༈ ལས་འབྲས་སྐོར།
༄༅།། སྔོན་དུ་ཞུས་པ་བཞིན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྣམ་དག་ཅིག་རང་གི་རྒྱུད་ལ་སྐྱེ་ན། ནང་པ་སངས་རྒྱས་པར་ཚུད་པ་སོགས་སྐྱབས་འགྲོའི་ཕན་ཡོན་རྣམས་སྐྱབས་འགྲོའི་བསླབ་བྱ་ཚུལ་བཞིན་དུ་སྲུང་བ་ལ་བརྟེན་ནས་འབྱུང་། སྐྱབས་འགྲོའི་བསླབ་བྱ་ལའང་སྤྱིའི་བསླབ་བྱ་དང་། སོ་སོའི་བསླབ་བྱ། དེ་ཡང་དགག་པ་དང་སྒྲུབ་པའི་བསླབ་བྱ་སོགས་དུ་མ་ཡོད་པ་ལས་གཙོ་ཆེ་ཤོས་ནི་ལས་འབྲས་ཀྱི་རྣམ་བཞག་ཤེས་པར་བྱས་ཏེ་ལས་འབྲས་ཀྱི་བླང་དོར་མ་འཆོལ་བ་བྱེད་རྒྱུ་ནི་སྐྱབས་འགྲོའི་བསླབ་བྱ་ངོ་མ་དེ་རེད། སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་ཚུལ་གཙོ་བོ་ནི། ལས་དགེ་བ་དང་མི་དགེ་བའི་རྣམ་དབྱེ་དང་དེ་དག་གི་འབྲས་བུ་གྲུབ་ཚུལ་རྣམས་ཤེས་པ་ལ་བརྟེན་ནས་ལས་དགེ་བ་ཉམས་སུ་ལེན་པ་དང་། ལས་མི་དགེ་བ་སྤང་རྒྱུ་རེད།
སྤྱིར་ལས་འབྲས་ཞེས་པའི་ཚིག་དེ་གཞུང་ཆེན་མོའི་ཐ་སྙད་ཅིག་ཡིན་རུང་། བོད་གངས་ཅན་ལྗོངས་ལྟ་བུར་མཚོན་ན། སངས་རྒྱས་ཀྱི་ཆོས་ས་དར་རྡོ་དར་དུ་ཕྱིན་པའི་དབང་གིས་ཕལ་སྐད་དུའང་། ལས་རྒྱུ་འབྲས་ལ་བརྩི་དགོས། ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་ཟེར་བ་སོགས་རྒྱུན་སྐད་ལ་འཇགས་ཡོད། ཡིན་ནའང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཡག་པོ་མ་མཁྱེན་ན། ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་ཡོང་ཁག་པོ་རེད། དེས་ན་གཞུང་ནས་གསུངས་པའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་རྣམས་ཉུང་མཐར་ངོ་བོ་དང་གོ་རིམ་ཙམ་ངེས་དགོས་པ་གལ་ཆེན་པོ་རེད། སྤྱིར་ལས་འབྲས་ཞེས་པའི་ལས་དེ་རྒྱུ་དང། འབྲས་བུ་ནི་བདེ་སྡུག་གང་རུང་ལ་ཟེར། ལས་ཞེས་པ་མིང་དོན་གྱི་ཆ་ནས་བྱ་བ་ཞིག་ལ་ཟེར། བྱ་བའི་ཡུལ་གང་ཡང་རུང་བ་ཞིག་ལ་གང་ཟག་གི་བྱ་བར་འཇུག་སྒོ་ལུས་ངག་ཡིད་གསུམ་གང་རུང་གི་སྒོ་ནས་ཞུགས་པའི་བྱ་བ་ལ་ལས་ཞེས་ཟེར། དེ་ལྟར་བསགས་པའི་ལས་ལ་ཁྱད་པར་ཕྱེ་ན། སེམས་པའི་ལས་དང་བསམ་པའི་ལས་གཉིས་རེད། ལས་འདི་འདྲ་ཞིག་བྱེད་བསམ་པའི་ཀུན་སློང་གི་གཡོ་འགུལ་བྱུང་བ་དེ་ལུས་ངག་གི་རྣམ་རིག་ཏུ་མ་ཐོན་པའི་བར་ལ་སེམས་པའི་ལས་དང་། གང་བྱ་བར་འདོད་པའི་ལས་དེ་ལུས་ངག་གི་རྣམ་རིག་ཏུ་ཐོན་པའི་སྐབས་སུ་བསམ་པའི་ལས་སུ་གྱུར། ནང་པའི་གྲུབ་མཐའ་སྨྲ་བ་ཚོས་སེམས་པའི་ལས་དང་བསམ་པའི་ལས་གཉིས་ཀ་སེམས་བྱུང་གི་ངོ་བོར་འདོད་པ་དང་། བསམ་པའི་ལས་དེ་ལུས་ངག་གི་རྣམ་རིག་ཏུ་ཐོན་པའི་ཆ་ནས་ལས་གཟུགས་ཅན་དུ་འདོད་པ་སོགས་སྣ་ཚོགས་ཡོད་མོད། དེ་དག་གནད་འགག་ཆེ་བ་མི་འདུག གང་ལྟར་ལས་དེ་དག་ལས་གང་དང་གང་བླང་བར་བྱ་བ་དང་། གང་དང་གང་འདོར་བྱ་ཡིན་པ་ཤེས་ནས་དགེ་བ་ལ་གང་ཐུབ་འཇུག་པ་དང། མི་དགེ་བ་གང་ཐུབ་སྤང་བ་ནི་ལས་འབྲས་ཉམས་སུ་ལེན་ཚུལ་ལམ་ལས་རྒྱུ་འབྲས་སྲུང་སྟངས་དེ་རེད།
དགེ་བ་དང་མི་དགེ་བ་གང་འདྲ་ཞིག་ཡིན་ཡང་ལས་དེ་ཆ་ཚང་བསགས་ནས་འབྲས་བུ་འབྱིན་པའི་ནུས་པ་ལྡན་པར་བྱེད་པ་ལ་ཡན་ལག་གང་ཚང་དགོས་ཤེ་ན། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཚང་ན་བྱས་བསགས་ཚང་བའི་ལས་ཡིན། དཔེར་ན། དགེ་བའི་ལས་ཕྱག་འཚལ་བ་ལྟ་བུ་ལ་སྦྱར་ན། གཞི་ནི་ཕྱག་འཚལ་བའི་ཡུལ་དཔེར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལྟ་བུ་དང་། རང་གི་བློ་ངོར་གསལ་བཏབ་པའི་ཚོགས་ཞིང་དང་སྐྱབས་ཡུལ་རྣམས་ཡིན། ཕྱག་འཚལ་བའི་བྱ་བ་དངོས་སུ་བརྩམས་པའི་སྐབས་སུ་བསམ་པ་དེ་དགོས་ཤིང་། དེ་ལ་ནང་གསེས་ཕྱེ་ན། ཀུན་སློང་དང་། འདུ་ཤེས། གཞིའི་བསམ་པ་བཅས་གསུམ་རེད། གཞིའི་བསམ་པ་ཟེར་བ་དེ་གཞུང་གི་ཐ་སྙད་མིན་ཡང་ངས་དེ་ལྟར་བེད་སྤྱོད་བྱེད་ཀྱི་ཡོད། ཀུན་སློང་ནི་ཕྱག་འཚལ་དགོས་སྙམ་པའི་འདུན་པ་དེ་རེད། འདུ་ཤེས་ནི་ཕྱག་འཚལ་ཡུལ་མ་འཁྲུལ་བ་དེ་རེད། དཔེར་ན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ཕྱག་འཚལ་བཞིན་ཡོད་སྙམ་པ་ལྟ་བུ། འདུ་ཤེས་དེ་ལའང་འཁྲུལ་མ་འཁྲུལ་ཅི་རིགས་ཡོད། དགེ་བའམ་མི་དགེ་བའི་བྱ་བ་ཡོངས་སུ་རྫོགས་པ་ལ་འདུ་ཤེས་མ་འཁྲུལ་བ་དགོས་པའི་རིགས་ཤིག་དང་། འདུ་ཤེས་འཁྲུལ་ནའང་སྐྱོན་མེད་པའི་རིགས་ཤིག་ཡོད། གཞིའི་བསམ་པ་ནི། དཔེར་ན། དད་པ་དང་དགའ་བ་དང་འདུན་པ་སོགས་ཀྱི་བསམ་པའི་སྒོ་ནས་ཕྱག་འཚལ་བ་དང་། མི་དགེ་བ་ཡིན་ན་ཉོན་མོངས་ཞེས་བརྗོད། དེ་ལྟ་བུའི་བསམ་པ་གསུམ་ཚང་བའི་ཐོག་ནས་བྱ་བར་འཇུག་པ་རེད། སྦྱོར་བ་ནི། དཔེར་ན། ཡར་ལངས་ཐལ་མོ་སྦྱར། ཡན་ལག་ལྔ་གའམ་ལུས་ཐམས་ཅད་ས་ལ་ཕབ་པ་གང་རུང་གི་སྒོ་ནས་ཕྱག་འཚལ་བ་དེ་རེད། མཐར་ཐུག་ནི། དཔེར་ན། ཕྱག་ལན་གཅིག་འཚལ་ནས་ལས་དེ་གྲུབ་པ་ལ་ཟེར། མདོར་ན། གཞི་ཕྱག་འཚལ་བའི་ཡུལ། བསམ་པ་ལ་ཀུན་སློང་ནི་ཕྱག་འཚལ་བའི་འདུན་པ། འདུ་ཤེས་ནི་ཕྱག་འཚལ་བའི་ཡུལ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་ཅི་རིགས། གཞིའི་བསམ་པ་ནི་དད་པ་དང་འདུན་པ་དགའ་བ་ལ་སོགས་གང་རུང་དང་ལྡན་པ། སྦྱོར་བ་ནི་ཕྱག་འཚལ་བའི་བྱ་བར་དངོས་སུ་ཞུགས་པ། མཐར་ཐུག་ནི་ཕྱག་འཚལ་ཟིན་པ་བཅས་ལ་བྱས་ཤིང་བསགས་པའི་དགེ་བའི་བྱ་བ་ཟེར།
མི་དགེ་བའི་ལས་སྲོག་གཅོད་པ་ལྟ་བུར་མཚོན་ན། གང་གསད་པར་བྱ་བའི་སྲོག་ལྡན་དེ་གཞི་དང་། གསད་བྱའི་སྲོག་ལྡན་གྱི་གཞི་ཞིག་མེད་ན་སྲོག་གཅོད་ཀྱི་ལས་འགྲུབ་མི་ཐུབ། བསམ་པ་ལ་ཀུན་སློང་གསོད་པར་འདོད་པ། གལ་ཏེ་ཀུན་སློང་ལ་སྡིགས་ར་སྐུལ་བ་མ་གཏོགས་མེད་རུང་། ནོར་འཁྲུལ་གྱིས་ཤི་ན་དེ་ལ་སྲོག་གཅོད་ཀྱི་ལས་ཆ་ཚང་བ་མི་འབྱུང། འདུ་ཤེས་ནི་གསད་བྱའི་ཡུལ་ལ་མ་འཁྲུལ་བ། གསད་ཡུལ་ནོར་ན་ལས་ཀྱི་ལམ་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད། ཉོངས་མོངས་ལ་དུག་གསུམ་ག་ཡོད་ཅིང་། འདོད་ཆགས་ནི་ཤ་ལ་ཆགས་ནས་བསད་པ་དང་། ཞེ་སྡང་ནི་དགྲ་བསད་པ། གཏི་མུག་ནི་བསད་ན་ཉེས་པ་མེད་པར་བསམས་ནས་བསད་པ་བཅས་ཡིན། སྦྱོར་བ་ནི་མཚོན་གྱིས་བསྣུན་པའམ་གསོད་པའི་ལས་ལ་དངོས་སུ་ཞུགས་པ། མཐར་ཐུག་ནི་གསད་བྱའི་ཡུལ་གྱི་སྲོག་གི་དབང་པོ་འགགས་པ་དེ་རེད། དེ་ལྟར་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཚང་ན་སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་ཡིན། སྲོག་གཅོད་འདོད་ཀྱི་ཀུན་སློང་ཡོད་ཀྱང་སྲོག་བཅད་མ་ཐུབ་ཚེ། སྲོག་གཅོད་ཀྱི་སྦྱོར་བར་ཞུགས་པའི་ཉེས་པ་ཡོད། དེ་བཞིན་སྲོག་གཅོད་ཀྱི་སྦྱོར་བར་ཞུགས་ཀྱང་སྲོག་མ་འགགས་པར་ཐར་ནའང། སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་མ་གྲུབ་ཀྱང་སྲོག་གཅོད་ཀྱི་ཆ་ཤས་སུ་གྱུར་པའི་མི་དགེ་བའི་ལས་ཤིག་བསགས་པ་ཡིན། དེ་བཞིན་ཀུན་སློང་དང་ཉོན་མོངས་ཤུགས་ཆེ་ཆུང་དང་། འདུ་ཤེས་འཁྲུལ་མ་འཁྲུལ་སོགས་ཀྱི་དབང་གིས་སྲོག་གཅོད་ཀྱི་ལས་ལ་སྟོབས་ཆེ་ཆུང་གི་ཁྱད་པར་འགྲོ་བ་ཡིན།
འབྲས་བུ་འབྱིན་ཚུལ་ནི་ཕྱིའི་རྒྱུ་འབྲས་དང་མཚུངས་ཀྱང་། ནང་གི་ལས་ཀྱི་འབྲས་བུ་འབྱིན་ཚུལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་ཡོད་ཅིང་། ལས་ངེས་པ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཅས་ཡིན། ལས་ངེས་པ་ནི། ལས་དགེ་བ་ཞིག་བསགས་ན་དེའི་འབྲས་བུར་བདེ་བ་ཁོ་ན་མ་གཏོགས་སྡུག་བསྔལ་མི་འབྱུང་བ་དང་། སྡིག་པའི་ལས་ཤིག་བསགས་ན་དེའི་འབྲས་བུར་སྡུག་བསྔལ་ཁོ་ན་མ་གཏོགས་བདེ་བ་མི་འབྱུང་བ། ཕྱིའི་རྒྱུ་འབྲས་ལ་སྲན་མ་བཏབ་ན་འབྲས་མི་སྐྱེ་བ་དང་། འབྲས་བཏབ་ན་སྲན་མ་མི་སྐྱེ་བ་བཞིན་ལས་གང་བསགས་པ་དེ་དང་མཚུངས་པའི་འབྲས་བུ་འབྱུང་། ལས་འཕེལ་ཆེ་བ་ནི། དགེ་སྡིག་ཆུང་ངུ་ལས་མ་བསགས་ཀྱང་། གཉེན་པོའི་སྟོབས་ཀྱིས་བཤགས་སྡོམ་སོགས་མ་བྱས་པར་བཞག་ན། ཉིན་རེ་བཞིན་འཕེལ་ནས་འབྲས་བུ་ཧ་ཅང་ཆེན་པོ་འབྱིན་པ་ཡིན། དཔེར་ན། ཤིང་ནྱགྲོདྷ་ལྟ་བུར་མཚོན་ན། དེའི་ས་བོན་ཡུང་འབྲུ་ཙམ་ལས་མེད་ཀྱང་། དེའི་འབྲས་བུ་ལྗོན་པ་སྐྱེ་བ་ན་དཔག་ཚད་ཁ་ཤས་ཁྱབ་པ་དང་དེའི་འོག་ཏུ་ཤིང་རྟ་ལྔ་བརྒྱ་ཙམ་ཤོང་ནུས་པ་ཡིན། དེ་ལྟ་བུ་རྒྱུ་ཆུང་ངུ་ཞིག་གིས་འབྲས་བུ་ཆེན་པོ་སྐྱེས་བ་ལ་ལས་འཕེལ་ཆེ་བ་ཟེར། ལས་མ་བྱས་པ་དང་མི་འཕྲད་པ་ནི། རང་གིས་སྔོན་དུ་དགེ་མི་དགེ་གང་རུང་གི་ལས་ཤིག་བསགས་མེད་ན་དེའི་འབྲས་བུ་དང་འཕྲད་རྒྱུ་མེད། ལས་མ་བྱས་པ་ལ་འབྲས་བུ་མི་འབྱུང་བར་བརྟེན། ལས་མ་བྱས་པ་དང་མི་འཕྲད་པ་ཡིན། དཔེར་ན། དམག་སར་རང་གི་རོགས་པ་ཚང་མ་ཤི་ནའང་རང་ཉིད་གཅིག་པུ་མ་ཤི་བ་ལྟ་བུ་དང་། གནམ་གྲུ་དང་མེ་འཁོར་རླངས་འཁོར་སོགས་བརྡབ་ཆག་བྱུང་བའི་སྐབས་སུ་ཁ་ཤས་ལ་སྐྱོན་གང་ཡང་མེད་པར་ལྷག་པ་ལྟ་བུ་ནི་དེའི་ནང་ཤི་རྒྱུའི་མི་དགེ་བའི་ལས་སྔོན་དུ་མ་སོང་བ་ཡིན་པས་ལས་མ་བྱས་པ་དང་མ་འཕྲད་པ་རེད། ལས་བྱས་པ་ཆུད་མི་ཟ་བ་ནི། སྡིག་པའི་ལས་ཤིག་བསགས་པ་ཡིན་ན། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཏེ་མེད་པ་བཟོ་དགོས། དེ་བཞིན་དགེ་བའི་ལས་ཤིག་བསགས་པ་ཡིན་ནའང་ཁོང་ཁྲོ་སོགས་ཀྱིས་མ་བཅོམ་པ་དགོས། དེ་ལྟ་མིན་པར་ལས་ཤིག་བསགས་ཕྱིན་ཆད་དེའི་འབྲས་བུ་མི་འབྱུང་བའི་སྐབས་མེད་པས་ལས་བྱས་པ་དང་ཆུད་མི་ཟ་བ་རེད། དེས་ན་དགེ་སྡིག་གི་ལས་གང་ཞིག་བྱས་ནའང་། གནད་འགག་མེད་པར་བསམས་ཏེ་བརྙས་བཅོས་བྱེད་མི་རུང་། དེ་ལྟར་ལས་འབྲས་ཀྱི་རྣམ་བཞག་ཡག་པོ་མཁྱེན་དགོས།
ལས་ལ་ངོ་བོའི་ཆ་ནས་དགེ་བ་དང་། མི་དགེ་བ། ལུང་མ་བསྟན་གྱི་ལས་ཞེས་གསུམ་དུ་ཕྱེ། དགེ་བའི་ལས་ནི་དངོས་ཤུགས་བརྒྱུད་གསུམ་འཚེ་བ་དང་མ་འབྲེལ་ཞིང་གཞན་ལ་ཕན་ཐོགས་པ་ལ་ཟེར། དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་འཚེ་བའམ། འཚེ་བའི་རྒྱུ་བྱེད་པ་ཡིན་ན་མི་དགེ་བའི་ལས་ཡིན། ཕན་གནོད་གང་ཡང་མི་བྱེད་པའི་བཏང་སྙོམས་ཀྱི་ལས་རྣམས་ལུང་མ་བསྟན་གྱི་ལས་ཡིན།
ལས་ལ་བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་བཅས་གསུམ་དུ་ཕྱེ་ཚུལ་ཡང་ཡོད། བསོད་ནམས་ཀྱི་ལས་དང་བསོད་ནམས་མ་ཡིན་པའི་ལས་ནི་དགེ་བ་དང་མི་དགེ་བའི་ལས་དང་མཚུངས་པ་རེད། མི་གཡོ་བའི་ལས་ནི་སྤྱིར་བསོད་ནམས་ཀྱི་ལས་སུ་ཚུད་ཀྱང་། འདོད་པའི་ཁམས་སུ་སྐྱེ་བ་ལེན་པའི་ལས་ལ་དགེ་བའི་ལས་དང་། གཟུགས་དང་གཟུགས་མེད་དུ་སྐྱེ་བ་ལེན་པའི་ལས་ལ་མི་གཡོ་བའི་ལས་ཟེར། དེ་ལ་མི་གཡོ་བའི་ལས་ཞེས་བརྗོད་དགོས་དོན་ནི་གཟུགས་དང་གཟུགས་མེད་ཀྱི་སྐྱེ་བ་ལེན་པའི་རྒྱུར་འགྱུར་བའི་ལས་ལ་འགྱུར་བ་མེད་པ་དང་། ཕར་ཚུར་སྤོ་རྒྱུ་མེད། དཔེར་ན། བསམ་གཏན་དང་པོར་སྐྱེ་བའི་ལས་ཤིག་ཡིན་ན་དེའི་འབྲས་བུ་བསམ་གཏན་དང་པོར་སྐྱེ་བས་གྲུབ་པ་མ་གཏོགས། དེ་ལས་གཞན་པའི་འབྲས་བུ་གཞན་མི་འབྱུང་བ་ཡིན།
ལས་གསོག་ཚུལ་གྱི་ཐོག་ནས་ཕྱེ་ན། བྱས་བསགས་གཉིས་ཀ་ཚང་བའི་ལས་དང་། བྱས་ལ་མ་བསགས་པའི་ལས། བསགས་ལ་མ་བྱས་པའི་ལས་བཅས་གསུམ་རེད། བྱས་བསགས་གཉིས་ཀ་ཚང་བ་ནི་གོང་དུ་ཞུས་པ་བཞིན་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཅས་ཡོངས་སུ་ཚང་བ་ལ་ཟེར། བྱས་ལ་མ་བསགས་པའི་ལས་ནི། དཔེར་ན་སྲོག་གཅོད་ཀྱི་ཀུན་སློང་ལྟ་བུ་ཞིག་སྐྱེས་ནས་སྦྱོར་བ་མ་བརྩམས་པར་ལྷག་པ་ཡིན་ན། དེ་ནི་ལས་བྱས་པ་ཡིན་རུང་མ་བསགས་པ་རེད། སྲོག་གཅོད་འདོད་ཀྱི་ཀུན་སློང་དེའི་དབང་གིས་མི་དགེ་བའི་ལས་ཤིག་གྲུབ་ཀྱང་། དེ་ནི་སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་མ་རྫོགས་པ་རེད། བསགས་ལ་མ་བྱས་པའི་ལས་ནི། དཔེར་ན། ལམ་དུ་འགྲོ་སྐབས་རྐང་པའི་འོག་ཏུ་འབུ་ཤི་བ་ལྟ་བུ་ནི་སྲོག་གཅོད་པའི་ལས་ཤིག་བསགས་ཀྱང་། ཀུན་སློང་མེད་པས་མ་བྱས་པ་རེད། དེས་ན་བྱས་བསགས་གཉིས་ཀ་ཚང་བའི་ལས་སུ་མ་གྱུར་པས་ཕྲན་བུ་ཡང་བ་རེད།
ལས་ལ་འབྲས་བུ་འབྱིན་ནུས་པའི་ཆ་ནས་དབྱེ་ན། ངེས་པ་དང་མ་ངེས་པའི་ལས་གཉིས་ཡིན། མ་ངེས་པའི་ལས་ནི་བྱས་བསགས་མ་ཚང་བའི་ལས་ཤིག་ལ་མ་གཏོགས་མེད་ཅིང། བྱས་བསགས་ཚང་བའི་ལས་ཤིག་ཡིན་ན་ངེས་པ་ཡིན་པས་འབྲས་བུ་འབྱིན་པ་ཡིན། བྱས་བསགས་མ་ཚང་བའི་ལས་ཤིག་ཡིན་ན། ལས་གཞན་དང་མཉམ་དུ་བསྡོམས་ཤིང་། དེ་ལ་འབྲས་བུ་འབྱིན་མ་འབྱིན་གཉིས་ཀ་ཡོང་སྲིད།
ལས་སྟོབས་ཆེ་ཆུང་དབང་གིས་འབྲས་བུ་འབྱིན་པའི་དུས་ཀྱི་ཆ་ནས་དབྱེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས། རྣམ་གྲངས་གཞན་ནམ་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་བཅས་གསུམ་ཡིན། མཐོང་ཆོས་མྱོང་འགྱུར་གྱི་ལས་ནི་མི་དགེ་བའི་ལས་ཡིན་ན་ཧ་ཅང་གི་ལས་ཚབས་ཆེན་པོ་སྟེ། བླ་མའི་སྐུ་ལ་བསྡོས་པ་ལྟ་བུའི་སྡིག་ལས་ཚབས་ཆེན་དག་གི་འབྲས་བུ་ཚེ་འདི་རང་ལ་མྱོང་དགོས་པ་སྟེ། དཔེར་ན། ལྷས་སྦྱིན་གྱིས་རང་ཉིད་ཚེ་མ་འཕོས་པའི་སྔོན་དུ་དམྱལ་བའི་མེས་རེག་ནས་སྡུག་བསྔལ་མྱོང་མགོ་ཚུགས་ཤིང་། གང་ལྟར་ལུས་མ་སྤངས་པར་དམྱལ་བར་སོང་བ་ཡིན། སྐྱེས་ནས་མྱོང་འགྱུར་གྱི་ལས་ནི་མཚམས་མེད་ལྔ་དང་ཉེ་བའི་མཚམས་མེད་ལ་སོགས་པ་ལས་རྣམས་ཡིན། དཔེར་ན། ཕ་གསོད་པ་དང་། མ་གསོད་པ། དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་བར་ལ་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ནི་མཚམས་མེད་ཀྱི་ལས་རྣམས་རེད། དེ་ལ་མཚམས་མེད་ཅེས་བརྗོད་དགོས་དོན་ནི། ལས་དེ་བསགས་པའི་ཚེ་དང་ལས་དེའི་འབྲས་བུ་མྱོང་བའི་ཚེ་གཉིས་ཀྱི་བར་དུ་ཚེ་གཞན་གྱིས་མཚམས་མ་བཅད་པའམ། བར་མ་བཅད་པ་རེད། གང་ལྟར་ཚེ་འདི་ནས་ཤི་འཕོས་མ་ཐག་ཏུ་ལས་ཀྱི་འབྲས་བུ་མྱོང་བ་ཡིན། ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་ནི་ལས་ཅུང་ཟད་སྟོབས་ཆུང་བ་རྣམས་བསྐལ་པ་མང་པོ་དང་སྐྱེ་བ་བརྒྱ་ཕྲག་མང་པོའི་རྗེས་སུ་ལས་དེ་མ་ཉམས་པར་ཡོད་ན་དེའི་འབྲས་བུ་མྱོང་བ་ལ་ཟེར།
ལས་ཀྱིས་འབྲས་བུ་འབྱིན་ཚུལ་གྱི་ཆ་ནས་དབྱེ་ན། འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་གཉིས་རེད། འཕེན་བྱེད་ཀྱི་ལས་ནི་རྣམ་སྨིན་འབྱིན་པར་བྱེད་པའི་ལས་གཙོ་བོ་དེ་རེད། རྫོགས་བྱེད་ཀྱི་ལས་ནི་རྣམ་སྨིན་གྲུབ་པའི་སྐབས་སུ་ཇི་ལྟར་འགྲུབ་དགོས་མིན་རོགས་པ་བྱེད་མཁན་གྱི་ལས་དེ་ཡིན། དཔེར་ན། འཕེན་བྱེད་དགེ་བས་འཕེན་ལ། རྫོགས་བྱེད་མི་དགེ་བས་རྫོགས་པ་ནི། འཕེན་བྱེད་དགེ་བས་འཕངས་ཏེ་མི་ཡི་ལུས་ལྟ་བུ་ཞིག་ཐོབ་ནའང། དེ་རྫོགས་པར་བྱེད་པའི་ལས་སུ་མི་དགེ་བ་ཞིག་སླེབས་ན། མི་ཚེའི་རིང་ནད་ཀྱིས་མནར་བ་དང་། སྐྱིད་པོ་མེད་པ། བྱ་བ་ལམ་དུ་མི་འགྲོ་བ་ལྟ་བུ་བྱུང་། དེ་བཞིན་འཕེན་བྱེད་མི་དགེ་བས་འཕངས་ཀྱང་། རྫོགས་བྱེད་དགེ་བས་རྫོགས་པ་ནི། རྒྱལ་པོ་དང་བླ་ཆེན་ཚོའི་གཟིམ་ཁྱི་ལྟ་བུ་མི་དགེ་བའི་ལས་ཀྱིས་ཁྱི་ལུས་སུ་སྐྱེས་ཀྱང། ཚེ་གང་པོ་བསྡད་ས་སྐྱིད་པོ་དང་ཟས་ཡག་པོ་ཐོབ་པ་སོགས་བྱུང་། འཕེན་བྱེད་དང་རྫོགས་བྱེད་གཉིས་ཀ་དགེ་བས་རྫོགས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་རྟག་ཏུ་བདེ་བ་མ་གཏོགས་སྡུག་བསྔལ་མི་མྱོང་བ་ཡིན།
ལས་ལ་འབྲས་བུ་ཇི་ལྟར་མྱོང་རྒྱུ་ཡོད་དམ་ཞེ་ན། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། བདག་པོའམ་དབང་གི་འབྲས་བུ་བཅས་གསུམ་ཡིན། རྣམ་སྨིན་གྱི་འབྲས་བུ་ནི་ལས་གང་བསགས་པ་དེའི་ཐད་ཀའི་འབྲས་བུ་དེ་རེད། དཔེར་ན། སྲོག་གཅོད་ཀྱི་ལས་ལ་བརྟེན་ནས་དམྱལ་བར་སྐྱེ་བ་དང་། མ་བྱིན་པར་བླངས་པ་ལ་བརྟེན་ནས་ཡི་དྭགས་སུ་སྐྱེ་བ་སོགས་རེད། ང་ཚོའི་ད་ལྟའི་དགེ་བའི་ལས་ཀྱི་འབྲས་བུར་ཆ་བཞག་ན། ང་ཚོའི་མིའི་ལུས་རྟེན་འདི་མི་ལ་འཕེན་བྱེད་ཀྱི་ལས་དེའི་རྣམ་སྨིན་གྱི་འབྲས་བུ་རེད། ལས་དེ་ཤིང་ཏོག་སྨིན་པ་བཞིན་ཐད་ཀའི་འབྲས་བུ་བྱུང་བ་དེར་རྣམ་སྨིན་གྱི་འབྲས་བུ་ཟེར། རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དང་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་བཅས་གཉིས་ཡོད། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི། དཔེར་ན། སྐྱེ་བ་སྔ་མར་སྲོག་བཅད་པ་ལ་བརྟེན་ནས་ངན་སོང་དུ་སྐྱེས་ཏེ་དེ་ལས་ཐར་ནས་སླར་མིར་སྐྱེས་ཀྱང། སྔར་བཞིན་སྲོག་གཅོད་ལ་དགའ་བ་ཡིན། ཕྲུ་གུ་ཆུང་ཆུང་ཁ་ཤས་འབུ་ཞིག་མཐོང་ན་དོན་མེད་གསོད་དུ་འགྲོ་བ་མཐོང་ཆོས་སུ་ཡོད། དེ་དག་སྐྱེ་བ་སྔ་མ་སྲོག་གཅོད་ཀྱི་ལས་ལ་གོམས་པའི་དབང་གིས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་རེད། ཡང་ཕྲུ་གུ་ཆུང་ཆུང་འགའ་ཞིག་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ལ་དགའ་བ་ནི་སྔོན་གྱི་བསོད་ནམས་ཀྱི་ལས་ཀྱི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་རེད། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། དཔེར་ན། སྲོག་གཅོད་ཀྱི་སྡིག་པ་ཚབས་ཆེས་དམྱལ་བར་སྐྱེས་ཏེ་ལས་དག་ནས་སླར་མིར་སྐྱེས་ཀྱང་ཚེ་ཐུང་བ་ནད་མང་བ་སོགས་རེད། དགེ་བ་ལ་མཚོན་ན། དགེ་སྦྱོར་གྱི་མཐུན་རྐྱེན་འཛོམས་པ་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་རེད། བདག་པོའི་འབྲས་བུ་ནི་ཕྱིའི་སྣོད་ལ་སྨིན་པ་རེད། དཔེར་ན། དེང་སང་ཁོར་ཡུག་ཉམས་ཆག་ཕྱིན་པའི་དབང་གིས་ས་ཡོམ་ཆུ་ལོག་དང་། རི་ཉིལ་བ་སོགས་འབྱུང་བའི་གནོད་པ་དང་། སྡོད་གནས་སོགས་གཙང་མ་མེད་པ། ཟས་དང་སྨན་སོགས་ལ་བཅུད་མེད་པ་སོགས་ཐད་ཀར་རང་གི་ལུས་སྟེང་དུ་མ་སྨིན་ཡང་། རང་གི་ལོངས་སྤྱད་བྱའི་སྣོད་ཀྱི་འཇིག་རྟེན་ཐོག་ཏུ་སྨིན་པ་རེད།
མི་དགེ་བའི་ལས་ལ་ཆེ་ལོངས་བསྡུས་ན། ལུས་ཀྱི་མི་དགེ་བ་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་གསུམ། ངག་གི་མི་དགེ་བ་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི། ཡིད་ཀྱི་མི་དགེ་བ་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་བཅས་བཅུར་འདུས། དེ་བཞིན་དགེ་བའི་ལས་ལ་མཚོན་ནའང། ལུས་ཀྱི་དགེ་བ་སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། ལོག་པར་མི་གཡེམ་པ་གསུམ། ངག་གི་མི་དགེ་བ་བཞི་སྤངས་པའི་ངག་གི་དགེ་བ་བཞི། ཡིད་ཀྱི་མི་དགེ་བ་གསུམ་སྤངས་པའི་ཡིད་ཀྱི་དགེ་བ་གསུམ་བཅས་དགེ་བ་བཅུ་ཡིན། དེ་དག་རེ་རེ་ལའང་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་བཅས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ། མི་དགེ་བ་གང་ཐུབ་སྤོང་བ་དང། དགེ་བའི་ལས་གང་ཐུབ་སྒྲུབ་ཐུབ་ན་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་དང། སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་བ་ཡོང་རྒྱུ་རེད།
(འཇིག་རྟེན་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱིས་གཙེས་བཞིན་པའི་སྐབས་དེར་དོན་གཉེར་ཅན་འགས་གསོལ་འདེབས་ཞུས་པ་བཞིན་ངོ་དེབ་ཏུ་འཇོག་ཆེད་ ༢༠༢༠ ཕྱི་ཟླ་ ༨ ཚེས་ ༢༨ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ་ཞིག་ཡིན། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)