༈ རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་མདོར་བསྡུས།

༄༅།།  བོད་ཟླ་ ༡༠ ཚེས་ ༢༥ ནི་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་སྟེ། རྗེ་རིན་པོ་ཆེ་སྐུ་བལྟམས་པ་དང་། དགོངས་པ་མྱ་ངན་ལས་འདས་པའི་དུས་ཚེས་གཉིས་མཉམ་དུ་འཁེལ་གྱི་ཡོད་སྟབས། བོད་མིའི་སྤྱི་ཚོགས་ནང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཆོས་ལུགས་ཚང་མས་རྗེས་དྲན་ཞུ་བའི་དུས་སྟོན་ཆེན་པོ་ཞིག་ཆགས་ཡོད། དུས་སྟོན་འདི་དང་སྟབས་བསྟུན་ནས་རྗེ་བདག་ཉིད་ཆེན་པོའི་མཛད་རྣམ་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་དགོས་ཞེས་རེ་འདུན་གནང་མཁན་བྱུང། རྗེ་རིན་པོ་ཆེའི་མཛད་རྣམ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཡིན་ཙང་དུས་ཚོད་ཐུང་ངུའི་ནང་ངོ་སྤྲོད་ཞུ་རྒྱུ་ཧ་ཅང་ཁག་པོ་རེད། ཡིན་ནའང་དེ་རིང་གི་གོ་སྐབས་འདིར་རྒྱ་མཚོའི་ནང་ནས་ཆུ་ཐིགས་ཙམ་ཞིག་གསན་མཁན་རྣམ་པ་ཚོའི་དྲན་གསོའི་ཆེད་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།

བོད་ཀྱི་སྔོན་བྱོན་གྱི་དམ་པ་དེ་ཚོས་རྗེ་རིན་པོ་ཆེའི་མཚན་ནས་འབོད་པའི་སྐབས་སུ། རྗེ་ཙོང་ཁ་པ། རྗེ་བློ་བཟང་གྲགས་པ། ཙོང་ཁ་པ་བློ་བཟང་གྲགས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྗེ་བདག་ཉིད་ཆེན་པོ། ཤར་རྒྱལ་བ་ཙོང་ཁ་པ། འཇམ་མགོན་བླ་མ་ཙོང་ཁ་པ། བླ་མ་ཙོང་ཁ་པ་སོགས་རང་རང་སོ་སོའི་དད་པ་དང་གུས་ཞབས་ཀྱི་ངོས་ནས་མཚན་སྨོས་ཞུ་སྟངས་སྣ་ཚོགས་ཤིག་ཡོད། འོན་ཀྱང་ཕལ་སྐད་དམ་ཡོངས་གྲགས་སུ་རྗེ་རིན་པོ་ཆེ་ཞེས་ཞུ་བ་ཡིན། ཁོང་གི་སྐུ་ཚེ་གཅིག་གི་རྣམ་ཐར་ལ་མཇལ་ཕྱོགས་དང་བརྗོད་ཕྱོགས་མང་པོ་ཡོད་པའི་ནང་ནས་སྐབས་འདིར་རྗེ་རང་ཉིད་ཀྱིས་མཛད་པའི་རང་རྣམ་རྟོགས་བརྗོད་འདུན་ལེགས་མར་གསལ་བ་དེ་སྡོམ་རྒྱག་སྟངས་ཧ་ཅང་ཡག་པོ་ཡོད་སྟབས། དེ་གཞིར་བཟུང་ཤིན་ཏུ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

སངས་རྒྱས་ཀྱི་བསྟན་པ་ལ་སངས་རྒྱས་རང་ཉིད་དང་མཚུངས་པའི་བྱ་བ་གནང་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་དེ་ཚོ་ངེས་པར་དུ་སངས་རྒྱས་ཀྱི་ལུང་གིས་ཟིན་པ་ཞིག་ཡོང་གི་ཡོད། ཤིང་རྟའི་སྲོལ་འབྱེད་ལྟ་བུར་མཚོན་ན། མཚན་ཉིད་པ་ཚོས་དེའི་མཚན་ཉིད་འཇོག་པའི་སྐབས་སུ་ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བས་ལུང་བསྟན་པ་ཞེས་བརྗོད། རྗེ་རིན་པོ་ཆེ་ཡང་ཡུལ་གངས་ཅན་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་དང། ལྷག་པར་དུ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཞེས་རྒྱལ་བ་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་སྟབས། སངས་རྒྱས་ཀྱིས་ལུང་བསྟན་ཚུལ་རྣམས་ང་ཚེས་ཤེས་དགོས་པ་གནད་ཆེ། སངས་རྒྱས་ཀྱི་མདོ་རྒྱུད་མང་པོ་ནས་རྗེ་རིན་པོ་ཆེ་བྱོན་པའི་ཡུལ་དང་། བྱོན་པའི་དུས། མཚན་གྱི་རྣམ་གྲངས། གདན་སའི་མཚན་ལ་སོགས་པ་གསལ་བར་ལུང་བསྟན་ཡོད། ལུང་བསྟན་ཆ་ཚང་ལུང་འདྲེན་ཞུ་རྒྱུ་དུས་ཚོད་ཀྱིས་མི་ལྕོགས་པས། ལུང་བསྟན་གང་དང་གང་དུ་ཡོད་པ་མདོར་ཙམ་ཞུ་ན། བོད་དུ་འགྱུར་བའི་རྒྱུད་ལྟ་བུར་མཚོན་ན། འཇམ་དཔལ་རྩ་རྒྱུད་དང་མཁའ་འགྲོ་གསང་བའི་རྒྱུད་དུ་གསལ་བ་དང་། མདོ་ལ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་དང་ལང་ཀར་གཤེགས་པའི་མདོ་སོགས་ཡིན། ལང་ཀར་གཤེགས་པའི་མདོ་བོད་འགྱུར་དུ་མི་གསལ་ཡང་རྒྱ་ནག་གི་འགྱུར་ནང་གསལ་ཡོད། བསྟན་བཅོས་ལ་མཚོན་ན། མ་ཅིག་ལབ་ཀྱི་སྒྲོན་མའི་ལུང་བསྟན་དང། བཀའ་གདམས་ཕ་ཆོས་བུ་ཆོས་བཅས་སུ་གསལ། དེ་དག་ནི་ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་བསྟན་པའི་ཚུལ་ཡིན།

དེ་ལྟར་ལུང་དུ་བསྟན་པའི་རྗེ་བདག་ཉིད་ཆེན་པོའི་སྐུ་ཚེ་འདིའི་མཛད་འཕྲིན་གྱི་རྒྱབ་ལྗོངས་སུ་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚུལ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། དེ་ཡང་ཐུགས་བསྐྱེད་ཚུལ་ནི་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་འཇིག་རྟེན་གྱི་ཁམས་ཤིག་ན་རྒྱལ་བ་དབང་པོའི་ཏོག་ཅེས་བྱ་བས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་དབང་པོ་ཏོག་གི་སྲས་ཀྱི་ཐུ་བོའི་ཚུལ་བཞེས་པ་དང་། དེ་དུས་འཇམ་པའི་དབྱངས་ཀྱི་ཐུགས་སྲས་སུ་རྗེ་རིན་པོ་ཆེ་དང་ཐུགས་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་བཞུགས་ཤིང་། སྐབས་དེར་རྒྱལ་བ་དབང་པོའི་ཏོག་གིས་བྱང་ཆུབ་སེམས་དཔའི་ཚོགས་ལ་མ་འོངས་སྙིགས་མའི་དུས་སུ་ཡུལ་མཐའ་འཁོབ་ཏུ་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་སྤེལ་ཐུབ་ན་རབ་དང་མཆོག་ཡིན་ཚུལ་བཀའ་སྩལ་བ་ན། རྗེ་རིན་པོ་ཆེ་དང་ཐུགས་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེ་ཡར་བཞེངས་ནས་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ངས་ངེས་པར་དུ་ཡུལ་མཐའ་འཁོབ་ཀྱི་གདུལ་བྱ་ཉམ་ཐག་པ་ཚོའི་ཆེད་དུ་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་སྤེལ་གྱི་ཡིན་ཞེས་ཐུགས་བསྐྱེད་པར་བརྟེན། སངས་རྒྱས་དབང་པོའི་ཏོག་གིས་ཁྱོད་ནི་སྙིང་སྟོབས་ཆེན་པོའོ་ཞེས་བསྔགས་བརྗོད་མཛད་པ་བཅས་ཐོག་མར་ཐུགས་བསྐྱེད་ཚུལ་ཡིན། བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པ་ན་རྗེ་བདག་ཉིད་ཆེན་པོ་སངས་རྒྱས་ཀྱི་དངོས་སློབ་བྲམ་ཟེ་ཁྱེའུ་ཞིག་གི་སྐྱེ་བ་བཞེས་ཡོད། བྲམ་ཟེ་ཁྱེའུ་དེ་རྗེས་སུ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སློང་པདྨའི་ངད་ལྡན་ཞེས་མཚན་གསོལ། དགེ་སློང་དེས་སྟོན་པ་ཤཱཀྱ་ཐུབ་པ་ལ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་དང་བརྒྱད་ཡོད་པ་ཞིག་ཕུལ་ནས་དུས་སྙིགས་མར་ཡུལ་མཐའ་འཁོབ་ཏུ་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་སྤེལ་བའི་ཐུགས་དམ་བསྐྱར་དུ་བཞེས་པས། སྟོན་པ་ཤཱཀྱ་ཐུབ་པས་ད་ལྟ་ང་ལ་ཤེལ་དཀར་གྱི་ཕྲེང་བ་ཕུལ་བའི་སྐྱེས་བུ་འདི་མ་འོངས་པར་བོད་གངས་ཅན་གྱི་ལྗོངས་སུ་བསྟན་འཛིན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡོང་ཞེས་བཀའ་སྩལ། སྐབས་དེར་ཀླུ་ཡི་རྒྱལ་བོ་མ་དྲོས་པས་ཕུལ་བའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དེ་དགེ་སློང་པདྨའི་ངད་ལྡན་ལ་གནང། ཆོས་དུང་དེ་རྗེས་སུ་དགེ་སློང་པད་མའི་ངད་ལྡན་བསྟན་པ་འཛིན་པའི་སྐྱེས་བུར་བྱོན་པ་ན་དགོས་པས་དགའ་ལྡན་འགོག་པ་རི་ལ་གཏེར་དུ་སྦོས་ཤིག་ཅེས་མོངྒཱལ་གྱི་བུར་བཀའ་མངགས་གནང། བློ་བཟང་རྒྱལ་བསྟན་མ་ལས། ཐུབ་པའི་དྲུང་དུ་ཤེལ་དཀར་ཕྲེང་བ་ཕུལ།། ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས།། ཞེས་གསུངས་པ་བཞིན་རེད། རྗེས་སུ་རྗེ་རིན་པོ་ཆེས་དགའ་ལྡན་ཕྱག་བཏབ་པའི་སྐབས་སུ་ཆོས་དུང་དེ་གཏེར་ནས་བཞེས་ཏེ་ད་ལྟ་ཡང་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པ་བཅས་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྐོར་ཡིན།

དེ་ནས་རྗེ་རིན་པོ་ཆེས་བོད་གངས་ཅན་དུ་སྐུའི་སྐྱེ་བ་བཞེས་ཚུལ་ནི། བོད་གངས་ཅན་དུ་བཀའ་གདམས་པའི་སྐྱེས་བུ་དམ་པ་ཚོས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དེ་ཕྲན་བུ་ཉམ་ཆག་འགྲོ་བའི་སྐབས་ཤིག་ཏུ་རྗེ་རིན་པོ་ཆེ་ཤར་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཤར་ཙོང་ཁའི་ཡུལ་ནི་ཨ་མདོའི་ཡུལ་དུ་ཡོད། ཙོང་ཁའི་ཡུལ་དུ་འཁྲུངས་པར་བརྟེན། དེར་འཁྲུངས་པའི་སྐྱེས་བུ་དེར་ཙོང་ཁ་པ་ཞེས་མཚན་ཐོགས། དེ་ཡང་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ། ཕྱི་ལོ་ ༡༣༥༧ ལོར་འཁྲུངས། དེ་ཡང་རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ།། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་པ་དེའི་ནང་རྗེ་རིན་པོ་ཆེའི་སྐུ་ཚེ་གཅིག་གི་མཛད་པ་རྣམ་ཐར་ཡོངས་རྫོགས་ཀྱི་སྡོམ་ཆེན་པོ་ཞིག་གནང་ཡོད། ང་ཚོས་ཀྱང་རྗེ་རིན་པོ་ཆེའི་རྣམ་ཐར་དྲན་པའི་སྐབས་སུ་སྡོམ་འདི་ལྟ་བུའི་བསམ་ཐུབ་ན་འདུས་ཆེ། རྣམ་ཐར་ཙག་ཙིག་མང་པོ་རུག་རུག་བཟོ་བ་ལས། དང་པོར་ཐོས་པ་རྒྱ་ཆེན་པོ་ཇི་ལྟར་བཙལ་ཚུལ་དང་། བར་དུ་སྒྲོ་འདོགས་བཅད་དེ་གཞུང་ལུགས་གདམས་པར་ཤར་ཚུལ། མཐའ་མར་སྒྲུབ་པ་ཉམས་ལེན་གྱིས་ཐུགས་རྒྱུད་ལ་རྟོགས་པ་འཁྲུངས་ཚུལ་བཅས་གསུམ་གྱི་ཐོག་ནས་རྗེས་དྲན་ཞུས་ཐུབ་ན་ལེགས་ཚོགས་ཆེ།

དེ་གསུམ་པོའང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་གོ་རིམ་དང་མཐུན་པར་ཞུ་ན། སློབ་དཔོན་དབྱིག་གཉེན་གྱིས་མཛོད་རྩ་བ་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་ཇི་ལྟར་བང་བསྒྲིགས་པ་བཞིན་ཐོག་མར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པ་ལ་གནས་ཏེ་ཐོས་པ་དང་། དེ་ནས་བསམ་པ་དང་སྒོམ་པ་བཅས་རིམ་བཞིན་འགྲོ་དགོས་པར་བརྟེན། རྗེ་རིན་པོ་ཆེས་ཐོག་མར་སོ་སོ་ཐར་པའི་སྡོམ་པ་བཞེས་ཚུལ་ནི། སྤྱིར་རྗེ་བདག་ཉིད་ཆེན་པོ་སྐུ་མ་འཁྲུངས་པའི་སྔོན་ནས་ཙོང་ཁའི་ཡུལ་དུ་བཞུགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་རིན་པོ་ཆེའི་ཡབ་ཡུམ་གཉིས་ལ་འཁྲུངས་རྒྱུའི་སྲས་དེ་སྐྱེས་བུ་དམ་པ་ཁྱད་འཕགས་ཤིག་ཡིན་པ་དང་། གཙང་སྦྲ་སོགས་རྒྱུན་དུ་གནང་གལ་ཆེ་ཞེས་མངལ་གྱི་གནས་སྐབས་དང་། འཁྲུངས་པའི་སྐབས། འཁྲུངས་པའི་རྗེས་བཅས་ལ་རྒྱུན་དུ་གཟིགས་སྐྱོང་དམིགས་བསལ་གནང་བ་ཡིན། དགུང་ལོ་ ༣ ལོན་པའི་སྐབས་སུ་ཀརྨ་པ་རོལ་པའི་རྡོ་རྗེ་ཁུལ་དེར་ཕེབས་པ་དང་བསྟུན། དེའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་ ༧ ལ་ཕེབས་པ་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་སྟེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དེ་ནས་དབུས་སུ་ཕེབས་ཏེ་འདུལ་བ་འཛིན་པ་ཆེན་པོ་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་སྟོད་འདུལ་གྱི་སྡོམ་རྒྱུན་ཐོག་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། བོད་ཀྱི་ད་ལྟའི་བསྟན་པ་ཕྱི་དར་གྱི་སྡོམ་རྒྱུན་ལ་སྟོད་འདུལ་དང་སྨད་འདུལ་གཉིས་ཡོད་པའི་ནང་ནས་རྗེ་རིན་པོ་ཆེའི་སྡོམ་རྒྱུན་དེ་སྟོད་འདུལ་ཡིན། སྤྱིར་བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་མ་གཏོགས་མེད།

དེ་ལྟར་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བཞེས་ཏེ་ཚུལ་ཁྲིམས་ཀྱི་བསླབ་པར་གནས་པའི་རྗེས་སུ་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཚུལ་མདོ་ཙམ་ཞུ་ན། དགུང་ལོ་ ༣ པར་དགེ་བསྙེན་གྱི་སྡོམ་པ་བཞེས་པ་དང་ཆབས་ཅིག་ས་གནས་དེ་གར་བཞུགས་པའི་དགེ་རྒན་ཡོན་ཏན་རྒྱ་མཚོ་བསྟེན་ཏེ་ཡི་གེ་འབྲི་ཀློག ཐ་སྙད་རིག་གནས་བརྡ་སྤྲོད་སོགས་ལ་སྦྱངས་སྐབས། བརྡ་སྤྲོད་གཙུག་ལག་དང་ཡི་གེའི་འབྲི་ཀློག་རྣམས་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དེ་རྗེས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མདོ་སྡེ་རྒྱན་སོགས་བྱམས་ཆོས་མང་པོ་བཀའ་ཁྲིད་གནང། ལྷག་པར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་མཚོན་པའི་གསང་སྔགས་ཀྱི་དཀྱིལ་འཁོར་མང་པོར་དབང་བསྐུར་ཏེ་དགུང་ལོ་ ༡༦ བར་ཆོས་རྗེ་མཆོག་དང་ལྷན་དུ་འབྲལ་མེད་དུ་བཞུགས་ཏེ་གསན་བསམ་རྒྱ་ཆེར་གནང་ཞིང་། དབུས་སུ་མ་ཕེབས་གོང་དགུང་ལོ་ ༡༤།༡༥ ཙམ་ནས་མདོ་སྡེ་རྒྱན་སོགས་གཞན་ལ་བཀའ་ཁྲིད་གནང་བའང་བྱུང་ཡོད། དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཇི་ལྟར་ལམ་སྟོན་གནང་བ་བཞིན་དགུང་ལོ་ ༡༦ སྐབས་དབུས་གཙང་ཆོས་ཀྱི་ཞིང་སར་ཕེབས། སྐབས་དེར་མདོ་སྨད་ཁུལ་དུ་སློབ་སྦྱོང་གི་གནས་སྟངས་ཡག་པོ་ཡོད་རུང་། དེ་ལས་ཕུ་ཐག་ཆོད་པ་ཡོང་ཕྱིར་དབུས་གཙང་དུ་ཕེབས་པ་ཡིན་འདུག  རྣམ་ཐར་ཁ་ཤས་སུ་དགུང་ལོ་ ༡༧ སྟེང་ཕེབས་པར་བཞེད་ཀྱང་། ངས་ནི་དགུང་ལོ་ ༡༦ སྟེང་ཕེབས་པ་དེ་འཐད་པར་བརྩི།

དབུས་སུ་བྱོན་ནས་གཞུང་ཆེན་ཁག་ལ་གསན་བསམ་གནང་ཚུལ་ལ། ཕར་ཕྱིན་ནི། དབུས་སུ་བྱོན་པ་དང་ཐོག་མར་གདན་ས་སྙེ་ཐང་བདེ་བ་ཅན་དུ་བཞུགས་ཏེ། གདན་ས་དེའི་མཁན་ཆེན་སྙེ་ཐང་པ་བཀྲ་ཤིས་སེངྒེ་དང་། གདན་ས་བ་ཡེ་ཤེས་སེངྒེ། སློབ་དཔོན་ཡོན་ཏན་རྒྱ་མཚོ། སློབ་དཔོན་ཨུ་རྒྱན་པ་སོགས་བསྟེན་ཏེ་ཁོང་ཚོའི་དྲུང་ནས་ཕར་ཕྱིན་གྱི་གཞུང་གཙོ་བོ་མངོན་རྟོགས་རྒྱན་རྒྱ་འགྲེལ་ཉེར་གཅིག་དང་བོད་འགྲེལ་རྣམས་ལ་གསན་བསམ་མཛད། བླ་མ་འཇམ་དབྱངས་རིན་ཆེན་གྱི་དྲུང་ནས་མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་བཅས་བྱམས་ཆོས་སྡེ་ལྔ་སོགས་ཕར་ཕྱིིན་གྱི་གསན་བཞེས་ཡོངས་རྫོགས་ལོ་གཉིས་ནང་གྲུབ་པར་མཛད། དེ་བཞིན་དབུས་ཀྱི་གདན་ས་སྙེ་ཐང་དང་གསང་ཕུ་སོགས་དང་། གཙང་གི་གདན་ས་ས་སྐྱ་དང་ངམ་རིང་སོགས་སུ་ཕར་ཕྱིན་གྱི་གྲྭ་སྐོར་ཡང་མཛད།

མངོན་པ་ནི། རྗེ་བཙུན་རེད་མདའ་བ་ལས་མངོན་པ་མཛོད་དང་དེའི་རང་འགྲེལ། མངོན་པ་ཀུན་བཏུས་སོགས་མངོན་པ་གོང་འོག་ཕལ་ཆེ་བ་གསན་ཞིང་། ཁོང་ནི་རྗེའི་བླ་མའི་ནང་གཙོ་བོ་ཞིག་རེད།

འདུལ་བ་ནི། སྐྱོར་མོ་ལུང་དུ་ཕེབས་ནས་མཁན་པོ་བློ་གསལ་གྱི་དྲུང་ནས་འདུལ་བ་ལུང་སྡེ་བཞི་དང་། མདོ་རྩ་བ། མདོ་རྩ་བའི་རང་འགྲེལ་དང་རྒྱ་ཆེར་འགྲེལ་སོགས་ལ་གསན་བསམ་གནང་ཞིང། མདོ་རྩ་རྒྱ་ཆེར་འགྲེལ་གསན་བསམ་གནང་སྐབས་ཉིན་རེར་ཕྱག་དཔེ་མདའ་ཚད་མ་ཤོག་གྲངས་བཅུ་བདུན་ཙམ་ཐུགས་ལ་བཟུང་བའི་བྱུང་བ་ཡོད།

ཚད་མ་ནི། རྗེ་བཙུན་རེད་མདའ་བ་དང་ལོ་ཙཱ་བ་དོན་གྲུབ་བཟང་པོ་རྣམ་གཉིས་ཀྱི་དྲུང་ནས་ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་། དེའི་རྒྱ་བོད་ཀྱི་འགྲེལ་པ་ཁག  ཚད་མ་ཀུན་བཏུས་སོགས་གསན་བཞེས་ཆ་ཚང་གནང།

དབུ་མ་ནི། རྗེ་བཙུན་རེད་མདའ་བ་ལས་གཙོ་བོར་གསན་ཞིང་། སྐབས་དེར་རྗེ་བཙུན་རེད་མདའ་བ་ལས་ལྷག་པའི་དབུ་མར་མཁས་པ་མེད་པར་བརྩི། ཡིན་ནའང་བོད་གངས་ཅན་ལྗོངས་སུ་དབུ་མའི་བཤད་རྒྱུན་ཕྲན་བུ་ཉམས་པའི་སྐབས་ཤིག་ཏུ་འཁེལ་བས། རྗེ་བཙུན་རེད་མདའ་བའི་དྲུང་ནས་དབུ་མ་འཇུག་པའི་བཤད་ལུང་ཙམ་མ་གཏོགས། དབུ་མ་རིགས་ཚོགས་དྲུག་གི་བཤད་ལུང་རེད་མདའ་བ་ལའང་མེད་ཅིང་། ཧ་ཅང་དཀོན་པོར་གྱུར། རྗེས་སུ་སྙེ་ཐང་འཇམ་དབྱངས་རིན་ཆེན་གྱི་དྲུང་ནས་རིགས་ཚོགས་དྲུག་གི་ལུང་ཙམ་ཞིག་ཞུས་ཐུབ་པ་དང་། དེ་ནས་བླ་མ་དབུ་མ་པར་མཇལ་ནས་རིགས་ཚོགས་དྲུག་སོགས་བླ་མ་དབུ་མ་པའི་དྲུང་ནས་ཐད་ཀར་ཞུ་བ་དང། བླ་མ་དབུ་མ་པས་དོགས་གཅོད་མ་ཐུབ་པའི་རིགས་རྣམས་བླ་མ་དབུ་མ་པས་ལོ་ཙཱ་བ་གནང་སྟེ་རྗེ་བཙུན་འཇམ་དབྱངས་ལ་བཀའ་འདྲི་ཞུ་བཞིན་དབུ་མར་གསན་བསམ་གནང། སྐབས་དེར་རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་མ་གནང་བའི་སྐབས་རེད། དེ་ལྟར་ཕར་ཕྱིན་དང་། མངོན་པ། འདུལ་བ། ཚད་མ། དབུ་མ་སོགས་ལ་གསན་བསམ་གནང། ཕར་ཕྱིན་གྱི་གྲྭ་སྐོར་གོང་དུ་ཞུས་ཟིན་པ་ལྟར་དང། མངོན་འདུལ་ཚད་དབུ་བཅས་དཀའ་ཆེན་བཞི་གའི་གྲྭ་སྐོར་གསང་ཕུ་དང་རྩེད་ཐང་སོགས་སུ་གནང་སྟེ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་ཐོས་བསམ་ཡོངས་སུ་རྫོགས་པ་གནང།

སྔགས་ལ་གསན་བསམ་མཛད་སྟངས་ནི། སྤྱིར་བཏང་དབུས་སུ་མ་ཕེབས་སྔོན་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་ནས་སྔགས་ཀྱི་དབང་ལུང་སོགས་མང་པོ་ཞུས་ཟིན་མོད། དབུས་སུ་ཕེབས་ནས་ད་དུང་སྔགས་ཀྱི་གསན་བསམ་ཕུ་ཐག་ཆོད་པའམ་རྒྱ་ཆེ་བ་དེ་ཞ་ལུ་མཁས་གྲུབ་ཁྱུང་པོ་ལྷས་པའི་དྲུང་ནས་དབང་ལུང་མང་པོ་གསན། དེ་དང་ཆབས་ཅིག་མྱང་སྟོད་པའི་བླ་མ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཞྭ་ལུའི་ཡོ་ག་བ་མགོན་བཟང། སྤྱན་སྔ་བ་གྲགས་པ་བྱང་ཆུབ་སོགས་ལས་སྔགས་ཀྱི་གསན་བསམ་མཛད། ཕྱིས་སུ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་དྲུང་ནས་སྔགས་ཀྱི་ཆོས་སྐོར་མང་དུ་ཞུས། སྐབས་དེར་དུས་འཁོར་རྒྱུད་ཚད་ལྡན་ཡིན་མིན་གྱི་རྩོད་གཞི་ཡོད་པར་བརྟེན། རྗེ་རིན་པོ་ཆེས་བསྐྱར་དུ་བླ་མ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་དང། སྐྱོར་མོ་ལུང་གི་བླ་མ་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་ནས་དུས་འཁོར་གྱི་གསན་བསམ་བསྐྱར་དུ་གནང་། དེ་དག་ནི་མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པའི་གཞུང་ལ་བཤེས་གཉེན་མཁས་པ་མང་པོ་བསྟེན་ནས་གསན་བསམ་གནང་བའི་ཚུལ་ཡིན།

མང་པོ་ཞིག་གིས་རྗེ་བདག་ཉིད་ཆེན་པོས་གཞུང་ཆེན་མོ་ལ་སློབ་གཉེར་གནང་བ་མ་གཏོགས། ཐ་སྙད་རིག་གནས་ལ་དེ་ཙམ་ཐུགས་སྣང་མེད་པ་ལྟ་བུ་གཟིགས་མཁན་ཡོད་རུང་། དེ་ནི་རྩ་བ་ནས་རེད་མི་འདུག  ཐོག་མར་དབུས་སུ་ཕེབས་ནས་ཚལ་གུང་ཐང་དུ་ཆོས་རྗེ་དཀོན་མཆོག་སྐྱབས་ཀྱི་དྲུང་དུ་ཡན་ལག་བརྒྱད་པ་དང་རྒྱུད་བཞི་ལ་སོགས་པའི་སྨན་གཞུང་ལ་གསན་བསམ་ཆ་ཚང་གནང་སྟེ་སྨན་ལ་མཁས་པ་བྱུང་འདུག  ལོ་ཆེན་ནམ་མཁའ་བཟང་པོ་དང་ས་བཟང་་མ་ཏི་པཎ་ཆེན་གྱི་དྲུང་ནས་སྒྲ་དང་སྙན་ངག སྡེབ་སྦྱོར་ལ་སོགས་གསན་པ་དེའི་དབང་གིས་ལེགས་སྦྱར་གྱི་སྐད་ལའང་མཁྱེན་པ་ཐོགས་མེད་དུ་གྱུར་ཏེ། གསུང་རབ་མང་པོའི་འགྱུར་དག་དང་མ་དག་དང་། ལྷག་པར་དུ་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་གྱི་མཐའ་དཔྱོད་མྱུ་གུ་མཛད་སྐབས་འགྲེལ་པ་སྒྲོན་གསལ་གྱི་འགྱུར་ཆ་ཚང་ལ་ཞུ་དག་གནང་བ་སོགས་མཛད་ཡོད། དེ་བཞིན་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་དྲུང་ནས་དུས་འཁོར་གྱི་གསན་བསམ་ཙམ་མ་ཟད། རྩིས་ཀྱི་སྐོར་ལ་སྦྱངས་པ་སོགས་ཐ་སྙད་རིག་གནས་ཀྱི་སྐོར་མ་མཁྱེན་པ་མེད་པར་མཛད་པ་བཅས་ནི་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཚུལ་རེེད། གལ་ཏེ་རྗེ་བདག་ཉིད་ཆེན་པོས་ཐོས་པ་བཙལ་བའི་ཚུལ་ལ་ཞིབ་ཚགས་པོས་བལྟས་ན་གཞུང་ལུགས་དེ་དང་དེའི་འབྲེལ་བ་ཡོད་པའི་རྒྱ་བོད་ཀྱི་གཞུང་བཞུགས་སོ་ཅོག་ལ་མ་གཟིགས་པ་མེད་པ་ལྟ་བུ་ཡོད། ལྷག་པར་དུ་ཚལ་གུང་ཐང་ལ་ལོ་གཅིག་ཡས་མས་བཞུགས་ཏེ་བཀའ་འགྱུར་བསྟན་འགྱུར་ཡོངས་སུ་རྫོགས་པར་གསན་བསམ་གྱིས་ཐོས་པ་ཕུ་ཐག་ཆོད་པ་གནང་ཡོད།

བར་དུ་གཞུང་ལུགས་གདམས་པར་ཤར་བའི་ཚུལ་ནི། གསན་བསམ་ཕལ་མོ་ཆེ་གྲུབ་རྗེས་གཙང་དུ་བླ་མ་དབུ་མ་པར་མཇལ། བླ་མ་དབུ་མ་པའི་བརྒྱུད་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དོགས་འདྲི་མང་པོ་ཞུས། བླ་མ་དབུ་མ་པ་གཙང་ནས་ཁམས་ཕྱོགས་སུ་ཕེབས་ཀྱི་ཡོད་སྟབས་ལྷ་ས་བར་ཕེབས་སྐྱེལ་དུ་བཅར་ཏེ་དབུས་ཀྱི་གདན་ས་དགའ་བ་གདོང་སོགས་སུ་བཞུགས་སྐབས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་བྱ་བྲལ་དུ་ཕེབས་དགོས་ཞེས་གསུངས། སྐབས་དེར་རྗེ་རིན་པོ་ཆེས་དབུས་ཀྱི་གདན་ས་ཆེན་པོ་དགའ་བ་གདོང་དང་། གཙང་ཕུ། སྙེ་ཐང་བདེ་བ་ཅན་སོགས་སུ་སློབ་མ་ཧ་ཅང་མང་པོར་གཞུང་ཆེན་གྱི་བཤད་པ་ཧ་ཅང་དམར་པོ་ཡོད་པའི་སྐབས་ཤིག་ཡིན་པས། བླ་མ་དབུ་མ་པས་རྗེ་བཙུན་འཇམ་པའི་དབྱངས་ལ་ད་ལྟ་རྗེ་རིན་པོ་ཆེར་དགེ་ཕྲུག་ཧ་ཅང་མང་པོ་ཡོད་པས། དེ་འདྲའི་མཁས་པ་ཞིག་བྱ་བྲལ་དུ་བཏང་ན་དགེ་ཕྲུག་ཚོ་བློ་ཕམ་གྱི་མ་རེད་དམ། ང་ལའང་ཁ་བཏང་གི་མ་རེད་དམ། འདིར་བཞུགས་ན་བསྟན་པ་ལ་ཕན་གྱི་མ་རེད་དམ་ཞེས་ཞུས་པར། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྟན་པ་ལ་གང་ཕན་ངས་ཤེས། ཁྱེད་ལ་ཁ་གཏོང་མཁན་བྱུང་ན་བཟོད་པ་བསྒོམ་དགོས་ཞེས་གསུངས། གང་ལྟར་རྗེ་རིན་པོ་ཆེ་འཁོར་དག་པ་རྣམ་བརྒྱད་དང་བཅས་ལྷོ་ཁར་བྱ་བྲལ་དུ་ཕེབས། དེ་ནི་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཆེད་དུ་རེད། དེ་ཡང་ཐོག་མར་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་གསན་བསམ་གནང་བ་རྣམས་བསམས་བྱུང་གི་ཤེས་རབ་ཀྱིས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་དགོས་པ་ཡིན། གལ་ཏེ་བསམས་བྱུང་གི་ཤེས་རབ་ཀྱིས་རང་རྒྱུད་ལ་ངེས་པ་རྙེད་པ་ཞིག་བྱུང་ན་གདམས་པར་ཤར་རྒྱུ་རེད། རྗེས་སུ་རྗེ་རིན་པོ་ཆེར་འཇམ་པའི་དབྱངས་ཀྱི་ཐད་ཀར་ཞལ་གཟིགས་བྱུང་ནའང་འཇམ་དབྱངས་ཀྱིས་གནང་བའི་དཀའ་གནད་ཀྱི་བཀའ་ལན་མང་པོ་སྐབས་རེ་མ་རྟོགས་པའི་ཚུལ་བཞེས་པ་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་སྦྱོང་རྐྱང་པ་བྱས་པས་མི་ཡོང་ཞིང་། ཞར་ལ་ཚོགས་བསགས། ཞར་ལ་སྒྲིབ་པ་སྦྱངས། ལྷ་དང་བླ་མ་དབྱེར་མེད་དུ་གསོལ་བ་ཐོབ། གཞུང་ཆེན་མོ་ལ་ཡང་ཡང་བལྟས་པ་བཅས་འཛོམས་ན་དཀའ་གནད་རྣམས་ཤེས་རྒྱུ་རེད་ཅེས་བཀའ་སྩལ། དེ་ནས་སྐུ་རྒྱུ་ཕྱག་རྫས་ཡོངས་རྫོགས་དགེ་ཕྱོགས་སུ་བཏང་སྟེ་འོལ་ཁ་ཆོས་ལུང་དང་འོལ་ཁ་ཆོས་བཟང་སོགས་སུ་བཞུགས་ཏེ། གཙོ་བོ་སྐུ་ཕྱག་འཚལ་བ་དང་མཎྜལ་ཕུལ་བ་སོགས་གནང་ཞིང་། སྐབས་དེར་རྗེ་རིན་པོ་ཆེ་དགུང་ལོ་ ༣༦ རེད། གཞུང་ཆེན་གསེར་ཕྲེང་སོགས་བརྩམས་ཟིན་པའི་སྐབས་ཤིག་རེད། འོལ་ཁ་ཆོས་ལུང་དུ་བཞུགས་སྐབས་རྡོ་ཞིག་ལ་མཎྜལ་བྱས་ཏེ་ཕྱག་ལ་རྨ་ཆགས་ཆགས་བར་དུ་ཕྱིས་བདར་བཏང་སྟེ་མཎྜལ་འབུལ་བ་སོགས་ཚོགས་བསགས་སྒྲིབ་སྦྱངས་མུ་མཐུད་གནང་བ་ལ་བརྟེེན་ནས་ཟབ་མོ་དབུ་མའི་ལྟ་བའི་དོན་ཇི་ལྟ་བ་བཞིན་ཐུགས་རྒྱུད་དུ་འཁྲུངས་ཚུལ་བསྟན་རུང་། རྗེ་རིན་པོ་ཆེའི་དགོངས་པར་ད་དུང་དབུ་མའི་ལྟ་བར་དྭོགས་མ་ཆོད་པའི་རིགས་རྣམས་རྒྱ་གར་དུ་ཕེབས་ཏེ་ནཱལནྡཱ་དང་ཨོཏཱནྟཔུརི་སོགས་སུ་བཞུགས་པའི་མཁས་པ་དག་དང། ལྷག་པར་དུ་རྒྱ་གར་ཤྲཱྀཾགེརཱི་ལ་གྲུབ་ཆེན་མིཏྲ་ཛོགཱི་འཆི་མེད་ཚེའི་དངོས་གྲུབ་བརྙེས་ཙང་ཕལ་ཆེར་བཞུགས་པ་དེ་དག་གི་དྲུང་ནས་དབུ་མའི་སྐོར་ཞུ་དགོས་དགོངས་ཏེ། ཙ་རིའི་ཕྱོགས་སུ་ཕེབས་པ་ན་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་རྒྱ་གར་དུ་ཕེབས་ན་གདུལ་བྱ་ལ་ཕན་ཐོགས་ཆུང་བ་དང་། བོད་རང་དུ་བཞུགས་ན་ཕན་ཐོགས་ཆེ་ཚུལ་སོགས་བཤོལ་མང་པོ་བཏབ་པར་བརྟེན་མ་ཕེབས། དེ་ནས་རྗེ་བདག་ཉིད་ཆེན་པོས་ཙ་རིར་གནས་མཇལ་གནང་ནས་ཕྱིར་ལོག་གིས་རིམ་བཞིན་དབུས་སུ་ཕེབས། ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་དང་། ཇོ་བོ་རིན་པོ་ཆེར་རིན་ཆེན་གྱི་དབུ་རྒྱན་བསྒྲོན་ཏེ་སྤྲུལ་སྐུའི་རྣམ་ཅན་གྱི་སྐུ་དེ་ལོངས་སྐུའི་རྣམ་པ་ཅན་དུ་བསྒྱུར་བ། གདུལ་བྱ་བསམ་གྱིས་མི་ཁྱབ་པར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བར་མེད་དུ་བགོས་པ་སོགས་གནང་བ་ནི་བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཚུལ་རེད།

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཚུལ་ནི། རྗེ་རིན་པོ་ཆེ་དགུང་ལོ་ ༥༣ ལ་དགའ་ལྡན་དགོན་ཆེན་ཕྱག་བཏབ། དེ་རྗེས་དགའ་ལྡན་དུ་གཏན་བཞུགས་ཀྱིས་ཐུན་བཞིའི་རྣལ་འབྱོར་མ་གཡེལ་བར་སྒྲུབ་པ་ཉམས་ལེན་གནང་བ་མ་ཟད། གཙོ་བོ་སྔགས་ཕྱོགས་ཀྱི་ཕྱག་དཔེ་གྲགས་ཆེ་བ་རྣམས་ཀྱང་དེ་དུས་མཛད་ཡོད།

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་ཚུལ་ནི། དེ་ནི་བསྔོ་བ་ཙམ་མིན་པར་བསྟན་པ་རྒྱས་པའི་ཆེད་དུ་གསུང་གི་འཕྲིན་ལས་རླབས་པོ་ཆེ་པོ་ཏི་བཅོ་བརྒྱད་ནི་སྔར་མེད་ལེགས་བཤད་འགྲན་ཟླ་དང་བྲལ་བ་ཡིན་ཞིང། དེའི་ནང་ནས་གཙོ་བོ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་གནད་ཡོངས་སུ་རྫོགས་པ་སྟོན་པའི་བྱང་ཆུབ་ལམ་རིམ་ཆེན་མོ། རྒྱུད་སྡེ་བཞིའི་ལམ་གྱི་གནད་ཡོངས་སུ་རྫོགས་པ་སྟོན་པའི་སྔགས་རིམ་ཆེན་མོ། ལྷག་པར་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་ལེགས་བཤད་རྨད་དུ་བྱུང་བ་མང་པོ་མཛད། ལེགས་བཤད་དེ་ཚོའི་ནང་གཞུང་གཞན་གྱི་འགྲེལ་པ་མིན་པར་རྗེ་རང་ཉིད་ཀྱིས་རང་སྟོབས་ཀྱིས་སྒྲོམ་གཞི་བསླངས་ཏེ་བརྩམས་པ་ནི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་དང་། དེ་བཞིན་དབུ་མའི་སྐོར་ལ་རྩ་ཤེས་ཊཱིཀ་ཆེན་དང་། ལྷག་མཐོང་ཆེ་ཆུང། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་སོགས་ཡིན། དེ་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་འཕྲིན་ལས་ཀྱི་ཕྱག་རྗེས་སུ་བཞག་སྟེ་རྗེ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་ནས་ད་བར་ལོ་ ༦༠༡ འཁོར་གྱི་ཡོད་རུང་། ད་དུང་རྗེ་རིན་པོ་ཆེའི་ལེགས་བཤད་ཀྱི་རྣམ་གྲངས་རྣམས་མཇལ་དུ་ཡོད་པ་དང་། དེ་ལ་བརྟེན་ནས་སྐལ་ལྡན་གྱི་སྐྱེ་འགྲོ་གྲངས་ལས་འདས་པས་སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་བྱེད་རྒྱུ་ཡོད་པ་འདི་ནི་རྗེ་རིན་པོ་ཆེའི་འཕྲིན་ལས་ཀྱི་མཛད་པ་གཙོ་བོ་རེད།

བོད་གངས་ཅན་ལྗོངས་སུ་རྗེ་རིན་པོ་ཆེས་བསྟན་པའི་བྱ་བ་ཧ་ཅང་རྒྱ་ཆེན་པོ་གནང་བ་ཡིན་སྟབས། མྱ་ངན་ལས་འདས་པའི་རྗེས་སུའང་མྱང་འདས་དུས་དྲན་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རབ་བྱུང་དང་ཆོས་པ་ཙམ་མིན་པར། སྤྱི་ཚོགས་ཀྱི་ཁྲོད་དུའང་ཡུལ་གྱི་གོམས་པའི་གཤིས་ལུགས་སུ་གྱུར་ཅིང་། དཔེར་ན། དབུས་གཙང་ཁུལ་དུ་གྲོང་གསེབ་པ་དེ་ཚོས་ཀྱང་དགའ་ལྡན་ལྔ་མཆོད་ཆེན་མོར་ཐོག་ཁར་མཆོད་མེ་སྤར་བ་དང་། ཁ་ཏོན་དགེ་སྦྱོར་བྱེད་པ། དགོང་མོར་བག་ཐུག་འཐུང་བ། དམིགས་བརྩེ་མ་དབྱངས་སུ་འཐེན་པ་སོགས་ཀྱི་གོམས་གཤིས་དར་ཡོད། དགའ་ལྡན་ཕོ་བྲང་གཞུང་གི་དབང་དུ་བྱས་ན། དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གཞུང་ཞབས་ཚོས་དབྱར་ཆས་དང་དགུན་ཆས་བརྗེ་བའི་དུས་ཚོད་འཁེལ་བ་དང་ཆབས་ཅིག་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་མང་གནང་སྲོལ་ཡོད།

ད་རིང་རྗེ་རིན་པོ་ཆེའི་རྣམ་ཐར་རྗེས་སུ་དྲན་པའི་དགོས་པ་གང་ཡོད་ཅེ་ན། དེ་ནི་རྣམ་ཐར་གྱི་རྗེས་སུ་བསླབ་རྒྱུ་དེ་རེད། རྣམ་ཐར་གྱི་རྗེས་སུ་ཇི་ལྟར་བསླབ་དགོས་ཤེ་ན། གོང་དུ་ཞུས་པ་བཞིན་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞེས་གསུངས་པ་ལྟར། ཐོག་མར་ཐོས་བསམ་སློབ་སྦྱོང་རྒྱ་ཆེན་པོ་བྱེད་རྒྱུ་དེ་རེད། གཞུང་ལུགས་ཆུང་ངུ་་ཞིག་ལ་ཐོས་བསམ་གྱིས་སྒྲུབ་པ་ཉམས་ལེན་བྱས་ནའང་རླབས་ཆེན་པོ་ཞིག་ཁུངས་འཁྱོལ་ཁག་པོ་རེད། རྗེ་བཙུན་བྱམས་པ་མགོན་པོ་དང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་གྱིས་མ་ཚིམས་པར། ཀུན་ལ་ཞིབ་ཏུ་སྦྱངས་ཞེས་གསུངས་པ་བཞིན་ང་ཚོའི་ནུས་པས་ལྕོགས་ན་གཞུང་ལུགས་ཐམས་ཅད་ལ་སྦྱང་དགོས་པ་དང་། ནུས་པས་མ་ལྕོགས་ན་གཞུང་ལུགས་གང་ཡང་རུང་བ་ཞིག་ལ་ཞིབ་ཏུ་སྦྱང་དགོས་པ་དེ་རྗེ་རིན་པོ་ཆེ་རྗེས་དྲན་ནམ་རྣམ་ཐར་ལ་སློབ་སྟངས་རེད། གང་ཐོས་བསམ་བྱས་པ་དེ་ཐོས་པ་ཙམ་དུ་མ་བཞག་པར། ཐོག་མཐའ་མ་ལས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། ཞེས་གསུངས་པ་ལྟར། བསམས་བྱུང་གི་བློ་ཡིས་སྒྲོ་འདོགས་གཅད་དགོས། སྒྲོ་འདོགས་བཅད་པ་དེ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཏེ་དལ་འབྱོར་ལན་གཅིག་ཐོབ་པ་དོན་དང་ལྡན་པར་བྱས་ན། རྗེ་རིན་པོ་ཆེའི་མཚན་ཐོས་པ་དང་། གསུང་མཇལ་བ། ཁོང་གི་བསྟན་པར་ཞུགས་ཐུབ་པ་བཅས་དོན་དང་ལྡན་པ་ཡོང་རྒྱུ་ཡིན་ཙང། དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མོ་འདི་དོན་མེད་ཆུད་ཟོས་སུ་མ་སོང་བར། སྒོ་གསུམ་དགེ་བའི་བྱ་བ་ལ་གཅིག་ཏུ་འགྲུས་ཐུབ་པ་དང་། དེ་བཞིན་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་རྗེས་སུ་དྲན་ནས་དེའི་རྗེས་སུ་སློབ་ཐུབ་པ། ཐ་ན་སྨོན་ལམ་ཚུན་ཆད་བརྒྱབ་རོགས་གནང་ཞེས་ཞུ་རྒྱུ་ཡིན།

(འདི་ནི་ ༢༠༢༠ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ་དང་སྟབས་བསྟུན། ནད་ཡམས་ཀྱི་ཁྱིམ་སྡོད་བཀག་རྒྱའི་འོག་ཡོད་པའི་དོན་གཉེར་ཅན་མང་པོས་ལས་དང་པོ་བས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་རྗེའི་རྣམ་ཐར་སྙིང་བསྡུས་ཤིག་བརྙན་འཕྲིན་གྱི་ལམ་ནས་གསུང་གནང་ཡོང་བར་ཇི་ལྟར་གསོལ་བ་བཏབ་དོན་བཞིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུངས་པ་ཞིག་ཡིན།  ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་དང། ཞུ་སྒྲིག་པ་ནི་བསྟན་འཛིན་དོན་ཡོད་ཡིན།)