༈ ཚོགས་ཐེངས་གསུམ་པ། སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན།
(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༥) སྔ་དྲོ།༄༅།། ཁ་སང་ཚོགས་ཐེངས་གཉིས་ནང་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་ཞེས་པའི་བརྗོད་གཞི་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཐབས་ལམ་ཞེས་པའི་བརྗོད་གཞི་གཉིས་པོ་མདོར་བསྡུས་ཤིག་སོང་ཁུལ་རེད། ཡིན་ཡང་དུས་ཚོད་ཕྲན་བུ་ཐུང་དྲགས་པར་བརྟེན། ཁ་སང་གི་བརྗོད་གཞི་གཉིས་པོ་དེ་ཆ་ཚང་པོ་ཞིག་བྱུང་མ་སོང་། སྤྱིར་བཏང་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་བའམ་མི་འདྲ་བའི་ཁྱད་པར་དེ་གསལ་པོ་མཁྱེན་ན་སློབ་གསོ་ནི་དེའི་ཡན་ལག་ཡིན་པས་དེ་མཁྱེན་པ་ལ་དཀའ་ངལ་ཡོང་གི་མ་རེད། དེར་བརྟེན་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་བཤད་རྒྱུའི་སྐོར་ལ་དུས་ཚོད་མང་བ་བཏང་བ་རེད། དེས་ན་སློབ་ཁྲིད་ཐབས་ལམ་སྐོར་ལ་ཁ་སང་འཕྲོ་ནས་ཅུང་ཟད་དང་། དེ་ནས་དེ་རིང་ཚོགས་ཐེངས་གཉིས་ཀྱི་བརྗོད་གཞི་མདོར་བསྡུས་ཤིག་འགྲོ་ཨེ་ཐུབ་བལྟ་རྒྱུ་ཡིན།
ཁ་སང་ངས་ཞུས་པ་དེ་དག་ཁྱེད་རང་ཚོས་ཡག་པོ་གསན་ཡོད་ན་ཕལ་ཆེར་ཁྱེད་རང་ཚོའི་ཚོར་སྣང་ལ་སྲོལ་རྒྱུན་གང་ཡིན་པ་དེ་ཡང་དག་པ་དང་ལེགས་པ་ཤ་སྟག་དང་། དེང་རབས་གང་ཡིན་པ་དེ་སྐྱོན་དང་ཉེས་པའི་ཆ་ཡིན་པ་ཞིག་བཤད་སོང་བསམ་པའི་ཐུགས་སྣང་བྱུང་ཡོད་ཀྱི་རེད། གལ་ཏེ་ཐུགས་སྣང་དེ་འདྲ་བྱུང་ཡོད་ན་དེ་རང་ཏག་ཏག་རེད། ང་ཚོའི་བསམ་ཚུལ་ནང་ལ་དེང་རབས་ཡིན་ཕྱིན་ཆད་སྐྱོན་ཡོད་པ་དང་། གལ་ཏེ་ཁ་ཐུག་ལ་སྐྱོན་མེད་པ་མཐོང་ཡང་ཕུགས་ལ་སྐྱོན་མེད་པ་ཧ་ལམ་མེད། དེས་ན་དེང་རབས་ཀྱི་དགེ་མཚན་ཤོད་མཁན་དེ་ཚོའི་སྙན་ལ་ང་ཚོའི་སྐད་ཆ་དེ་འགྲོ་ཐབས་ཡོད་མ་རེད། ཡིན་ཡང་ང་རང་ཚོའི་མཐོང་ཚུལ་དེ་སོ་སོའི་རང་དབང་གི་མཐོང་ཚུལ་ཡིན་པས་དེ་གསལ་པོ་ཤོད་དགོས་པ་ནི་ཐོབ་ཐང་ཙམ་དུ་མ་ཟད། ལས་འགན་ཞིག་ཡིན་པའང་ངོས་འཛིན་བྱེད་ཀྱི་ཡོད།
ནད་གཞི་ཚབས་ཆེ་ཡོད་པའི་ནད་པ་ཞིག་ལ་སྨན་བཅོས་བྱེད་དགོས་ཞེས་མ་བཤད་ན་ནད་པ་དེ་ལ་བརྩེ་བ་མེད་པ་ཆགས་ཀྱི་རེད། གལ་ཏེ་བཤད་ནས་ནད་པས་མ་ཉན་ནའང་ང་ཚོའི་ལན་འགན་དེ་གྲུབ་པ་རེད། དེས་ན་སྤྱི་ཡོངས་ཀྱི་ཆ་ནས་བཤདན། དེང་རབས་ཀྱི་ནང་དུ་ཡོད་པའི་བྱ་བ་དང་། དངོས་པོ་དང་། རྫས་དང་། བྱེད་ལས་གང་འདྲ་ཞིག་ཡིན་ཡང་འཕྲལ་ཕུགས་གཉིས་ཀ་ལ་སྐྱོན་ཡོད་པའམ། ཡང་ན་ཕུགས་ལ་སྐྱོན་ཡོད་པ་མ་གཏོགས། དགེ་བའི་དངོས་པོ་གང་ཡང་མེད་བསམ་གྱི་ཡོད། ལྷག་པར་དུ་དེའི་ནང་གི་འཕྲུལ་ལས་ཀྱི་ཆར་གཏོགས་པ་དང་། ཚན་རིག་གི་ཆར་གཏོགས་པ་དེ་དག་ལ་དེང་སང་མི་མང་ཆེ་བའི་བསམ་ཚུལ་ལ་གང་ཡོད་ཅེ་ན། ཚན་རིག་དང་འཕྲུལ་ལས་ནི་ལུང་མ་བསྟན་ནམ་བཏང་སྙོམས་ཤིག་ཡིན་པར་བསམ་གྱི་ཡོད། གལ་ཏེ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་ཡོད་པ་དང་། བེད་སྤྱོད་ལོག་པ་བཏང་ན་སྐྱོན་ཡོད་པ་མ་གཏོགས། ཁོ་རང་ངོ་བོའི་ཆ་ནས་སྐྱོན་ཡོད་པ་ཞིག་ལ་བརྩི་གི་མེད། ང་ཚོས་ཀྱང་དེང་རབས་ཀྱི་འཕྲུལ་ཆས་མང་པོ་བེད་སྤྱོད་གཏོང་གི་ཡོད། ད་ལྟ་ང་ཚོ་བགྲོ་གླེང་བྱེད་བཞིན་པའི་གནས་སྐབས་འདི་ལའང་སྐད་ཤུགས་ཆེ་རུ་འགྲོ་བའི་རྒྱང་གྲགས་ཀྱང་འཕྲུལ་ཆས་རེད། སྒྲ་འཛིན་འཁོར་ལོའི་ནང་ལ་བཅུག་པ་དེའང་འཕྲུལ་ཆས་ལ་བརྟེན་པ་རེད། དེ་བཞིན་མི་མང་པོས་མཐོང་ཐུབ་པའི་དྲྭ་རྒྱའི་བརྒྱུད་ནས་ཐད་གཏོང་དེ་ཡང་འཕྲུལ་ཆས་ལ་བརྟེན་པ་རེད། དེ་ནི་ཧ་ཅང་ཡག་པོ་དང་ཕན་ཐོགས་ཆེན་པོ་ཡིན་པ་བསམ་གྱི་ཡོད་ལ། ཕན་ཐོགས་ཆེན་པོ་ཡོད་ཀྱང་སྲིད།
ང་ཚོས་མཚུངས་བསྡུར་ཞིག་བྱས་ན། སྔོན་མ་འདི་འདྲའི་འཕྲུལ་ཆས་གང་ཡང་མེད་པའི་སྐབས་སུ་བླ་མ་རེ་རེས་སློབ་མ་སྟོང་ཕྲག་མང་པོ་ལ་གསུང་ཆོས་དང་ཕྱག་དཔེ་ཁྲིད་གནང་གི་ཡོད་ཀྱང་། རྒྱང་གྲགས་མེད་སྟབས་གོ་མ་སོང་ཟེར་བ་ཞིག་ངས་ནི་གོ་མ་མྱོང་། སྤྱིར་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ཡན་ལག་དྲུག་ཅུའི་ནང་དུ་ཉེ་བར་གནས་ལ་ཆེ་བ་མ་ཡིན་པ། རིང་བར་གནས་ལ་ཆུང་བར་མ་ཡིན་པར། རིང་ཐུང་གང་དུ་གནས་ནའང་གོ་ཐུབ་པར་བཤད་པ་དེ་སྙན་ངག་མཁན་གྱིས་འུད་ཀྱིས་བཤད་པ་མིན་ལ། དེ་ནི་དངོས་ཡོད་ཀྱི་གནས་སྟངས་ལ་ཡོད་པ་རེད། དེའི་སྐབས་ཀྱི་མིའི་སེམས་ཀྱི་ཚོར་སྣང་དང་བླ་སློབ་དབར་གྱི་གོ་བརྡ་འཕྲོད་སྟངས་དེ་དེང་སང་འཕྲུལ་ཆས་ཡོད་པའི་སྐབས་ལས་བཟང་བ་མ་གཏོགས་ཞན་པ་རྩ་བ་ནས་མེད། ད་ལྟ་འཕྲུལ་ཆས་ཀྱིས་ཐག་རིང་པོར་མཐོང་ཐུབ་པ་དང་གོ་ཐུབ་པ་གཉིས་ཀ་ཡོད་ཀྱང་། དེས་ཕན་ཐོགས་ག་ཚོད་ཡོད་མེད་བཤད་ཁག་པོ་རེད། སྤྱིར་བཏང་ནས་ཐག་རིང་པོར་མཐོང་ཐུབ་པ་དེ་ངོ་མཚར་ཆེ་བ་གང་ཡང་མེད། དཔལ་ལྡན་ཆོས་གྲགས་ཀྱིས། རིང་པོར་མཐོང་བའམ་མིན་ཡང་རུང་།། ཞེས་ཐག་རིང་པོར་མ་མཐོང་ཡང་སྐྱོན་མེད་པ་དང་། གལ་ཏེ་རིང་མཐོང་ཚད་ཡིན་ན།། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས།། ཞེས་གསུངས་ཏེ། བྱ་རྒོད་ཀྱིས་ཧ་ཅང་ཐག་རིང་པོ་ནས་ཤ་གང་དུ་ཡོད་པ་མཐོང་ཐུབ་ཀྱང་། དེ་ལ་དགེ་མཚན་ཆེན་པོ་མེད། གང་ལྟར་ཕན་ཚུན་བགྲོ་གླེང་བྱས་པའི་མཐའ་མ་ལ་ཉན་མཁན་གྱི་བསམ་བློའི་ནང་ལ་ཡར་རྒྱས་ག་ཚོད་ཡོང་མིན་ནི་ཚད་འཇོག་ས་གཙོ་བོ་དེ་རེད།
ང་ཚོས་རྒྱུག་པ་ལེབ་རྡུང་གི་སྒོ་ནས་དེང་རབས་ཚང་མ་སྡུག་ཅག་རེད་ཟེར་དུས་བློ་ཡུལ་དུ་མི་ཤོང་བ་དང་། གྲོད་ཁོག་ནང་ལ་མི་འཇུ་བ་ལྟ་བུ་ཡོད་སྲིད། འོན་ཀྱང་དེ་ནི་ང་ཚོ་རྐྱང་རྐྱང་གིས་བཤད་ཀྱི་མེད། ནུབ་ཕྱོགས་པའི་མཁས་པ་མང་པོས་ལོ་བརྒྱ་ཕྲག་གཅིག་དང་ཕྱེད་ཀྱི་སྔོན་ནས་གསུང་གི་ཡོད་རེད། རྒྱ་གར་ནང་ལ་ཆ་མཚོན་ན། ཐོག་མར་གསུང་མཁན་དེ་བདག་ཉིད་ཆེན་པོ་གཱཾདྷཱི་རེད། ཁོང་གིས་ཕྱི་ལོ་ ༡༩༠༩ ལོར་རྒྱ་གར་རང་དབང་ (Hindi Swaraj) ཞེས་པའི་བསྟན་བཅོས་གྲགས་ཅན་དེ་བརྩམས་པའི་སྐབས་སུ་ཤར་གླིང་གི་ཡུལ་གྲུ་ཁག་གི་ནང་དེང་རབས་ལ་བསྟོད་བསྔགས་གཏོང་མཁན་དང་། དེང་རབས་ལ་རྗེས་སུ་ཡི་རངས་བྱེད་མཁན། དེང་རབས་སུ་བསྒྱུར་བ་ལ་བྲེལ་བ་དང་དངངས་འཚབ་ཡོད་མཁན་ཤ་སྟག་མ་གཏོགས། དེང་རབས་ལ་སྐྱོན་བརྗོད་མཁན་ཧ་ལམ་གཅིག་ཀྱང་མེད་པའི་སྐབས་རེད། དེ་དུས་དེང་རབས་ཟེར་བ་དེ་ཧ་ཅང་རྩ་ཆེན་པོ་དང་། ལྷག་པར་དུ་ཚན་རིག་དང་འཕྲུལ་ལས་ནི་འགྲོ་བ་མིའི་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་ཁུངས་ཀྱི་རྩ་བ་ལ་ཆ་འཇོག་བྱེད་པའི་སྐབས་རེད། བདག་ཉིད་ཆེན་པོ་གཱཾདྷཱིས་སྐབས་དེར་རྒྱ་གར་རང་དབང་ལྗགས་རྩོམ་གནང་ནས་མི་ཚང་མ་འདྲོགས་དགོས་པ་བཟོས་པ་རེད། ཇབཱཧར་ལཱལ་ནེཧརཱུས་ (Jawahar Lal Nehru) ངས་དེབ་དེ་ཐོག་མ་ཀློག་དུས་ནས་འདི་རྩ་བ་ནས་ཁས་ལེན་ཐུབ་པ་མི་འདུག་བསམས་སོང་། ད་ཆ་དེབ་དེ་བྲིས་ནས་ལོ་ཉི་ཤུ་རྩ་གྲངས་སོང་ཟིན་ཅིང་། དེང་རབས་ཀྱི་ཡར་རྒྱས་མདུན་བསྐྱོད་རླབས་ཆེན་ཕྱིན་ཟིན་པས། དེབ་དེའི་ཚིག་གཅིག་ཀྱང་དངོས་དོན་དང་འཚམས་པ་མེད་ཅེས་བྲིས་ཡོད་ཀྱང་། ད་ལྟའི་གནས་སྐབས་སུ་རྒྱ་གར་རང་དབང་ཞེས་པའི་དེབ་དེའི་ནང་ལ་ཡོད་པའི་ཚིག་རེ་རེ་བཞིན་རྭ་འཕྲོད་ཡོང་བ་དང་། འགྲོ་བ་མིས་མངོན་སུམ་གྱི་སྤྱོད་ཡུལ་ལ་སླེབས་ཡོང་གི་ཡོད།
སྐབས་དེར་བློ་ཡུལ་ལ་མི་ཤོང་མཁན་རྣམས་ཁག་ཡོད་མ་རེད། དཔེར་ན། གཱཾདྷཱིས་དེང་རབས་ལ་དགག་པ་གནང་བའི་སྐབས་སུ་ཁོང་གིས་གནས་ཚུལ་དེ་ཚོ་མཁྱེན་རྟོགས་ཡོང་བའི་གཞི་རྩ་དེ་ནུབ་ཕྱོགས་ཀྱི་མཁས་པ་ཤ་སྟག་ལས་བྱུང་བ་རེད། ངས་གོང་དུ་ཞུས་པ་བཞིན་རྒྱ་གར་གཙོ་བོར་གྱུར་པའི་ཤར་གླིང་ཁག་གི་ནང་ལ་མཁས་བླུན་སུས་ཀྱང་གཱཾདྷཱིའི་སྔོན་དུ་དེང་རབས་ལ་སྐྱོན་བརྗོད་བྱེད་མཁན་བྱུང་མེད།
གཱཾདྷཱིའི་རྒྱབ་ཏུ་གཙོ་བོ་སུ་ཡོད་ཅེ་ན། ལིའོ་ཊོལ་སི་ཊོ་ཡེ་ (Leo Tolstoy) ནི་གལ་ཆེ་ཤོས་ཤིག་རེད། ཁོང་གཱཾདྷཱི་ལས་བགྲེས་པའི་ཡེ་ཤུའི་ཆོས་དཔོན་ཞིག་རེད། ཁོང་དང་གཱཾདྷཱིའི་དབར་ཡིག་འགྲུལ་མང་པོ་བྱུང་ཡོད།
དེ་བཞིན་གཱཾདྷཱིའི་སྐབས་སུ་འདས་ཟིན་པའི་ཡོ་རོབ་ཀྱི་མཁས་པ་ཀར་པན་ཊར་ (Carpenter) ཞུ་བ་ཞིག་བྱུང་ཞིང་། ཁོང་གིས་སྤྱི་ཚོགས་དཔལ་ཡོན་གྱི་རྒྱུ་རྐྱེན་དང་བཅོས་ཐབས་ (Civilization, Its Cause and Cure) ཞེས་པའི་དེབ་ཅིག་བྲིས་ཤིང་། དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་དེ་ནད་ཞིག་ལ་ཆ་བཞག་ནས་དེ་ལས་ཐར་བའི་ཐབས་ལམ་རྣམས་བསྟན་ཡོད།
དེ་ནས་ཊེ་ལར་ (Taylor) ཟེར་བ་དེ་རེད། ཁོང་གིས་མགྱོགས་ཚད་ཀྱི་འཁྲུལ་སྣང་ (The Fallacy of Speed) ཞེས་པ་བརྩམས་ཏེ། དེང་རབས་དེ་ཕྱོགས་གཅིག་ནས་བལྟས་ན་མགྱོགས་ཚད་དེ་ཡིན་ཞིང་། ལས་ཀ་བྱས་ནའང་མགྱོགས་པོ་ཚར་དགོས་པ་དང་། ཕྱིན་པ་ཡིན་ནའང་མགྱོགས་པོ་སླེབས་དགོས་པ། གང་ལྟར་གང་ཡིན་ཡང་མགྱོགས་པོ་ཞིག་དགོས་པ་དང་། གལ་ཏེ་མགྱོགས་པོ་ཚར་ན་དེ་ནི་འཇོན་པོ་ (Efficiency) ཡིན་པ། དཔེར་ན། ལེ་དབར་བརྒྱ་ཕྲག་ལྔ་ཙམ་ཡོད་པའི་རྒྱང་ཐག་ལ་མེ་འཁོར་ནང་སོང་ན་ག་དུས་སླེབས་པ་དང་། གནམ་གྲུའི་ནང་སོང་ན་ག་དུས་སླེབས་པ། མེ་ཤུགས་འཕུར་མདའི་ནང་སོང་ན་ག་དུས་སླེབས་པ་སོགས་ཇི་ཙམ་གྱིས་མགྱོགས་པ་དེ་དེང་རབས་ཚ་བ་ལ་བརྩི་གི་ཡོད། འོན་ཀྱང་དེའི་རྒྱབ་ཏུ་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་ཡོད་ཅེས་གསུངས། དེ་ནི་དེང་རབས་ལ་དགག་པའི་ནང་ནས་གཙོ་ཆེ་ཤོས་ཤིག་རེད།
དེ་ནས་ཨ་མི་རི་ཀའི་ནང་ནས་བདེན་པའི་ཨུ་ཚུགས་དང་འཚེ་མེད་ཞི་བའི་ཐོག་ནས་ངོ་རྒོལ་ཐོག་མ་བྱེད་མཁན་ཐོ་རོ་ (Thoreau) ཞུ་བ་དེ་རེད། ཁོང་གིས་བརྩམས་པའི་དེབ་མང་པོ་ཡོད་ལ། ལས་འགུལ་ཡང་མང་པོ་བརྩམས་ཡོད། ཐོ་རོ་ནི་གཱཾདྷཱིའི་ཕྱག་ལས་མང་པོ་ཞིག་ལ་དྲན་སྐུལ་གནང་མཁན་དང་དཔེ་བླང་ས་ཞིག་རེད། དཔེར་ན་ཨ་རི་ལ་བྱུང་བའི་མར་ཊིན་ལུ་ཐར་ཀིང་གཞོན་པ་ (Martin Luther King Junior) ལ་སོགས་པ་སྤྱིར་བཏང་གཱཾདྷཱིའི་རྗེས་འཇུག་ཡིན་རུང་། ཁོང་ཚོས་ཀྱང་བློ་སྐྱེད་མང་པོ་ཞིག་ཐོ་རོ་ནས་བླངས་ཡོད། ཐོ་རོ་ནི་གཱཾདྷཱི་ལས་མི་རབས་གཅིག་ཙམ་སྔོན་ལ་རེད།
དཔལ་འབྱོར་གྱི་ཐོག་ནས་ཆ་བཞག་ན། རས་ཀིན་ (Ruskin) གྱིས་བརྩམས་པའི་ཕྱག་དེབ་མཐའ་མ་འདིའི་བར་ (Unto This Last ) ཞེས་པ་དེ་རེད། ཁོང་ནི་ཡོ་རོབ་ཀྱི་མཁས་པ་ཞིག་རེད། ཁོང་གིས་བརྩམས་པའི་མཐའ་མ་འདིའི་བར་ (Unto This Last ) ཞེས་པའི་ཕྱག་དེབ་དེ་ལས་གཱཾདྷཱི་ལ་ཐམས་ཅད་མཉམ་འཕེལ་ (Sarvodaya) གྱི་དགོངས་ཚུལ་དེ་བྱུང་བ་རེད། དེའི་ནང་ཡར་རྒྱས་ཟེར་བ་དེ་དམའ་ཤོས་ནས་མགོ་བཙུག་དགོས་པ་མ་གཏོགས། མཐོ་ས་ནས་མགོ་བཙུགས་ཏེ་ཡར་རྒྱས་ཀྱི་ལྷག་མ་བུམ་པ་ཁེངས་ནས་ལུད་ཡོང་བ་ས་ལ་བབ་པ་དེ་ཕན་ཐོགས་མེད་ཅེས་གསུངས། འོན་ཀྱང་ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་ནི་བུམ་པ་ཆེན་པོ་དེ་ཁེངས་ཟིན་ནས་ལུད་པའི་ལྷག་མ་ཟག་ཡོང་བ་དེས་མང་ཚོགས་སྐྱོ་པོ་ཚོ་ལ་ཕན་གྱི་རེད་ཅེས་པ་དེ་རེད། ལར་ནས་བུམ་པ་དེ་ནི་ཞབས་བརྡོལ་བ་ཡིན་པས་ཁེངས་པའི་སྐབས་མེད།
དེ་བཞིན་སྔོན་རབས་ཀྱི་དཀྱིལ་ཤར་ (Middle East) དང་། གི་རིག་ (Greek) གི་སྤྱི་ཚོགས་དཔལ་ཡོན་ལ་བལྟས་ན། སོ་ཀར་ཊིས་ (Socrates) དང་། ཨ་རི་སི་ཊོ་ཊེལ། (Aristotle) པེ་ལེ་ཊོ་ (Plato) སོགས་ཀྱི་དགོངས་ཚུལ་ནང་དེང་རབས་དང་སྲོལ་རྒྱུན་གྱི་དབྱེ་བ་དང་། སྲོལ་རྒྱུན་དེ་དེང་རབས་ལས་ཡང་དག་པ་ཡིན་པ་དང་རྩ་ཆེ་བ་ཡིན་པ་མང་པོ་བསྟན་ཡོད།
དེ་བཞིན་ང་དང་ང་འདྲ་བ་དེ་ཚོས་ད་ལྟ་བཤད་པའི་གནས་ཚུལ་དེ་ཚོ་གང་དུ་ཁུངས་གཏུགས་ཀྱི་ཡོད་ཅེ་ན། གཱཾདྷཱི་དང་སྐུ་དུས་མཉམ་པ་དང་། གཱཾདྷཱིའི་རྗེས་སུ་བྱུང་བའི་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་མཁས་པ་སྣ་ཚོགས་ཤིག་ཡོད་ཅིང་། ནུབ་ཕྱོགས་ཀྱི་མཁས་པ་ཆ་བཞག་ན། མར་ཀོ་པ་ལིས་ (Marco Pallis) ཞུ་བ་དེ་རེད། ཁོང་ནི་བོད་དུའང་ཕེབས་མྱོང་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་ཉམས་བཞེས་གནང་མཁན་ཞིག་རེད། ཁོང་གི་ཕྱག་དེབ་སྐད་གྲགས་ཆེ་ཤོས་རྩེ་མོ་དང་རབ་བྱུང་ (Peaks and Lamas) ཞེས་པ་དེ་རེད། པིཀ་ (Peak) ཟེར་ན་ཧིམཱལཡའི་རི་མཐོ་པོ་དེ་ཚོའི་རྩེ་མོ་དང་། བླ་མ་ (Lama) ཟེར་ན་དགེ་འདུན་པ་རེད། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) སོགས་ཀྱིས་ཁོང་ནས་བསླབ་བྱ་མང་པོ་བླངས་ཡོད།
དེ་ནས་གཱཾདྷཱི་དང་མཉམ་དུ་བྱུང་བའི་ཇེ་སི་ཀུམཱརཔྤཱ་ (J. C. Kumarappa) རེད། ཁོང་ནི་སྤྱིར་བཏང་དེང་རབས་ཀྱི་དཔལ་འབྱོར་རིག་པ་སྨྲ་བ་ཡིན་པ་གང་ཞིག་ལ་གཱཾདྷཱིས་གསུངས་པའི་དཔལ་འབྱོར་རིག་པས་ཡིད་འཕྲོགས་ནས་གཱཾདྷཱིའི་དགོངས་ཚུལ་གྱི་དཔལ་འབྱོར་རིག་པ་དེ་དེང་རབས་དཔལ་འབྱོར་རིག་པའི་སྒྲོམ་གཞིའི་ནང་ལ་བླུགས་ནས་བྲིས་པའི་རྒྱུན་གནས་ཐུབ་པའི་དཔལ་འབྱོར་ (Economy of Permanence) ཞུ་བའི་ཕྱག་དེབ་དེ་ཧ་ཅང་སྐད་གྲགས་ཆེན་པོ་རེད།
དེའི་རྗེས་ལ་ཨཱནནྡ་ཀུམཱར་སྭཱམཱི་ (Anand Coomaraswamy) ནི་ཁ་སང་ངས་སྲོལ་རྒྱུན་གྱི་མཚན་ཉིད་འཇོག་མཁན་གྱི་ལུང་དྲང་ས་དེ་རེད། ཁོང་ནི་ཤྲཱི་ལངྐཱའི་ནང་པའི་མཁས་པ་ཞིག་རེད། ཐོག་མར་འགྲེམས་སྟོན་ཁང་དང་དངོས་རྫས་རྙིང་པའི་ཕྱག་ལས་གནང་མཁན་ (Archaeologist) རེད། དེ་ནས་རྗེས་སུ་གྲུབ་མཐའ་སྨྲ་བ་ (Philosopher) ཆགས་པ་ཞིག་རེད། ཁོང་གི་གསུང་འབུམ་ཧ་ལམ་དེབ་ཉི་ཤུ་རྩ་གྲངས་ཤིག་ཡོད། ཧ་ཅང་གི་སྐད་གྲགས་ཆེན་པོ་རེད། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་གྱིས་ཁུངས་གཏུག་ས་གཅིག་རེད།
དེ་ནས་བརྒྱ་ཕྲག་ཉི་ཤུ་པའི་དཀྱིལ་དུ་ཨིན་ཇིའི་མཁས་པ་ཨི་ཨེཕ་ཤུ་མ་ཀར་ (E. F. Schumacher) ཞུ་བ་ཞིག་བྱུང་ཞིང་། ཁོང་ནི་ཇཡ་པྲཀཱཤ་ནཱརཱཡཎ་ (Jai Prakash Narayan) དང་ཐག་ཉེ་པོ་རེད། ཤུ་མ་ཀར་གྱིས་ཆུང་ངུ་ནི་ཡིད་དུ་འོང་བ་ (The Small is Beautiful) ཞེས་པའི་དེབ་དེ་བྲིས་པ་རེད། དེའི་ནང་དུ་ནང་པའི་དཔལ་འབྱོར་རིག་པ་ (Buddhist Economy) ཟེར་བའི་ལེའུ་གཅིག་ཡོད། ལེའུ་དེ་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་གཉིས་བླངས་པའི་ཐོག་ནས་ནང་པའི་དཔལ་འབྱོར་རིག་པ་གསུངས་ཡོད།
དེའི་རྗེས་སུ་རྒྱ་གར་དུ་ང་ཚོའི་མི་རབས་ནང་རླབས་ཆེན་གྱི་ཡིག་འཇོག་གནང་མཁན་དེ་སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) རེད། ཁོང་མཇལ་བ་ཡིན་ན་སྐུ་གཟུགས་ཆུང་ཆུང་དང་། སྐུ་ཤ་སྐམ་པོ། སྐུ་མདོག་ནག་པོ། ཐབས་ཆག་ཅིག་ཡོད་ཀྱང་། བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་རེད། ཁོང་གིས་བྲིས་པའི་ཕྱག་དེབ་དེ་ཚོ་རྒྱ་གར་ནང་དཔར་བསྐྲུན་ཞུ་མཁན་ཐོབ་མེད། གང་ལགས་ཤེ་ན། ད་ལྟ་ཕན་ཆད་ལ་ཚང་མས་གཙུག་ཏུ་བཀུར་བཞིན་པའི་སློབ་ཚན་དང་རིག་པ་ཡོངས་རྫོགས་རྩ་གཏོར་བཏང་ཡོད། རྗེས་སུ་ང་སཱར་ནཱཐ་ལ་ཡོད་པའི་སྐབས་སུ་ང་ཚོ་འབྲེལ་བ་བྱུང་སྟེ། སཱར་ནཱཐ་གཙུག་ལག་སློབ་ཁང་ནས་ཁོང་གི་གསུང་འབུམ་ཡོངས་རྫོགས་བླངས་ཏེ་དེབ་བཅུ་གཉིས་ཙམ་དཔར་བསྐྲུན་ཟིན་པ་དང་། དེབ་བརྒྱད་ཙམ་ད་ལྟ་དཔར་བསྐྲུན་ཞུ་བསྡད་རེད། ཁྱོན་བསྡོམས་དཔེ་དེབ་ཉི་ཤུ་ཙམ་ཡོད། དེབ་དང་པོ་ནི་སྲོལ་རྒྱུན་གྱི་བསམ་ཚུལ་ལམ་སྲོལ་རྒྱུན་གྱི་ལྟ་གྲུབ་ (Traditional Thought) རེད། དེ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་བརྗོད་རྒྱས་པ་ཞིག་བསྩལ་ཡོད། དེའི་ནང་༧གོང་ས་མཆོག་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་བ་དེ་དགའ་རབ་གསལ་པོ་གསུངས་ཡོད། དེང་སང་བོད་རིགས་ན་གཞོན་ནང་ཨིན་སྐད་མི་ཤེས་མཁན་ཧ་ལམ་མེད་པར་བརྟེན། ཁོང་གི་དེབ་དེ་ཚོ་ཀློག་ན་ཕན་ཐོགས་ཡོང་རྒྱུ་རེད། དེ་བཞིན་ཁོང་གི་གསུང་འབུམ་ནང་འོད་སྣང་(Illuminations) ཞེས་པའི་དེབ་ཆུང་ཞིག་ཀྱང་ཡོད་ཅིང་། དེའི་ནང་འདས་པའི་ལོ་ཉིས་བརྒྱ་ཡན་མན་ནང་བྱུང་བའི་ནུབ་ཕྱོགས་ཀྱི་མཁས་པ་བརྒྱ་ལྷག་ཙམ་གྱི་གསུང་ལུང་འདྲེན་གནང་ཡོད། དེས་གང་སྟོན་གྱི་ཡོད་ཅེ་ན། དེང་རབས་ལ་དགག་པ་གནང་མཁན་ནི་ཤར་ཕྱོགས་པ་རྐྱང་པ་མིན་པ་དང་། དེ་ཡང་ཆོས་ལུགས་ཀྱི་ཞེན་ཁོག་ཅན་དེ་འདྲ་རྐྱང་པ་མིན་པར། ཚན་རིག་པ་དང་། དཔལ་འབྱོར་རིག་པ་བ། སྤྱི་ཚོགས་རིག་གནས་ཤེས་མཁན་སོགས་ཀྱི་ནང་དུའང་དེང་རབས་ལ་སྐྱོན་མཐོང་མཁན་མང་པོ་ཡོད་པ་གསལ་པོར་སྟོན་པའི་ཆེད་དུ་རེད། དེ་ཚོ་ནི་དེང་རབས་དང་སྲོལ་རྒྱུན་གྱི་དབྱེ་བ་འབྱེད་པའི་ཁུངས་ལྟ་བུ་རྣམས་རེད། འོན་ཀྱང་བདག་ཉིད་ཆེན་པོ་གཱཾདྷཱི་ནི་ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་ལ་ཤིང་རྟའི་སྲོལ་འབྱེད་མཁན་ཆེ་ཤོས་ཤིག་ཏུ་བརྩི་ཆོག དེའི་ཤིང་རྟའི་སྲོལ་འཛིན་ལྟ་བུ་རྒྱས་པར་གསུང་མཁན་ནི་སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་བཞག་ན་འགྲིག།
ཁ་སང་བཤད་རྒྱུ་ལུས་པ་དེ་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་གསོའི་ཐབས་ལམ་སྐོར་དེ་རེད། དེའི་སྐོར་ལ་མདོར་བསྡུས་ཤིག་ཞུ་ན། སྲོལ་རྒྱུན་གྱིས་སློབ་གསོ་སྤྲོད་པའི་སྐབས་སུ་ཐབས་ལམ་སྣ་ཚོགས་ཡོད་རེད། དཔེར་ན། ང་ཚོས་དཔེ་ཆ་སློབ་པ་དང་ཁྲིད་པའི་སྐབས་སུ་བཤད་ཁྲིད་དང་། ཉམས་ཁྲིད། མྱོང་ཁྲིད། དམར་ཁྲིད་བཅས་རིམ་པ་བཞི་ཙམ་ཡོད། དེ་ཡང་ཚིག་གི་དོན་ཙམ་བཤད་པ་ལ་བཤད་ཁྲིད་དང་། དགེ་རྒན་གྱིས་གསུངས་པ་དེ་དགེ་ཕྲུག་གིས་ཉམས་འོག་ལ་ཚུད་ཙམ་བྱས་ནས་འགྲོ་བ་དེ་ལ་ཉམས་ཁྲིད། དགེ་རྒན་གྱིས་གསུངས་པ་དེ་དགེ་ཕྲུག་གིས་བསམ་སྒོམ་གྱིས་ཉམས་ལེན་བྱས་ཏེ་མྱོང་བ་མ་ཐོན་བར་དུ་སློབ་ཚན་གཞན་པ་མི་ཁྲིད་པར་ག་ལེར་འགྲོ་བ་དེ་ལ་མྱོང་ཁྲིད། དེ་ནས་དམར་ཁྲིད་ནི་ཚན་རིག་པས་ཚོད་བལྟ་ཁང་ (Laboratory) ནང་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ། དཔེར་ན། ལུས་ཀྱི་རྣམ་གཞག་ལྟ་བུ་ཁྲིད་པའི་སྐབས་སུ་མི་རོ་དངོས་སུ་བཤས་ནས་དེའི་ནང་གི་དོན་ལྔ་སྣོད་དྲུག་དང་རྩ་ལ་སོགས་པ་བསྟན་པ་བཞིན་དཔེ་ཆ་ཁྲིད་པའི་སྐབས་སུའང་དངོས་སུ་དམར་ཁྲིད་ཐོག་ནས་རེ་རེ་བཞིན་དབང་པོའི་ཤེས་པ་ལ་མིག་མཐོང་ལག་ཟིན་གྱིས་ངོ་སྤྲོད་པ་སོགས་ཐབས་ལམ་སྣ་ཚོགས་ཤིག་བསྟན་པ་རེད། ལྷག་པར་དུ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཞེས་བཤད་ཅིང་། འཆད་པ་དེ་སློབ་ཁྲིད་ཀྱི་ཐབས་ལམ་ཡིན་པར་བཤད་མི་དགོས་ཀྱང་། རྩོད་པ་དང་རྩོམ་པ་གཉིས་པོའང་སློབ་ཁྲིད་ཀྱི་ཐབས་ལམ་བླ་མེད་ཅིག་རེད། གདན་ས་ཁག་གི་ནང་བལྟས་ན། སློབ་ཁྲིད་ཀྱི་ཐབས་ལམ་དུ་འཆད་པ་ལས་རྩོད་པ་གལ་ཆེ་བར་བརྩི་བ་རེད། རྩོམ་པ་དེ་ཙམ་དར་ཁྱབ་མ་བྱུང་བ་རེད། བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཚོའི་གསུང་རྩོམ་ཧ་ཅང་མང་པོ་ཡོད་ཀྱང་། སློབ་ཁྲིད་ཀྱི་ཐབས་ལམ་ནང་རྩོམ་བརྒྱབ་དགོས་པ་དེ་བརྡ་སྤྲོད་དང་ཚིག་རྒྱན་རིག་པ་སློབ་པའི་སྐབས་རེད། སྐབས་དེར་དཔེར་བརྗོད་བརྒྱབ་དགོས་པ་རེད། དཔེར་ན། སུམ་རྟགས་དང་སྙན་ངག་གི་ཚིག་རྒྱན་ཁྲིད་པའི་སྐབས་སུ་བླ་མས་དཔེར་བརྗོད་གནང་བ་དང་། སློབ་མས་ཀྱང་དཔེར་བརྗོད་བརྒྱབས་ནས་འཆད་པ་དང་། རྩོད་པ་དང་། རྩོམ་པ་བཅས་གསུམ་གྱི་ཐོག་ནས་ཁྲིད་པ་རེད། འོན་ཀྱང་གཞུང་ཆེན་མོ་ཁྲིད་པའི་སྐབས་སུ་རྩོམ་པའི་བྱ་བ་དེ་ཙམ་མེད། ཡིན་ནའང་རྗེ་རིན་པོ་ཆེས། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ཞེས་རྩོམ་པའི་བྱ་བ་ལ་གལ་ཆེན་པོར་བརྩིས་ཡོད། གལ་ཏེ་དེ་མེད་ན་ཡན་ལག་གཅིག་ཚང་གི་མེད། དེང་སང་འབྲི་རྒྱུགས་སྤྲད་དགོས་པ་དང་། དེ་བཞིན་ཉམས་ཞིབ་བྱེད་མཁན་ཚོས་སོ་སོས་ཉམས་ཞིབ་ཀྱི་གྲུབ་དོན་འབྲི་དགོས་པ་སོགས་ལ་བརྟེན། འཆད་རྩོད་རྩོམ་གསུམ་མཉམ་དུ་ཡོང་བ་རེད། དེང་རབས་ཀྱི་སློབ་གསོའི་ཐབས་ལམ་ནང་འབྲི་བ་དང་། འཆད་པ། རྩོམ་པ་བཅས་ཡོད་ཀྱང་། རྩོད་པ་ཧ་ཅང་ཉུང་ཉུང་རེད། སྤྱིར་བཏང་ཁོང་ཚོས་ Debate, Colloquium, Symposium སོགས་བགྲོ་གླེང་གི་ལམ་སྲོལ་ཡོད་ཀྱང་། དེ་དག་ནི་ང་ཚོའི་རྩོད་པ་ཟེར་བ་དང་གནས་ཚད་ཧ་ཅང་མཐོ་དམན་ཡོད་རེད།
སློབ་ཁྲིད་དང་སློབ་གསོ་གནད་སྨིན་མི་ཡོང་བ་དེ་རྩོད་པའི་ཡན་ལག་ཉུང་དྲགས་པ་རེད་བསམ་གྱི་འདུག རྩོད་པའི་ཡན་ལག་ཆ་ཚང་བ་ཞིག་མེད་ན་ཐོས་པ་རྐྱང་པ་མ་གཏོགས། ཐོས་པ་ནས་བསམ་པ་ལ་སྤོ་ཐུབ་ཀྱི་མེད། བསམ་པ་ཟེར་བ་དེ་སོ་སོ་གཅིག་པུ་ཙོག་པུར་འདུག་ནས་དཔྱད་སྒོམ་བྱེད་པའི་འགྲོ་སྟངས་རྐྱང་པ་ཞིག་མིན། རྩོད་པ་བྱེད་པའི་སྐབས་སུ་རྒོལ་སྔ་ཕྱི་གཉིས་ཀ་བསམ་བློའི་རྩེ་བསྒྲིམས་ནས་མ་བསྡད་ཐབས་མེད་དང་། དེ་ནས་རྩོད་པའི་གནས་ཚད་མཐོ་རུ་འགྲོ་སྐབས་བསམ་པའི་བྱ་བ་དེའང་མྱུར་དུ་འགྲོ་དགོས་པ་རེད། དཔེར་ན་རྟགས་བསལ་གཏོང་དུས་ལམ་སེང་ལན་བརྒྱབ་དགོས་རེད། དེས་ན་གསལ་བའི་ཤེས་རབ་དང་མྱུར་བའི་ཤེས་རབ་མེད་ན་ཆེ་བའི་ཤེས་རབ་རྐྱང་པས་རྩོད་པའི་སྐབས་སུ་རྒྱལ་ཁ་མི་ཐོབ། རྩོད་པ་བྱེད་པའི་སྐབས་སུ་གསལ་བའི་ཤེས་རབ་དང་མྱུར་བའི་ཤེས་རབ་ཀྱིས་ཡུལ་གྱི་སྤུ་རིས་ཕྲ་མོའང་འབྱེད་ཐུབ་པ་དང་། དེ་ཡང་མྱུར་མགྱོགས་ཐག་གཅོད་ཐུབ་དགོས་པ་ཡིན་སྟབས། རྩོད་པའི་ཐབས་ལམ་དེ་སློབ་གསོའི་ཐབས་ལམ་དྲག་ཤོས་ཤིག་ང་ཚོའི་སྲོལ་རྒྱུན་ནང་གནའ་སྔ་མོ་ནས་ཡོད་མུས་རེད། དེ་ནི་དཔལ་ནཱལནྡཱ་ལ་སོགས་པའི་རྒྱ་གར་གྱི་སྲོལ་རྒྱུན་ནས་ཡོང་བ་ཡིན་རུང་། དེ་ལ་བོད་པས་ཡར་རྒྱས་དང་ལེགས་བཅོས་མང་པོ་བཏང་ཡོད། དཔེར་ན། ཚད་མ་རིག་པའི་སློབ་སྦྱོང་བྱེད་སྟངས་ཐོག་བོད་པས་གསར་གཏོད་བྱས་པ་མང་པོ་རེད། དེ་ནི་རྒྱ་གར་ནས་དཔེ་བླངས་པ་ཡིན་རུང་། ད་དུང་དེའི་ཐོག་ལེགས་སུ་བཏང་ཡོད།
སྤྱིར་རྒྱ་གར་བ་རྣམས་ཕྲན་བུ་བློ་གྲོས་དང་དབང་པོ་རྣོ་བ་ལ་བརྩི་གི་རེད། རྒྱ་གར་དང་བོད་པའི་དབར་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་པའི་བསམ་ཚུལ་དེ་སྔོན་མ་ནས་ཡོད་འདུག གུང་ཐང་བསྟན་པའི་སྒྲོན་མེ་ལ་སོགས་པས་ ”རྒྱ་གར་ཁ་སྤུ་ཅན་གྱི་རིགས་པ་” ཞེས་ཧ་ལས་ལས་གནང་གི་ཡོད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ལོ་ཆེན་བྱམས་པ་དཔལ་གྱིས་སྦྱིན་བདག་བྱས་ནས་དབུས་ཀྱི་སྲིན་པོའི་རི་ལ་དབྱར་གནས་བཞུགས་པའི་སྐབས་སུ་ཚད་མའི་རྩོད་གྲྭ་གནང་དུས་བོད་པའི་མཁས་པ་ཚོས་རྒྱ་གར་བ་མཁས་པ་ཚོའི་ཁ་གཏད་ཆོག་གི་མེད། དེ་ནས་ལོ་ཆེན་གྱིས་ང་ཚོ་ཚང་མ་སློབ་སྦྱོང་གཅིག་པ་བྱས་པ་རེད། བླ་མ་གཅིག་གི་སློབ་མ་ཡིན་རུང་། ཕྲན་བུའི་ཡོན་ཏན་ལ་ཁྱད་པར་ཡོང་གི་འདུག་ཅེས་གསུངས་སྐབས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་དེ་ནི་འཕགས་པའི་ཡུལ་གྱི་རིགས་ཀྱི་ཁྱད་པར་རེད་ཅེས་གསུངས་ཡོད། གཅིག་བྱས་དུས་ང་ཚོས་རིགས་དང་རུས་ཀྱི་ཁྱད་པར་མེད་ཅེས་བཤད་ཀྱི་ཡོད་ཀྱང་། གཅིག་བྱས་དུས་ཡོད་པ་ལྟ་བུ་ཡ་མཚན་པའི་གནས་ཚུལ་མང་པོ་རེད། དེ་བཞིན་རྗེ་བཙུན་མི་ལ་རས་པ་དང་ཕ་དམ་པ་སངས་རྒྱས་གཉིས་རྫུ་འཕྲུལ་འགྲན་ནས་གཉིས་ཀ་རྩྭ་འཇག་མ་རེ་རེའི་སྟེང་དུ་སྐྱིལ་ཀྲུང་བཞུགས་པའི་སྐབས་སུ་ཕ་དམ་པ་བཞུགས་སའི་འཇག་མ་དེ་འགུལ་བསྐྱོད་མེད་པར་ཙོག་གེར་བསྡད་པ་དང་། མི་ལ་རས་པ་བཞུགས་ས་དེ་ཅུང་ཟད་འགུལ་སྐྱོད་བྱེད་ཀྱི་ཡོད་པར་བརྟེན། མི་ལ་རས་པས་དེའི་ཁྱད་པར་གང་ཡིན་ནམ་ཞེས་དྲིས་དུས། ཕ་དམ་པས་ང་རྒྱ་གར་ལ་སྐྱེས་པའི་རིགས་ཀྱི་དབང་གིས་རེད་ཅེས་གསུངས་ཡོད། དེ་ཚོ་འཕྲོས་བཤད་རེད།
གང་ལྟར་རྒྱ་གར་ནང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རིགས་པའི་སྒོ་དང་རིགས་པ་ལ་འཇུག་པ་ཞེས་པའི་ཚད་མའི་བསྟན་བཅོས་གཉིས་པོ་ང་ཚོའི་བསྡུས་གྲྭ་དང་འདྲ་པོ་ཡོད་ཀྱང་། བསྡུས་གྲྭ་ངོ་མ་བཞིན་མེད། དེ་བཞིན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་དེ་ཚོ་ཧ་ཅང་རྒྱ་ཆེན་པོ་ཡིན་པར་བརྟེན། བློ་གྲོས་གསར་བུ་བ་རྣམས་ལ་དོན་དུ་འགྱུར་རྒྱུ་ཁག་པོ་རེད། དེར་བརྟེན་རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་སེང་ལ་སོགས་པ་མང་པོས་གཞུང་ཆེན་མོ་ལ་ཉེ་བར་མཁོ་བའི་སྡེ་ཚན་ཚང་མ་ནས་ཟུར་བཏོན་གྱིས་བོད་ཀྱི་བསྡུས་གྲྭ་དང་། དེ་ནས་རྟགས་རིགས། དེ་རྗེས་བློ་རིག་བཅས་ཕྱོགས་བསྒྲིགས་གནང་བས་དངོས་གནས་གཞུང་ཆེན་མོར་སློབ་སྦྱོང་བྱེད་མཁན་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་བ་རེད། སློབ་ཚན་སྒྲིག་སྟངས་འདིས་དགེ་རྒན་གྱིས་སློབ་པའི་སྐབས་སུ་སློབ་གསོའི་ཐབས་ལམ་དང་། དགེ་ཕྲུག་གིས་སྦྱོང་བའི་སྐབས་སུ་སྦྱོང་བྱེད་ཀྱི་ཐབས་ལམ་བཅས་གཉིས་ཀ་ལ་ཧ་ཅང་ཕན་ཐོགས་ཡོང་རྒྱུ་རེད། ད་ལྟ་ཁྱེད་རང་ཚོས་ག་འདྲ་གནང་གི་ཡོད་མེད་མི་ཤེས་ཀྱང་། སྔོན་མ་ང་ཚོ་བོད་ལ་ཡོད་དུས་དགེ་རྒན་གྱིས་ཕྱག་དཔེ་ཁྲིད་པའི་སྐབས་སུ་རྟགས་བསལ་ཤ་སྟག་གཏོང་བ་མ་གཏོགས། རྟགས་གསལ་བཏང་ནས་ལན་རྒྱག་ཁག་པོ་ཆགས་སྐབས་སུ་འཛིན་མཚམས་འདི་འདྲ་རེད་ཅེས་བཀའ་སློབ་རྩ་བ་ནས་གནང་གི་མེད། གང་ལྟར་འཛིན་མཚམས་དེ་སོ་སོས་བཙལ་དགོས་རེད་མ་གཏོགས། དགེ་རྒན་ལ་བཀའ་འདྲི་ཞུས་པ་ཡིན་ཡང་མང་ཆེ་བས་གསུང་གི་མ་རེད། དེ་ནི་ཆོས་ལ་དཔེ་མཁྱུད་གནང་བ་མིན་ཡང་། གསུང་རབ་ཀྱི་དགོངས་དོན་རང་སྟོབས་ཀྱིས་འབྱེད་ནུས་པ་དང་རང་གིས་དཔྱད་པའི་ཤེས་རབ་འཕེལ་བའི་དོན་དུ་རེད། དེས་ན་རྩོད་པ་ནི་སློབ་གསོའི་ཐབས་ལམ་གལ་ཆེ་ཤོས་ཤིག་ལ་བརྩི་བ་རེད།
སྤྱིར་བཏང་གཞུང་ཆེན་མོ་ལ་སློབ་གཉེར་གནང་ནས་བསྟན་བཅོས་ཡིག་འཇོག་གནང་མཁན་དེ་ཚོས་རྩོམ་པའི་སྐབས་སུ་མང་ཆེ་བ་ཞིག་གིས་རྩོམ་པའི་དགོས་པ་ནི་རང་ཉིད་ཀྱི་སློབ་སྦྱོང་གོང་འཕེལ་འགྲོ་བའི་ཆེད་ཡིན་གསུང་གི་ཡོད། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།། རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས།། ཞེས་གསུངས་དུས་རང་གི་ཡིད་གོམས་པར་བྱེད་པ་ལའང་རྩོམ་ལས་ལྷག་པ་ཞིག་མེད། ཐོས་པའི་དོན་རྣམས་ཡིད་ལ་མི་བརྗེད་པར་འཛིན་ཐུབ་པ་དང་། ཐོས་པའི་དོན་ཡིག་ཐོག་ཏུ་མ་བཀོད་གོང་བསམ་བློའི་ནང་གསལ་པོ་མེད་པ་དེ་གསལ་པོ་ཡོང་བ་ལ་རྩོམ་པའི་བྱ་བས་ཕན་ཐོགས་ཆེན་པོ་ཡོད། དེ་ལྟ་བུའི་ཐབས་ལམ་ནི་ངེས་པར་དུ་སྲོལ་རྒྱུན་གྱི་ནང་བསྟན་གྱི་ཡོད། མདོར་བསྡུས་ན། སློབ་གསོའི་ཐབས་ལམ་ལ་འཆད་རྩོད་རྩོམ་གསུམ་དང་། སྦྱང་བའི་ཐབས་ལམ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་དགོས་པ་དེ་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། འོན་ཀྱང་ང་ཚོ་སྲོལ་རྒྱུན་པ་ཡིན་ཟེར་མཁན་མང་པོ་ཞིག་ཐོས་རྐྱང་མ་གཏོགས། བསམ་སྒོམ་གྱིས་འཇུག་མ་ནུས་པ་དེ་འདྲ་གདན་ས་ཆེན་པོ་ཚོའི་ནང་ལའང་ཡོང་རྒྱུའི་ཉེན་ཁ་འདུག རྩོད་པ་ཡག་པོ་རྩོད་པ་དེས་བསམ་པའི་ཆ་ཤས་ཤིག་དེའི་ནང་འགྲོ་རུང་། གང་བསམ་པས་སྒྲོ་འདོགས་བཅད་པ་དེ་གོམས་པར་མ་བྱས་ན་ཤེས་རྒྱུད་དམ་བསམ་བློ་ཡར་རྒྱས་འགྲོ་རྒྱུ་མེད།
དེང་སང་ང་ཚོས་སློབ་སྦྱོང་སྤྲད་པའི་མཐའ་མར་གདན་ས་གྲྭ་ཚང་ཁག་གིས་དམིགས་ཡུལ་བཞག་པ་བཞིན་འགྲོ་གི་མི་འདུག་ཅེས་གསུངས་པའི་རྒྱུ་མཚན་གཙོ་བོ་གང་དུ་ཐུག་གི་ཡོད་ཅེ་ན། ང་ཚོས་སློབ་སྦྱོང་སྤྲད་པའི་སྐབས་སུ་གནས་ཚུལ་མང་པོ་ཞིག་བཤད་པ་མ་གཏོགས། གནས་ཚུལ་དེ་ཚོ་བློ་ལ་འཇགས་པའི་ཐོག་ནས་སློབ་མའི་རྒྱུད་ཀྱི་བསམ་པ་ཡར་རྒྱས་འགྲོ་བའི་ཆེད་དུ་དམིགས་སུ་བཀར་ནས་འབད་བརྩོན་མ་བྱས་པ་ཡིན་སྟབས། བཤད་རྒྱུ་མང་དུ་ཕྱིན་པ་མ་གཏོགས། བསམ་བློ་སྔོན་མ་བཞིན་བློ་གྱོང་པོ་དེ་རང་འཇགས་བསྡད་ན། དེ་བསླབས་པ་ཡིན་རུང་། སྦྱངས་ཡོད་མ་རེད། གང་ལྟར་སློབ་སྦྱོང་གི་དོན་དེ་ཚང་གི་མེད། གལ་ཏེ་བསླབས་པ་ཙམ་མ་གཏོགས། མ་སྦྱང་བར་གཞག་ན་རང་གི་རྒྱུད་ཡར་རྒྱས་འགྲོ་རྒྱུ་མེད། རྗེ་ཙོང་ཁ་པས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག། ཞེས་དང་། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབ་པར་ཤོག། ཅེས་གསུངས་པ་ལྟར་རིམ་བཞིན་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ཐོས་པ་བྱེད་པའི་སྐབས་དེ་ལ་བསམ་སྒོམ་གཉིས་པོ་རྒྱས་པ་མ་བྱུང་ཡང་། ས་བཅད་མ་སྟོང་ཙམ་མེད་ན། ཐོས་པ་གཅིག་པུ་བྱས་ནས་རྗེས་སུ་བསམ་སྒོམ་བྱེད་པའི་དུས་ཚོད་ཅིག་ལོགས་སུ་ཡོད་སྙམ་ན་དུས་ཚོད་དེ་སླེབས་རྒྱུ་ཧ་ཅང་ཁག་པོ་རེད། གུང་ཐང་བསྟན་པའི་སྒྲོན་མེས། ཆོས་བྱེད་ཀྱི་སང་ཉིན་འཆར་གྱི་བར།། འཆི་དུས་ཀྱི་དེ་རིང་སླེབས་ཉེན་ཆེ།། ཞེས་གསུངས་པ་དེ་ཧ་ཅང་བདེན་པ་རེད། དེས་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་རྒྱུ་དེ་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ཚུལ་དང་། ལྷག་པར་དུའང་རིགས་པས་དཔྱད་པ་དེ་རྒྱུན་དུ་བྱེད་དགོས་པ་ཞིག་རེད། དེང་རབས་ཀྱི་གྲུབ་མཐའ་སྨྲ་བའི་ནང་དུའང་དཔེར་ན་ཇེ་ཀྲྀཥྞམཱུརྟིས་ཁོང་ལ་བཀའ་འདྲི་ཞུ་མཁན་དང་བཀའ་སློབ་ཉན་མཁན་ཚོ་ལ་ལན་རག་རྒྱུར་བྲེལ་བ་མི་བྱེད་པར་དྲི་བའི་མཉམ་དུ་སྡོད་ཐུབ་ཀྱི་འདུག་གམ། (Can you live with the question?) དྲི་བའི་མཉམ་དུ་སྡོད་ཐུབ་ན་ཡག་ཤོས་དེ་རེད་ཅེས་གསུང་གི་ཡོད། དྲི་བའི་མཉམ་དུ་སྡོད་གསུངས་དུས་དྲི་བ་དེ་ལ་ལན་ཡོད་མ་རེད་གསུང་གི་མེད། ལན་དེ་མགྱོགས་པོ་ཞིག་རག་སྟེ་དེ་ཙམ་ལ་ཚིམས་ནས་བསྡད་ན་དཔྱད་མཐའ་རྫོགས་ཀྱི་མེད། དེས་ན་དཔྱད་མཐའ་མ་རྫོགས་བར་དུ་དཔྱད་པའི་ནང་དུ་སྡོད་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་གི་བརྗོད་གཞི་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།
དེ་རིང་གི་བརྗོད་གཞི་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་ཞེས་པ་དེ་རེད། དེང་རབས་ཀྱི་དགེ་རྒན་ཞེས་ང་ཚོས་ཐ་སྙད་དེ་ལྟར་བེད་སྤྱོད་བཏང་བ་རེད་མ་གཏོགས། དེང་རབས་ལ་ལན་སྐྱེལ་མཁན་ལྟ་བུ་ལས་དགེ་རྒན་གྱི་དགེ་ཞེས་པའི་ཐ་སྙད་དེ་འཇུག་གི་ཡོད་མེད་ཐེ་ཚོམ་གྱི་གནས་ཤིག་རེད། ང་ཚོས་ཐ་སྙད་སྦྱར་སྟངས་དེ་རྒྱ་གར་ནས་དར་བའི་ཆོས་དང་གྲུབ་མཐའ་གཞན་དང་ཅུང་ཟད་མི་འདྲ་བ་རེད། དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པར་མཐོང་གི་ཡོད། གཞུང་ལུགས་ཀྱི་ནང་དེའི་སྐོར་ལ་འགྲེལ་པ་དེ་འདྲ་མེད་ཀྱང་། ད་ལྟ་ང་ཚོས་བརྟག་དཔྱད་བྱེད་པའི་སྐབས་སུ་དེའི་གནས་ཚུལ་མཐོང་ཐུབ་པ་ཞིག་རེད། ཕྱི་རོལ་པའི་གཞུང་ལུགས་ནང་བླ་མ་ཟེར་བའི་ཚིག་དེ་མ་གཏོགས། ཚིག་གཞན་བེད་སྤྱོད་གཏོང་གི་མ་རེད། སློབ་དཔོན་ཟེར་བའི་ཚིག་དེ་ཕྱི་རོལ་པ་ལའང་ཡོད་རུང་། དེ་ནི་གང་ཟག་བྱེ་བྲག་པའི་གོ་གནས་ལྟ་བུ་རེད། ནང་པའི་ཐ་སྙད་ནང་མཁན་པོ་དང་། སློབ་དཔོན་དང་། གནས་ཀྱི་བླ་མ་དང་། རྡོ་རྗེ་སློབ་དཔོན་སོགས་ཀྱི་ཐ་སྙད་ནི་བླ་མའི་བྱ་བའི་ཁྱད་པར་ལ་ལྟོས་ཏེ་སྦྱར་བ་དང་། དགེ་བའི་གཤེས་གཉེན་དང་ཡོངས་འཛིན་ཞེས་པའི་ཐ་སྙད་ནི་སྤྱི་ཡོངས་ལ་ཁྱབ་པ་ཞིག་རེད། ཐ་སྙད་འདི་གཉིས་ནི་ནང་པའི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་རེད། མཁན་པོ་དང་སློབ་དཔོན་ནི་མང་ཆེ་བ་འདུལ་བའི་སྐད་ཆ་རེད། འདུལ་བའི་ནང་དགེ་འདུན་གྱི་དབུས་སུ་རབ་ཏུ་དབྱུང་བར་བྱེད་མཁན་གྱི་མཁན་པོ་ཞེས་པའི་ཚིག་གི་ནུས་པས་ལམ་ཁ་སྟོན་མཁན་ནམ་ལམ་ཁ་ཁྲིད་མཁན་ལྟ་བུ་རེད། སློབ་དཔོན་ཞེས་པ་ནི་ཡོན་ཏན་སློབ་མཁན་གྱི་དཔོན་པོའམ་ཁྱད་ལས་པ་ཞིག་ལ་བརྗོད། རང་ཉིད་གནས་བརྟན་མ་ཆགས་ཀྱི་བར་དུ་གནས་གཞན་ཞིག་ལ་བརྟེན་དགོས་ཀྱི་ཡོད་སྟབས། གནས་སམ་གནས་ཀྱི་བླ་མ་དང་། བསྙེན་པ་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་པར་ལོ་བཅུ་ལོན་པའི་རྗེས་སུ་རང་ཉིད་གནས་གཞན་ལ་བཅོལ་མི་དགོས་པའི་སྐབས་སུ་རང་ཉིད་གནས་བརྟན་གྱི་ངོ་བོར་ཆགས་པ་རེད། བླ་མའི་ཐ་སྙད་དུ་དགེ་བའི་གཤེས་གཉེན་ཞེས་བརྗོད་རྒྱུ་དེ་གང་རེད་ཅེ་ན། ལེགས་སྦྱར་གྱི་ཀལྱཱཎ་མིཏྲ་ཞེས་པ་དེ་བོད་སྐད་ལ་འགྱུར་བའི་སྐབས་སུ་བོད་སྐད་དེ་ཧ་ཅང་ཕྱུག་པོ་ཡིན་སྟབས་དགེ་བའི་གྲོགས་པོ་དང་དགེ་བའི་གཤེས་གཉེན་ཞེས་པའི་ཚིག་མི་འདྲ་བ་གཉིས་བེད་སྤྱོད་གཏོང་བ་མ་གཏོགས། ལེགས་སྦྱར་སྐད་དུ་དགེ་བའི་གཤེས་གཉེན་དང་དགེ་བའི་གྲོགས་པོ་གཉིས་ཀྱི་སྐད་དོད་གཅིག་རང་རེད། ཀལྱཱཎ་ཞེས་པ་དགེ་བ་དང་། མིཏྲ་ཞེས་པ་གྲོགས་པོའམ་གཤེས་གཉེན་རེད། དེས་གང་སྟོན་གྱི་ཡོད་ཅེ་ན། བླ་མ་དང་སློབ་མའི་དབར་ལ་རྒྱང་ཐག་མེད་པར་གྲོགས་པོའི་ཚུལ་དུ་ཁ་མཉམ་ལག་མཉམ་དང་རྒྱུན་དུ་བྱམས་བརྩེ་དང་མཛའ་བ་ཡོད་པ་དང་། ཕྱོགས་གཞན་ནས་བཤད་ན་འབྲེལ་བ་བྱེད་བདེ་བ། གལ་ཏེ་བླ་མ་ཞེས་མཐོ་པོར་བཞག་ན་ཡར་ཞུ་བ་ལ་འཚེར་སྣང་དང་། འཇིགས་སྣང་ཡོང་བ་མ་ཟད། གྲོགས་པོ་བཞིན་ཁ་རེ་ཁ་ཐུག་བྱེད་པའི་སྤོབས་པ་དང་ནུས་པ་དེ་ཡོང་གི་མེད། གལ་ཏེ་བཤེས་གཉེན་མཛའ་གྲོགས་ཀྱི་འདུ་ཤེས་ཡོད་ན་དགོས་མཁོ་ནམ་བྱུང་ལ་ལམ་སེང་འབྲེལ་བ་བྱེད་ས་ཡོད་པ་དང་། བཀའ་འདྲི་ཞུ་ས་ཡོད་པ། རོགས་པ་གནང་མཁན་ཞིག་ལ་དགེ་བའི་བཤེས་གཉེན་ཞེས་བརྗོད།
བླ་མའི་བསམ་བློའི་ནང་སློབ་མའི་ཆེད་དུ་འདུ་ཤེས་གང་འདྲ་དགོས་རེད་ཅེ་ན། ཉེ་བའི་འདུ་ཤེས་དང་། མཛའ་བ་དང་བྱམས་པའི་འདུ་ཤེས་ཤིག་དགོས། དེ་འདྲ་མེད་ན་སློབ་མ་སྐྱོང་བའི་ནུས་པ་རྫོགས་ཀྱི་མེད་ལ། སློབ་མ་སྐྱོང་བའི་འོས་ཆོས་ཚང་གི་མེད། དཔེར་ན། སློབ་མས་བླ་མ་བསྟེན་པའི་སྐབས་སུ་སྡོང་པོ་བཀོད་པའི་མདོ་ལས་གསུངས་པའི་སེམས་དགུས་བསྟེན་ཚུལ་གྱི་དང་པོ་བུ་མཛངས་པ་ལྟ་བུའི་སེམས་ཞེས་པ་དེ་རེད། སློབ་མས་བླ་མ་བསྟེན་པའི་སྐབས་སུ་བུ་མཛངས་པ་ལྟ་བུའི་སེམས་གྱིས་བསྟེན་དགོས་ན། བླ་མས་སློབ་མ་སྐྱོང་བའི་སྐབས་སུ་ཕ་མཛངས་པ་ལྟ་བུའི་སེམས་ཤིག་དགོས་པ་དེ་ཤུགས་ལ་འཕངས་པ་རེད། དེ་མ་གཏོགས་འདུ་ཤེས་དེ་ཕྱོགས་གཅིག་ལ་འགྲོ་རྒྱུ་གང་ཡང་མེད། ཕ་མཛངས་པའམ་ཕ་བྱམས་བརྩེ་ཅན་གྱིས་བུ་ལ་ཇི་ཙམ་བརྩེ་བ་ཡོད་པ་བཞིན་སློབ་མ་ལ་བརྩེ་བ་ཡོད་པ་ཡིན་ན་བླ་མའི་མཚན་ཉིད་ཚང་གི་ཡོད་ལ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཀྱང་ཚང་བ་རེད། འདུལ་བ་ནས་བཤད་པ་ལྟར་ན་ལྔ་ཕྲུགས་ཉེར་གཅིག་གི་ཡོན་ཏན་ལ་སོགས་པ་ཡོད་རེད། ཁྱེད་རང་ཚོས་འདུལ་བ་གཟིགས་དུས་མཁྱེན་གྱི་རེད། མདོར་བསྡུས་ན་གང་བཤད་ཀྱི་ཡོད་ཅེ་ན། དགེ་རྒན་གྱིས་དགེ་ཕྲུག་ལ་བསླབ་རྒྱུའི་སློབ་ཚན་དེ་ཤེས་པ་ཙམ་གྱིས་ཕན་གྱི་མེད། སློབ་ཚན་དེ་ཇི་མ་ཇི་བཞིན་དགེ་རྒན་རང་གིས་ཉམས་ལེན་བྱས་པ་ཞིག་དགོས། དེས་ན་སྡེ་སྣོད་གསུམ་ཤེས་ཀྱི་ལྔ་པ་དང་། སྡེ་སྣོད་གསུམ་འཛིན་གྱི་ལྔ་པ་ཞེས་གཉིས་ཀ་ཡོང་དགོས་པ་ནི་འཛིན་པ་ཟེར་དུས་རང་གིས་ཉམས་ལེན་བྱས་པ་ཞིག་ལ་བརྗོད། ཤེས་པ་གང་ཞིག་ལ་རང་གིས་ཉམས་ལེན་མི་བྱེད་མཁན་ཞིག་ཡིན་ན་དེ་ནི་དགེ་རྒན་གྱི་འོས་ཆོས་ཚང་གི་མེད། དགེ་རྒན་གྱི་འོས་ཆོས་ནི་ཤེས་པ་གང་ཞིག་ལ་ཉམས་ལེན་བྱས་པ་ཞིག་དགོས།
དགེ་རྒན་འོས་ཆོས་ཀྱི་བསྡོམས་ཆེ་ཤོས་ནི་མདོ་སྡེ་རྒྱན་ནས་གསུངས་པའི་བཤེས་གཉེན་གྱི་ཡོན་ཏན་བཅུ་ཞེས་པ་དེ་རེད། དེ་ཡང་དུལ་བ་དང་། ཞི་བ། ཉེར་ཞི་བ་བཅས་གསུམ་པོ་ནི་སོ་ཐར་གྱི་ཚུལ་ཁྲིམས་དང་། ཞི་གནས་སམ་ཁམས་གོང་མའི་ཏིང་ངེ་འཛིན། སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་བསླབ་པ་གསུམ་ལ་སྦྱར་ནས་བཤད་སྲོལ་ཡོད་རུང་། དེ་འདྲའི་བསླབ་པ་གསུམ་ལ་མ་སྦྱར་བར། ང་ཚོའི་སློབ་གྲྭའི་ནང་གི་དགེ་རྒན་ལྟ་བུ་ལ་མཚོན་ན་ཀུན་སྤྱོད་ཀྱི་ཆ་ནས་དུལ་བ་ཡིན་པ་དང་། སེམས་བརྟན་པའི་ཆ་ནས་ཞི་བ་ཡིན་པ། སེམས་ཤེས་རབ་ཅན་ཡིིན་པའི་ཆ་ནས་ཉེ་བར་ཞི་བ་ཡིན་པ་གསུམ་ངེས་པར་དུ་ཚང་དགོས། བཞི་པ་ཡོན་ཏན་ལྷག་པ་ནི་རྣམ་པ་ཐམས་ཅད་དུ་དགེ་ཕྲུག་ལས་ཡོན་ཏན་མ་ལྷག་པ་ཡིན་ཡང་། གང་བསླབ་པར་བྱ་བའི་གཞུང་དང་སློབ་ཚན་དེའི་ཐོག་དགེ་ཕྲུག་ལས་ཡོན་ཏན་ལྷག་པ་ཡོད་པ། དཔེར་ན་ཨང་རྩིས་དགེ་རྒན་ལྟ་བུ་ཡིན་ན་དགེ་ཕྲུག་གིས་ཤེས་པ་ལས་ལྷག་པ་ཨང་རྩིས་དགེ་རྒན་དེས་མ་ཤེས་ན་བསླབ་རྒྱུ་གང་ཡང་མེད། ལྔ་པ་བརྩོན་འགྲུས་དང་བཅས་པ་ནི་དགེ་ཕྲུག་ལ་བརྩོན་འགྲུས་བྱོས་ཞེས་ཟེར་བ་ཙམ་གྱིས་མི་ཕན་པར། དགེ་རྒན་ལའང་བརྩོན་འགྲུས་དགོས་ཀྱི་ཡོད། གལ་ཏེ་དགེ་རྒན་བརྩོན་འགྲུས་དང་ལྡན་པ་ཡིན་ན་དགེ་ཕྲུག་ལ་བརྩོན་འགྲུས་རྩོམས་ཞེས་མ་བརྗོད་ཀྱང་། དགེ་རྒན་དེའི་བརྩོན་འགྲུས་ཀྱི་གཟི་བྱིན་གྱིས་དགེ་ཕྲུག་ལའང་རང་བཞིན་གྱིས་བརྩོན་འགྲུས་སླེབས་རྒྱུ་རེད། གང་ལྟར་ཉིན་མཚན་མེད་པར་དགེ་ཕྲུག་ཆེད་དུ་ལས་ཀ་བྱེད་དགོས་ཀྱང་བྱེད་ཐུབ་པའི་བརྩོན་འགྲུས་དགོས་པ་དེ་དགེ་རྒན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད། དྲུག་པ་ལུང་གིས་ཕྱུག་པ་ནི་དེང་དུས་ཀྱི་སློབ་ཚན་ནང་དེ་ལ་ལུང་ཁུངས་ (Reference) ཞེས་ཟེར། གང་ལྟར་ལུང་ཁུངས་ཚང་མ་ཤེས་པ་ཞིག་དགོས། དཔེར་ན་ཚན་རིག་ལྟ་བུ་ཡིན་ན་དེ་སྔ་ཕན་ཆད་ཚན་རིག་གི་སློབ་ཚན་དེའི་ཐོག་མཁས་པ་མི་འདྲ་བ་ཚང་མའི་འདོད་ཚུལ་གང་ཡིན་པ་ཆ་ཚང་གི་ཁྱབ་ཆེ་བའི་ལུང་ཁུངས་ (Comprehensive reference) སྤྲད་ཐུབ་པ་ཞིག་དགོས། ནང་དོན་རིག་པའི་གཞུང་ལྟ་བུ་ཡིན་ན་མངོན་པ་དང་། མདོ་སྡེ། འདུལ་བ། སྔགས་ཀྱི་རྒྱུད། བསྟན་བཅོས་སོགས་ནས་འདི་འདྲ་གསུངས་ཡོད་ཅེས་ལུང་ཁུངས་ཚང་མ་དྲང་རྒྱུ་ཡོད་དགོས། བདུན་པ་དེ་ཉིད་རབ་ཏུ་རྟོགས་པ་ནི་གྲུབ་མཐའ་འདྲ་མིན་དབང་གིས་དེ་ཉིད་རབ་ཏུ་རྟོགས་ཚུལ་ཡང་མི་འདྲ་བ་རེད། ཡིན་ནའང་སྤྱིར་བཏང་ལ་སྦྱར་ན་གང་བཤད་པར་བྱ་བའི་ཆོས་དེའི་གནས་ཚུལ་ཆ་ཚང་ཤེས་མཁན་ཞིག་དགོས། ཨང་རྩིས་སློབ་མཁན་ཡིན་ན་ཨང་རྩིས་ཀྱི་གཞི་རྩའི་ལྟ་གྲུབ་བམ་དེའི་སྒྲོམ་གཞི་ (Formula) ཆ་ཚང་ཡག་པོ་ཤེས་མཁན་ཞིག་དགོས་ཀྱི་ཡོད། བརྒྱད་པ་སྨྲ་མཁས་ལྡན་ནི་ཤེས་པ་ཙམ་མིན་པར་སྨྲ་མཁས་པ་ཞིག་དགོས། གང་ལྟར་ཕྲུ་གུས་གོ་ཐུབ་པའི་ཐ་སྙད་ཅིག་གི་སྟེང་ནས་འཆད་ཐུབ་པ། དཔེར་ན། ཐ་སྙད་ཅིག་ཕྲུ་གུས་མི་གོ་ན་ཐ་སྙད་གཞན་ཞིག་བེད་སྤྱོད་བཏང་ནས་གོ་བརྡ་སྤྲོད་ཐབས་སོགས་མདོར་ན་སྐད་ཆ་ཤོད་སྟངས་མཁས་པོ་དགོས།
རྒྱ་གར་ལ་སྨྲ་མཁས་དང་མི་མཁས་ཀྱི་དཔེ་གཞག་སའི་སྒྲུང་ཞིག་ཡོད། རྒྱལ་པོ་ཞིག་གི་རྨི་ལམ་ནང་རང་གི་སོ་ཚང་མ་བུད་པ་ཞིག་བཏང་བ་རེད། སྔ་དྲོ་ལྟས་མཁན་རྣམས་བཀུག་ནས་རྨིས་ལྟས་དྲིས་པར། མཚན་ལྟས་མཁན་གཅིག་གིས་དེ་ནི་ཁྱེད་ཀྱི་ཕ་མ་སྤུན་མཆེད་ཉེ་དུ་ཚང་མ་ཁྱེད་རང་གི་སྔོན་ལ་འཆི་བའི་རྟགས་རེད་ཅེས་ཞུས་པས། རྒྱལ་པོ་ཁོང་ཁྲོ་ལངས་ནས་ཁོ་ལ་ཉེས་ཆད་བཏང་བ་རེད། མཚན་ལྟས་མཁན་གཞན་གྱིས་ཁྱེད་རང་གི་སྐུ་ཉེ་སྐུ་འཁོར་ཚང་མ་ནང་ནས་རྒྱལ་པོ་ཁྱེད་རང་སྐུ་ཚེ་རིང་ཤོས་བཞུགས་ས་རེད་ཅེས་ཞུས་པས། རྒྱལ་པོས་ཁོ་ལ་རྔན་པ་གནང་བ་རེད། གང་ལྟར་དོན་དུ་གཅིག་པ་ཡིན་རུང་། སྐད་ཆ་བཤད་མཁས་དང་མ་མཁས་ཀྱི་ཁྱད་པར་རེད།
དགུ་པ་བརྩེ་བའི་བདག་ཉིད་ནི་ཚང་མ་ལ་དགོས་པ་ཞིག་རེད། དགེ་ཕྲུག་ལ་བྱམས་བརྩེ་མེད་པར། ངས་ཕོགས་ལེན་པའི་དོན་དུ་སློབ་ཀྱི་ཡོད། འཛིན་གྲྭ་སྐར་མ་བཞི་བཅུ་ཚང་ན་དེ་ག་ཡིན་བསམ་པའི་འདུ་ཤེས་འཛིན་མཁན་ཡིན་ན། དགེ་རྒན་གྱི་འོས་ཆོས་རྩ་བ་ནས་ཚང་མེད། གང་ལྟར་བུ་གཅིག་པའི་མས་བུ་ལ་ཇི་ལྟར་བརྩེ་བ་ཡོད་པ་ལྟ་བུའི་བརྩེ་བའི་བདག་ཉིད་ཅན་ཞིག་དགོས། བཅུ་པ་སྐྱོ་བ་སྤངས་པ་ནི་དགེ་ཕྲུག་ཁ་ཤས་དབང་པོ་ཧ་ཅང་རྟུལ་པོ་ཡིན་པ་རྣམས་ལ་ཚར་ཇི་ཙམ་མང་པོ་བསླབ་དགོས་ཀྱང་སྐྱོ་བ་མེད་པ་ཞིག་དགོས། ལྷག་པར་དུ་དེང་སང་སློབ་སྦྱོང་ལ་ཀླན་ཀ་ཡོད་པ་(Physically challenged & Mentally challenged) རྣམས་ལ་ཇི་ཙམ་བསླབ་དགོས་ཀྱང་སུན་སྣང་མེད་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་མང་པོ་ཞིག་གིས་དང་པོ་ཡག་པོ་བསླབས་ཀྱང་། བཀའ་འདྲི་མང་པོ་ཞུས་ན་ཅ་མ་ཟིང་ཞེས་བཀའ་བཀྱོན་གནང་མཁན་དེ་འདྲའང་ཡོད། དེ་ལ་སྐྱོ་བ་སྤངས་པ་ཞེས་པའི་ཡོན་ཏན་དེ་མ་ཚང་བ་རེད། དེ་ལྟར་སྲོལ་རྒྱུན་གྱི་དགེ་བའི་བཤེས་གཉེན་ལ་ངེས་པར་དུ་ཚང་དགོས་པའི་ཡོན་ཏན་བཅུ་བཤད་པ་དེ་ནང་དོན་རིག་པའི་འཆད་ཉན་བྱེད་མཁན་གྱི་བླ་མ་དང་དགེ་རྒན་གཅིག་པུ་ལ་སྦྱར་རྒྱུ་མེད། ཐ་སྙད་རིག་གནས་སོགས་གང་དུའང་སྦྱར་ཆོག
སྲོལ་རྒྱུན་གྱི་དགེ་རྒན་གྱི་ཡོན་ཏན་རྣམས་བཅུ་པོའི་ནང་མ་འདུས་པ་མེད་ཀྱང་། ད་དུང་ཡོངས་འཛིན་ཞེས་པའི་ཐ་སྙད་ཐོག་ནས་བཤད་ན། དེང་སང་ང་ཚོ་བོད་ཀྱི་རྒྱུན་སྤྱོད་སྐད་ཀྱི་ནང་བླ་མ་སྤྲུལ་སྐུ་ཚོའི་དགེ་རྒན་ལ་ཡོངས་འཛིན་ཞེས་པ་མ་གཏོགས། གྲྭ་རྐྱང་ཚོའི་དགེ་རྒན་ལ་ཡོངས་འཛིན་ཞེས་ཞུ་སྲོལ་མེད། དེ་རྒྱུན་སྤྱོད་ཐ་སྙད་ནང་ཟུར་ཆག་པ་རེད་མ་གཏོགས། ཡོངས་འཛིན་ཞེས་པ་ནི་ཐུན་མོང་མ་ཡིན་པའི་དགེ་རྒན་ནམ་བླ་མ་ཞིག་གི་ཁྱད་ཆོས་སུ་སྦྱར་ནས་བཤད་པ་རེད། ང་ཚོ་ཆོས་རྭའི་ནང་རྩོད་པའི་སྐབས་སུ་བླ་མ་ཡིན་ན་ཡོངས་འཛིན་ཡིན་པས་མ་ཁྱབ་པ་དང་། ཡོངས་འཛིན་ཡིན་ན་བླ་མ་ཡིན་པས་ཁྱབ་ཅིང་། གང་ལྟར་བླ་མ་ཡིན་ཚད་ཡོངས་འཛིན་དུ་ཆགས་ཀྱི་མེད། ཡོངས་འཛིན་དུ་ཆགས་པ་ལ་སེམས་མི་འགོངས་པ་ཉིད་དང་ནི།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། ཞེས་པའི་ཡོན་ཏན་གསུམ་པོ་ཚང་དགོས། དེ་ལ་འཕགས་སེང་གཉིས་ཀྱིས་འགྲེལ་སྟངས་མི་འདྲ་ཡོད་རུང་། མདོར་བསྡུས་ན་ཡོན་ཏན་གསུམ་པོ་དེ་ཚང་ན་ཡོངས་འཛིན་ཞེས་པའི་ཐ་སྙད་དེ་འཇུག་པ་ཡིན། སྤྱིར་བཏང་བྱང་སེམས་སྦྱོར་ལམ་པ་ཡོངས་འཛིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་བཤད་པའི་སྐབས་སུ་བཤད་པ་ཡིན་རུང་ཚང་མ་ལ་སྦྱར་རྒྱུ་ཡོད། དུས་ཚོད་རེའུ་མིག་ལྟར་ན་སྐད་ཆ་བཤད་རྒྱུའི་དུས་ཚོད་དེ་རྫོགས་སོང་། འདིར་མཚམས་འཇོག་རྒྱུ་ཡིན།
དྲི་བ་དྲིས་ལན།
དྲི་བ། དུས་རབས་ཉེར་གཅིག་གི་མི་བྱེད་དགོས་རེད། དུས་རབས་ཉེར་གཅིག་གི་སློབ་སྦྱོང་བྱེད་དགོས་རེད། དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་རེད་ཅེས་གོང་མ་རྣམས་ཀྱིས་བཀའ་སློབ་གནང་དང་གནང་བཞིན་པ་རེད། དེས་ན་དུས་རབས་ཉེར་གཅིག་པའི་སློབ་འཁྲིད་གནང་མཁན་དེ་དེང་རབས་ཀྱི་ཤེས་ཡོན་ལྡན་པ་ཞིག་གཙོ་ཆེའམ། ཡང་ན་སྲོལ་རྒྱུན་གྱི་ཤེས་ཡོན་ལྡན་པ་ཞིག་གཙོ་ཆེ་བ་རེད་དམ།
བཀའ་ལན། སྤྱིར་བཏང་བཤད་པ་ཡིན་ན་དེང་རབས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན་ནའང་བརྒྱ་ཕྲག་ཉེར་གཅིག་པའི་མཁས་པ་ལ་ངོས་འཛིན་བྱེད་མདོག་ཁ་པོ་རེད། ཡིན་ནའང་ཁྱད་པར་དེ་གང་ཡོད་ཅེ་ན། སྲོལ་རྒྱུན་གྱི་མཁས་པ་ཞིག་ཡིན་ན་ཕྱི་ལོའི་གོང་ནས་མཁས་པའི་རྣམ་དཔྱོད་བསྟན་ནས་ཡོང་བ་རེད། ད་ལྟའང་བརྒྱ་ཕྲག་ཉེར་གཅིག་པའི་མཁས་པ་ཞིག་ཆགས་ཀྱི་རེད། དེ་བཞིན་བརྒྱ་ཕྲག་ཉེར་གཉིས་མན་ལའང་འགྱུར་བ་གང་ཡང་མི་འགྲོ གལ་ཏེ་སྲོལ་རྒྱུན་གྱི་ཤེས་ཡོན་ཡང་དག་པ་ཞིག་ཤེས་ན་ག་དུས་ཡིན་ཡང་འགྲིག་བསྡད་པ་ཞིག་ཡོད་རེད། འོན་ཀྱང་དེང་རབས་ཀྱི་ཤེས་ཡོན་རྐྱང་པའི་ཐོག་ནས་བརྒྱ་ཕྲག་ཉེར་གཅིག་པའི་མཁས་པ་ཞིག་བྱས་ན། བརྒྱ་ཕྲག་ཉེར་གཉིས་ནང་སླེབས་དུས་བརྒྱ་ཕྲག་ཉེར་གཉིས་དང་བསྟུན་པའི་དེང་རབས་ཀྱི་ཤེས་ཡོན་གསར་པ་ཞིག་སྦྱང་དགོས་རེད་མ་གཏོགས། བརྒྱ་ཕྲག་ཉེར་གཅིག་ནང་སྦྱངས་པ་དེ་བེད་སྤྱོད་ཡོད་མ་རེད། དེ་ནི་རང་བཞིན་གྱིས་ཡལ་འགྲོ་རྒྱུ་རེད། འོ་ན་སྲོལ་རྒྱུན་གྱི་ཤེས་ཡོན་སྦྱོང་མཁན་ཚོ་ལ་བརྒྱ་ཕྲག་ཉེར་གཅིག་པའི་རབ་བྱུང་ཞིག་དང་མཁས་པ་ཞིག་བྱེད་དགོས་གསུངས་པའི་རྒྱབ་ལྗོངས་སུ་རྒྱུ་མཚན་གང་ཡོད་ཅེ་ན། བརྒྱ་ཕྲག་ཉེར་གཅིག་པའི་གནས་བབ་དེ་ཤེས་དགོས་ཀྱི་ཡོད་རེད། བརྒྱ་ཕྲག་ཉེར་གཅིག་པའི་གནས་བབ་དེ་མ་ཤེས་པར་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པའི་ཐོག་བསྡད་ན་རང་གི་སྲོལ་རྒྱུན་གྱི་ཤེས་ཡོན་དེ་བརྒྱ་ཕྲག་ཉེར་གཅིག་པའི་ནང་བེད་སྤྱོད་གཏོང་ཐབས་མེད་ལ། སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་ཐབས་མེད། དེ་ནི་གནས་སྟངས་དེའི་ཐོག་ནས་འགག་རྒྱུ་རེད། རོགས་པ་བྱེད་དགོས་ནའང་རེད། དགག་པ་བརྒྱབ་དགོས་ནའང་རེད། མཐུན་འགྱུར་བྱེད་དགོས་ནའང་རེད། གང་ལྟར་ཕྱོགས་སྔའི་གནས་སྟངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་ཅིའི་ཕྱིར་ཚན་རིག་སྦྱོང་གི་ཡོད་དམ། ཚན་རིག་སྦྱངས་ནས་ནང་དོན་རིག་པའི་སློབ་སྦྱོང་ཐོག་རླབས་ཆེ་བའི་ཕན་ཐོགས་ཅིག་ཡོང་གི་རེད་བསམ་པའི་རེ་བ་ཡོད་མ་རེད། ཡིན་ནའང་ཚན་རིག་སྦྱང་བ་ཡིན་ན། བརྒྱ་ཕྲག་ཉེར་གཅིག་པའི་མི་དེ་ཚོས་ཚན་རིག་དང་འཕྲུལ་ལས་དེ་ཡང་དག་པ་དང་ཚད་མ་ཡིན་པ་འཛིན་གྱི་ཡོད་སྟབས། ཁོང་ཚོའི་ཤེས་ཡོན་དང་། ཁོང་ཚོའི་སྐད་ཡིག ཁོང་ཚོའི་འཇུག་ངོགས་ཀྱི་ཐོག་ནས་སྲོལ་རྒྱུན་གྱི་ཤེས་ཡོན་དེ་མཉམ་སྤྱོད་ཐུབ་པ་དང་སྤེལ་ཐུབ་པ་ཡིན་ན་སྟབས་བདེ་པོ་ཞིག་ཡོང་གི་ཡོད་རེད། དེ་ནི་གཞན་དོན་སྒྲུབ་པའི་ཡན་ལག་རེད། གཞན་དོན་སྒྲུབ་པའི་ཡན་ལག་དེ་འདྲ་ཞིག་མ་ཚང་ན་བརྒྱ་ཕྲག་ཉེར་གཅིག་པའི་མཁས་པ་ཞིག་ཆགས་མི་ཐུབ། དེ་ཚང་བ་ཡིན་ན་སྲོལ་རྒྱུན་གྱི་མི་ཡིན་པ་གང་ཞིག་ལ་བརྒྱ་ཕྲག་ཉེར་གཅིག་ནང་ཕན་ཐོགས་པ་དང་བེད་སྤྱོད་ཡོད་པའི་མི་ཞིག་ཆགས་རྒྱུ་རེད། ང་ཚོའི་སྟོན་པ་མྱང་ངན་ལས་འདས་ནས་ལོ་ཆིག་སྟོང་ཡན་མན་དུ་རྒྱ་གར་ནང་གྲུབ་མཐའ་ཡར་རྒྱས་ཕྱིན་པའི་ལོ་རྒྱུས་ལ་གཟིགས་ན་ཕྱི་རོལ་པའི་གྲུབ་མཐའ་ལ་ནང་པའི་མཁས་པ་ཚོས་ཇི་ཙམ་སྦྱངས་ཡོད་པ་དེ་གཟིགས་ཐུབ། དཔལ་ལྡན་ཆོས་གྲགས་ཀྱིས་གྲངས་ཅན་པའི་གསང་ཚིག་མང་པོ་མཁྱེན་པའི་ཆེད་དུ་བྲམ་ཟེ་ཁྱོ་ཤུག་ཅིག་གི་གཡོག་ཏུ་ཞུགས་ནས་བུད་མེད་དེ་ལ་རང་གི་བཟའ་ཟླ་ལ་སྐད་ཆ་འདྲི་རུ་བཅུག་ནས་ཉལ་ཁྲིའི་འོག་ཏུ་གབ་ནས་གསན་པ་རེད་ཅེས་རྣམ་ཐར་ནང་ཡོང་གི་འདུག བྲམ་ཟེའི་གསང་ཚིག་དེ་དག་མཁྱེན་ནས་ཆོས་ཀྱི་གྲགས་པ་ལ་ནང་དོན་རིག་པའི་མཁྱེན་ཡོན་ཐོག་ལ་ཡར་རྒྱས་འགྲོ་རྒྱུ་གང་ཡང་མེད་ཀྱང་། གཞན་དོན་སྒྲུབ་པའི་ཡན་ལག་ལ་ཕྱོགས་སྔ་འགོག་པའི་སྐབས་སུ་ཕྱོགས་སྔའི་འདོད་པ་ཡང་དག་པ་མ་རྟོགས་ན་འགོག་རྒྱུ་གང་ཡང་མེད། དེས་དབང་གིས་སྦྱངས་པ་རེད།
དཔེར་ན་མདོ་སྡེ་བསྐལ་བཟང་ནང་བསྐལ་པ་བཟང་པོ་འདི་ལ་བྱུང་བ་དང་འབྱུང་བར་འགྱུར་བའི་རྣམ་འདྲེན་སྟོང་ཡོངས་སུ་རྫོགས་པ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སྐབས་སུ་བྲམ་ཟེའི་རིགས་སམ་རྒྱལ་རིགས་གང་རུང་མ་གཏོགས་སྐྱེ་བ་བཞེས་ཀྱི་མ་རེད་ཅེས་གསུངས་ཡོད། ཕྱི་རོལ་པས་ནང་པ་ལ་དགག་པ་རྒྱག་པའི་སྐབས་སུ་ཁྱེད་ཚོས་རིགས་དང་རུས་མི་གཙོ། ཆོས་དང་སྒྲུབ་པ་གཙོ་ཟེར་བ་དེ་བདེན་པ་རེད་མི་འདུག དེ་བདེན་པ་ཡིན་ན་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་དེ་ཚོ་དམངས་རིགས་དང་གདོལ་བའི་རིགས་སུ་ཅིའི་ཕྱིར་སྐྱེ་བ་བཞེས་ཀྱི་མེད། ངེས་པར་དུ་རྒྱལ་རིགས་དང་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་དགོས་པ་གང་རེད་ཅེས་ཀླན་ཀ་འཛུགས་མཁན་ཡོང་གི་ཡོད། ཧོབ་སྟེ་བལྟས་ན་བདེན་པ་ལྟ་བུ་ཞིག་ཡོད་རེད། ཡིན་ནའང་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཡོངས་སུ་རྫོགས་པས་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པ་དེའི་ཚེ་ན་འཇིག་རྟེན་དུ་རིགས་བཙུན་ཤོས་སུ་གྲགས་པ་དེར་སྐྱེ་བ་བཞེས་པ་དེ་རང་གི་དོན་མིན་པར་གཞན་དོན་སྒྲུབ་པའི་ཡན་ལག་རེད། དམངས་རིགས་དང་གདོལ་བའི་རིགས་སུ་སྐྱེ་བ་བཞེས་པ་ལས་རྒྱལ་རིགས་དང་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་ན་གཞན་དོན་སྒྲུབ་སླ་བ་དང་གཞན་དོན་སྒྲུབ་པའི་གོ་སྐབས་མང་བ་ཡོད། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཀྱིས་སྐྱེ་བ་ཇི་ལྟར་བཞེས་ཀྱང་རང་ལ་ཁྱད་པར་གང་ཡང་མེད།
དེ་བཞིན་ད་ལྟའི་གནས་སྐབས་སུ་བརྒྱ་ཕྲག་ཉེར་གཅིག་གི་འཇིག་རྟེན་གྱི་མི་མང་ཆེ་བའི་རྨོངས་དད་དེ་ཚན་རིག་གི་ཕྱོགས་སུ་ཡོད། གལ་ཏེ་ང་ཚོས་ཚན་རིག་གི་གནས་སྟངས་ཆ་ཚང་ཤེས་ནས་དེའི་འགྲོས་དང་མཐུན་པར་ནང་དོན་རིག་པའི་སློབ་གསོ་སྤྲད་ན་ཡིད་ཆེས་བྱེད་ཀྱི་རེད་ལ་ལས་སླ་པོའི་སྒོ་ནས་ཤེས་ཀྱིའང་རེད། བརྒྱ་ཕྲག་ཉེར་གཅིག་པའི་མིའི་བསམ་བློ་དང་། སྤྱོད་པ་དང་། མོས་པ་དང་། ཁམས་དང་། བག་ལ་ཉལ་དང་བསྟུན་ནས་ཁོང་ཚོའི་རྩ་ཆེན་བརྩི་བའི་སྐད་ཡིག་ནང་ང་ཚོའི་སྲོལ་རྒྱུན་གྱི་རྩ་ཆེན་རིན་ཐང་བྲལ་བའི་གདམས་ངག་རྣམས་སྐད་ཡིག་དེ་ཚོའི་ནང་ནས་ཤོད་ཐུབ་པ་དང་མཉམ་སྤྱོད་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོང་གི་ཡོད། དེས་ན་ཁྱེད་རང་གིས་ག་རེ་གལ་ཆེ་གི་རེད་ཅེས་གསུངས་དུས་གདམ་ཁ་བྱེད་རྒྱུ་ཡོད་པ་ལྟ་བུ་ཞིག་འདུག་མོད། དེ་ནི་གདམ་ཁ་བྱེད་རྒྱུ་མ་རེད། བརྒྱ་ཕྲག་ཉེར་གཅིག་པའི་མཁས་པ་ཞིག་བྱེད་པ་ལ་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་དབར་གདམ་ཁ་བྱེད་རྒྱུ་མ་རེད། སྲོལ་རྒྱུན་གྱི་ཤེས་ཡོན་དེ་རང་རྒྱུད་སྨིན་པར་བྱ་བའམ་རང་ཉིད་ཀུན་ཤེས་བྱ་བའི་ཕྱིར་དུ་ཤེས་དགོས་པ་དང་། དེང་རབས་ཀྱི་ཤེས་ཡོན་དེ་གཞན་དག་ཚར་གཅོད་པའམ་རྗེས་སུ་གཟུང་བའི་ཆེད་དུ་ཤེས་དགོས་པ་རེད། དོན་དུ་གཉིས་ཀ་ཤེས་ན་བརྒྱ་ཕྲག་ཉེར་གཅིག་ནང་གི་མཁས་པ་ཞིག་ཆགས་རྒྱུ་རེད།
དྲི་བ། གུས་པ་འཛིན་གྲྭ་བརྒྱད་པའི་ནང་གི་སློབ་མ་ཞིག་ཡིན། ངའི་དྲི་བ་དེ་སྲོལ་རྒྱུན་གྱི་མཁས་པ་མང་པོས་བཟོས་པའི་ཚིག་མཛོད་དང་དེང་རབས་ཀྱི་དགེ་རྒན་གཉིས་སློབ་ཕྲུག་ལ་གང་ཕན་ཐོགས་ཆེ་བ་དང་གལ་ཆེ་བ་ཡོད་དམ།
བཀའ་ལན། དགེ་རྒན་དང་ཚིག་མཛོད་གཉིས་ཀྱིས་སློབ་མ་ལ་ག་རེ་ཕན་ཐོགས་ཆེ་བ་ཡོད་མེད་ལ་མཚུངས་སྡུར་བྱེད་རྒྱུ་འདུག་གམ། ཚིག་མཛོད་ནི་དཔེ་དེབ་ཅིག་རེད། བཀླག་རྒྱུ་ཡོད་པ་ཞིག་རེད། དགེ་རྒན་ནི་མི་དང་མིའི་བར་ལ་ཚོར་བ་དང་ལྡན་པའི་ཐོག་ནས་འབྲེལ་བ་བྱེད་ས་ཞིག་རེད། ཚིག་མཛོད་དེ་སྐད་ཡིག་བེད་སྤྱོད་གཏོང་བའི་སྐབས་སུ་བེད་སྤྱད་གཏང་རྒྱུ་ཞིག་དང་། ཚིག་ཅིག་གི་དོན་དག་མ་ཤེས་ན་ཚིག་མཛོད་ལ་ལྟ་གི་རེད། ཚིག་གཞན་པ་ཞིག་གི་དག་ཆ་མ་ཤེས་ན་ཚིག་མཛོད་ལ་ལྟ་གི་རེད། དོན་གཅིག་མིང་གི་རྣམ་གྲངས་མ་ཤེས་ན་ཚིག་མཛོད་ལ་ལྟ་གི་རེད། ཚིག་མཛོད་དེ་དགོས་པ་ཁྱད་པར་བ་ཞིག་དང་བྱ་བ་ཁྱད་པར་བ་ཞིག་གི་ཆེད་དུ་བསྒྲིགས་པའི་ངག་གི་རང་བཞིན་ཞིག་རེད། ཚིག་མཛོད་ལ་དགེ་རྒན་དང་འབྲེལ་བ་བྱེད་པ་ནང་བཞིན་བྱེད་རྒྱུ་གང་ཡང་མེད། ཚིག་མཛོད་དང་མཉམ་དུ་རྩོད་པ་བརྒྱབ་རྒྱུའང་ཡོད་མ་རེད། ཚིག་མཛོད་ཀྱིས་དགེ་ཕྲུག་ལ་བཀའ་བཀྱོན་ཡང་གནང་གི་མ་རེད། དགེ་རྒན་ནི་སྐད་ཆ་འདྲི་ས་ཞིག་རེད། འབྲེལ་བ་བྱེད་ས་ཞིག་རེད། སེམས་ཚོར་དང་ལྡན་པ་ཞིག་རེད། བཀའ་བཀྱོན་གནང་གི་རེད། ཉེས་རྡུང་ཡང་གཏོང་སྲིད་པ་རེད། དེ་གཉིས་ལ་མཚུངས་བསྡུར་བྱེད་རྒྱུ་དེ་ཁག་པོ་རེད། སྲོལ་རྒྱུན་གྱི་ཤེས་ཡོན་ཅན་གྱི་དགེ་རྒན་ཞིག་དང་དེང་རབས་ཀྱི་ཤེས་ཡོན་ཅན་གྱི་དགེ་རྒན་གཉིས་དགེ་ཕྲུག་ལ་སུ་ཕན་ཐོགས་ཆེ་བ་རེད་ཅེས་དྲིས་ན། དེ་ནི་དྲི་བ་ཞིག་ཆགས་ཀྱི་རེད། དེ་མ་གཏོགས་ཚིག་མཛོད་དང་དགེ་རྒན་གཉིས་པོ་དགེ་ཕྲུག་ལ་གང་ཕན་ཐོགས་ཆེ་བ་རེད་ཟེར་ན། སྐབས་རེ་ཚིག་མཛོད་ཕན་ཐོགས་ཆེ་བ་ཡོང་སྲིད། རྒན་ལགས་ལ་གསུང་རྒྱུ་མེད་པའི་ཚིག་ཚིག་མཛོད་ནང་རག་སྲིད་པ་རེད། དེ་དུས་ཚིག་མཛོད་ཕན་ཐོགས་ཆེ་བ་ཡོད་རེད། དེ་མིན་དཔྱད་པ་བྱས་ནས་བགྲོ་གླེང་བྱེད་དགོས་པའི་གནས་སྟངས་ཡིན་ན་ཚིག་མཛོད་མཉམ་དུ་བགྲོ་གླེང་བྱེད་རྒྱུ་གང་ཡང་མེད། དགེ་རྒན་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡོད་སྟབས་དེ་དུས་དགེ་རྒན་ཕན་ཐོགས་ཆེ་བ་ཡོད་རེད།
དྲི་བ། སྲོལ་རྒྱུན་ནང་ལ་དགེ་རྒན་དང་དགེ་བའི་བཤེས་གཉེན་ལ་ཧ་ཅང་རྩ་ཆེན་པོ་བྱེད་ཀྱི་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱི་སློབ་གྲྭའི་ནང་གི་དགེེ་རྒན་ལ་རིན་ཐང་དེ་འདྲ་མཐོང་ཐུབ་ཀྱི་མི་འདུག དེ་ནི་ང་ཚོའི་སློབ་གསོས་མ་འདེང་བ་ཡིན་ནམ། ཡང་ན་དགེ་རྒན་མང་དྲགས་པ་རེད། དྲི་བ་གཉིས་པ་དེ་ཁ་སང་མཁས་དབང་མཆོག་གིས་སྲོལ་རྒྱུན་ཟེར་བ་དེ་ཡུལ་དང་དུས་གནས་སྐབས་ཀུན་ཏུ་འགྱུར་བ་མེད་པ་ཡིན་པ་དང་། དེང་རབས་ཀྱི་སློབ་ཚན་དེ་ཡུལ་དང་དུས་ལ་ལྟོས་ནས་འགྱུར་བ་འགྲོ་གི་རེད་ཅེས་གསུངས་སོང་། དེ་ལྟར་ཡིན་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ནང་གི་འཇིག་རྟེན་ཆགས་ལུགས་དེ་སྲོལ་རྒྱུན་གྱི་སློབ་ཚན་ཞིག་རེད་དམ།
བཀའ་ལན། ནང་དོན་རིག་པའི་གཞུང་ལུགས་ནས་བཤེས་གཉེན་བསྟེན་ཚུལ་བཤད་པ་དེ་རང་གི་ཆོས་ཞུ་སའི་བླ་མའམ་དགེ་བའི་བཤེས་གཉེན་ལ་གོ་དགོས། དེ་ལས་གཞན་པའི་ཐ་སྙད་རིག་གནས་སློབ་མཁན་དེ་བླ་མ་ལ་བརྩི་དང་མི་བརྩི་བ་སྣ་ཚོགས་རེད། དེང་རབས་ཀྱི་སློབ་ཚན་ནང་ཚན་རིག་དང་། ཨང་རྩིས། ས་ཁྲ་སོགས་སློབ་མཁན་གྱི་དགེ་རྒན་དེ་རྩ་ཆེན་དང་། མཐོང་ཆེན་དང་། བླ་མ་ལ་བརྩི་ཐུབ་ན་ཡག་པོ་རེད། ཡིན་ནའང་བརྩི་དགོས་པའི་ངེས་པ་གང་ཡང་མེད། གང་ལགས་ཤེ་ན། ཆོས་ཀྱི་གནས་ཚུལ་ཞིག་ཁོང་ཚོའི་ས་ནས་ཉན་ཡོད་མ་རེད། སྤྱིར་བཏང་ཤེས་བྱའི་གནས་ཚུལ་ཞིག་ཉན་པ་རེད། དེ་ཡང་ལན་སྐྱེལ་མཁན་ཞིག་ནས་ཉན་པ་རེད་མ་གཏོགས། ཁོང་གིས་སློབ་མ་ལ་བརྩེ་བ་དང་། སློབ་མས་ཀྱང་ཁོང་ལ་དད་མོས་བྱས་ནས་འཆད་ཉན་བྱས་པ་ཞིག་མ་རེད། མདོར་བསྡུས་ནས་བཤད་ན། དགེ་རྒན་མང་དྲགས་པ་མ་རེད། དགེ་རྒན་ཉུང་ཉུང་ཡིན་ཡང་མཐོང་མེད་པ་དེ་རང་བཞིན་གྱིས་ཡོང་སྲིད་པ་ཞིག་རེད། གང་ལྟར་ངོ་བོའི་ཆ་ནས་ཁྱད་པར་ཤོར་བ་རེད། བླ་མ་དང་སློབ་མ་ཟེར་བ་དེ་སློབ་མས་བླ་མ་ལ་ཕོགས་བརྒྱབས་ནས་གཡོག་སྐུལ་གྱི་མེད། ཆོས་ཞུ་བའི་སྐབས་སུ་ཡོན་འབུལ་མཁན་ཡོད། ཡོན་བཞེས་པའི་སྐབས་ཀྱང་ཡོད་ལ། མི་བཞེས་པའི་སྐབས་ཀྱང་ཡོད་རེད། རྒྱ་གར་དང་བོད་གཉིས་ཀའི་ནང་ཆོས་བྱེ་བྲག་པ་ལ་ཆོས་ཀྱི་གོང་ཚད་གཏན་འཁེལ་བ་གསེར་ཆོས་ཟེར་བ་དེ་འདྲའང་བྱུང་བ་རེད། ཡིན་ཡང་ཡོན་འབུལ་བ་དེ་བླ་མ་ལ་ཕོགས་བརྒྱབས་ནས་སོ་སོའི་གཡོག་པོ་བཟོས་པའི་གནས་སྟངས་ཤིག་ཆགས་ཀྱི་མེད། ནང་པ་ལས་གཞན་པའི་ཕྱི་རོལ་པའི་བླ་མ་དེ་ཚོས་ཀྱང་སློབ་མ་ནས་སྐུ་ཡོན་ལེན་གྱི་ཡོད། དེ་ལ་གུརུ་དཀྵིཎཱ་ཟེར། དགེ་རྒན་དྲོཎཱཅཱརྱས་ (Dronacharya) ཨེཀ་ལབྱ་ (Eklavya) ལ་བླ་མའི་ཡོན་དུ་མཐེ་བོང་དེ་དགོས་ཞེས་གསུངས་པར་བརྟེན། མཐེ་བོང་བཅད་ནས་ཕུལ་བ་རེད། གང་ཡིན་ཟེར་ན། ཁོང་སྲིད་སྒྲུབ་དང་མཚུངས་་པའི་མདའ་པ་ཞིག་མི་ཆགས་པའི་ཆེད་དུ་བསམ་ངན་བྱས་པ་རེད།
ད་ལྟ་སློབ་གྲྭའི་དགེ་རྒན་ནི་དགེ་ཕྲུག་གི་གཡོག་པོ་རེད། དགེ་ཕྲུག་གིས་སློབ་གྲྭ་ལ་སློབ་ཡོན་སྤྲད་པ་དང་། སློབ་གྲྭས་དགེ་རྒན་ལ་ཕོགས་བརྒྱབས་པ། ཕོགས་བཟའ་རྒྱུ་དེ་དགེ་རྒན་གྱི་འཚོ་ཐབས་རེད། འཚོ་ཐབས་དེའི་སྒོ་ནས་འཛིན་གྲྭ་འཁྲིད་པ་ཡིན་སྟབས། སློབ་ཕྲུག་དེ་སྦྱིན་བདག་ཆགས་པ་དང་། དགེ་རྒན་དེ་གཡོག་པོ་ཆགས་པ་རེད། ཁ་ནས་མ་བཤད་པ་མ་གཏོགས་གླ་ཆ་སྤྲད་ནས་བཀོལ་བ་ཞིག་རེད། ང་ཚོས་དོ་བོ་དབོར་མཁན་ཚོར་གླ་ཆ་སྤྲད་ནས་དོ་བོ་དབོར་བཅུག་གི་ཡོད་རེད། དེ་ལ་རང་བཞིན་གྱིས་མཐོང་ཡོང་དང་མི་ཡོང་ཟེར་བ་དེ་གནས་ཚུལ་ཐ་དད་རེད། སྲོལ་རྒྱུན་གྱི་ཆ་ནས་བལྟས་པའི་སྐབས་ལའང་ནང་དོན་རིག་པ་ལས་གཞན་པའི་ཐ་སྙད་རིག་གནས་དེ་ཚོ་ལ་བཤེས་གཉེན་བསྟེན་ཚུལ་སྐོར་གསུང་གི་མེད། སྐད་ཡིག་སློབ་མཁན་དང་། སྙན་ངག་སློབ་མཁན་དེ་ཚོ་ལ་བླ་སློབ་ཀྱི་འདུ་ཤེས་འཇོག་མཁན་ཡོད་ལ། འོན་ཀྱང་མི་འཇོག་མཁན་མང་བ་རེད། འོན་ཀྱང་དེའི་དབང་གིས་གོང་དུ་བཤད་པའི་ཡོན་ཏན་བཅུ་པོ་དེ་ཚང་དགོས་ཀྱི་མ་རེད་དམ་ཞེ་ན། དེ་ནི་ངེས་པར་དུ་ཚང་དགོས་ཀྱི་རེད། ངས་དང་པོ་ཞུས་པ་དེ་ཡག་པོ་མ་གསན་པ་འདྲ། བླ་མ་ཞེས་མིང་མ་བཏགས་པར་དགེ་བའི་གཤེས་གཉེན་ཞེས་བཏགས་པ་དེ་ཐུན་མོང་མ་ཡིན་པའི་གནད་འགག་ཅིག་ཡོད་ཅེས་ཞུས་པ་ཡིན། དེའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད།
དྲི་བ། སྲོལ་རྒྱུན་གྱི་སློབ་ཚན་ཁྲིད་མཁན་གྱི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་དེ་གང་ཡིན་ནམ།
བཀའ་ལན། དེ་ད་ནངས་ནས་ང་ཚོས་བཤད་བསྡད་པ་དེ་མ་རེད་དམ། མདོ་སྡེ་རྒྱན་གྱི་ནང་ཡུམ་གྱི་མདོ་དང་ཕལ་བོ་ཆེའི་མདོ་ལ་སོགས་པ་ནས་བཤད་པའི་བཤེས་གཉེན་གྱི་ཡོན་ཏན་བཅུ་བཤད་པ་དེ་རིམ་པ་ཁ་ཤས་སུ་ཕྱེ་ནས་དངོས་གནས་ཆོས་སྟོན་མཁན་གྱི་བླ་མ་ཞིག་ཡིན་ན་བསླབ་པ་གསུམ་གྱིས་མཚོན་པའི་ཡོན་ཏན་མ་ལུས་པ་ཚང་དགོས་པ་དང་། ཐ་སྙད་རིག་གནས་ཀྱི་དགེ་རྒན་ཞིག་ཡིན་ནའང་བསླབ་པ་གསུམ་རྒྱུད་ལ་མེད་ཀྱང་དེ་དང་ཕྱོགས་མཚུངས་ཀྱི་ཡོན་ཏན། དཔེར་ན་ཀུན་སྤྱོད་བཟང་པོ་དང་། བསམ་བློ་བརྟན་པོ། ཤེས་རབ། སློབ་ཚན་དེ་ཤེས་པ་བཅས་དགོས་ཞེས་ངས་ད་ནངས་མང་པོ་བཤད་པ་ཡིན། དེ་ནས་ཡོངས་འཛིན་གྱི་ཡོན་ཏན་གསུམ་དེ་ཚོགས་ཐེངས་གཉིས་པའི་ནང་དུ་མུ་མཐུད་བཤད་དགོས་བསམ་བསྡད་ཡོད། དེང་རབས་ཀྱི་སློབ་ཚན་སློབ་མཁན་ཚོའང་ཡོངས་འཛིན་ཆགས་མིན་ལ་མ་ལྟོས་པར་ཡོན་ཏན་གསུམ་པོ་དེ་ཚང་ན་དགེ་རྒན་ཡག་པོ་ཞིག་ཆགས་པའི་རེ་བ་ཏན་ཏན་ཡོད་རེད། དེ་གསུམ་གང་རུང་ཞིག་མ་ཚང་ན་དགེ་རྒན་ཡག་པོ་ཆགས་པའི་རེ་བ་མེད། ཡོངས་འཛིན་གྱི་ཡོན་ཏན་གསུམ་བཤད་པ་ནི་དེང་རབས་ཀྱི་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་དང་། དེང་རབས་ཀྱི་སློབ་གསོའི་ལམ་ལུགས་བཅས་ཁོང་ཚོས་བཤད་པ་དང་སྐད་ཡིག་མི་འདྲ་བ་མ་གཏོགས་དོན་དག་ཕལ་ཆེ་བ་གཅིག་པ་རེད། དེང་རབས་ཀྱི་དགེ་རྒན་འོས་སྦྱོང་ནང་སློབ་པའི་དགེ་རྒན་གྱི་ཁྱད་ཆོས་དང། ་ང་ཚོའི་གཞུང་ནས་བཤད་པའི་ཡོངས་འཛིན་གྱི་ཁྱད་ཆོས་རྣམས་ཕན་ཚུན་མཚུངས་བསྡུར་བྱས་ནས་འགྲོ་ཐུབ་པ་ཞིག་རེེད།
མངོན་པ་མཛོད་ནས་བཤད་པའི་རི་རབ་ཀྱི་ཆགས་ཚུལ་དང་། དུས་འཁོར་ནས་བཤད་པའི་རི་རབ་ཀྱི་ཆགས་ཚུལ། མདོ་ཕལ་པོ་ཆེ་ནས་བཤད་པའི་འཇིག་རྟེན་གྱི་ཆགས་ཚུལ་བཅས་ཚང་མ་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མེད། གང་ཡིན་ཟེར་ན། ང་ཚོའི་གཞུང་ནང་བཤད་པའི་གླིང་བཞི་རི་རབ་དེ་ནམ་ཡང་འགྱུར་བ་མེད་པར་རྣམ་པ་ཐམས་ཅད་དུ་དེ་ལྟར་ཡིན་པར་ཁས་བླངས་ཡོད་ན་འགྱུར་བ་གཏོང་དགོས་པ་ཆགས་ཀྱི་རེད། མཛོད་དང་དུས་འཁོར་ནས་བཤད་པ་རྣམས་ཁ་སང་དུས་ཚོད་མང་པོ་བཏང་ནས་ཞུས་པ་ཡིན། ཁྱེད་རང་ཚོ་བརྒྱ་ཕྲག་ཉེར་གཅིག་པའི་སློབ་ཕྲུག་ཡིན་སྟབས། ཁ་སང་ཞུས་པ་དེ་དེ་རིང་བསྡད་ཀྱི་ཡོད་མ་རེད། ངས་ག་རེ་ཞུས་ཡོད་ཅེ་ན། མངོན་པ་ནས་བཤད་པའི་རི་རབ་ཀྱི་ཆགས་ཚུལ་དེ་མངོན་པའི་ཆེད་དུ་བྱ་བའི་གདུལ་བྱའི་ལས་དང་མཐོང་སྣང་ལ་གྲུབ་པའི་གནས་ཚུལ་ཞིག་གསུང་གི་ཡོད་རེད། སྐབས་དེ་དང་དུས་དེ་ལ་ཆེད་དུ་བྱ་བའི་གདུལ་བྱ་དེ་ཚོའི་ངོ་ལ་དེ་ག་རང་ཡོད་རེད། ད་ལྟ་ཡོད་དང་མེད་ཟེར་བ་དེ་ང་རང་ཚོའི་ལས་སྣང་ལ་རག་ལས་ཀྱི་རེེད། དེ་བཞིན་དུས་འཁོར་ནས་བཤད་པའི་གླིང་བཞི་རི་རབ་ཆགས་ཚུལ་དེ་དུས་ཀྱི་འཁོར་ལོའི་ཆེད་བྱ་བའི་གདུལ་བྱའི་ལས་དང་སྣང་ངོར་ལ་དེ་རང་གྲུབ་བསྡད་ཡོད་རེད། འོན་ཀྱང་དེ་རིང་ཡོད་དང་མེད་སྐད་ཆ་བཤད་རྒྱུ་ཡོད་མ་རེད། དེ་ནི་ང་ཚོའི་ལས་སྣང་ཐོག་ནས་འགྲོ་གི་རེད། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།། ཞེས་གསུངས་པ་དེ་རླན་ཞིང་གཤེར་བ་ཕོར་པ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟས་པའི་ཚེ་རྫས་མི་འདྲ་བ་གསུམ་དངོས་ཡོད་ཀྱི་གནས་ཚུལ་ལ་ཡོད་ཟེར་གྱི་ཡོད། དེ་ནི་མངོན་སུམ་ལ་བསྙོན་གྱི་ཡོད་མ་རེད།
དེའི་རྗེས་སུ་ད་དུང་ག་རེ་ཞུས་ཡོད་ཅེ་ན། འཇིག་རྟེན་གྱི་གནས་ཚུལ་འདྲ་མིན་སྣ་ཚོགས་མདོ་ཕལ་པོ་ཆེ་ལ་སོགས་པའི་ནང་བཤད་ཡོད། དེ་དག་ནི་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱའི་མཐོང་སྣང་ལ་ཡོད་སྲིད་ཀྱི་རེད། མཁས་གྲུབ་རྗེས་འཇིག་རྟེན་ཚད་གཟུང་མི་ནུས་གསུངས་པ་དེ་དེའི་དབང་གིས་གསུང་གི་ཡོད། དེས་ན་འཇིག་རྟེན་ལ་ཚད་གཟུང་རྒྱུ་མེད་ཅེས་པ་ནི་སྲོལ་རྒྱུན་གྱི་མཐའ་མའི་དམ་བཅའ་དེ་རེད། དེ་ག་དུས་ཡིན་ཡང་འགྱུར་བ་གཏོང་དགོས་མེད། ད་ལྟ་བཤད་པའི་འཇིག་རྟེན་ཆགས་ཚུལ་དེ་ལ་བསྙོན་དགོས་པ་མེད། ཁོང་ཚོས་མངོན་སུམ་དུ་མཐོང་གི་ཡོད་ན་དེ་རང་ང་ཚོས་ཁས་བླངས་ན་འགྲིག་གི་རེད། དེ་ཁས་བླངས་པའི་ཉེར་ལེན་གྱིས་ང་ཚོའི་གཞུང་ནས་བཤད་པ་དེ་དག་རྫུན་ཡིན་པ་དང་། འགྱུར་བ་གཏོང་དགོས་པ། རྩ་བརླག་འགྲོ་དགོས་པའི་གནས་སྟངས་མེད། དེ་ཚོ་རྦད་དེ་ཐ་དད་རེད། གཞན་ཡང་ས་ཡི་གོ་ལ་ཟླུམ་པོ་ཡིན་པ་དང་། ཉི་མ་ཟླ་བ་འགྲོ་གི་མེད་པ་དེ་ནུབ་ཕྱོགས་པས་བཤད་དུས་གཞི་ནས་ང་ཚོ་གཉིད་སད་པ་མ་རེད། ཕྱི་ལོ་བརྒྱ་ཕྲག་ལྔ་པའམ་དྲུག་པའི་མགོ་ལ་བྱུང་བའི་ནཱལནྡཱའི་མཁས་པ་དེ་ཚོས་གསུངས་ཟིན་པ་རེད། དེ་ནི་ས་ཡི་གོ་ལ་རིལ་རིལ་ཡིན་པ་དེ་སྐོར་བ་རྒྱག་གི་ཡོད་པ་དང་། ཉི་མ་དང་ཟླ་བ་མི་འགྲོ་བར་ཕྱོགས་གཅིག་ཏུ་བསྡད་ཀྱི་ཡོད་ཅེས་གསུངས་པ་དེ་མངོན་པ་དང་དུས་འཁོར་དང་འགལ་བ་རེད། མངོན་པ་དང་དུས་འཁོར་གཉིས་ཀ་དང་འགལ་བའི་རྣམ་གཞག་ཅིག་ནཱལནྡཱ་ནས་བྱུང་བའི་ནང་པའི་རྩིས་ཀྱི་མཁས་པ་ཞིག་གིས་ཕྱི་ལོ་བརྒྱ་ཕྲ་ལྔ་པའམ་དྲུག་པའི་སྔོན་ལ་གསུངས་ཟིན་པ་ཞིག་རེད། དེ་དུས་ནུབ་ཕྱོགས་པ་དེ་ཚོ་བསམ་བློ་ཙམ་ཡང་འཁོར་མེད། གལ་ཏེ་དེ་འདྲ་བསམ་བློ་འཁོར་ཡོད་ན་ཆོས་ཀྱི་གཞུང་ལ་དགག་པ་རྒྱག་གི་འདུག་ཅེས་བཤད་དེ་གསད་ཡོད་མདོག་ཁ་པོ་རེད། སློབ་དཔོན་ཆེན་པོ་ཨཱརྱབྷཊྟ་ལ་ཕྱི་རོལ་པའི་མཁས་པ་ཚོས་དགག་པ་མང་པོ་བརྒྱབས་ཏེ། བྷཊྚ་མགོ་རིལ་ཁྱེད་རང་སྨྱོ་བ་རེད་ཅེས་གསུང་མཁན་ཡང་བྱུང་བ་རེད། དེས་ན་དེ་ལ་ཧ་ལས་དགོས་པ་དང་འགྱུར་བ་གཏོང་དགོས་པ་གང་ཡང་མེད། དེ་ཚོ་ནི་ཕྱི་སྣོད་ཀྱི་བཀོད་པའམ་ཕྱི་དངོས་པོའི་བེམ་ཆོས་ཀྱི་རྣམ་གཞག་ཅིག་བཤད་ཀྱི་ཡོད་རེད།
ནང་དོན་རིག་པའི་ནང་བཤད་པའི་གནས་ཚུལ་འགྱུར་བ་གཏོང་མི་དགོས་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་དང་། རྟེན་འབྱུང་གི་རང་བཞིན། ཆོས་ཐམས་ཅད་ཀྱི་གནས་ལུགས་རྣམས་རེད། དེ་ཚོ་ཚང་མ་མདོའི་ནང་དུ་གསུངས་ཡོད། དེ་ཡང་སངས་རྒྱས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་གསུངས་ཀྱང་རུང་མ་གསུངས་ཀྱང་རུང་། ཆོས་རྣམས་ཀྱི་གནས་ལུགས་དེ་རང་འགྱུར་བ་མེད་པར་གནས་ཀྱི་རེད་ཅེས་གསུངས་ཡོད། དེས་ན་དུས་ཚོད་དང་། ཕྱོགས། གང་ཟག་བཅས་འགྱུར་བ་ཕྱིན་ནའང་གནས་ཚུལ་མང་པོ་ཞིག་འགྱུར་བ་མ་ཕྱིན་པར་བསྡད་རྒྱུ་དེ་གཞི་དངོས་པོའི་གནས་ལུགས་ཀྱི་བདེན་པ་ལ་བརྟེན་ནས་གསུངས་པ་དེ་དེ་རང་བསྡད་ཀྱི་རེད། ད་ལྟ་ཚན་རིག་པས་བཤད་པའི་གཞིའི་གནས་ལུགས་དེ་དག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་མ་ཡིན་པར་གང་ཟག་རང་ག་བའི་བློས་བརྟགས་ནས་དཔྱད་མཐའ་རྙེད་ཞིག་ཡིན་པའི་དབང་གིས་དཔྱད་མཐའ་གཞན་པ་ཞིག་རྙེད་ཡོང་དུས་སྔ་མ་དེ་འགྱུར་བ་འགྲོ་གི་ཡོད། མཐའ་མེད་དུ་བསྐྱར་བཅོས་དང་བཟོ་བཅོས་ (Infinite revise and correct) བྱེད་དགོས་པའི་གནས་སྟངས་དེ་ཚན་རིག་པ་ཁོང་ཚོས་ཁས་ལེན་གྱི་ཡོད། དེ་ཡང་ད་ལྟ་ང་ཚོའི་གྲུབ་དོན་འདི་འདྲ་ཞིག་ཡོད། དེ་ནི་གཅིག་བྱས་ན་སང་ཉིན་དེ་ལས་གཞན་པའི་གྲུབ་དོན་ཞིག་རྙེད་སྲིད་པ་རེད་ཅེས་ཟེར། དེ་ལས་གཞན་པའི་གྲུབ་དོན་རྙེད་པ་རང་བཞིན་གྱིས་ཡིན་སྟབས། དེ་གཉིས་ལ་མཚུངས་བསྡུར་བྱེད་རྒྱུ་མེད།
དྲི་བ། གོང་དུ་གསུངས་པ་ལྟར་སློབ་མས་བླ་མ་ལ་གྲོགས་པོ་དང་མཛའ་བའི་འདུ་ཤེས་འཇོག་དགོས་པ་རེད། གལ་ཏེ་མ་བཞག་ན་འཚེར་སྣང་དབང་གིས་བླ་མ་ལ་ཡོད་པའི་ཤེས་ཡོན་རྣམས་ལེན་མི་ཐུབ་པ་དང་དོགས་པ་དེ་ཚོ་བཀའ་འདྲི་ཞུ་ཐུབ་ཀྱི་མ་རེད། གལ་ཏེ་ཕལ་ཆེ་བས་བླ་མ་ལ་གྲོགས་པོའི་འདུ་ཤེས་བཞག་ན་མ་འོངས་པར་རྒན་པར་གུས་ཞབས་བྱ་རྒྱུ་དེ་རིམ་པས་བརླག་ཉེན་མེད་དམ།
བཀའ་ལན། སློབ་མས་བླ་མ་ལ་གྲོགས་པོའི་འདུ་ཤེས་འཇོག་དགོས་རེད་ཅེས་ཞུས་མེད། བླ་མས་སློབ་མ་ལ་གྲོགས་པོའི་འདུ་ཤེས་འཇོག་དགོས་རེད། བླ་མ་ཞེས་མ་བརྗོད་པར་དགེ་བའི་བཤེས་གཉེན་ཞེས་བརྗོད་པ་དེའི་དབང་གིས་རེད། དེས་ན་ཕྱོགས་གཉིས་ཀ་བསྲེ་རྒྱུ་མེད། བླ་མས་སློབ་མ་སྐྱོང་བའི་སྐབས་སུ་འདྲ་མཉམ་གྱི་བསམ་ཚུལ་ཞིག་དགོས་རེད། སློབ་མས་བླ་མ་བསྟེན་པའི་སྐབས་སུ་འདྲ་མཉམ་གྱི་བསམ་ཚུལ་བསྐྱང་རྒྱུ་ཡོད་མ་རེད། སྤྱིར་བཏང་འདུལ་བ་དང་། ཕར་ཕྱིན་ཐེག་པ། སྔགས་ཀྱི་ཐེག་པ་བཅས་ནས་བཤད་ཚུལ་མི་འདྲ་བ་རེད། གང་ལྟར་སློབ་མས་བླ་མ་ལ་ལྟ་ཚུལ་དེ་རང་ལས་ལྷག་པ་ཞིག་དང་། རང་གི་ལམ་སྟོན་དང་འདྲེན་པ་ཡིན་པའི་འདུ་ཤེས་ཤིག་ངེས་པར་དུ་འཇོག་དགོས། འདུལ་བ་ནས་མཁན་པོ་དང་སློབ་དཔོན་སོགས་རང་གི་བླ་མ་ལ་སངས་རྒྱས་དང་འདྲ་བའི་འདུ་ཤེས་འཇོག་དགོས་ཞེས་གསུངས་པ་རེད། དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་ལ་སློབ་དཔོན་དང་མཁན་པོ་དང་གནས་བརྟན་ལ་ཕན་གནོད་བྱས་པ་དེ་སངས་རྒྱས་ལ་ཕན་གནོད་བྱས་པའི་བསོད་ནམས་དང་སྡིག་པ་ཡོང་ཚུལ་གསུངས་ཡོད། དེས་ན་དགེ་རྒན་ལ་མ་གུས་པ་བྱས་ན་སངས་རྒྱས་ལ་མ་གུས་པ་བྱས་པ་དང་མཚུངས་པ་དང་། དགེ་རྒན་ལ་གུས་པ་བྱས་ན་སངས་རྒྱས་ལ་གུས་པ་བྱས་པ་དང་མཚུངས་པ་རེད། ཕ་རོལ་དུ་ཕྱིན་པའི་ཐེག་པའི་གཞུང་ཕལ་ཆེ་བའི་ནང་བླ་མ་སངས་རྒྱས་སུ་བལྟ་དགོས་ཞེས་གསུངས། དེའི་ནང་བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་མང་པོ་གསུངས་ཡོད། ལམ་རིམ་ལྟ་བུར་མཚོན་ན། བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན། བལྟ་ནུས་པའི་རྒྱུ་མཚན། ཚུལ་ཇི་ལྟར་ལྟ་བའི་ཚུལ་སོགས་ཞིབ་ཚགས་པོས་འགྲོ་གི་ཡོད་རེད། ཡིན་ཡང་དེ་ལ་ནང་གསེས་ཀྱི་དགོངས་པ་བཞེས་སྟངས་མི་འདྲ་བ་ཁ་ཤས་ཡོད་རེད།
བླ་མ་སངས་རྒྱས་ཡིན་ཡང་རུང་། མིན་ཡང་རུང་། རང་གི་ངོས་ནས་སངས་རྒྱས་སུ་བལྟ་དགོས་རེད། རྒྱུ་མཚན་ནི་ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར་ཞེས་པའི་འགྲོ་སྟངས་ཤིག་རེད། ཡང་བླ་མ་སངས་རྒྱས་ཡིན་པ་ལ་ཡིན་པར་བལྟ་དགོས་རེད་མ་གཏོགས། མ་ཡིན་པ་ལ་ཡིན་པར་བལྟས་ན་དེ་བློ་དོན་མཐུན་ཡང་མ་རེད་ལ། བཤེས་གཉེན་ལ་བསམ་པས་བསྟེན་ཚུལ་ཡོངས་སུ་རྫོགས་པ་མ་རེད་ཅེས་གསུངས་པའི་སྐབས་ཀྱང་ཡོད། སྔགས་ཀྱི་ཐེག་པའི་སྐབས་སུ་སངས་རྒྱས་དངོས་ཡིན་པ་ལ་ཡིན་པར་ལྟ་བ་དང་། བཀའ་དྲིན་གྱི་སྒོ་ནས་སངས་རྒྱས་ལས་ལྷག་པར་ལྟ་བ་སོགས་གསུང་ཚུལ་མི་འདྲ་བ་རེད། དེར་བརྟེན་ང་ཚོ་ལས་དང་པོ་བས་ཉུང་མཐའ་ལའང་རང་ལ་ནང་དོན་རིག་པའི་ཆོས་ཀྱི་གཞུང་ལུགས་སྟོན་པའི་བླ་མ་དང་། དེ་ལ་རང་གི་ངོས་ནས་ཀྱང་བླ་མ་ལ་ངོས་འཛིན་བྱེད་པ་ཞིག་ཡོད་ན་དེ་ལ་མ་མཐའ་ཡང་སངས་རྒྱས་དང་མཚུངས་པར་བལྟ་དགོས་པ་དེ་བཤེས་གཉེན་བསྟེན་ཚུལ་གྱི་གཞི་རྟེན་ལྟ་བུ་རེད། དེས་ན་བླ་མ་ལ་གྲོགས་པོའི་འདུ་ཤེས་བཞག་ན་འགྲིག་གི་མེད། ཡིན་ཡང་བླ་མས་སློབ་མ་སྐྱོང་བའི་སྐབས་སུ་བླ་སློབ་ཀྱི་བར་ལ་རྒྱུད་ཚོད་མཐོ་དམན་ཡོད་རུང་། གྲོགས་པོའི་འདུ་ཤེས་འཇོག་དགོས་པ་དེ་བླ་མའི་ཁྱད་ཆོས་རེད། ད་ལྟ་ང་ཚོས་བླ་མའི་ཁྱད་ཆོས་ཤོད་པའི་སྐབས་ཡིན་པ་ལས་སློབ་མའི་ཁྱད་ཆོས་ཤོད་ཀྱི་མེད། ད་ནངས་ང་ཚོས་བཤད་པ་དེ་སྲོལ་རྒྱུན་གྱི་བླ་མ་དང་དགེ་རྒན་གང་འདྲ་ཞིག་དགོས་པ་དེ་ཤོད་ཀྱི་ཡོད་རེད། དེར་བརྟེན་མཉམ་དུ་བསྲེ་རྒྱུ་མེད།
དྲི་བ། ང་ལ་དོགས་འདྲི་གཉིས་ཤིག་ཡོད། དང་པོ་དེ། ད་ལྟ་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་སློབ་མ་འདབ་གཤོག་གཉིས་ལྡན་ཞིག་འཐོན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སློབ་གྲྭའི་ནང་སྲོལ་རྒྱུན་གྱི་སློབ་ཕྲུག་ལ་ལྟ་སྟངས་ལོགས་སུ་དགར་བ་མཐོང་གི་འདུག དེས་ན་སྲོལ་རྒྱུན་གྱི་སློབ་ཕྲུག་དེ་རྗེས་ལུས་རེད་དམ། ཡང་ན་དེང་དུས་ཀྱི་སློབ་ཕྲུག་དེ་རྗེས་ལུས་རེད། གཉིས་པ་དེ། བརྒྱ་ཕྲག་ཉེར་གཅིག་གི་བོད་པའི་སྤྱི་ཚོགས་ནང་སོ་སོ་ལ་ཆོས་དང་རིག་གཞུང་སྐད་ཡིག་འདི་འདྲ་རླབས་ཆེན་པོ་ཞིག་ཡོད་བཞིན་དུ་ནུབ་ཕྱོགས་ལ་དཔེ་ལྟ་ནས་སྐད་ར་མ་ལུག་དང་གོས་ཆ་མ་ཟུང་གྱོན་རྒྱུར་དར་སོ་ཆེན་པོ་ཞིག་མཐོང་གི་འདུག དེ་ནི་སློབ་གསོ་སྤྲོད་ཕྱོགས་གང་གི་ཆ་ནས་མ་འགྲིག་པ་རེད་དམ། སྐད་ར་མ་ལུག་དང་གོས་ཆ་མ་ཟུང་གྱོན་མཁན་དེ་དག་གསར་གཏོད་པ་ཞིག་རེད་དམ།
བཀའ་ལན། ང་ཚོའི་ཁ་རྒྱུན་ལ་གཤོག་པ་གཉིས་ལྡན་ཟེར་བ་དེ་ཡོངས་གྲགས་བཤད་རྒྱུ་ཞིག་རེད། ཡིན་ཡང་གཤོག་པ་གཉིས་ཀ་ཆ་སྙོམས་པོ་དང་གཉིས་ཀ་ནུས་པ་ཡོད་མཁན་དཀོན་པོ་འདུག དེང་རབས་ཀྱི་སློབ་སྦྱོང་ཕྲན་བུ་ཡག་པོ་ཡོད་པ་ཚོར་སྲོལ་རྒྱུན་གྱི་སློབ་སྦྱོང་དེ་ཙམ་གཏིང་ཟབ་མེད་པ་དང་། གལ་ཏེ་བོད་ཀྱི་སྐད་ཡིག་ཤེས་པ་ཡིན་ནའང་བོད་ཀྱི་རིག་པའི་གནས་དེ་ཚོའི་གནད་དོན་གཏིང་ཟབ་མ་རྟོགས་པ་ཡིན་ཙང་། གཤོག་པ་གཅིག་ཤུགས་ཆེན་པོ་དང་གཤོག་པ་གཅིག་ཆག་པ་ལྟ་བུ་ཡིན་དུས་རང་བཞིན་གྱིས་ཡན་ལག་མ་ཚང་བ་ཞིག་ཆགས་བསྡད་ཡོད། སྤྱི་ཚོགས་ཀྱི་ནང་ལ་མཐོང་ཡོད་དང་མེད་ཟེར་བ་དེ་དཔྱད་གཞི་ལྟ་བུ་ཞིག་རེད། སྲོལ་རྒྱུན་གྱི་ཤེས་ཡོན་དངོས་གནས་ཚད་ལྡན་ཡོད་པ་སྤྱི་ཚོགས་ནང་ལ་མཐོང་མེད་པ་སུ་འདུག་ཅེས་འདྲི་ན། གཅིག་བྱས་ན་མཚན་གཞི་གཟུང་རྒྱུ་དཀོན་པོ་རེད། བོད་ཀྱི་ནང་དོན་རིག་པའི་མཁས་པ་ཚད་ལྡན་ཉུང་ཉུང་རེད། འོན་ཀྱང་ཡོད་པ་དེ་ཚོ་མཐོང་མེད་པ་ཞིག་ངའི་ཚོར་སྣང་ལ་མ་བྱུང་། གལ་ཏེ་བོད་པའི་སྤྱི་ཚོགས་ནང་དེ་ཙམ་མཐོང་མེད་ནའང་མི་རིགས་གཞན་གྱི་ནང་དུ་བོད་པའི་སྲོལ་རྒྱུན་གྱི་མཁས་པ་ཟེར་བ་དེ་ཧ་ཅང་གི་མཐོང་ཆེན་པོ་རེད། བླ་མ་དང་། དགེ་བཤེས། ཐ་ན་མི་སྐྱ་དཀྱུས་མ་ཚུན་ཆད་བོད་ཀྱི་རིག་གཞུང་ལ་ཤེས་ཚད་མི་དམན་པ་ཡོད་པ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་ལ་མཐོང་ཡོད་ལ། གོ་གནས་དང་ལས་ཀའང་ཡོད་རེད། གང་ལྟར་ཚང་མ་རང་མགོ་ཐོན་པ་ཤ་སྟག་རེད། ནུབ་ཕྱོགས་པའི་སྐད་ཡིག་རྩ་བ་ནས་མི་ཤེས་མཁན་སྐད་སྒྱུར་བསྟེན་དགོས་མཁན་གྱི་བླ་མ་དགེ་བཤེས་ཚོ་ལའང་མཐོང་ཧ་ཅང་ཆེན་པོ་འདུག་ལ། སློབ་མའང་མང་པོ་རེད། བསྟན་པའི་བྱ་བའང་གང་ལ་གང་ཙམ་གནང་ཐུབ་ཀྱི་ཡོད་རེད།
གཉིས་པ་བོད་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་ཀྱང་མི་གཞན་གྱི་ལད་ཟློས་བྱས་ནས་དེང་རབས་ཀྱི་སློབ་སྦྱོང་བྱེད་དགོས་པ་གང་ཡིན་ནམ་ཞེས་པ་དེ་ལ་ངས་ལན་རྒྱག་ཐུབ་ཀྱི་མི་འདུག དེང་སང་ལད་ཟློས་བྱེད་རྒྱུ་ལ་དགའ་པོ་དང་ནུབ་ཕྱོགས་པའི་སྤྱི་ཚོགས་དང་རིག་གཞུང་སོགས་ལ་རྩ་ཆེན་པོ་བརྩི་རྒྱུ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར། བོད་ཕྱི་ནང་གཉིས་ཀ་ལ་ཁྱབ་པ་ལྟ་བུ་ཞིག་འདུག བོད་ནས་རྒྱ་གར་དུ་ཡོང་མཁན་མང་པོ་རྒྱ་གར་ནས་ཕྱི་རྒྱལ་དུ་འགྲོ་བའི་དམིགས་ཡུལ་བཟུང་ནས་སླེབས་ཀྱི་འདུག དེང་སང་བོད་ནས་རྒྱ་གར་ལ་ཡོང་མཁན་ཉུང་དུ་ཕྱིན་པར་བརྟེན། ད་ལྟ་བོད་ནས་ཐད་ཀར་ཕྱི་རྒྱལ་དུ་འགྲོ་མཁན་སྔོན་མ་ལས་ཧ་ཅང་མང་དུ་སོང་འདུག དེ་ནི་དུས་དང་ལས་དབང་གིས་ཡིན་རྒྱུ་རེད། གཞན་ལད་ཟློས་བྱས་ནས་སྤྱི་སྒེར་གཉིས་ལ་ཁེ་ཕན་ཆེན་པོ་རག་རྒྱུ་ནི་ཧ་ཅང་དཀོན་པོ་རེད། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ལ་བལྟས་ན། སྲོལ་རྒྱུན་གྱི་སློབ་སྦྱོང་ཚད་ལྡན་ཡོད་པ་རྣམས་ཕུན་སུམ་ཚོགས་པ་བཞུགས་ཡོད་རེད་མ་གཏོགས། དེང་རབས་ཀྱི་སློབ་སྦྱོང་རྐྱང་པ་ཡོད་པ་དེ་ཚོ་ནུབ་ཕྱོགས་སུ་གད་བརྒྱབ་རྒྱུ་དང་ཕོར་པ་བཀྲུ་རྒྱུའི་ལས་ཀ་མང་ཆེ་བ་རེད། ཡིན་ཡང་སོ་སོ་གཟུགས་པོ་ཐང་ཐང་ཐོག་ལས་ཀ་བྱེད་ཐུབ་ན་འཚོ་བ་ཞིག་ནི་འཁྱོལ་གྱི་ཡོད་རེད། ད་ལྟ་དྲི་བའི་ནང་ཡོད་པའི་སྤྱི་ཚོགས་ཀྱི་མཐོང་ཟེར་བ་དེ་ངའི་མཐོང་ཚུལ་ལ། སྤྱི་ཚོགས་ནང་ལ་སྲོལ་རྒྱུན་གྱི་སློབ་སྦྱོང་ཡོད་མཁན་ལ་མཐོང་ཆུང་བ་དང་། དེང་རབས་ཀྱི་སློབ་སྦྱོང་ཡོད་མཁན་ལ་མཐོང་ཆེ་བ་ཞིག་གང་ཡང་མཐོང་མ་སོང་། བཙན་བྱོལ་སྤྱི་ཚོགས་ནང་ས་གནས་བྱེ་བྲག་པ་དཔེར་ན་གངས་ཅན་སྐྱིད་གཤོངས་སོགས་སུ་སྲོལ་རྒྱུན་ལ་མཐོང་ཆུང་བ་དང་དེང་རབས་ལ་མཐོང་ཆེ་བ་དེ་འདྲ་ཡོད་སྲིད། ངས་ངོ་སྤྲད་ནས་བརྗོད་རྒྱུ་མེད་ཀྱང་། སྤྱི་ཡོངས་ཀྱི་འགྲོས་ལ་བལྟས་ན་མི་སྲིད་པ་མ་རེད།
ལར་ནས་སེམས་ཅན་སྤྱི་མཐུན་གྱི་ལས་ཟེར་བ་དེ་ཧ་ཅང་ཤུགས་ཆེན་པོ་རེད། བཙན་བྱོལ་དང་བོད་ནང་དུ་ཡོད་པ་དེ་ཚོ་ལ་འདྲ་པོ་འདྲ་པོ་མང་པོ་བྱུང་ཡོད། བོད་དུ་དྲུག་ཅུ་རེ་གྲངས་ནང་བཙན་དབང་གིས་གྲྭ་པ་ལོག་བཅུག་པ་རེད། བཙན་བྱོལ་དུ་རང་དབང་གིས་གྲྭ་པ་མང་པོ་ལོག་པ་རེད། དེ་བཞིན་བོད་དུ་བཙན་དབང་གིས་སོ་སོའི་སྐད་ཡིག་ལ་སློབ་སྦྱོང་བྱེད་མ་ཐུབ་པ་རེད། འོན་ཀྱང་བཙན་བྱོལ་དུ་རང་དབང་གི་ཐོག་ནས་སོ་སོའི་སྐད་ཡིག་ལ་སློབ་སྦྱོང་མ་བྱས་པ་རེད། དེས་ན་དེ་དག་ང་ཚོས་འགྲེལ་བཤད་རྒྱག་ཁག་པོ་རེད། གང་རེད་ཅེ་ན། སོ་སོའི་སྔོན་བསགས་ལས་དབང་གིས་གང་ཟག་སྒེར་གྱི་ལས་དབང་དང་སྤྱི་མཐུན་གྱི་ལས་མང་པོ་ཞིག་དེའི་ནང་ཚུད་ཡོད་ཀྱི་རེད། ཡིན་ཡང་ལས་དབང་ཟེར་བ་དེ་རྣམ་པར་སྨིན་ཚར་ན་བྱེད་ཐབས་མེད་པ་མ་གཏོགས། ལས་ཀྱི་འབྲས་བུ་མ་སྨིན་གོང་ལ་གང་ཟག་སྒེར་ལ་རང་དབང་ཏན་ཏན་ཡོད་པ་ཞིག་རེད། སྤྱི་མཐུན་གྱི་ལས་དབང་ནང་དུའང་གང་ཟག་སྒེར་པ་སོ་སོ་དམིགས་སུ་བཀར་ནས་འབུར་དུ་ཐོན་པ་དེ་འདྲ་ཡོང་གི་འདུག དེས་ན་ད་ལྟ་བཀའ་འདྲི་གནང་མཁན་དེའི་དྲི་བའི་ལན་དུ། སྤྱིར་བཏང་མང་པོ་ཞིག་གིས་ནུབ་ཕྱོགས་པའི་ལས་ཟློས་བྱས་ནས་འགྲོ་གི་ཡོད་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་སྤྱི་ཚོགས་ནང་མཐོང་ཆུང་དུ་འགྲོ་གི་ཡོད་པ་ངས་མཐོང་གི་མེད་རུང་། གལ་ཏེ་ཡོད་པ་ཡིན་ནའང་སོ་སོ་ལ་རང་དབང་ཡོད་རེད། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་ནང་མཐོང་ཡོང་བའི་ཆེད་མ་རེད་ལ། གྲོད་ཁོག་རྒྱགས་པ་དང་འཚོ་བ་སྐྱེལ་བའི་ཆེད་དུའང་མ་རེད། སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་མི་ཤེས་པའི་རྨོངས་པ་བསལ་ནས་བླང་དོར་འབྱེད་པའི་ཤེས་རབ་ཐོབ་པའི་ཆེད་དུ་རེད། རང་གིས་རང་དབང་གིས་བླང་དོར་འབྱེད་པའི་ནུས་པ་ཞིག་ཐོབ་ན་སྤྱི་ཚོགས་ནང་མཐོང་ཡོད་ནའང་འགྲིག་གི་རེད། མེད་ནའང་འགྲིག་གི་རེད། སྤྱི་ཚོགས་ནང་མཐོང་ཡོད་མེད་ཀྱིས་གང་ཟག་བྱེ་བྲག་པའི་འཕྲལ་དང་གཏན་གྱི་འདུན་མ་ལ་ཕན་གནོད་གང་ཡང་མེད། སྤྱི་ཚོགས་ནང་མཐོང་མེད་པའི་དབང་གིས་སྐྱེ་བ་ཕྱི་མར་ངན་སོང་དུ་འགྲོ་གི་མ་རེད་ལ། རང་ལ་ཡོད་པའི་ཚེ་འདིའི་དལ་བ་བརྒྱད་དང་འབྱོར་བ་བཅུ་པོ་དེ་ཉུང་དུ་འགྲོ་རྒྱུའང་མེད། སྤྱི་ཚོགས་ཀྱི་མཐོང་ཟེར་བ་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་གྲངས་ཤིག་རེད། དགའ་དང་མི་དགའ། སྙན་དང་མི་སྙན། བདེ་དང་མི་བདེ་བཅས་གང་བྱུང་ཡང་གང་ཟག་བྱེ་བྲག་པའི་འཕྲལ་ཕུགས་ཀྱི་ཁེ་ཕན་གང་ལའང་ཕན་གནོད་འདྲེས་ཀྱི་མ་རེད། སྤྱི་ཚོགས་ལ་གཅིག་བྱས་ན་ཕན་གནོད་འདྲེས་སྲིད་པ་ཞིག་རེད།
དྲི་བ། ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་འགྲོ་བ་སེམས་ཅན་ལ་ཕན་ཐོགས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཚང་མས་ཤོད་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་སྲོལ་རྒྱུན་གྱི་ཤེས་ཡོན་ནམ་སྲོལ་རྒྱུན་གྱི་མི་དང་། དེང་རབས་ཀྱི་ཤེས་ཡོན་ནམ་དེང་རབས་ཀྱི་མི་བཅས་གང་གིས་ད་བར་འགྲོ་བ་སེམས་ཅན་ལ་ཕན་ཐོགས་ཆེ་བ་བྱུང་ཡོད་དམ།
བཀའ་ལན། ངས་ཁ་སང་ནས་ད་ལྟའི་བར་དུ་སྐོར་བ་བརྒྱབས་ནས་ག་རེ་བཤད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེ་ན། དེང་རབས་ཀྱི་ཤེས་ཡོན་གྱིས་སྤྱི་དང་སྒེར་སུ་ལའང་ཕན་ཐོགས་ཡོད་མ་རེད་ལ། ཕན་ཐོགས་པའི་རེ་བ་ཡོད་མ་རེད་ཅེས་བཤད་བསྡད་པ་ཡིན། ད་ལྟ་ཡང་བསྐྱར་ཁྱེད་རང་གིས་སྐོར་བ་བརྒྱབས་ནས་སྲོལ་རྒྱུན་དང་དེང་རབས་ཕན་གང་ཆེ་བ་ཡོད་རེད་ཅེས་དྲིས་དུས། དེ་ནི་དྲི་བ་འདྲི་མཁན་རང་གིས་གཞན་དོན་སྒྲུབ་པའི་སྐབས་སུ་གཟིགས་རྒྱུ་རེད། ལར་ནས་དེང་རབས་ཀྱི་ཤེས་ཡོན་ལ་བརྟེན་ནས་གཞན་ལ་ཕན་པ་བྱེད་རྒྱུ་ག་རེ་འདུག་གམ། འདིར་ཕན་པ་ཟེར་བ་དེ་གནས་སྐབས་ལྟོ་གོས་བཙལ་རྒྱུ་དང་གྲོད་ཁོག་རྒྱགས་པའི་ཆེད་དུ་ཟེར་གྱི་མེད། ང་ཚོ་ནང་པའི་ཆོས་ནས་བཤད་པའི་ཕན་ཐོགས་སྟངས་དེ་རིན་ཆེན་ཕྲེང་བ་ནས་གསུངས་པ་བཞིན་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་རེད། དེང་རབས་ཀྱི་ཤེས་ཡོན་གྱིས་གནས་སྐབས་མངོན་མཐོ་ཐོབ་པ་དང་མཐར་ཐུག་ངེས་ལེགས་ཐོབ་པ་ལ་ག་རེ་བྱེད་ཐུབ་བམ། དེ་ལས་ལྡོག་སྟེ་དེང་རབས་ཀྱི་ཤེས་ཡོན་གྱིས་མངོན་མཐོ་དང་ངེས་ལེགས་གཉིས་ཀ་ཐོབ་པ་ལ་གེགས་བྱེད་ཀྱི་རེད་མ་གཏོགས། གྲོགས་བྱེད་ཀྱི་མ་རེད། ཡིན་ནའང་ངས་དེང་རབས་ཀྱི་ཤེས་ཡོན་དགོས་ཀྱི་མ་རེད་ཅེས་བཤད་ཀྱི་མེད། དེང་རབས་ཀྱི་ཤེས་ཡོན་དགོས་ཀྱི་ཡོད་པ་དེ་ཁ་སང་ང་ཚོས་མང་པོ་བཤད་བསྡད་པ་རེད། ང་ཚོ་འདིར་གོ་བརྡ་འཕྲོད་ཁག་པོ་འདུག དགོས་ཀྱི་ཡོད་པ་ཚང་མ་བརྒྱུད་ནས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འགྲོ་དགོས་པ་རེད་མ་གཏོགས། དངོས་སུ་དེསས་ཕན་ཐོགས་ཡོད་པའི་སྐད་ཆ་མ་རེད། སྲོལ་རྒྱུན་གྱི་ཤེས་ཡོན་རྩ་བ་ནས་མེད་པ་དང་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་ཡོད་མཁན་འཇིག་རྟེན་འདིའི་ནང་ཁེངས་བསྡད་ཡོད། དེ་དག་གིས་རང་དོན་ག་རེ་སྒྲུབ་ཀྱི་འདུག གཞན་དོན་ག་རེ་བྱེད་ཀྱི་འདུག་གཟིགས་ན་མཁྱེན་གྱི་རེད། སྲོལ་རྒྱུན་གྱི་ཤེས་ཡོན་ཡོད་མཁན་ལ་དེང་རབས་ཀྱི་ཤེས་ཡོན་ཡོད་ན་སྲོལ་རྒྱུན་གྱི་ཤེས་ཡོན་དེ་དེང་རབས་ཀྱི་ཤེས་ཡོན་བརྒྱུད་ནས་གཞན་དོན་སྒྲུབ་པ་ལ་བེད་སྤྱོད་གཏོང་ཐུབ་ཀྱི་རེད། གང་ལྟར་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འགྲོ་གི་རེད། སྲོལ་རྒྱུན་གྱི་ཤེས་ཡོན་ཡོད་ཀྱང་དེང་རབས་ཀྱི་ཤེས་ཡོན་མེད་ན་གཞན་དོན་སྒྲུབ་པ་ལ་ཅུང་རྒྱང་ཐག་ཅིག་ཆགས་ཀྱི་རེད། གང་ལྟར་བརྒྱུད་ལམ་དེ་ཉུང་དུ་འགྲོ་གི་ཡོད།
དཔེ་མཚོན་ཞིག་ཞུ་ན། མི་རིགས་གཞན་པའི་སྐད་གཏན་ནས་མི་ཤེས་མཁན་ཞིག་གིས་ཚང་མ་སྐད་སྒྱུར་ལ་བརྟེན་ནས་བྱེད་དགོས་བྱུང་ན་དུས་ཚོད་ཀྱང་ལྡབ་སྐྱོར་འགྲོ་གི་རེད་ལ། སྐད་སྒྱུར་གྱིས་ཀྱང་ཇི་མ་ཇི་བཞིན་གོ་བརྡ་སྤྲོད་ཐུབ་པའི་ངེས་པ་གང་ཡང་མེད། ལྷག་པར་དུ་གྲུབ་མཐའི་གནད་ཕྲ་ཞིང་ཕྲ་བ་རྣམས་སྐད་སྒྱུར་བརྒྱུད་ནས་གོ་ཐུབ་རྒྱུ་ཁག་པོ་རེད། ནང་པའི་ལྟ་གྲུབ་ཡང་དག་པ་ཤེས་མཁན་ཞིག་གིས་སྐད་ཡིག་གཞན་པ་ཁ་ཤས་ཤེས་ན་བོད་ཀྱི་སྐད་ཡིག་མི་ཤེས་མཁན་དང་། ལེགས་སྦྱར་གྱི་སྐད་ཡིག་མི་ཤེས་མཁན་ལ་ནང་པའི་ལྟ་གྲུབ་ལས་སླ་པོ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་རེད། སྐད་ཡིག་དེ་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བེད་སྤྱོད་གཏོང་གི་ཡོད་རེད་མ་གཏོགས། སྐད་ཡིག་དེའི་དབང་གིས་གཞན་དོན་སྒྲུབ་ཐུབ་ཀྱི་ཡོད་མ་རེད། སྲོལ་རྒྱུན་གྱི་ནང་དོན་རིག་པའི་རྣམ་གཞག་གང་ཡང་མི་ཤེས་མཁན་ཞིག་ཧ་ཅང་སྐད་མཁས་པོ་ཡོད་ཀྱང་རིག་པའི་གཞུང་ལུགས་ཀྱི་དོན་ཤེས་ཀྱི་མེད་ན་སྐད་རྐྱང་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་ཐུབ་ཐབས་མེད། དེས་ན་ངས་ག་རེ་ཞུ་གི་ཡོད་ཅེ་ན། དེང་རབས་ཀྱི་ཤེས་ཡོན་རྐྱང་པས་གཞན་ཕན་བྱེད་མི་ཐུབ། དེང་རབས་ཀྱི་ཤེས་ཡོན་ཟེར་བ་དེ་རང་དོན་འབའ་ཞིག་བསྒྲུབ་རྒྱུའི་ཆེད་དུ་དམིགས་ནས་རང་དོན་འབའ་ཞིག་སྒྲུབ་པ་ལ་བརྩོན་པའི་མི་དེ་ཚོས་བཟོས་པ་ཞིག་རེད། དེའི་དམིགས་ཡུལ་གང་བཟུང་ཡོད་ཅེ་ན། རང་ཉིད་ཁེ་ཕན་བསྒྲུབ་རྒྱུ་དང་། གཞན་ལ་བཤུ་གཞོག་ལས་སླ་པོ་གཏོང་ཐུབ་རྒྱུའི་ཐབས་ལམ་རེད། ད་ལྟའི་གནས་སྐབས་སུ་ཁྱོན་ཡོངས་ཀྱི་གནས་སྟངས་དེ་གང་ཡོད་ཅེ་ན། གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་གཉིས་པོ་མིའི་སྤྱི་ཚོགས་ལ་དབང་སྒྱུར་མཁན་ཆེ་ཤོས་དེ་རེད། གོ་ལ་གཅིག་སྒྱུར་དང་བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་དེའི་བཞོན་པའམ་ཐེག་པ་ལྟ་བུ་དེ་གང་རེད་ཅེ་ན། དེང་རབས་ཀྱི་ཤེས་ཡོན་སྤྱི་དང་། ཁྱད་པར་དུ་ཚན་རིག་དང་འཕྲུལ་ལས་གཉིས་པོ་དེ་རེད། དེས་ན་དེ་རྐྱང་པས་གཞན་ཕན་སྒྲུབ་པའི་རེ་བ་གང་ཡང་ཡོད་མ་རེད། སྲོལ་རྒྱུན་གྱི་ཤེས་ཡོན་གང་ཡང་རུང་བ་ཞིག་ཡོད་ན་དེང་རབས་ཀྱི་ཤེས་ཡོན་དེ་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་ཐེག་པའི་ངོ་བོའམ་བཞོན་པའི་ངོ་བོ་ལ་བེད་སྤྱོད་བཏང་ནས་མི་མང་པོ་ཞིག་ལ་ཕན་ཐོགས་ཐུབ་ཀྱི་རེད་ཅེས་ད་ལྟ་ངས་དེ་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།
དྲི་བ། རིན་པོ་ཆེས་ཁ་སང་ཆོས་སྲིད་ཟུང་འབྲེལ་དེ་ཕལ་ཆེར་སྲིད་མཐའ་ཙམ་རེད་མ་གཏོགས། ཡོང་ཐབས་ཡོད་མ་རེད་ཞེས་བཀའ་སློབ་ཕེབས་སོང་། བོད་གངས་ཅན་ལྗོངས་ལ་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མ་བྱུང་སྔོན་ལ་ཆོས་སྲིད་ཟུང་འབྲེལ་གྱིེས་རྒྱལ་ཁབ་དེ་སྐྱོང་ཡོད་ཀྱང་སྲིད་ཀྱི་ཐོག་ཏོག་ཙམ་ནོར་འཁྲུལ་དེ་འདྲ་བྱུང་ཡོད་རེད། ཡིན་ཡང་ང་ཚོས་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་དེ་འཛིན་སྐྱོང་ཐུབ་པ་དེ་ཆོས་སྲིད་ཟུང་འབྲེལ་བྱུང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་ཡོད། གལ་ཏེ་ལུང་པ་ལ་དམག་མི་མེད་པ་དང་སྲོག་གཅོད་མཁན་གྱི་ཤན་པ་སོགས་རྩ་ནས་མེད་པ་དེ་འདྲ་ཞིག་བྱུང་ན་ཆོས་སྲིད་ཟུང་འབྲེལ་ཡོང་ཐབས་ཡོད་པ་དང་། དེ་མིན་ཡོང་ཐབས་མེད་པ་ཞིག་གསུངས་སོང་། དེས་ན་ཐེག་པ་ཆེན་པོའི་ལུགས་ལ་སྲོག་གཅོད་སོགས་པ་མི་དགེ་བ་བཅུ་པོ་མང་པོ་ཞིག་ལ་གནང་བ་ཡོད་པ་མ་ཟད། བྱང་ཆུབ་སེམས་དཔས་ཉམས་ལེན་བྱེད་དགོས་པ་ཞིག་གསུངས་ཡོད། དེས་ན་དེ་འདྲ་ཞིག་བྱེད་ཐུབ་ཐབས་ཡོད་མ་རེད་དམ།
བཀའ་ལན། དྲི་བ་དེ་ང་ཚོ་ནང་པའི་རྗེས་འཇུག་གི་བསམ་བློའི་ནང་ལ་ཉུང་བ་རེད། ཕྱི་རོལ་པའི་བསམ་བློའི་ནང་ལ་དྲི་བ་དེ་མང་བ་རེད། འཚེ་བ་ཆོས་སུ་སྨྲ་བའི་རིང་ལུགས་འཛིན་མཁན་ཞིག་ཡིན་ན་བཤད་མི་དགོས་པ་རེད། སྤྱིར་བཏང་འཚེ་བ་ཆོས་མ་ཡིན་པ་དང་། དགོས་གལ་ཆེན་པོ་བྱུང་ན་འཚེ་བ་བྱེད་ཆོག་པའི་གོ་སྐབས་ཡོད་པ་ཤོད་མཁན་ཡང་ཕྱི་རོལ་པའི་གྲུབ་མཐའ་ཁ་ཤས་ཡོད་རེད། དམག་ལྟ་བུ་ལ་ཆོས་ཀྱི་དམག་ཟེར་བའི་ཐ་སྙད་སྦྱར་བའང་ཡོད། ནང་པའི་གཞུང་ལུགས་དང་བསྟུན་ན་དགོས་པ་ཆེ་ཆུང་གང་ཡིན་ཡང་དེ་སྒྲུབ་པའི་ཐབས་ལ་འཚེ་བའི་བྱ་བ་གནང་བའི་སྐབས་ནམ་ཡང་མེད་ཅེས་ངས་ཐག་བཅད་ནས་བཤད་ཀྱི་ཡོད། དེ་ང་ཚོས་གསལ་པོ་བཤད་ན་མ་གཏོགས། ནང་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་གཞི་རིམ་གྱི་གནས་སྟངས་ཤིག་རེད། ནང་པའི་ཐེག་པ་གསུམ་དང་རྒྱུ་སྡེ་བཞིས་བསྡུས་པའི་བསྟན་པ་ཡོངས་སུ་རྫོགས་པ་ལ་ཁྱབ་པའི་བཀའ་བཏགས་ཀྱི་ཕྱག་རྒྱ་ལྟ་བུ་རེད། དེར་བརྟེན་བསྟན་པའི་དོན་དང་། སེམས་ཅན་གྱི་དོན་ཇི་འདྲ་ཞིག་ཡིན་ཡང་དེའི་དོན་དུ་འཚེ་བ་བྱེད་ཆོག་པའི་གོ་སྐབས་ཡོད་མ་རེད་ཅེས་ཐག་བཅད་ནས་མ་བཤད་ན་ཆ་གཞག་ས་རྩ་བ་ནས་མེད་པ་ཆགས་རྒྱུ་རེད། བྱུང་རབས་ཀྱི་དབང་དུ་བྱས་ན་དགའ་ལྡན་ཕོ་བྲང་གི་གཞུང་མ་བཙུགས་པའི་སྔོན་དུ་གུ་ཤྲི་ཁཱང་གིས་སྡེ་པ་གཙང་པ་རྩ་མེད་ལ་བཏང་ཚར་བ་རེད། ཕྱི་ལོ་ ༡༦༣༩།༡༦༤༠ ཙམ་ནས་གུ་ཤྲི་ཁཱང་གི་དམག་ཁམས་ཉག་རོང་དང་མི་ཉག་ཁུལ་ནས་ཡོང་སྟེ། ཕྱི་ལོ་ ༡༦༤༡།༡༦༤༢ ཙམ་ལ་བོད་སིལ་བུར་ཐོར་བའི་སྐབས་སུ་ཁྲིམས་མགོ་རང་བཙན་སྡོད་མཁན་མང་པོ་དང་སྡེ་པ་གཙང་པའི་ཆབ་སྲིད་མེད་པར་བཟོས་ཚར་བའི་རྗེས་སུ་བོད་ཁམས་ཡོངས་རྫོགས་གུ་ཤྲི་ཁཱང་གི་དམག་གིས་དབང་དུ་བསྡུས་ཟིན་པ་རེད། དེའི་རྗེས་སུ་གཞི་ནས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱལ་བ་ལྔ་པ་ལ་ཕུལ་བའམ་གསར་དུ་བཙུགས་པའི་གཞུང་ཞིག་ཆགས་ཡོད། དེ་རྗེས་ངོ་ལོག་བྱེད་མཁན་ཕྲ་ལ་ཕྲན་བུ་བྱུང་ཡང་། རླབས་ཆེ་བའི་ངོ་ལོག་གང་ཡང་བྱུང་མེད།
ད་ལྟ་ངས་འཚེ་བ་གནང་བའི་སྐབས་ཡོད་མ་རེད་ཅེས་བརྗོད་དུས་དྲི་བ་འདི་ཡོང་མདོག་ཁ་པོ་རེད། སྔགས་ཀྱི་ནང་ལ་བསད་པ་དང་། བཅིངས་པ་དང་། བསྐྲད་པ་ལ་སོགས་པ་དབང་དང་དྲག་པོ་མངོན་སྤྱོད་ཀྱི་ལས་མང་པོ་གསུངས་ཡོད་རེད། དེ་དག་འཚེ་བ་མ་རེད་དམ། དེ་བཞིན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ནང་དེད་དཔོན་སྙིང་སྟོབས་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པའི་བྱུང་བ་ཡོད་རེད། དེ་བསད་པ་ལ་བརྟེན་ནས་བསྐལ་པ་དགུའི་ཚོགས་འདུམས་པ་ཡིན་ཞེས་གསུངས་ཡོད། འོན་ཀྱང་དེའི་ཐོག་ལ་ད་ལྟའང་རྩོད་པ་ཆེན་པོ་རེད། ཡིན་ནའང་བྱང་ཆུབ་སེམས་དཔའ་དེད་དཔོན་སྙིང་སྟོབས་ཅན་དུ་འཁྲུངས་པའི་སྐབས་སུ་མི་ནག་མདུང་ཐུང་ཅན་བསད་པ་དེ་མདོའི་ནང་གསལ་པོ་ཡོད་པ་ཞིག་རེད། བསད་པ་ལ་བརྟེན་ནས་བསྐལ་པ་དགུའི་ཚོགས་འདུམས་པ་ཡིན་ནམ། ཡང་ན་དེའི་ཀུན་སློང་གི་སྙིང་རྗེ་ལ་བརྟེན་ནས་བསྐལ་པ་དགུའི་ཚོགས་འདུམས་པ་ཡིན་དེའི་ཐོག་མཁས་པ་ཚོས་བགྲོ་གླེང་མང་པོ་གནང་རྒྱུ་ཞིག་རེད། བསད་པའི་བྱ་བ་དེ་མི་དགེ་བ་ཡིན་ནམ་དགེ་བའི་བྱ་བ་ཡིན་དེ་རྩོད་གཞི་རེད། ད་ལྟ་ངས་འཚེ་བ་གནང་བའི་སྐབས་ཡོད་མ་རེད་ཅེས་བཤད་དུས་འཚེ་བ་ཞེས་པ་དེ་འཚེ་བར་བྱ་བའི་ཡུལ་ལ་གནོད་པ་ཞིག་དགོས་རེད་མ་གཏོགས། མི་གནོད་པ་ཞིག་ཡིན་ན་དེ་ལ་འཚེ་བ་ཟེར་གྱི་མ་རེད། སྲོག་འཕྲོག་པ་ཡིན་ཡང་སྲོག་འཕྲོག་སའི་གང་ཟག་དེ་ལ་གནས་སྐབས་དང་མཐར་ཐུག་ལ་ཕན་བདེ་སྒྲུབ་ཀྱི་ཡོད། དེ་ཡང་མི་ནག་མདུང་ཐུང་བསད་པ་ལ་བརྟེན་ནས་མི་ནག་མདུང་ཐུང་ཅན་མི་ལྔ་བརྒྱ་བསད་པའི་སྡིག་པ་ལས་ཟློག་ཐུབ་པ་དང་། མི་ལྔ་བརྒྱ་བསད་པའི་སྡིག་ལ་བརྟེན་ནས་ངན་སོང་མུ་མཐའ་མེད་པ་མྱོང་བ་ལས་ཟློག་ཐུབ་པ་ཡིན་ཙང་དེའི་སྲོག་འཕྲོག་པའི་བྱ་བ་དེ་འཚེ་བ་མ་རེད་ཅེས་བཤད་བསྡད་ཀྱི་ཡོད།
དེ་མི་དགེ་བ་ཡིན་ནམ་དགེ་བ་ཡིན། སྲོག་བཅད་པ་ལ་བརྟེན་ནས་དགེ་བའི་བྱ་བ་ཞིག་འགྲུབ་རྒྱུ་ཡོད་མེད་ཐོག་མཁས་པ་སོ་སོའི་བཞེེད་ཚུལ་མི་མཐུན་པ་རེད། དཔེར་ན་ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། སྙིང་རྗེས་ཀུན་ནས་བསླངས་པའི་བྱ་བ་ཞིག་ཡིན་ན་འཚེ་བ་ལྟར་མངོན་ཡང་དོན་དུ་ཡུལ་དེ་ལ་འཕྲལ་ཕུགས་གང་ལའང་མི་གནོད་པ་ཡིན་ཙང་འཚེ་བ་མིན་ལ་མི་དགེ་བའང་མ་རེད་ཅེས་ཟེར་གྱི་ཡོད། མི་དགེ་བ་མ་ཡིན་པའི་རྒྱུ་མཚན་ནི་རྒྱུ་ཡི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ཀྱི་ནང་ཉོན་མོངས་ཅན་གྱི་བསམ་བློས་བསླད་ཡོད་མ་རེད། དེ་ནི་ཧ་ཅང་ཤུགས་ཆེ་བའི་སྙིང་རྗེ་དང་བརྩེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་བྱས་པ་ཡིན་ཙང་། ཁོ་ལ་ཕན་ཐོགས་ཐབས་དེ་སྲོག་འཕྲོག་ན་མ་གཏོགས་དེ་ལས་གཞན་པའི་ཐབས་ཤེས་གཞན་མེད་པ་རེད། དེས་ན་དགེ་བའི་རྩ་བ་གསུམ་པོས་ཀུན་ནས་བསླངས་པའི་བྱ་བ་ཞིག་ལ་ཕལ་ཆེར་དགེ་བ་དང་འཚེ་བ་མེད་པ་ཡིན་ཟེར་ན་འགྲིག་གི་ཡོད་རེད་བསམ་གྱི་འདུག དེས་ན་བསྟན་པ་དང་སེམས་ཅན་གྱིི་དོན་གང་འདྲ་ཡིན་ནའང་ནང་པའི་ལྟ་གྲུབ་དང་བསྟུན་ནས་འཚེ་བ་གནང་བའི་སྐབས་མེད་ཅེས་བརྗོད་རྒྱུ་དེ་སྟབས་བདེ་ཤོས་དང་ངས་ནི་སྔོན་མ་ནས་དེ་འདྲ་བཤད་བསྡད་ཀྱི་ཡོད། གཞུང་དང་འགལ་བ་ནི་ངས་མཐོང་མ་སོང་ལ། རིགས་པ་དང་ཡང་ཕལ་ཆེར་འགལ་མདོག་ཁ་པོ་མ་རེད།
བསད་པའི་བྱ་བ་དེ་དགེ་བ་ཡིན་ནམ་སྡིག་པ་ཡིན་ཟེར་བ་དེ་ལ་གཞུང་གི་ནང་ལ་རྩོད་པ་ཡོད་རེད། སྔོན་གྱི་མཁས་པ་མང་པོས་དེའི་ཐོག་ལ་རྩོད་པ་གནང་འདུག འོན་ཀྱང་་དེ་ནི་སོ་སོའི་གཟིགས་ཚུལ་ཙམ་རེད། གང་ལྟར་བསྐལ་པ་དགུའི་ཚོགས་འདུམས་པ་ཡིན་ཟེར་བ་དེ་ནི་ཡོངས་གྲགས་རེད། གཞུང་ཁ་ཤས་ནང་དུ་དམྱལ་བའི་ནང་ལ་དལ་གྱིས་འཕང་ལོ་འཕངས་པ་ཙམ་དུ་སྐྱེས་པར་བརྟེན། བསད་པའི་བྱ་བ་དེ་མི་དགེ་བ་རེད་ཅེས་སྒྲུབ་ཐབས་གནང་གི་ཡོད་རེད། དམྱལ་བའི་ནང་ལ་དལ་གྱིས་འཕང་ལོ་འཕངས་པ་ཙམ་དུ་སྐྱེས་པ་དེ་གལ་ཏེ་མི་དགེ་བའི་དབང་གིས་ཡིན་ནའང་མི་དགེ་བ་ཧ་ཅང་ཡང་བ་ཞིག་མ་གཏོགས། སྟོབས་དང་ལྡན་པ་ཞིག་མིན་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་འཚེ་བ་ནི་གནོད་པ་ལ་ཟེར་གྱི་རེད། མ་གནོད་པ་ཡིན་ཙང་། སྲོག་འཕྲོག་པའི་དབང་གིས་གལ་སྲིད་མི་དགེ་བར་ཕྱིན་པར་འདོད་ནའང་འཚེ་བའི་བྱ་བ་མ་ཡིན་ཞེས་བརྗོད་རྒྱུར་སྐྱོན་ཨེ་ཡོད་བསམ་གྱི་འདུག ཅེས་གསུངས།།
(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤ དང་ ༡༥ ཉིན་གཉིས་ལ་ཚོགས་ཐེངས་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་སྲོལ་རྒྱུན་དང་དེང་རབས་སྐོར་གསུང་བཤད་གནང་བ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་སྐོར་ཡིན། གསུང་བཤད་ཡིག་འབེབས་པ་ནི་སེར་བྱེས་ཧ་གདོང་ཁམས་ཚན་གྱི་བློ་བཟང་མཁས་མཆོག་ཡིན།)