ་གཏོང་དགོས་རེད། དེ་ལ་བརྟེན་ནས་བསྡུས་གྲྭ་དང་རྟགས་རིགས་ལྟ་དུས་ནས་ཚེ་འདིའི་སྣང་ཤས་ལྡོག་ཐུབ་པའི་ངེས་འབྱུང་གི་ས་བོན་གང་འདྲ་འདེབས་རྒྱུ་འདུག་གཟིགས་དགོས། གནས་ཚུལ་ཆུང་ངུ་དེ་ཚོ་ཡིན་ནའང་སེམས་རྒྱུད་ཀྱི་སྟེང་དུ་འབབ་པ་དང་སེམས་རྒྱུད་ཡར་རྒྱས་འགྲོ་ཐབས་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། དེ་གནང་ཐུབ་པ་ཡིན་ན་ཐོག་མའི་དམིགས་ཡུལ་བཟུང་བ་དང་མཚུངས་པའི་དགོས་པ་གྲུབ་པ་ཞིག་ཡོང་རྒྱུ་རེད།
ཁྱེད་རང་ཚོས་ཉི་མ་གཉིས་ལ་ཚོགས་ཐེངས་བཞི་གོ་སྒྲིག་གནང་བ་དང་། ཚོགས་ཐེངས་བཞིའི་ནང་བརྗོད་གཞི་བགོ་བཤའ་བརྒྱབས་པ་དེ་ས་བཅད་མ་སྟོང་ཙམ་ཞུས་ཟིན་པའི་ཁུལ་ཡིན། བར་ལམ་བྲེལ་བ་བྱས་ནས་ཡོང་བ་ཡིན་ཙང་དམིགས་བསལ་གོ་སྒྲིག་ཞུ་མ་ཐུབ་པའི་དབང་གིས་དུས་ཚོད་སོ་སོའི་ནང་ལ་བརྗོད་གཞི་ཏག་ཏག་འགྲོ་མ་ཐུབ་པ་དང་། བརྗོད་གཞི་སོ་སོའི་གནད་དོན་ཡོངས་སུ་རྫོགས་པ་ཞུ་ཐུབ་པ་བྱུང་མ་སོང་བས་དགོངས་སེལ་ཞུ་རྒྱུ་ཡིན། འོན་ཀྱང་ད་ལྟ་ངས་ཞུས་པ་ནི་རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཞིག་ཅེས་ཟུར་ཙམ་བརྡ་ཙམ་བསྟན་པའི་ཐབས་ཤེས་བྱས་པ་རེད། དེའི་ཐོག་ཁྱེད་རང་ཚོའི་རྣམ་དཔྱོད་ཀྱི་རྩལ་གྱིས་དཔྱད་ནས་ངས་ཞུས་པ་རྣམས་རིགས་པ་དང་མི་མཐུན་པ་ཞིག་ཆགས་འདུག་ན་འདོར་རྒྱུ་རེད། དེ་ནི་དང་དུ་ལེན་དགོས་པ་དང་ཆ་འཇོག་དགོས་པ་གང་ཡང་མེད། དེ་ལ་རིགས་པའི་སྒྲུབ་བྱེད་དང་ལྡན་པ་ཞིག་འདུག་ན་དགོངས་པ་བཞེས་ནས་ད་དུང་དེའི་ཐོག་རྣམ་དཔྱོད་ཀྱི་ནུས་པ་གོང་འཕེལ་འགྲོ་བའི་ཐབས་ཤེས་གནང་ན་ཕྲན་བུ་ཕན་ཐོགས་ཡོང་སྲིད་པ་ཞིག་རེད།
དྲི་བ་དྲིས་ལན།
དྲི་བ། ང་རང་གིས་མཐོང་ཆོས་སུ་གྱུར་པའི་ཉམས་མྱོང་ནང་ང་སློབ་གྲྭ་འདིའི་ནང་འཛུལ་ཞུགས་བྱས་ནས་ལོ་ངོ་ལྔ་ཙམ་ཕྱིན་སོང་། སློབ་གྲྭ་འཛིན་གྲྭ་དྲུག་པ་ནས་བཅུ་བའི་བར་དང་། ཆོས་རྭའི་ནང་གི་བསྡུས་གྲྭ་གསུམ་བཅས་ཀྱི་ནང་ནས་མང་པོ་ཞིག་འཐེན་ནས་གྲྭ་པ་བཞག་ནས་འགྲོ་གི་འདུག ཁོང་ཚོ་འགྲོ་དགོས་པའི་རྒྱུ་མཚན་ལ་ཁ་ཤས་ནི་རིགས་ལམ་མ་ཤེས་པར་བརྟེན་སེམས་ཤུགས་ཆག་ནས་འགྲོ་བའི་གནས་ཚུལ་ཡང་འདུག དེས་ན་རིན་པོ་ཆེས་སེམས་ཤུགས་ཆག་པ་ལ་སེམས་ཤུགས་སྤར་རྒྱུ་དང། རིགས་ལམ་མ་ཤེས་པ་ཤེས་པར་བྱ་བའི་ཐབས་ལམ་ཐོག་བཀའ་སློབ་གནང་རོགས་གནང་།
བཀའ་ལན། མ་ཤེས་པ་ཤེས་པར་བྱེད་རྒྱུ་དེ་སྦྱངས་ནས་ཤེས་དགོས་རེད་མ་གཏོགས། དེ་ལ་མགྱོགས་ལམ་ཞིག་མེད། མ་སྦྱངས་པ་ལ་རང་སྟོབས་ཀྱིས་ཤེས་ཡོང་རྒྱུ་ནི་སྐྱེ་བ་སྔོན་མའི་བག་ཆགས་མཐུག་པོ་ཞིག་ཡོད་ན་མ་གཏོགས་དཀའ་ལས་ཁག་པོ་རེད། བཀའ་གདམས་པའི་དགེ་བཤེས་གོང་མ་ཚོའི་གསུང་སྒྲོས་ནང་ལ་ཡོང་གི་འདུག བསྒོམས་ནས་རྒྱུད་ལ་སྐྱེས་ཀྱི་མི་འདུག་ཟེར་བའི་སྐབས་སུ། ག་དུས་སྒོམ་པ་ཡིན་ནམ། དགོང་དག་ནི་ཉལ་སྡོད་ཀྱི་འདུག ཉི་མའི་གུང་ལ་འདུ་འཛིས་གཡེང་བསྡད་ཀྱི་འདུག སྒོམ་དེ་ག་དུས་བརྒྱབ་པ་ཡིན་ནམ་ཞེས་པའི་གསུངས་སྲོལ་ཞིག་ཡོད།
ཤེས་ཀྱི་མི་འདུག་བསམ་པ་དེ་སྒྱིད་ལུག་པའི་ལེ་ལོ་དང་། བདག་ཉིད་ལ་བརྙས་པའི་ལེ་ལོ་དེ་རེད། དེ་གཉིས་ཀྱི་གཉེན་པོ་ལ་ངེས་པར་དུ་སྤྲོ་ཤུགས་བསྐྱེད་ནས་སྒྱིད་ལུག་པའི་ལེ་ལོ་སྤང་དགོས་པ་དང་། རང་གི་རྣམ་དཔྱོད་དང་ཤེས་རབ་ཀྱི་ནུས་པ་རང་གིས་ངོ་ཤེས་པར་བྱས་ནས་སེམས་ཤུགས་ཆག་རྒྱུ་དེ་སྤང་དགོས་པའི་ཐབས་ཤེས་བྱེད་དགོས་རེད། ཐེངས་གཅིག་ཀློག་པ་དང་། ཐེངས་གཅིག་ཉན་པ་དང་། ཐེངས་གཅིག་རྩོད་པ་ཙམ་གྱིས་ཤེས་ཐུབ་ཀྱི་མེད་པ་དེ་དང་པོ་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཐོག་མར་ཀ་ཁ་སློབ་དུས་དཀའ་ལས་ག་ཚོད་ཡོང་གི་འདུག ཐོག་མར་ཀ་མད་སུམ་ཅུའི་ཡིག་ངོ་ཤེས་པ་ལ་དུས་ཚོད་གང་ཙམ་འགོར་རྒྱུ་རེད། ཡིག་ངོ་ཤེས་པ་དེ་ལག་པས་འབྲི་ཤེས་པ་ལའང་དཀའ་ལས་དང་དུས་ཚོད་གང་ཙམ་འགོར་རྒྱུ་རེད། རྗེས་སུ་གོམས་པའི་སྐབས་སུ་དཀའ་ལས་ཡོད་པ་ཞིག་ཚོར་གྱི་མེད། དེ་དུས་ཀ་ཁ་བློ་ལ་འཇགས་འགྲོ་གི་རེད། ལག་པས་འབྲི་བའི་སྐབས་ལ་བློ་མ་གཏད་པ་ཡིན་ནའང་ཡིག་གཟུགས་དེ་ལག་པའི་གོམས་གཤིས་ཤིག་གི་ཐོག་ནས་རང་བཞིན་གྱིས་འགྲོ་བཞག་གི་རེད། གོམས་ན་སླ་བ་མ་ཡིན་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད།
རིགས་ལམ་དེ་ལས་སླ་པོས་ཤེས་རྒྱུར་དང་པོ་ནས་ཚོད་དཔག་བྱས་པ་ཡིན་ན་དེ་ནི་ཕྲན་བུ་ཧམ་པ་ཆེ་དྲགས་པ་རེད། རིགས་ལམ་ཤེས་པ་ལ་ཕྲན་བུ་དཀའ་ལས་ཡོད་པ་དང་། དུས་ཚོད་གང་ལ་གང་ཙམ་རྒྱུན་བསྲིངས་ནས་འབད་ན་ཤེས་རྒྱུ་ཡོད་པའི་ཚོད་དཔག་བྱས་ཡོད་ན་ཕྲན་བུ་ཁྱད་པར་འགྲོ་གི་རེད། ལར་ནས་དེ་འདྲའི་སྐབས་སུ་དགེ་རྒན་དགེ་ཕྲུག་བར་ལ་ཧ་ཅང་ཐག་ཉེ་པོའི་ཐོག་ནས་རིགས་ལམ་སློབ་མཁན་གྱིི་དགེ་རྒན་གྱིས་ཡང་ཡང་སྤྲོ་ཤུགས་སྤེལ་དགོས་པ་དང་། ཕྲན་བུ་ཤེས་པའི་མགོ་ཚུགས་པའི་སྐབས་སུ་དེའི་རྒྱུན་བཟུང་ནས་ད་དུང་གོ་རྟོགས་དེ་ཡར་རྒྱས་འགྲོ་རྒྱུ་དང་། དེའི་ཐོག་འདུན་པ་སླེབས་པའི་ཐབས་ཤེས་གནང་ན་དུས་ཚོད་རྒྱུན་རིང་པོ་ཞིག་འགོར་རྒྱུ་མེད། ཟླ་བ་གསུམ་བཞི་ཙམ་དཀའ་ལས་བརྒྱབ་ན་རིགས་ལམ་ཆགས་ཡོང་གི་རེད། རིགས་ལམ་ཆགས་པ་ཡིན་ན་རིགས་ལམ་ལ་དོ་སྣང་ཟེར་བ་དེ་རང་ཤུགས་ཀྱིས་སླེབས་རྒྱུ་རེད།
ང་ཚོ་བོད་དུ་སློབ་གཉེར་གནང་མཁན་རྣམས་མཐུན་རྐྱེན་དཀོན་པོ་རེད། ཞལ་ལག་སྐྱོ་པོ་རེད། སྤྲོ་སྣང་ཡོང་བའི་གཞི་གང་ཡང་ཡོད་མ་རེད། འབྲས་སྤུངས་ལྟ་བུ་ལ་མཚོན་ན། ལོ་གཅིག་ལ་འབྲས་སྤུངས་ཞོ་སྟོན་ཟེར་བ་ཐེངས་གཅིག་རང་རེད། དེ་དུས་ལྷ་མོ་སོགས་བལྟས་ན་མ་གཏོགས། དེ་མིན་རྣམ་གཡེང་བྱེད་པའི་གཞི་རྩ་གང་ཡང་ཡོད་མ་རེད། ཡིན་ནའང་སློབ་གཉེར་བ་ཚང་མ་གཟུགས་པོ་བདེ་ཐང་དང་འཚོ་བ་ངན་ངོན་ཙམ་གྱིས་འཚོ་ཐུབ་པ་དེ་གང་གིས་བྱེད་ཀྱི་ཡོད་ཅེ་ན། བསམ་བློའི་ནང་སྤྲོ་ཤུགས་ཆེན་པོ་དང་སེམས་པ་སྐྱིད་པོ་ཡོད་རེད། དེ་གང་གི་ཐོག་ནས་ཡོང་གི་ཡོད་ཅེ་ན། དེ་ནི་ཆོས་རྭའི་ནང་གི་རྩོད་གྲྭའི་ཐོག་ནས་ཡོང་གི་ཡོད་རེད། ངས་སྔོན་མར་རྩོམ་ཡིག་ཅིག་ནང་བྲིས་མྱོང་ཡོད། ང་ཚོས་ཆོས་རྭའི་ནང་ལ་རྩོད་གྲྭ་བྱས་པ་དེས་ལུས་ངག་ཡིད་གསུམ་གྱི་ལུས་རྩལ་ཡོངས་རྫོགས་ཚང་གི་ཡོད། དཔེར་ན་འཕག་ཚག་བརྒྱབས་ནས་ལག་པ་དང་རྐང་པ་བརྡབས་པ་དེས་གཟུགས་པོའི་ལུས་རྩལ་ཚང་བ་རེད། སྐད་ཤུགས་ཆེན་པོ་བརྒྱབ་དགོས་པ་དང་། གད་མོ་ཡང་ཡང་ཤོར་བའི་གོ་སྐབས་ཡོད་ཙང་ངག་གི་ལུས་རྩལ་ཚང་བ་རེད། ལན་རྒྱག་མཁན་གྱིས་དམ་བཅའ་ཞིག་བཟུང་ན་ལམ་སེེང་དེ་ལ་གནོད་བྱེད་ག་རེ་གཏོང་དགོས་ཀྱི་འདུག་འཕྲལ་མར་བསམ་བློ་གཏོང་དགོས་ཀྱི་ཡོད་ཙང་བསམ་བློའི་ལུས་རྩལ་ཡང་དེའི་ནང་ཚུད་པ་རེད། གང་ལྟར་ལུས་ངག་ཡིད་གསུམ་གྱི་རྩལ་ཡོངས་སུ་རྫོགས་པ་དེ་རྩོད་གྲྭའི་ནང་ཚང་ཡོད། དེའི་དབང་གིས་གདན་སའི་འཚོ་བ་སྐྱོ་བའི་སློབ་གཉེར་བ་དེ་ཚོའང་ལུས་རྟེན་ཡག་ཐག་ཆོད་འཚོ་ཐུབ་པ་རེད། དེང་རབས་ཀྱི་ལུས་རྩལ་དེ་དག་ཉི་ཚེ་བ་རེད། གཟུགས་པོའི་ལུས་རྩལ་བྱེད་དུས་ཡིད་དང་ངག་གི་ལུས་རྩལ་མི་ཡོང་བ་དང་། ངག་གི་ལུས་རྩལ་བྱེད་དུས་ཡིད་ཀྱི་ལུས་རྩལ་མི་ཡོང་བ། ཡིད་ཀྱི་ལུས་རྩལ་བྱེད་དུས་ལུས་ངག་གི་ལུས་རྩལ་མི་ཡོང་། དེ་ཚོ་ཚང་མ་ཡོང་བའི་སྐབས་སུ་ཚོར་ཤུགས་ཀྱི་རྩལ་ (Emotional exercise) དེ་ཡོང་གི་མེད། དེ་ཚོ་ཚང་མ་དུས་མཉམ་དུ་ཡོང་བ་དེ་ང་ཚོའི་རྩོད་པ་བྱེད་པ་ལས་ལྷག་པ་གང་ཡང་མེད། དེ་ལ་བསམ་བློའི་སྤྲོ་སྣང་ཡོང་བའི་ཆེད་དུ་རིགས་ལམ་ཕྲན་བུ་ཆགས་དགོས་པ་དེ་གལ་ཆེན་པོ་རེད། དེ་ཆགས་པ་ལ་ཐོག་མར་སློབ་དུས་ནས་ཁ་སློབ་བྱས་པ་ཙམ་མ་ཡིན་པར། ཁ་དོག་དཀར་དམར་སློབ་དུས་ནས་བསམ་བློའི་ནང་དུ་གོ་བ་ཆགས་པའི་ཐབས་ཤེས་གཙོ་བོ་བྱེད་ན་སེམས་ཤུགས་ཆག་པ་དེ་ཉུང་དུ་འགྲོ་རྒྱུ་རེད། དེ་ཕྱོགས་གཅིག་རེད། ཕྱོགས་གཞན་པ་ཞིག་ལ་གཞུང་ཆེན་པོ་ལ་རིགས་པའི་ལམ་ནས་སློབ་སྦྱོང་བྱེད་པ་ལ་བསོད་ནམས་ཀྱི་བསགས་རྒྱབ་ཕྲན་བུ་དགོས་པའང་གལ་ཆེན་པོ་རེད། དེས་ན་ཚོགས་ཆོས་རྭ་ཚུལ་བཞིན་དུ་འགྲིམ། ཚོགས་དང་ཆོས་རྭའི་ནང་གི་ཞལ་འདོན་དེ་དག་དགོངས་པ་བཞེས་ཏེ། ཚོགས་གཏམ་ནང་ཚིག་བཟང་པོ་ཞལ་ནས་གསུང་། དོན་བཟང་པོ་ཡིད་ལ་སྒོམ་ཞེས་པ་ལྟར་སྒྲོལ་མ་ལྟ་བུ་ཞིག་འདོན་པའི་སྐབས་སུ་རྗེ་བཙུན་སྒྲོལ་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་སློབ་གཉེར་བར་ཆད་མེད་པ་དང་། མཚན་བརྗོད་དང་བསྟོད་སྤྲིན་རྒྱ་མཚོ་འདོན་སྐབས་ཤེས་རབ་གོང་འཕེལ་ཡོང་བའི་གསོལ་བ་བཏབ་པ་ཡིན་ན། ཞར་ལ་ཚོགས་བསགས་པ་དང་། ཞར་ལ་སྒྲིབ་པ་སྦྱང་བ། གཞུང་ཆེན་མོ་ལ་རྒྱུན་དུ་ལྟ་རྟོག་བྱེད་པ་ཡིན་ན་ནམ་ཡང་མི་སྐྱེ་སྙམ་པའང་འདུ་བྱེད་སོ་ན་མི་གནས་པ་ཡིན་པས་ནམ་ཞིག་ནས་སྐྱེས་ཡོང་བ་ཡིན་ཞེས་དཀའ་ལས་ཁག་པོ་ཚོར་བ་དེའང་ཚོགས་བསགས་སྒྲིབ་སྦྱང་དང་། འདོན་སྐྱོར་སྦྱང་མཉམ་ཚོགས་བྱས་པ་ཡིན་ན་དཀའ་ལས་ཁག་པོ་ཡིན་བསམ་པ་དེའང་ཉིན་ཞིག་ལས་སླ་པོ་ཡོང་རྒྱུ་ཡོད་རེད། འོན་ཀྱང་དཀའ་ལས་ཁག་པོ་འདུག་སྙམ་པའི་ཉིན་དེ་རང་ལ་ཕྱིར་འཐེན་བྱེད་ན་སྔ་ཐག་ཆོད་པ་རེད། དེ་ནས་ཕྱིར་འཐེན་བརྒྱབས་ནས་དེ་ལས་ལས་སླ་བ་ཞིག་དང་། དེ་ལས་དགོས་པ་ཆེ་བ་ཞིག་བསྒྲུབ་རྒྱུ་མི་ཚེའི་ནང་གོ་སྐབས་བསྐྱར་མ་བླང་རྒྱུ་ཧ་ཅང་ཁག་པོ་རེད། དེས་ན་དགེ་རྒན་དང་ཕ་མ་སུ་ཡིན་ཡང་མི་ཚེ་ཆུད་ཟོས་སུ་མི་འགྲོ་བའི་དོན་དུ་ཕྱིར་འཐེན་བརྒྱབས་ནས་གོ་སྐབས་གཞན་པ་ཞིག་བཙལ་བ་དེ་རིགས་ལམ་སློབ་གཉེར་བརྒྱབ་པ་ལས་ལྷག་པའི་མདུན་མ་བཟང་པོ་ཡོང་ཐབས་མེད་པ་དེ་ཞིབ་ཚགས་པོས་ངོ་སྤྲོད་བྱེད་ན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག གདན་ས་ཆེན་པོའི་ནང་དུ་བཞུགས་མཁན་རང་དང་རང་འདྲ་བའི་སྐྱེ་བོ་མང་པོ་ཞིག་གིས་གཞུང་ཆེན་མོ་ལ་སློབ་གཉེར་གནང་ནས་དཀའ་ངལ་ལས་གྲོལ་ཏེ་སློབ་གཉེར་ཡག་པོ་ཆགས་པ་མང་པོ་རེད། དེ་ཚོ་ལ་མིག་དཔེ་ཡར་ལྟ་བྱེད་ན་ཡག་པོ་ཡོད་རེད་བསམ་གྱི་འདུག
དྲི་བ། མི་མང་པོ་ཞིག་གིས་སློབ་སྦྱོང་དང་ཡོན་ཏན་གཉིས་ཐ་དད་འཇོག་དགོས། སློབ་སྦྱོང་ཁོ་ནས་རང་གཞན་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་སྐྲུན་ཐུབ་པར་ཁག་པོ་ཆགས་ཡོད། ངེས་པར་དུ་སློབ་སྦྱོང་དང་མཉམ་དུ་ཡོན་ཏན་དགོས་ཀྱི་ཡོད་ཅེས་གསུང་གི་འདུག རིན་པོ་ཆེའི་དགོངས་ཚུལ་ལ་སློབ་སྦྱོང་ཁོ་ནས་རང་གཞན་སྐྱེ་འགྲོ་ཚང་མ་ལ་བདེ་སྐྱིད་སྐྲུན་ཐུབ་ཀྱི་རེད་དམ་ཞེས་ཞུ་རྒྱུ་ཡིན།
བཀའ་ལན། སློབ་སྦྱོང་ཁོ་ནས་བདེ་སྐྱིད་སྐྲུན་མི་ཐུབ་པ་འདོད་མཁན་གྱི་ཁ་ཅིག་དེའི་བསམ་བློའི་རྒྱབ་ལྗོངས་སུ་གང་ཡོད་མེད་མ་ཤེས་ཡིན་ཙང་། ཡང་དག་པའི་ལན་ཞིག་ཞུ་ཁག་པོ་རེད། ཡིན་ནའང་སྤྱིར་བཏང་ནས་སློབ་སྦྱོང་ཁོ་ནས་རང་གཞན་གྱི་དོན་སྒྲུབ་ཐུབ་ཀྱི་རེད་དམ་ཞེ་ན། དེ་ལ་ལམ་སེང་མཐའ་གཅིག་པའི་ལན་རྒྱག་ཐུབ་ཐབས་མེད། དེ་ནི་རྣམ་པར་ཕྱེ་ནས་ལན་བརྒྱབ་དགོས་པ་ཞིག་རེད། གལ་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་དང་འབྲེལ་བའི་ནང་དོན་རིག་པ་དང་། ནང་དོན་རིག་པའི་ཁྱབ་ཁོངས་སུ་ཡོད་པའི་ཐ་སྙད་རིག་གནས་དེ་ཚོ་ལ་སློབ་སྦྱོང་བྱས་པ་ཁོ་ནས་རང་གཞན་གྱི་དོན་སྒྲུབ་ཐུབ་ཀྱི་རེད་དམ་ཞེ་ན། དེ་ནི་ཐུབ་ཀྱི་རེད་ཅེས་ལབ་ཆོག་གི་རེད། སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་རིག་པ་དང་འབྲེལ་བ་ཁྱོན་ནས་མེད་པར་དེང་རབས་ཀྱི་སློབ་ཚན་དང་། ཡང་ན་ཚོང་དང་འཕྲུལ་ལས་སོགས་ཀུན་སློང་གི་དབང་གིས་དགེ་བ་དང་མི་དགེ་བའི་ཕྱོགས་གཉིས་ཀ་ལ་བེད་སྤྱོད་གཏོང་རྒྱུ་ཡོད་པ་དེ་དག་ནི་ཁག་པོ་རེད། དཔེར་ན་དཔལ་འབྱོར་རིག་པ་རྐྱང་པ་ལ་སློབ་སྦྱོང་བྱས་པ་ཁོ་ནས་རང་གཞན་གྱི་དོན་སྒྲུབ་ཐུབ་ཀྱི་རེད་དམ་ཞེ་ན། དེའི་ཐོག་ལ་རང་གཞན་གྱི་དོན་སྒྲུབ་པའི་ཐབས་ལམ་གཞན་ཞིག་མ་བསྣན་པ་ལ་དེ་རྐྱང་པས་རང་གཞན་གྱི་དོན་སྒྲུབ་མི་ཐུབ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེས་ན་སློབ་སྦྱོང་དེའི་སྦྱང་གཞི་གང་ཡིན་པ་དེ་ལ་མཐའ་གཅིག་ཏུ་རག་ལས་ཡོད་རེད། དེ་དང་ཆབས་ཅིག་ཏུ་སྦྱང་གཞི་ཙམ་མ་ཟད། སྦྱོང་བའི་ཚུལ་ལུགས་ལའང་གང་ལ་གང་ཙམ་ཞིག་རག་ལས་ཀྱི་རེད། སྦྱང་གཞི་ཡག་པོ་ཡོད་ཀྱང་སྦྱོང་སྟངས་དེ་ཁ་སང་ཞུས་པ་ལྟར་ནང་ཆོས་ལྟ་བུ་ཤེས་བྱའི་རྣམ་གྲངས་རང་ག་བ་ཞིག་ལ་བརྩིས་ནས་ཕྱིའི་གོ་རྒྱ་གཅོད་པ་ཙམ་ལ་སློབ་སྦྱོང་བྱེད་ན། དེ་ལ་དད་པ་དང་ཤེས་རབ་ཀྱིས་གྲོགས་མ་བྱས་པར་སློབ་སྦྱོང་རྐྱང་པས་གང་ཡང་མི་ཡོང་། སློབ་སྦྱོང་བྱ་རྒྱུའི་སློབ་ཚན་དང་། སློབ་སྦྱོང་བྱེད་པའི་ཚུལ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས།། ཞེས་གསུངས་པ་བཞིན་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བྱས་པའི་ཐོག་ནས་སྡེ་སྣོད་གསུམ་གྱི་བརྗོད་བྱ་ལ་ཐོས་པ་དང་བསམ་པ་ཚུལ་དང་མཐུན་པ་བྱེད་ན། དེ་ནི་སློབ་སྦྱོང་བྱས་པ་ཙམ་གྱིས་རང་གཞན་ཐམས་ཅད་ལ་འཕྲལ་དང་ཡུན་འདི་དང་ཕྱི་མ་ཐམས་ཅད་ལ་ཕན་བདེ་སྒྲུབ་ཐུབ་པ་དེ་ཁག་ཐེག་ཐུབ་ཀྱི་རེད། དེ་མིན་ནང་པའི་ཆོས་ལྟ་བུ་དད་པ་དང་ཤེས་རབ་ཀྱི་རྒྱབ་སྐྱོར་མེད་པར་ཤེས་བྱའི་མཐའ་རྒྱ་གཅོད་པ་ཙམ་གྱི་ཆེད་དུ་སློབ་སྦྱོང་བྱེད་ན་དེ་ཙམ་གྱིས་རང་གཞན་གྱི་འདོད་དོན་སྒྲུབ་མི་ཐུབ།
དྲི་བ། སློབ་ཕྲུག་སྤྱོད་པ་ངན་པ་དགེ་རྒན་གྱི་ཁ་ལ་མི་ཉན་པ་ཞིག་ཡོད་ན་དེ་སློབ་ཕྲུག་ཡག་པོ་བཟོ་ཐུབ་པའི་ཐབས་ལམ་ག་རེ་ཡོད་དམ།
བཀའ་ལན། སློབ་ཕྲུག་བསླབ་བྱ་ལ་མི་ཉན་མཁན་ཞིག་ཡོད་ན་དགེ་རྒན་དེའི་ལས་སུ་བྱ་བའི་རིམ་པའི་ནང་ལ་སྔོན་ལ་སློབ་ཕྲུག་དེ་སྤྱོད་ངན་ཆགས་པའི་རྒྱུ་གང་རེད་འདུག བསླབ་བྱ་བརྒྱབས་ཀྱང་མི་ཉན་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག དེའི་རྒྱུ་དེ་བཙལ་དགོས་པ་ཞིག་རེད། ང་ཚོ་ནང་པས་དཀའ་ངལ་ཞིག་མཐོང་ན་དཀའ་ངལ་དེའི་རྒྱུ་གང་རེད། འབྱུང་ཁུངས་གང་རེད། དེ་ལྟ་གི་ཡོད། དཀའ་ངལ་ཁོ་རང་ལ་གདོང་ལེན་བྱེད་རྒྱུ་དེ་ནང་པའི་ལུགས་སྲོལ་མ་རེད། དཀའ་ངལ་གྱི་རྒྱུ་ཟློག་པའི་ཐབས་ཤེས་བྱེད་པའི་ནང་པའི་བླང་དོར་གྱི་སྲོལ་དེ་བདེན་བཞིའི་བླང་དོར་གྱི་འཇུག་ལྡོག་དེ་རེད། སྡུག་བསྔལ་བདེན་པ་སྤང་གི་ཡིན་ཞེས་སྡུག་བདེན་ལ་ཁ་གཏད་གཅོག་བསྡད་པ་ཡིན་ན་སྡུག་བདེན་སྤོང་ཐུབ་ཐབས་མེད། སྡུག་བསྔལ་བདེན་པ་དེ་ཀུན་འབྱུང་བདེན་པ་ལས་བྱུང་བ་ཤེས་ནས་ཀུན་འབྱུང་དེ་མེད་པར་བཟོ་ཐུབ་མིན་ཞིབ་འཇུག་བྱེད་དགོས་རེད། ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཀ་མ་རིག་པ་ལས་བྱུང་བ་དང་། མ་རིག་པ་དེ་མེད་པར་བཟོས་ན་ལས་དང་ཉོན་མོངས་པའི་ཀུན་འབྱུང་མི་ཡོང་བ་དེ་ངོ་འཕྲོད་རྒྱུ་ཡོད་རེད། གང་ཡིན་ཟེར་ན། མ་རིག་པ་དེ་དངོས་པོའི་གནས་ཚུལ་ཐོག་ལ་བསྡད་པ་མ་ཡིན་པའི་ལོག་ཤེས་ཤིག་རེད། ཕྱིན་ཅི་ལོག་གི་དོན་འཛིན་པའི་ལོག་ཤེས་རེད་ལ། ལོག་ཤེས་དེའི་ཞེན་ཡུལ་སུན་དབྱུང་རྒྱུ་ཡོད་རེད། དེའི་ཞེན་ཡུལ་སུན་དབྱུང་བ་དང་ལོག་ཤེས་དེ་འགག་རྒྱུ་རེད། མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཐམས་ཅད་འགག་འགྲོ་གི་རེད། དེས་ན་ཕྲུ་གུ་བསླབ་བྱ་བརྒྱབས་ཀྱང་མི་ཉན་མཁན་ཞིག་ཡོད་ན། དེ་འདྲའི་བློ་མཁྲེགས་པོ་ཆགས་པ་དེ་སྐྱེ་བ་སྔོན་མའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཞིག་རེད་དམ། ཡང་ན་ཚེ་འདིའི་རྒྱུ་དང་རྐྱེན་དམིགས་བསལ་བ་ཞིག་གིས་དེ་འདྲ་ཆགས་པ་རེད། ནང་གི་གནས་སྟངས་དང་། ཤག་གི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་གང་གི་ཐོག་ནས་ཁོ་སྤྱོད་ངན་ཆགས་འདུག རིགས་པ་ཡང་དག་གི་ཐོག་ནས་གོ་བརྡ་སྤྲད་པ་ཡིན་ན་གོ་རྡ་འཕྲོད་ཀྱི་རེད་དམ་འཕྲོད་ཀྱི་མ་རེད། མི་འཕྲོད་པའི་རྒྱུ་མཚན་ག་རེ་རེད་འདུག སྤྱོད་ངན་ཆགས་པའི་རྒྱུ་ལ་གཉེན་པོ་ག་འདྲ་ཞིག་བསྟེན་དགོས་ཀྱི་འདུག དེ་གང་ཟག་བྱེ་བྲག་པ་རེ་རེ་ལ་ཞིབ་འཇུག་གིས་ཐབས་ཤེས་བྱེད་ན་ཐབས་ཤེས་རྙེད་ཐབས་ཡོད་རེད་བསམ་གྱི་འདུག
བདག་ཉིད་ཆེན་པོ་གཱཾདྡྷཱི་ (Mahatma Gandhi) ལྷོ་ཨ་ཧྥི་རི་ཀ་ (South Africa) ལ་བསྟི་གནས་ (ཨཱཤྲམ) ཀྱི་སྤྱི་ཚོགས་བཙུག་པའི་སྐབས་སུ་མི་ནག་པོའི་ཕྲུ་གུ་ཧ་ཅང་སྤྱོད་ངན་དེ་འདྲ་མང་པོ་ཡོད་རེད། སྒྲིག་ལམ་ཁྱོན་ནས་མི་འཁྱེར་བ་དང་། ཕྲུ་གུ་གཞན་ལའང་བཙན་དབང་བྱེད་པ་དེ་དག་ལ་བསླབ་བྱ་མང་པོ་བརྒྱབས་ཀྱང་མ་ཉན་པའི་སྐབས་སུ་ཉིན་ཞིག་གཱཾདྡྷཱིས་ཕྲུ་གུ་ཞིག་ལ་འགྲམ་ལྕག་ཅིག་གཞུ་དགོས་ཐལ་བ་རེད། དེའི་རྗེས་སུ་གཱཾདྡྷཱིས་འགྲམ་ལྕག་གཞུས་པ་དེ་ཡང་དག་པ་རེད་འདུག་གམ་མི་འདུག་ཅེས་བསྐྱར་དུ་དགོངས་པ་བཞེས་པའི་སྐབས་སུ་འགྲིག་མི་འདུག་སྙམ་པའི་འགྱོད་པ་ཆེན་པོ་ཞིག་འཁྲུངས་པར་བརྟེན། གཱཾདྡྷཱི་རང་གིས་ནོར་བ་དེ་བཅོས་པའི་ཕྱིར་ཉི་མ་ཁ་ཤས་སྨྱུང་གནས་གནང་བ་རེད། སྨྱུང་གནས་གནང་བ་དེའི་དབང་གིས་ཕྲུ་གུ་སྤྱོད་ངན་དེའང་རང་བཞིན་གྱིས་བཟང་པོ་ཆགས་པ་རེད། དེས་ག་རེ་མཚོན་གྱི་ཡོད་ཅེ་ན། གཱཾདྡྷཱི་རང་གིས་ཕྲུ་གུ་དེ་ལ་གཟིགས་ཕྱོགས་ནང་ནོར་འཁྲུལ་གང་ཡོད་པ་དེ་གསལ་པོར་རྟོགས་པ་དང་ཆབས་ཅིག་ཏུ་ཕྲུ་གུ་དེ་སྤྱོད་ངན་ཆགས་པའི་རྒྱུ་མཚན་ཡང་མཉམ་དུ་གཟིགས་ཐུབ་པ་བྱུང་བ་རེད།
གང་ལྟར་དེང་སང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནང་ལ་དེང་རབས་ཀྱི་འགྲོ་སྟངས་ཤིག་ཡོད་རེད། དེས་ཕྲུ་གུ་སྤྱོད་པ་ངན་པ་དེ་ཚོ་བཅོས་ཐུབ་ཐབས་ཡོད་མ་རེད། དེང་རབས་ཀྱི་འགྲོ་སྟངས་དེ་གང་རེད་ཅེ་ན། བྱ་དགའ་དང་ཉེས་ཆད་ (Reward and Punishment) ཅེས་བཤད་ཀྱི་རེད། དཔེར་ན་བོང་བུ་དེ་ཚོ་ཇི་ལྟར་འདེད་ཐུབ་ཀྱི་རེད་དམ་ཞེ་ན། བོང་བུ་ལ་གོང་ལ་ཕུག་ཅིག་སྟོན་ན། བོང་བུ་དེ་གོང་ལ་ཕུག་ཟ་བར་རྔམས་ནས་དེའི་འཇུག་ལ་འགྲོ་བའི་རེ་བ་ཞིག་ཡོད་རེད། གོང་ལ་ཕུག་མེད་ན་རྒྱབ་ནས་རྒྱུག་པ་གཞུས་ནས་དེད་ན་འགྲོ་བའི་རེ་བ་ཞིག་ཡོད་རེད། དེས་ན་དེང་རབས་སློབ་གྲྭ་ཁག་གི་ནང་གང་བྱེད་ཀྱི་ཡོད་ཅེ་ན། ཡག་པོ་བྱེད་མཁན་ཚོ་ལ་བྱ་དགའ་དང་གཟེངས་བསྟོད་གནང་གི་ཡོད། སྡུག་ཅག་བྱེད་མཁན་ཚོ་ལ་དམའ་ཕབ་པ་དང་། ཉེས་པ་བཏང་བ་སོགས་བྱེད་ཀྱི་ཡོད། སྤྱིར་བཏང་འདུལ་བའི་ནང་ཉེས་པ་གཏོང་རྒྱུར་ནན་ཏུར་གྱི་ལས་བཅུ་ལ་སོགས་པ་བཤད་ཡོད། ཡིན་ཡང་དེའི་ཉེས་པ་གཏོང་སྟངས་ནི་རྦད་དེ་ལོགས་ཀ་རེད།
གང་ལྟར་ཉེས་ཆད་དང་གཟེངས་བསྟོད་ཀྱི་ལམ་ནས་མིའི་བཟང་སྤྱོད་ཡར་རྒྱས་འགྲོ་བའི་ཐབས་ཤེས་གནང་ན། དེ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལག་ཆར་བཟུང་བ་རེད། དེས་ག་རེ་སྐྲུན་གྱི་ཡོད་ཟེར་ན། ཉེས་པ་བཏང་བ་དེས་སློབ་ཕྲུག་གི་རྒྱུད་ལ་འཇིགས་སྣང་སྐྲུན་གྱི་ཡོད་རེད། བྱ་དགའ་གཟེངས་བསྟོད་སྤྲད་པ་དེས་སློབ་ཕྲུག་གི་རྒྱུད་ལ་འདོད་རྔམས་སྐྲུན་གྱི་ཡོད་རེད། གང་ལྟར་རྔན་པ་རག་ན་བསམ་པའི་འདོད་རྔམས་དང་། ཉེས་ཆད་རག་ན་སྙམ་པའི་འཇིགས་སྣང་དེ་རེད། དེ་གཉིས་ཀ་ཀུན་ནས་ཉོན་མོངས་པའི་བློ་རེད། ཀུན་ནས་ཉོན་མོངས་པའི་བློ་དེས་སློབ་ཕྲུག་གི་གཞི་རིམ་གྱི་བཟང་སྤྱོད་དང་བསམ་བློ་ཡར་རྒྱས་འགྲོ་བ་ལ་ཕན་ཐོགས་མེད་པ་དེ་ཕལ་ཆེར་གཏན་ཁེལ་བ་རེད། དེས་ན་བསླབ་བྱ་བརྒྱབས་ནས་མ་ཉན་ན་བྱ་དགའ་སྤྲད་པའམ་ཉེས་པ་བཏང་བ་དེས་ཕན་ཐོགས་གང་ཡང་མེད། དེ་ནི་འགྲན་བསྡུར་གྱི་ལམ་ནས་འགྲོ་སྟངས་ཤིག་རེད། དེ་ལས་ཁོ་རང་གི་རྒྱུད་མ་ཐུལ་བ་དེ་གང་གི་དབང་གིས་རེད་འདུག རྒྱུ་མཚན་དེ་བརྩད་གཅོད་བྱས་ནས་རྒྱུ་དེ་འགོག་པའི་ཐབས་ཤེས་གནང་ན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག ལར་ནས་ཁ་ནས་བཤད་པ་ནང་བཞིན་ལས་སླ་པོ་མེད། དཀའ་ལས་ཏོག་ཙམ་བརྒྱབ་དགོས་ཀྱི་རེད།
དྲི་བ། ཨཱརྱ་བྷཊྚ་ (Arya Bhatt) དེ་ནང་པ་མིན་པ་དང་། དེ་བཞིན་ནཱལནྡཱ་ (Nalanda) ནས་མིན་པར་ཏཀྵ་ཤི་ལཱ་ (Takshila) ནས་ཡིན་པར་གསུང་མཁན་འདུག དེ་གང་འདྲ་ཡིན་ནམ།
བཀའ་ལན། དྲི་བ་དེ་གལ་ཆེན་པོ་རེད། ཁ་སང་ཡིན་ནམ་ད་ནངས་གང་རུང་ཞིག་ལ་ངས་ཨཱརྱ་བྷཊྚ་སྐོར་ལ་ཞུས་པ་རེད། ད་ལྟའི་གནས་སྐབས་སུ་རྒྱ་གར་ནང་དུ་ཨཱརྱ་བྷཊྚ་ནང་པ་ཡིན་པར་ཁས་ལེན་མཁན་ཧ་ལམ་མེད་པ་ལྟ་བུ་རེད། བཻདྒ་ལོར་ (Bangalore) གྱི་ཚན་རིག་གི་སློབ་གྲྭ་ཆེན་མོ་ཞིག་གི་ནང་ལ་ཨཱརྱ་བྷཊྚའི་འདྲ་སྐུ་ཡོད་རེད། དེ་ནི་བྲམ་ཟེ་ཞིག་གི་ངོ་བོ་ལ་བཞེངས་ཡོད་པ་ལས་རབ་བྱུང་མ་རེད། ཨཱརྱ་བྷཊྚ་རྩིས་དང་ཚན་རིག་གི་མཁས་པ་ཆེན་པོ་ཡིན་སྟབས། ནང་པའི་སྤྱི་ཚོགས་ནས་སློབ་ཚན་དེའི་སྐོར་ལ་དེ་ཙམ་དོ་སྣང་མེད་པའི་དབང་གིས་བརྗེད་སོང་བ་དང་བདག་པོ་རྒྱག་མཁན་མ་བྱུང་བ་རེད། ནང་བསྟན་ཉམས་ནས་རྒྱུན་རིང་པོར་སོང་རྗེས་ཨཱརྱ་བྷཊྚའི་གསུང་རྒྱུན་དེ་ཚོ་རག་ཡོང་དུས་བྲམ་ཟེ་ཞིག་ཡིན་པར་གཞིར་བཞག་གིས་བཤད་བསྡད་པ་ཞིག་རེད། ལྷག་པར་དུ་ཨཱརྱ་བྷཊྚ་བྱུང་བའི་དུས་དེ་བརྒྱ་ཕྲག་ལྔ་པ་དང་དྲུག་པའི་མགོ་སྟོད་ལ་རེད། དེང་སང་གི་བྱུང་རབས་སྨྲ་བ་མང་པོས་ནཱལནྡཱའི་གཙུག་ལག་སློབ་ཁང་དེ་བརྒྱ་ཕྲག་ལྔ་པའི་རྗེས་སུ་བྱུང་བ་ཤོད་ཀྱི་ཡོད་པར་བརྟེན། དུས་རབས་ལྔ་པའི་གོང་དུ་བྱུང་བའི་མཁས་པ་དེ་ཚོ་ནཱལནྡཱའི་མཁས་པའི་གྲས་སུ་མི་བརྩི་བ་ལྟ་བུ་རེད།
ནང་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་དག་ལ་ཉམས་ཞིབ་བྱེད་མཁན་མ་བྱུང་བ་རེད་མ་གཏོགས། ཨཱརྱ་བྷཊྚ་ནང་པའི་མཁས་པ་ཡིན་པ་ནི་སྐབས་དེ་དུས་ཨཱརྱ་བྷཊྚ་ལ་དགག་པ་རྒྱག་མཁན་གྱི་ཕྱི་རོལ་པའི་བསྟན་བཅོས་རྩོམ་མཁན་མང་པོ་བྱུང་བ་རེད། བསྟན་བཅོས་རྩོམ་མཁན་དེ་ཚོས་ཨཱརྱ་བྷཊྚ་ཕྱོགས་སྔ་ལ་བཟུང་ནས་དགག་པ་རྒྱག་པའི་སྐབས་སུ་དགེ་སྦྱོང་མགོ་རེག་ཅེས་ཁ་རྡུང་བཏང་ཡོད་རེད། ཕྱི་རོལ་པས་དགེ་སྦྱོང་མགོ་རེག་ཅེས་ཁ་རྡུང་གཏང་ས་དེ་ནང་པ་ཤ་སྟག་རེད། ནང་པའི་དགེ་འདུན་པ་དེ་ཚོ་དབུ་སྐྲ་བཞར་གྱི་ཡོད་སྟབས་མགོ་རེག་ཅེས་བཤད་པ་རེད། བྲམ་ཟེ་ཚོ་ནི་ངེས་པར་དུ་གཙུག་ཕུད་དེ་འཇོག་དགོས་ཀྱི་ཡོད། སྐབས་དེ་དུས་ཁོ་རང་དང་དུས་མཉམ་པའི་ཕྱི་རོལ་པ་དེ་ཚོས་ཨཱརྱ་བྷཊྚ་ནང་པ་ཡིན་ཤག་བཤད་ཡོད་རེད། བྱུང་རབས་གཞན་པའི་ནང་ལ་ཨཱརྱ་བྷཊྚའི་དུས་དང་། དེ་ལས་སྔ་ཙམ་ནས་སྐར་ཚོགས་བརྟག་དཔྱད་བྱེད་པའི་འཕྲུལ་ཆས་དང་། རྒྱུ་སྐར་ཁང་པ་ (Planetarium ) ཡོད་པ་དང་། ནཱལནྡཱའི་གཙུག་ལག་ཁང་གི་ནང་ལའང་རྒྱུ་སྐར་ཁང་པ་ཆེན་པོ་ཞིག་ཡོད་པའང་གསལ་གྱི་ཡོད་རེད། སྤྱིར་བཏང་ནཱལནྡཱ་དང་ཏཀྵ་ཤི་ལཱ་བར་དུ་ས་ཐག་རྒྱང་ཕད་ཆེན་པོ་ཡིན་ཡང་། གཙུག་ལག་སློབ་ཁང་ཕན་ཚུན་འབྲེལ་བ་དང་རིག་གཞུང་གི་བརྗེ་ལེན་མང་པོ་ཡོད་བཞིན་པ་ཞིག་རེད།
ཨཱརྱ་བྷཊྚ་ནི་ཏཀྵ་ཤི་ལཱ་ལ་ཕེབས་མྱོང་མེད་ཅེས་བཤད་ཁག་པོ་རེད། གཅིག་བྱས་ན་ཕེབས་མྱོང་ཡོད་སྲིད། ཡིན་ཡང་ཨཱརྱ་བྷཊྚ་ནང་པའི་མཁས་པ་ཡིན་པ་དེ་ཡིག་ཆའི་ནང་ལ་དན་རྟགས་ (Literary evidence) རྙེད་རྒྱུ་ཡོད་རེད། དེའི་སྐོར་ལ་འབྲུག་པའི་ཨཱཅཱརྱ་ཞིག་གིས་ཉམས་ཞིབ་བྱས་ནས་དེབ་མཐུག་པོ་ཞིག་བཏོན་ཡོད་རེད། ད་ལྟ་དེ་དཔར་དུ་ཐོན་མི་འདུག དེའི་ནང་ནས་ལུང་དྲངས་ནས་ད་ལྟ་ང་ཚོའི་ཚན་རིག་ཀུན་བཏུས་ནང་དུའང་ཟུར་ཙམ་འཁོད་ཡོད་རེད། ཡིན་ཡང་དེང་སང་ཨཱརྱ་བྷཊྚ་བྲམ་ཟེས་བདག་པོ་བརྒྱབས་ཚར་བ་ལྟ་བུ་ཞིག་རེད། དེ་ལ་ང་ཚོས་རྩོད་པ་རྒྱག་དགོས་པ་མི་འདུག ཨཱརྱ་བྷཊྚའི་སྣང་བརྙན་ཡོད་ས་གང་དུ་ཕྱིན་ཡང་བྲམ་ཟེ་ཞིག་གི་སྣང་བརྙན་མ་གཏོགས་དགེ་སྦྱོང་གི་སྣང་བརྙན་ལ་མེད། དེས་ན་གོང་དུ་ཞུས་པ་བཞིན་ཕྱོགས་སྔ་ལ་དགེ་སྦྱོང་མགོ་རེག་ཅེས་བཀོད་ཡོང་དུས་དེ་ག་རང་རེད།
ན་ལནྡཱ་ཟེར་བ་དེ་གྲོང་གསེབ་ཅིག་རེད། སངས་རྒྱས་མ་བྱོན་པའི་གོང་དུ་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་དེ་ཚོས་ཁོ་རང་ཚོའི་རྒྱལ་ཁབ་ནང་ལ་རྩོད་པ་རྩོད་ནས་རྩོད་པ་ཐོབ་མཁན་རྣམས་ལ་རྒོལ་བའི་ལོངས་སྤྱོད་ཅེས་གཞིས་ཁག་ལྟ་བུ་སྤྲད་པ་ཞིག་རེད། རྗེས་སུ་ཤཱ་རིའི་བུ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་རྗེས་ནཱལནྡཱ་ལ་དགེ་འདུན་གྱི་སྡེ་བཙུགས་པ་རེད། ནཱལནྡཱ་ལ་དགེ་འདུན་གྱི་སྡེ་དེ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་ཡོད་པ་ཞིག་རེད། དགེ་འདུན་གྱི་སྡེ་དེ་རིམ་བཞིན་གཙུག་ལག་སློབ་གཉེར་ཁང་གི་ངོ་བོར་གྱུར་པ་རེད།
ནཱལནྡཱ་དུས་རབས་ལྔ་པའི་རྗེས་སུ་བྱུང་བ་རེད་ཅེས་བཤད་བསྡད་པ་དེ་ད་ལྟ་དངོས་རྫས་རྙིང་པ་ས་འོག་ནས་སྔོག་མཁན་ལ་རག་པའི་ཅ་ལག་གི་ནང་ལ་དུས་རབས་ལྔ་པ་མན་ཆད་མ་གཏོགས་སྔོན་ལ་ཡོད་པ་རག་ཡོད་མ་རེད། མ་མཐོང་ཕྱིར་ན་མེད་པ་མིན།། ཟེར་བ་དེ་ཚང་མ་ལ་སྦྱར་དགོས་རེད། ཁོང་ཚོར་མ་རག་པ་དེ་མེད་པའི་སྒྲུབ་བྱེད་ལ་འགྲོ་གི་མ་རེད། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ནས་ནཱལནྡཱའི་གཙུག་ལག་ཁང་ཡོད་པ་དང་། ནཱལནྡཱའི་གཙུག་ལག་ཁང་མ་བྱུང་བའི་སྔོན་ནས་མཁས་པ་ཚོ་བཞུགས་སའང་ཡིན་པ་རེད། དེ་དུས་རྒྱ་གར་དུ་བྲམ་ཟེ་ཚོའང་རྒྱལ་པོའི་འགྲམ་དུ་ཕྱིན་ནས་རྩོད་པ་རྩོད་པའི་ལམ་སྲོལ་མང་པོ་ཡོད་རེད། རྩོད་པ་ཐོབ་མཁན་ལ་གསོལ་རས་ཤིག་གནང་གི་ཡོད་རེད། དེར་བརྟེན་རྒྱལ་པོའི་ཁབ་ཀྱི་རྒྱལ་བློན་དེ་ཚོས་རྩོད་པ་ཐོབ་ཚད་ལ་རྒོལ་བའི་ལོངས་སྤྱོད་གནང་དགོས་ན་ང་ཚོའི་མི་སེར་རྫོགས་འགྲོ་གི་རེད། དེས་ན་ནཱལནྡཱ་དེ་རྒོལ་བའི་ལོངས་སྤྱོད་ལ་བཞག་ནས་སུ་ཐོབ་ནའང་སྔོན་མ་དེ་ལས་བླངས་ནས་གསར་པ་ཐོབ་མཁན་དེ་ལ་སྤྲད་ན་ཡག་ས་རེད་ཅེས་མི་རབས་ཁ་ཤས་རིང་ལ་ནཱལནྡཱ་དེ་ཤཱ་རིའི་བུའི་སྤོ་ལགས་དེ་ཚོའི་སྐབས་ནས་ཁོང་ཚོ་ལ་བདག་པའི་རྒོལ་བའི་ལོངས་སྤྱོད་ཅིག་རེད། དེའི་སྐབས་ནས་མཁས་པ་འདུ་བའི་གཞི་ཞིག་རེད་ལ། དེ་ནས་ཤཱ་རིའི་བུས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བསྐྲུན་པ་ནས་བཟུང་སློབ་སྦྱོང་བྱ་སའི་གཞི་རྩ་ཞིག་ཆགས་པ་རེད། དེས་ན་ནཱལནྡཱ་ལ་ཨཱརྱ་བྷཊྚ་སྐབས་ནས་རྒྱུ་སྐར་ཁང་ཡོད་པ་དེ་མ་འོངས་པར་བྱུང་རབས་ཀྱི་ཉམས་ཞིབ་བྱེད་མཁན་ཚོས་གཅིག་བྱས་ན་གསལ་པོ་མཐོང་ཐུབ་ཀྱི་རེད་བསམ་གྱི་འདུག སྤྱིར་བཏང་ནས་ནཱལནྡཱའི་ས་ཆ་སྔོག་འདོན་ (Excavation) བྱ་རྒྱུ་དེ་ལྔ་ཟུར་གཅིག་ཙམ་མ་གཏོགས་བསྔོགས་ཐུབ་ཡོད་མ་རེད། དེང་སང་ནཱལནྡཱའི་ཁྱབ་ཁོངས་སུ་གྲོང་གསེབ་ཆགས་བསྡད་པ་སོགས་སྔོག་བདེ་པོ་མེད། གཅིག་བྱས་ན་མ་འོངས་པ་ལ་སྔོག་པའི་གོ་སྐབས་གསར་པ་བྱུང་ན་ནཱལནྡཱའི་གནས་ཚུལ་གསར་པ་མང་པོ་རྙེད་སྲིད་པ་ཞིག་རེད། ཡིན་ཡང་དེང་སང་རྒྱ་གར་གྱི་མི་ཞིག་ལ་དྲིས་པ་ཡིན་ན། ཨཱརྱ་བྷཊྚ་བྲམ་ཟེ་རེེད་ཅེས་ལབ་ཀྱི་རེད་མ་གཏོགས་ནང་པ་རེད་ཅེས་ལབ་ཀྱི་མ་རེད། ཁོ་རང་བྱུང་བའི་དུས་ཚོད་ལ་བལྟས་ནས་ནཱལནྡཱའི་མཁས་པའང་མ་རེད་ཅེས་བཤད་རྒྱུའི་ཉེན་ཁ་ཡོད་རེད། ཡིན་ཡང་ང་ཚོས་རྩོད་དགོས་པ་གང་ཡང་ཡོད་མ་རེད། དེ་ནི་གནད་འགག་ཆེན་པོ་ཞིག་མ་རེད། དེའི་གནས་ཚུལ་མཁྱེན་འདོད་ན་ཨཱརྱ་བྷཊྚས་བརྩམས་པའི་ཨཱརྱ་བྷཊྚཱིཡ་ཞེས་པའི་རིག་པའི་གཞུང་ལུགས་ཤིག་ཡོད་རེད། དེ་བཞིན་ཨཱརྱ་བྷཊྚཱིཡ་ལ་དགག་པ་བརྒྱབས་པའི་རིག་པའི་གཞུང་ལུགས་མང་པོ་ད་ལྟ་ལེགས་སྦྱར་སྐད་ནང་རག་གི་ཡོད་རེད། དེའི་ནང་གཟིགས་ན་ཨཱརྱ་བྷཊྚ་ག་རེ་ཡིན་པ་དེ་མཁྱེན་ཐུབ་པ་ཞིག་རེད།
དྲི་བ། དྲི་བ་གཉིས་ཡོད། དང་པོ་ནི་རྒྱ་གར་གྱི་མཁས་པ་ཇེ་ཀྲྀཥྞམཱུརྟིས་རིག་པ་ཉོབ་ཏོ་དང་འཐོམ་འཐོམ་ཡོང་བའི་རྒྱུ་རྐྱེན་གཞན་ཞིག་ནི་ལད་ཟློས་རེད། སྲོལ་རྒྱུན་གྱིས་ཁྱེད་རང་ལད་ཟློས་ཅན་ཞིག་ཏུ་བཟོས་ཡོད་རེད་ཅེས་གསུངས་འདུག རིན་པོ་ཆེས་སྲོལ་རྒྱུན་གྱི་ཁྱད་ཆོས་གཉིས་པ་དེ་བརྒྱུད་པ་བར་མ་ཆད་ཡིན་པ་གསུངས་སོང་། དེས་ན་སྲོལ་རྒྱུན་གྱིས་ང་ཚོ་ལད་ཟློས་ཅན་ཞིག་ཏུ་བཟོས་ཡོད་མེད་དང་། གཉིས་པ་ནི་སྲོལ་རྒྱུན་གྱི་རིག་གནས་ལ་སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད་དུ་གཞུང་ཚིག་བློ་ལ་བཟུང་བ་དང་སྐྱོར་བའི་ཆེད་དུ་དུས་ཚོད་གཏོང་མི་རུང་བ་ཞིག་ང་རང་གིས་མཐོང་གི་འདུག གང་ཡིན་ཟེར་ན་གདན་ས་ཁག་ཏུ་ཆོས་མཚམས་སྐབས་སུ་གཙོ་བོ་དཔེ་ཆ་སྐྱོར་སྦྱོང་བྱེད་དགོས་ཀྱི་ཡོད་རེད། དེ་དགོས་མཁོ་དང་འཚམས་པའི་སློབ་སྦྱོང་ཞིག་ཆགས་ཡོད་མེད་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན། ཇེ་ཀྲྀཥྞམཱུརྟིའི་ལྟ་གྲུབ་དེས་སྲོལ་རྒྱུན་ཚང་མ་ལ་དགག་པ་གནང་གི་ཡོད་ལ། དེང་རབས་ལའང་དགག་པ་གནང་གི་ཡོད། སྲོལ་རྒྱུན་ཟེར་བ་དེ་ལད་ཟློས་རྐྱང་རྐྱང་མ་རེད། དེ་ནི་བསྐྱར་ལྡབ་ཡང་ལྡབ་བམ་ཟློས་སྐྱོན་ཞིག་རེད་ཅེས་གསུངས། ཁོང་གིས་ཨིན་སྐད་དུ་ Repetitive བེད་སྤྱོད་གནང་ཡོད། དེ་ནི་བསྐྱར་ལྡབ་ཡང་ལྡབ་སྟེ། ང་ཚོས་སྔགས་ཤིག་འདོན་ན་བསྐྱར་ལྡབ་བྱེད་པ་ལྟ་བུ་རེད། ཁོང་གིས་བསྐྱར་ལྡབ་ཡང་ལྡབ་བྱེད་བསྡད་ན་མིའི་བསམ་བློའི་འཆིང་བ་དེ་བཀྲོལ་ཐུབ་ཀྱི་མ་རེད་ཅེས་གསུངས། དེས་ན་ཇེ་ཀྲྀཥྞམཱུརྟིའི་ལྟ་གྲུབ་གཞིར་བཟུང་ན་སྲོལ་རྒྱུན་གང་ཡིན་པ་དེ་མཐའ་གཅིག་ཏུ་མི་འོས་པ་དང་མ་རུང་བ་ཞིག་རེད་ཅེས་དགག་པ་རེད། དེའང་དགག་ཚུལ་དེ་གནས་ཚུལ་ལོགས་ཀ་ཞིག་རེད། ཇེ་ཀྲྀཥྞམཱུརྟིའི་ལྟ་གྲུབ་དེ་ཕྲན་བུ་གཏིང་རིང་པོ་དང་ཅུང་རྙོག་ཁྲ་ཚ་པོ་ཞིག་ཡོད་རེད། ང་ཚོས་ལས་སླ་པོས་དུས་ཚོད་ཐུང་ངུ་ཞིག་ནང་འགྲེལ་བཤད་བརྒྱབ་ཐུབ་ཀྱི་མ་རེད། དེས་ན་ང་ཚོས་ཇེ་ཀྲྀཥྞམཱུརྟི་ཟུར་དུ་བཞག་ན་ཡག་གི་རེད། གལ་སྲིད་དེའི་གནས་ཚུལ་མཁྱེན་འདོད་ཡོད་ན་ཁོང་གི་དེབ་ The Core of the Teachings དང་ (Commentary of Life) Commentaries on Living (The Book of Life) གཉིས་ལ་གཟིགས་ན་མཁྱེན་རྒྱུ་རེད། དེ་མཁྱེན་པ་ཡིན་ན་ཁོང་གིས་སྲོལ་རྒྱུན་ལ་དགག་པ་རྒྱག་སྟངས་དེ་ག་རེ་ཆགས་ཀྱི་འདུག་ཏོག་ཙམ་ཤེས་ཐུབ།
ཁོང་གིས་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་ལ་དགག་པ་རྒྱག་པའི་དམིགས་ཡུལ་ནི་ད་ལྟའི་གནས་སྐབས་སུ་དེ་གཉིས་ཀས་ངར་འཛིན་ལྷན་སྐྱེས་བརྟན་དུ་གཏོང་བའི་གྲོགས་བྱེད་པ་མ་གཏོགས། དེའི་ཞེན་ཡུལ་དབྱུང་བའི་གྲོགས་བྱེད་ཀྱི་མི་འདུག་ཅེས་གསུང་རྒྱུའི་འགྲོས་ཤིག་ཡོད་རེད། དེས་ན་འདིའི་ནང་བསྲེ་ན་ཕན་ཐོགས་མེད།
བརྒྱུད་པ་བར་མ་ཆད་པར་དགོས་ཟེར་བ་དེ་ལད་ཟློས་ཀྱི་སྐད་ཆ་མ་རེད། ཐོག་མར་ཚད་མའི་འབྱུང་ཁུངས་ནས་ཡོང་བ་དེ་ཡང་དག་པ་ཡིན་པ་སྒྲུབ་པའི་ཆེད་དུ་བརྒྱུད་པ་བར་མ་ཆད་པ་དེ་དགོས་ཀྱི་ཡོད། ལྷག་པར་དུ་ལུང་དང་བྱིན་རླབས་ཀྱི་རྒྱུན་ཟེར་བ་དེ་གཅིག་ནས་གཅིག་ཏུ་བརྒྱུད་དགོས་པ་ཞིག་རེད། སྡོམ་པ་ལྟ་བུ་ཡིན་ནའང་སྡོམ་པའི་རྒྱུན་ཆད་སོང་ན་སྡོམ་པ་གསར་དུ་སྐྱེ་རྒྱུ་མེད། དེས་ན་ལད་ཟློས་ཟེར་བ་ནི་དོན་མ་རྟོགས་པར་འདྲ་པོ་བཤད་རྒྱུ་དེ་རེད། དེ་མིན་དོན་གྱི་སྙིང་པོ་བརྒྱུད་ནས་ཡོང་བ་དེ་ལ་ལད་ཟློས་ཟེར་གྱི་མེད།
སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལ་གཞུང་མང་པོ་བློ་ལ་ཟིན་གྱི་ཡོད། དེ་ནི་སྲོལ་རྒྱུན་སློབ་སྦྱོང་གི་ཀ་བ་ལྟ་བུ་རེད། དེས་ག་རེ་བྱེད་ཀྱི་ཡོད་རེད་ཅེ་ན། ང་ཚོའི་སློབ་སྦྱོང་བྱེད་རྒྱུའི་བཀའ་དང་བསྟན་བཅོས་ཀྱི་ཚིག་དོན་ཇི་བཞིན་བློ་ལ་ངེས་ན་སློབ་སྦྱོང་གི་ཡན་ལག་དང་རྒྱས་སྤྲོས་ཚང་མ་ཁ་མི་འཐོར་བར་གནད་འགག་གཅིག་གི་ཐོག་ཏུ་འབབ་པ་དང་། རྩ་བའི་གཞུང་གཅིག་ལ་འཁྲིལ་ནས་སྡོད་པའི་གནས་སྟངས་དེ་ཁྱད་པར་དུ་འཕགས་པ་ཞིག་རེད། ལྷག་པར་དུ་མཛོད་དང་འདུལ་བ་བལྟས་པའི་སྐབས་སུ་མཛོད་རྩ་བ་དང་མདོ་རྩ་བ་བློ་ལ་མེད་ན། དེ་ནི་གཞུང་ཧ་ཅང་གི་ཆེན་མོ་ཡིན་པར་བརྟེན་ང་ཚོས་དྲན་ཡུལ་ལ་བཟུང་ཁག་པོ་རེད། གལ་ཏེ་དྲན་ཡུལ་ལ་ཡོད་པ་ཡིན་ཡང་གྲངས་དང་གོ་རིམ་དང་ས་བཅད་རྣམས་མ་ནོར་བར་བསྡད་རྒྱུར་རྩ་ཚིག་བློ་ལ་ཡོད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། གུང་ཐང་གིས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར།། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།། ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།། ཞེས་རྩ་བ་བཟུང་དགོས་པ་དེ་གལ་ཆེན་པོར་གསུངས་ཡོད། རྩ་བ་སྐྱོར་རྒྱུ་མེད་པ་ཞིག་གིས་རྟགས་བསལ་གཏོང་བའི་དོན་ཚན་དེ་བློ་ལ་ཡོད་པ་ཡིན་ཡང་གཞུང་དེའི་བརྗོད་བྱ་མགོ་ནས་མཇུག་བར་དུ་རྣམ་གྲངས་ཆ་ཚང་བ་ཞིག་དང་གོ་རིམ་བང་འགྲིག་པ་ཞིག་ཡོང་ཐབས་མེད།
དེང་སང་གཞུང་ཆེན་སློབ་སྦྱོང་བྱེད་མཁན་རྣམས་ལ་སྐྱོན་ཆ་ཞིག་གང་ཡོད་ཅེ་ན། རྩ་བ་དང་མཉམ་དུ་མ་བསྡད་པར་རྩ་བ་ཐག་རིང་པོར་ཕྱིན་པ་དེས་སྐྱོན་ཆེན་པོ་ཞིག་ཆགས་ཡོད། དེ་ཡང་ཕར་ཕྱིན་ཆ་ཚང་བལྟས་ཟིན་ནའང་མངོན་རྟོགས་རྒྱན་ལ་ཚིག་འགྲེལ་རྒྱག་མི་ཐུབ་མཁན་མང་པོ་ཡོང་སྲིད། ང་ཚོས་དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་སྤྱི་དོན་དང་མཐའ་དཔྱོད་ནང་ལྟ་མཁན་ཚོས་རྩ་ཚིག་གང་ནས་དྲངས་པ་ཧ་མ་གོ་བ་མང་པོ་རེད། དེ་ནི་ང་ཚོའི་སློབ་སྦྱོང་བྱེད་སྟངས་ཀྱི་སྐྱོན་ཞིག་རེད། དེ་ནི་སྲོལ་རྒྱུན་མིན་རུང་། བར་ལམ་སྲོལ་རྒྱུན་ལ་ལྷད་ཞུགས་པའི་གནས་སྟངས་ཤིག་རེད། གུང་ཐང་འཇམ་དཔལ་དབྱངས་ཀྱིས་འགྲེལ་པ་དོན་གསལ་ཐུགས་ལ་ཟིན་པ་ཡིན་གསུངས་འདུག དེའི་རྗེས་སུ་རྩ་བ་མངོན་རྟོགས་རྒྱན་དང་། འགྲེལ་པ་དོན་གསལ། དེའི་འགྲེལ་པ་ལེགས་བཤད་གསེར་ཕྲེང་གསུམ་སྦྱར་ནས་ཞིབ་ཚགས་པོས་སློབ་སྦྱོང་གནང་བའི་མཇུག་འབྲས་སུ་རྒྱུན་དུ་འགྲེལ་པ་དོན་གསལ་ཚར་རེ་བློ་ནས་སྐྱོར་སྐབས་རྩ་བ་དང་གསེར་འཕྲེང་གི་དོན་ཡོངས་སུ་རྫོགས་པ་བང་འགྲིག་པོས་ཐེངས་གཅིག་ལ་ཤར་སྒོམ་འགྲོ་ཚུལ་གསུངས་ཡོད། དེ་དངོས་གནས་ངོ་མཚར་ཆེན་པོ་རེད།
འགྲེལ་པ་དོན་གསལ་ཐུགས་ལ་སྐྱོར་རྒྱུ་མེད་ན་གསེར་ཕྲེང་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས་ཟིན་ཐུབ་ཐབས་མེད། རྩ་བ་ནི་བསྡུས་བསྡུས་རེད། དེས་ན་རྩ་བ་མངོན་རྟོགས་རྒྱན་དང་དེའི་རྒྱ་ཆེར་འགྲེལ་གསེར་ཕྲེང་གཉིས་ཀྱི་དོན་ཡོངས་སུ་རྫོགས་པ་རྒྱས་བསྡུས་འཚམས་པའི་འགྲེལ་པ་དོན་གསལ་གཉིས་ཚིག་དོན་སྦྱར་ནས་ཤར་སྒོམ་གནང་དུས་དངོས་བརྒྱད་དོན་བདུན་ཅུའི་དོན་ཡོངས་སུ་རྫོགས་པ་མངོན་རྟོགས་རྒྱན་ཀྱི་རྩ་བ་ལ་འཁྲིལ་ནས་ཕེབས་ཐུབ་ཀྱི་ཡོད་རེད། གལ་ཏེ་དོན་དག་རྡོག་རྡོག་སློབ་སྦྱོང་བྱས་ནས་འགྲིག་གི་ཡོད་ན། རྗེ་བཙུན་བྱམས་མགོན་གྱིས་ཀྱང་མངོན་རྟོགས་རྒྱན་མཛད་དགོས་པ་མེད། སེམས་བསྐྱེད་ཀྱི་མཚན་ཉིད་དང་གདམས་ངག་གི་མཚན་ཉིད་བཞག་ནས་ཕེབས་ན་འགྲིགས་ཀྱི་ཡོད། གཞུང་གི་སྒྲོམ་གཞི་དང་གུང་བསྒྲིགས་ནས་འགྲོ་རྒྱུ་དེ་གཞུང་ཆེན་མོ་སློབ་གཉེར་བྱེད་པ་ལ་མེད་དུ་མི་རུང་བ་རེད། དེར་བརྟེན་རྩ་བ་དང་། བསྡོམས་དང་། སྤྱི་དོན་ལ་སོགས་པ་བློ་ལ་ཡོད་ན་གཞུང་ལུགས་སློབ་གཉེར་ལ་ཧ་ཅང་ཕན་ཐོགས་ཡོད་རེད་བསམ་གྱི་འདུག
དྲི་བ། ང་ཚོ་སློབ་ཕྲུག་ཡིན་ཙང་ཤེས་བྱ་རིག་གནས་མང་པོ་ཞིག་ལ་སྦྱང་རྒྱུ་ཡོད་རེད། སློབ་སྦྱོང་ཡག་པོ་སྦྱང་དགོས་བསམས་དུས་གློ་བུར་དུ་ང་ཚོའི་སེམས་པ་གཡེང་འགྲོ་གི་འདུག དེས་ན་སེམས་པ་དེ་མ་གཡེང་བ་དང་། ཨིན་སྐད་ཐོག་ཞུས་ན་ Concentration Power ཡག་པོ་ཡོང་བའི་ཐབས་ལམ་གང་ཡོད་དམ།
བཀའ་ལན། སློབ་སྦྱོང་བྱེད་པའི་སྐབས་སུ་སེམས་རྩེ་གཅིག་པ་མི་ཡོང་བ་དེ་འགལ་རྐྱེན་ཆེ་ཤོས་ཡིན་པ་ད་ལྟ་དྲི་བ་གནང་མཁན་གྱིས་གསུངས་པ་ལྟར་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། ལྷག་པར་དུ་དེང་སང་ཕྱིའི་འདུ་འཛི་ཧ་ཅང་འཁྲུག་པོ་ཞིག་ཡོད་པའི་སྐབས་སུ་སེམས་དེ་དོན་གཅིག་ལ་དམིགས་པ་གཏད་ནས་འགྲོ་ཐུབ་པའི་ནུས་པ་དེ་ང་རང་ཚོ་རྒྱུན་སྤྱོད་ཀྱི་ཐོག་ནས་ཧ་ཅང་ཉམས་བསྡད་ཡོད་རེད། དེ་ཡོང་ཐུབ་པའི་ཐབས་ཤེས་གང་ཡོད་ཅེས་གསུངས་པ་ལ་ལམ་སེང་མགྱོགས་ལམ་འདི་འདྲ་ཡོད་ཅེས་ལན་བརྒྱབ་རྒྱུ་ཁག་པོ་རེད། སོ་སོས་བློ་རྩེ་གཅིག་པ་མེད་པ་དེ་ངོ་ཤེས་པའི་ཐོག་ནས་དེ་སློབ་སྦྱོང་གི་ཐོག་ཏུ་འཁྲིད་པའི་དོན་དུ་དངོས་གནས་བྱས་ན་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པའི་ཞི་གནས་ཀྱི་སྦྱོང་བརྡར་ཕྲན་བུ་བྱེད་ཐུབ་ན་ཕན་ཐོགས་ཡོད་རེད། དེས་ཞི་གནས་མ་ཐོབ་པ་ཡིན་ཡང་སེམས་གནས་དང་མཚུངས་པའི་སེམས་ཕྲན་བུ་དམིགས་པ་ལ་བསྡད་ཐུབ་པའི་ཁྱད་པར་ཡོང་རྒྱུ་རེད།
སྦྱོང་བརྡར་བྱེད་སྟངས་དེའང་ཞི་གནས་སྒོམ་པ་ལྟ་བུ་ཉིན་རེར་ཆུ་ཚོད་ཕྱེད་ཙམ་དབུགས་འབྱུང་རྔུབ་ལ་སེམས་གཏད་པ་དང་། ཡང་ན་ལུས་ཀྱི་ཚོར་བ་ལ་སེམས་གཏད་པ་སོགས་གནང་ན་ཡག་པོ་ཡོད་རེད། དེང་སང་རྒྱ་གར་ནང་སྐུ་གཤེགས་ཨཱཅཱརྱ་སཏྱ་ནཱརཱཡཎ་གོཡནཀཱ་ (Acharya Satya Narayan Goenka) མཆོག་གིས་འབར་མའི་དགེ་སློང་ཞིག་གིས་གསར་གཏོད་བྱས་པའི་ལྷག་མཐོང་ (Vipassana) ཞེས་པ་དེ་ཉི་མ་བཅུ་ལ་སྒོམ་པའི་ལམ་སྲོལ་ཞིག་ཡོད་རེད། ཉི་མ་བཅུའི་ཐོག་མར་དབུགས་འབྱུང་རྔུབ་སྒོམ་གྱི་རེད། དེ་ནས་ལུས་དྲན་པ་ཉེར་བཞག་དང་ཚོར་བ་དྲན་པ་ཉེར་བཞག་སྒོམ་གྱི་རེད། དེ་གསུམ་ཉི་མ་བཅུ་ལ་སྒོམ་པ་ཡིན་ན་ཕྲན་བུ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པའི་ནུས་པ་དེ་གང་ལ་གང་ཙམ་ཡག་ཏུ་འགྲོ་གི་འདུག་ཅེས་མི་ཚོས་བཤད་ཀྱི་འདུག ང་ནི་འགྲོ་མྱོང་མེད། འོན་ཀྱང་གོཡནཀཱ་ཞལ་བཞུགས་སྐབས་སུ་ངེད་གཉིས་ཉེ་པོ་རེད་ལ། གྲོགས་པོའང་རེད། ཁོང་གི་གསུང་བཤད་ཚར་མང་པོ་ཉན་མྱོང་ཡོད། སྤྱིར་བཏང་ཞི་གནས་ཟེར་བ་དེ་ཉི་མ་བཅུ་ལ་བསྒོམས་ནས་ཐོབ་ཐབས་མེད་ལ། ལྷག་མཐོང་ནི་དེ་བས་ག་ལ་ཡོད།
ཡིན་ནའང་གོཡནཀཱའི་དགེ་རྒན་ས་ཡ་གི་ཨུ་བ་ཁིན་ (Sayagyi U Ba Khin) གྱིས་ཉི་མ་བཅུའི་ལམ་སྲོལ་དེ་བཟོས་པ་ལ་བརྟེན་ནས་མི་མང་པོ་ལ་ཕན་ཐོགས་བྱུང་བ་རེད། ཉི་མ་བཅུ་ཛ་དྲག་གི་ཐོག་ནས་སྦྱོང་བརྡར་བྱས་པ་དེས་རྗེས་སུ་མུ་མཐུད་ནས་སོ་སོས་སྒོམ་ཐུབ་པའི་ལམ་ཕྱོགས་ཤིག་རྙེད་ཀྱི་ཡོད་རེད། དེ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་ཕན་ཐོགས་ཡོད་རེད། ང་ཚོ་བོད་པས་ཞི་ལྷག་སྒོམ་པའི་ལམ་སྲོལ་དེ་ཉི་མ་ཉུང་ཉུང་ཞིག་གི་ནང་དང་། ལྷག་པར་དུ་སློབ་ཕྲུག་སོགས་ལ་འཚམས་པའི་ལམ་སྲོལ་ཞིག་ད་ལྟ་གཏོད་མི་འདུག གལ་ཏེ་གཏོད་པ་ཡིན་ན་ཕན་ཐོགས་ཡོང་མདོག་ཁ་པོ་རེད་བསམ་གྱི་འདུག
ནུབ་ཕྱོགས་པའི་སློབ་དཔོན་ཁ་ཤས་ཤིག་གིས་ Mindful Training ཟེར་བའི་སློབ་ཚན་ཞིག་བཟོས་ཡོད། དེ་ཉི་མ་ཉུང་ཉུང་ཞིག་ཡིན་པ་བཤད་ཀྱི་འདུག དེ་ནི་ཡིན་རྒྱུ་ནང་པའི་སྒོམ་རྒྱག་སྟངས་ལས་བླངས་པ་ཡིན་རུང། དེང་རབས་ཀྱི་མི་ཚོ་ལ་འཕྲོད་པོ་ཡོད་ཚོད་འདུག། དེས་ན་ Mindful Training གནང་ན་དེའི་ཐོག་ནས་སྟབས་བདེ་པོས་ཕན་ཐོགས་ཡོང་སྲིད། ང་ཚོ་བོད་བརྒྱུད་ཀྱི་ཞི་ལྷག་གི་སྒོམ་རྒྱག་སྟངས་ནི་ཅུང་ཁ་ཐོར་བ་དང་རྒྱ་ཆེན་པོ་ཡིན་སྟབས། སློབ་ཕྲུག་ཚོར་ལམ་སེང་ཕན་ཐོགས་ཡོད་པ་ཞིག་ཁག་པོ་རེད་བསམ་གྱི་འདུག Mindfulness ཞེས་བཤད་བསྡད་པ་དེའི་ནང་གང་ཡོད་ཅེ་ན། ང་ཚོས་ནམ་རྒྱུན་ཞི་གནས་སྒོམ་པའི་སྐབས་སུ་བེད་སྤྱོད་གཏོང་བའི་དྲན་པ་དང་ཤེས་བཞིན་གཉིས་པོ་དེ་ལས་དང་པོ་བས་སྦྱང་ཐུབ་ཚུལ་དམིགས་ཀྱིས་བཀར་ནས་བཤད་ཡོད། དེ་ནི་བྱིང་རྒོད་གང་འདྲ་ཞིག་གི་སྐྱོན་བྱུང་ནའང་དྲན་པས་ངོས་བཟུང་བ་དང་། ཤེས་བཞིན་གྱིས་ཁ་གཏད་གཅོག་ནས་བསྐྱར་དུ་དམིགས་པ་ལ་བཀུག་ཡོང་བ་ཞིག་རེད། ད་ལྟ་དྲི་བ་འདིའི་ལན་འདི་འདྲ་བྱེད་དགོས་ཞེས་བཤད་ན་ཆ་ཚང་བ་ཞིག་ཡོང་གི་མ་རེད།
དེས་ན་ Mindful Training Course དེ་འདྲ་དྲྭ་རྒྱའི་ནང་ནས་ཏན་ཏན་རག་གི་རེད། གཅིག་བྱས་ན་དེས་ཕན་ཐོགས་ཡོང་གི་རེད། དེ་མིན་ཁྱེད་རང་ཚོ་ཐག་ཉེ་ས་བཻངྒལོར་ (Bangalore) ལ་ལྷག་མཐོང་སྒོམ་སྒྲུབ་ཁང་ (Vipassana Center) ཡོད་རེད། དེའི་ནང་ཉི་མ་བཅུ་སྒོམ་དུ་ཕྱིན་ན་རྗེས་སུ་དྲན་ཤེས་ཡག་ཏུ་འགྲོ་ཐབས་ལ་ཕན་ཐོགས་ཡོང་གི་རེད། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཞི་གནས་བསྒོམ་རྒྱུ་དེ་ཁག་པོ་ཡིན་རུང་། མཁས་པ་དེ་འདྲ་ལ་དེའི་སྔོན་འགྲོ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཐབས་ལ་དྲན་པ་དང་ཤེས་བཞིན་བསྟེན་སྟངས་ཐོག་བཀའ་སློབ་ཞུ་ཐུབ་ན་ཕན་ཐོགས་ཡོང་རྒྱུ་རེད། ཐུགས་རྗེ་ཆེ། ཞེས་གསུངས།།
(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤ དང་ ༡༥ ཉིན་གཉིས་ལ་ཚོགས་ཐེངས་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་སྲོལ་རྒྱུན་དང་དེང་རབས་སྐོར་གསུང་བཤད་གནང་བ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཕྲུག་སྐོར་ཡིན། གསུང་བཤད་ཡིག་འབེབས་པ་ནི་སེར་བྱེས་ཧ་གདོང་ཁམས་ཚན་གྱི་བློ་བཟང་མཁས་མཆོག་ཡིན།)