༈ གཉིས་པ། གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་སྤྱི་ཡོངས་ལ་དགེ་སྐྱོན།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༦)

 ༄༅།། ཁ་སང་སྲོལ་རྒྱུན་དང་དེང་རབས་ཀྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སོགས་ཀྱི་སྐོར་ལ་གོ་བསྡུར་ཞུས་པ་རེད། ཐོག་མར་འཆར་གཞི་སྒྲིག་སྐབས་ནས་ངས་བརྗོད་གཞི་དེ་ཚོའི་ཐོག་གདན་སའི་སློབ་གྲྭ་ཞིག་གི་ནང་གཏམ་བཤད་བྱེད་རྒྱུ་དེ་ཧ་ཅང་གི་འབྲེལ་ཆགས་པ་ཞིག་མཐོང་མ་སོང་། ཡིན་ནའང་སློབ་གྲྭའི་མཛད་གཙོ་རྣམ་པོ་ཚོས་རྒྱུ་མཚན་དང་དགོས་པ་གཟིགས་ནས་ངེས་པར་དུ་འདིའི་ཐོག་བཤད་དགོས་ཞེས་ཨུ་ཚུགས་གནང་བ་ཡིན་ཙང་། མཐའ་མར་གཏན་འཁེལ་བ་རེད། ད་ལྟ་དངོས་སུ་ལག་ལེན་དུ་བསྟར་བའི་སྐབས་སུ་བརྗོད་གཞི་དེ་ཚོའི་ཐོག་ཚོུད་གཉིས་ནང་ཡན་ལག་ཆ་ཚང་བ་ཞིག་ཞུ་ཐུབ་ཐབས་ཁག་པོ་རེད། ནམ་རྒྱུན་ང་ཚོ་སྤྱི་ཚོགས་གཞན་ནང་དང་། ལྷག་པར་ཤེས་ཡོན་གྱི་སྡེ་ཚན་ནང་དེ་ཚོའི་ཐོག་བཤད་སྐབས་རྩ་བའི་སྒྲོམ་གཞི་དེ་ཉན་མཁན་ཚོས་མཁྱེན་གྱི་ཡོད་ཤག་གིས་དོན་གནད་ཟུར་བཅད་ཅིག་གི་ཐོག་བགྲོ་གླེང་བྱེད་ཆོག་དང་། རྩ་བའི་རྒྱབ་ལྗོགས་ཚང་མར་རྒྱུས་ཡོད་པ་ཞིག་བརྩི་བ་རེད། ད་ལྟ་འདིར་གདན་སའི་སློབ་གྲྭ་ཁག་གི་ནང་བློ་གྲོས་ལྡན་པ་རེ་ཟུང་གིས་རྒྱབ་ལྗོངས་མཁྱེན་པ་ལས། ད་ལྟ་ང་ཚོས་བཤད་རྒྱུའི་བརྗོད་བྱ་དེ་ཚོ་རྒྱུན་ལྡན་སློབ་སྦྱོང་གནང་རྒྱུ་དང་། བགྲོ་གླེང་གནང་རྒྱུའི་སློབ་ཚན་ནང་མ་ཚུད་པ་ཡིན་སྟབས། གཅིག་བྱས་ན་ངས་མདོར་བསྡུས་ཞུས་པ་དེས་གནས་ཚུལ་ཡོངས་སུ་རྫོགས་པ་ཞིག་མཁྱེན་རྟོགས་མ་ཐུབ་པའང་ཡོང་སྲིད། དེར་བརྟེན་ད་ལྟ་ངས་ཞུས་པ་རྣམས་ས་བོན་ལྟ་བུར་ཆ་བཞག་ནས། གལ་སྲིད་ཐུགས་སྣང་དང་དོན་གཉེར་ཡོད་པ་ཡིན་ན་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་གཟིགས་པའམ་དྲྭ་རྒྱའི་ནང་དུ་བལྟས་པ། ཡང་ན་འབྲེལ་ཡོད་ཀྱི་མི་སྣ་དང་གོ་བསྡུར་གནང་རྒྱུ་རེད།

སྤྱིར་བཏང་ཁ་སང་ཞུས་པ་བཞིན་བརྗོད་གཞི་འདི་ཚོའི་ཐོག་དམིགས་བསལ་གྱིས་སློབ་སྦྱོང་བྱས་ནས་ཁྱད་མཁས་པ་ཆགས་རྒྱུའི་དམིགས་ཡུལ་གང་ཡང་གཟུང་གི་མེད།  འོན་ཀྱང་འདི་ཚོའི་རིགས་དེ་ད་ལྟའི་འགྲོ་བ་མིའི་སྤྱི་ཚོགས་ནང་དགོས་གལ་ཆེ་བའི་གནད་དོན་དང་། ལྷག་པར་དུ་འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་ཚ་ཚ་འུར་འུར་གྱི་ཐོག་ནས་བགྲོ་གླེང་གི་གླེང་གཞི་ཞིག་ཆགས་ཡོད། དེ་ཙམ་མ་ཟད། ཕྱོགས་གཅིག་དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་གཅིག་བསྡུས་བྱེད་རྒྱུའི་རྒྱབ་ཏུ་ཡོད་མཁན་གྱི་སྟོབས་ཤུགས་ཆེན་པོ་ཞིག་དང་། ཕྱོགས་གཞན་དེ་རྒྱུ་མཚན་དང་རིགས་པའི་ཐོག་ནས་གནས་ཚུལ་དེ་དག་ཡང་དག་པ་མ་ཡིན་པ་བཤད་མཁན་རྣམས་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀའི་ཐོག་ནས་འགལ་ཟླ་མ་གཏོགས་རྒྱབ་སྐྱོར་མེད་མཁན་ཤ་སྟག་རེད། འོན་ཀྱང་སྤྱི་ཚོགས་ནང་རྒྱབ་སྐྱོར་ལོ་རེ་ནས་ལོ་རེར་མང་དུ་འགྲོ་མུས་རེད། དེས་ན་མ་འོངས་པར་སྤྱི་ཚོགས་དང་། སྲིད་དོན་དབང་འཛིན་པ། ཆབ་སྲིད་ཀྱི་མགོ་ཁྲིད་རྣམས་མཐའ་མའི་མདུད་ལ་རྒྱལ་ཁ་དེ་མང་ཚོགས་དང་དྲང་བདེན་ལ་འཐོབ་དགོས་པ་དེ་དངོས་ཡོད་གནས་ཚུལ་ཡིན། ད་ལྟ་ང་ཚོས་ཧོབ་སྟེ་བལྟས་པའི་སྐབས་སུ་ནུས་པ་ཆུང་ཆུང་ལྟ་བུ་ཡོད་ཀྱང་། ཡིན་ནའང་བསམ་ཚུལ་དང་ལྟ་གྲུབ། དེའི་རྒྱབ་ལྗོངས་ཀྱི་དགོས་པ་རྒྱུ་མཚན་རྣམས་ནུས་པ་ཆུང་ཆུང་མ་རེད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་དང་བདེན་པའི་གནས་ཚུལ་ལ་བརྟེན་པ་ཞིག་རེད། ལྷག་པར་དུ་འགྲོ་བ་མིའི་རང་བྱུང་གཤིས་ལུགས་དང་མཐུན་པ་ཞིག་སྐད་ཆ་བཤད་པ་ལས། འགྲོ་བ་མི་དེ་བེད་སྤྱོོད་ཀྱི་རྒྱུ་ཆ་ཡིན་པའི་གནས་སྟངས་ཐོག་ནས་བཤད་ཀྱི་མེད། དེས་ན་འབྱུང་འགྱུར་གྱི་ལོ་བརྒྱ་ཕྲག་ཁ་ཤས་སམ་ལོ་བརྒྱ་ཕྲག་རེ་ཟུང་ནང་ཏན་ཏན་འཇིག་རྟེན་ཁྱོན་ཡོངས་སུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་མི་སྲིད་པ་མིན། ད་ལྟའི་ང་ཚོའི་ལྟ་གྲུབ་དང་བསམ་ཚུལ་གྱི་ས་བོན་མ་བརླགས་པར་ཉར་དགོས་པ་དང་། ལྷག་པར་དུ་སྲོལ་རྒྱུན་གྱི་རང་བཞིན་དང་ལྡན་པ་དེ་མི་རབས་གསར་པ་ཚོར་རྩིས་སྤྲོད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེར་བརྟེན་གནས་ཚུལ་འདི་ཚོ་ཕྲན་བུ་གདན་སའི་སློབ་གྲྭ་ཁག་གི་ན་གཞོན་ཚོས་མ་མཁྱེན་ན་མི་འགྲིགས་པའི་གནས་སྟངས་ཤིག་མེད་ནའང་། མཁྱེན་པ་ཡིན་ན་ཕུན་སུམ་ཚོགས་པའི་ཡན་ལག་ལ་འགྲོ་བའི་གོ་སྐབས་ཏན་ཏན་ཡོད་རེད།

སྤྱིར་བཏང་ང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཐར་པ་དོན་གཉེར་གྱི་བློས་རྒྱལ་བའི་གསུང་རབ་ལ་སློབ་སྦྱོང་བྱེད་མཁན་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་ཐབས་གཙོ་བོར་མ་གཏོགས། དེ་ལས་གཞན་པའི་ཐུན་མོང་བའི་རིག་གནས་དང་། ལྷག་པར་དུ་གཞུང་ཆེན་པོ་ལ་སློབ་གཉེར་གནང་བའི་སྐབས་སུ་ཐུན་མོང་བའི་རིག་གནས་གཙོ་བོར་གཟུང་བ་ཡིན་ན་གུང་ཐང་འཇམ་དཔལ་དབྱངས་ཀྱིས་གསུངས་པ་བཞིན་རྩ་བ་བོར་ནས་ཡལ་ག་འཚོལ་བ་ལྟ་བུ་རེད། འོན་ཀྱང་ཕྱོགས་གཞན་ནས། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། ཞེས་གསུངས་པ་བཞིན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཡོང་བར་ཤེས་བྱའི་གནས་ཡོངས་སུ་རྫོགས་པ་རིམ་པས་སློབ་སྦྱོང་བྱས་ནས་འགྲོ་དགོས་པ་རེད། ཁ་སང་ཞུས་པ་བཞིན། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་ང་ཚོའི་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་དང་། ད་ལྟ་འཇིག་རྟེན་གྱི་སྐྱེ་འགྲོ་སྤྱི་དང་། ལྷག་པར་དུ་བོད་གངས་ཅན་གྱི་བོད་མི་ས་ཡ་དྲུག་གནས་བབ་ནི་མི་རིགས་དང་ལེགས་བྱང་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་ཆགས་འཇིག་གི་སོ་མཚམས་སུ་སླེབས་པའི་གོ་སྐབས་འདི་ལ་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་རིགས་ན་གཞོན་ཚོ་དང་། དེ་དང་ཕྱོགས་མཚུངས་ཆབ་སྲིད་ཀྱི་ངོས་ནས་བོད་པ་མིན་ནའང་། ཆོས་དང་རིག་གཞུང་། ལེགས་བྱང་དང་སྐད་ཡིག་ངོས་ནས་བོད་པ་དང་གཅིག་གྱུར་ཡིན་པའི་ཧིམཱལཡའི་རི་རྒྱུད་ཀྱི་མི་དང་ཆེན་པོ་ཧོར་གྱི་ཡུལ་གྱི་མི་ལ་སོགས་པ་ཚང་མར་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཆེན་པོ་ཞིག་ཡོད་པ་དེ་ད་ལྟའི་གནས་སྐབས་སུ་སྒྲུབ་པའི་བརྒྱུད་ལམ་དེ་སོ་སོའི་དཀའ་ངལ་ཡོད་པའི་མི་རིགས་དེའི་བརྒྱུད་ནས་བསྒྲུབ་དགོས་པ་ཡིན་པ་དེ་གསལ་པོ་མཁྱེན་དགོས་པ་ཞིག་རེད། ང་ཚོའི་སྐབས་སུ་བབ་པའི་ལས་འགན་དེ་བོད་པ་རྐྱང་པར་ཁེ་བཟང་འཐོབ་རྒྱུ་དང་། བོད་པ་མིན་པ་ལ་ཁེ་བཟང་མི་ཐོབ་པའི་གནས་སྟངས་དེ་བཤད་ཀྱི་མེད། ཧ་ལམ་ཚང་མས་སྔ་དྲོ་སྐུ་བཞེངས་གནང་མ་ཐག་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་ཞེས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཚིག་གསུངས་པ་བཞིན་དོན་ལའང་དེ་རང་དགོངས་པ་བཞེས་ཀྱི་ཡོད་པ་གཞིར་བཅས་པ་རེད། འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་དོན་བསྒྲུབ་ཡུལ་གྱི་སེམས་ཅན་དེ་རང་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། བདག་ཉིད་ཆེན་པོ་གཱཾདྡྷཱིས་ངའི་རྨི་ལམ་གྱི་རྒྱ་གར་ཞེས་པའི་ཕྱག་དེབ་དེའི་ལེའུ་དང་པོའི་ནང་ཅིའི་ཕྱིར་རྒྱ་གར་གྱི་མི་རིགས་ཀྱི་དོན་དུ་ཞབས་འདེགས་ཞུ་དགོས་པའི་དྲི་བ་དྲིས་ལན་གནང་ཡོད། ཁོང་གིས་ང་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གཅིག་གྱུར་གྱིས་ཞབས་འདེགས་ཞུ་བ་མ་གཏོགས། རྒྱ་གར་གྱི་མི་རིགས་རྐྱང་པ་ལ་ཟུར་དུ་ཞབས་འདེགས་ཞུ་དགོས་པའི་རྒྱུ་མཚན་ག་རེ་ཆགས་ཀྱི་ཡོད་ཅེ་ན། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་ལམ་ཁོང་གིས་བསྙབ་ཐུབ་ས་དེ་རྒྱ་གར་གྱི་མི་རིགས་དེ་རེད། དེར་བརྟེན་དམིགས་ཡུལ་འགྲོ་བ་སྤྱི་ཡོངས་ལ་དམིགས་ནས་བརྒྱུད་ལམ་རྒྱ་གར་གྱི་མི་རིགས་བརྒྱུད་ནས་འགྲོ་གི་ཡོད་ཅེས་གསུངས། ཨིན་སྐད་དུ་གཏམ་དཔེར། Think globally, act locally ཞེས་བསམ་བློ་དེ་གོ་ལ་ཁྱོན་ཡོངས་ཀྱི་ཐོག་ལ་གཏང་དགོས་པ་དང་། ལས་ཀ་དེ་ས་གནས་ནས་བྱེད་དགོས་ཞེས་པའི་དོན་རེད། ང་ཚོས་གོ་ལ་ཁྱོན་ཡོངས་ལ་བསྙབ་མི་ཐུབ་ཀྱང་། ས་གནས་ནས་བྱས་པའི་ལས་དོན་དེའི་དམིགས་ཡུལ་དེ་ཡོངས་སུ་རྫོགས་པར་གཟུང་དགོས། མདན་མོཧན་མཱལབིཡ་ (Madan Mohan Malviya) མཆོག་གིས་ཀྱང་དེ་མཚུངས་ཤིག་གསུངས་ཡོད། ཁོང་གིས་མི་ཚོས་ང་ལ་ཁྱེད་རང་རྒྱ་གར་བའི་དོན་དུ་སེམས་ཁྲལ་ཅིའི་ཕྱིར་བྱེད་ཀྱི་ཡོད་ཅེས་དྲིས་དུས། ང་འཇིག་རྟེན་སྤྱི་ཡོངས་ཀྱི་དོན་དུ་སེམས་ཁྲལ་བྱེད་ཀྱི་ཡོད་ཙང་རྒྱ་གར་གྱི་དོན་དུ་སེམས་ཁྲལ་མ་བྱས་རང་བྱས་ཆགས་ཀྱི་ཡོད་རེད། དེའི་བརྒྱུད་ནས་མ་གཏོགས་བྱེད་ཐབས་མེད་ཅེས་གསུངས་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་མམ་བཞི་གསལ་བཤད་གནང་བའི་སྐབས་སུ་ཐོག་མར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཐུགས་འགན་དང་། དེ་ནས་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་སྤྱིའི་ཆེད་དུ་དམིགས་པའི་ཐུགས་འགན། དེ་རྗེས་བོད་མིའི་དབུ་ཁྲིད་དང་བོད་དང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་གནས་བབ་ཀྱི་ཆ་ནས་བོད་དོན་གསལ་ཐབས་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་བཅས་རིམ་པས་གསུངས་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པ་དང་། དེང་རབས་ཀྱི་འཇིག་རྟེན་གྱི་སྤྱོད་ཚུལ་དང་ཡང་མི་འགལ་བ་ཡིན་པར་བརྟེན། ང་ཚོ་ད་ལྟ་གཉན་འཕྲང་ཅན་གྱི་དུས་ཚོད་འདི་འདྲའི་སྐབས་སུ་གནས་ཚུལ་མང་པོ་ཞིག་སྤྱི་ཡོངས་ཀྱི་ཆ་ནས་ངེས་པར་དུ་ཤེས་དགོས་པའི་གནད་འགག་མེད་པ་ཡིན་ནའང་། ང་ཚོའི་སྐབས་བབ་ཀྱི་ལས་འགན་གྱི་ཆ་ནས་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཡོད་པ་ཡོང་སྲིད། བྱས་ཙང་འདིར་སློབ་གྲྭའི་མཛད་གཙོ་རྣམ་པས་བང་བསྒྲིགས་པའི་དོན་ཚན་ཚང་མ་ང་ཚོའི་སྤྱི་ཚོགས་དང་ང་ཚོའི་དཀའ་རྙོག་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། དེར་བརྟེན་བགྲོ་གླེང་དེ་ཞུ་གི་ཡོད་རེད། འོན་ཀྱང་ཚོུད་གཉིས་རེའི་ནང་བརྗོད་གཞི་ཡན་ལག་ཡོངས་སུ་རྫོགས་པ་ཞིག་ཞུ་ཐུབ་ཁག་པོ་རེད། ཡིན་ནའང་། བློ་ལྡན་རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཞིག།།ཅེས་རྣམ་དཔྱོད་ཅན་གྱི་ཉན་པ་པོ་ལ་མགོ་སྨོས་ཙམ་དང་ཕྱོགས་ཙམ་བསྟན་ན་རྒྱས་སྤྲོས་དེ་སོ་སོས་མཁྱེན་ཡོང་རྒྱུ་རེད།

ཁ་སང་ང་ཚོས་དེང་རབས་དང་སྲོལ་རྒྱུན་དབར་གྱི་གནས་ཚུལ་ཐོག་གོ་བསྡུར་གནང་བ་རེད། ད་རེས་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་སྤྱི་ཡོངས་ལ་དགེ་སྐྱོན་ཇི་ཡོང་སྐོར་བཤད་རྒྱུ་རེད། གོ་ལ་གཅིག་སྒྱུར་རིང་ལུགས་ཞེས་པ་དེ་དེང་རབས་ཀྱི་ཆ་ཤས་སམ། ཡང་ན་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་དངོས་འབྲས་རེད། དེ་ནི་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ལ་བརྟེན་ནས་ཐད་ཀར་བྱུང་བའི་གནས་ཚུལ་ཞིག་རེད། དེ་ནི་ཧ་ཅང་གི་དགེ་མཚན་ཆེན་པོ་ཡིན་པ་དང་། འགྲོ་བ་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུང་མཁན་ཧ་ཅང་མང་པོ་རེད། དེ་བཞིན་དེ་ག་རང་ལ་ཆ་བཞག་ནས་ཡིད་ཆེས་བློ་གཏད་བྱས་ནས་བསྡད་མཁན་ཡང་དེ་ལས་མང་བ་རེད། དེར་བརྟེན་ད་ལྟའི་གནས་སྐབས་སུ་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དེ་བཀག་ཐུབ་ཀྱི་རེད་དམ་ཞེ་ན། བཀག་ཐུབ་ཀྱི་མ་རེད་ཅེས་བརྗོད་མི་ཐུབ། འབྱུང་བའི་འཇིག་པ་དང་དམག་ཆེན་སོགས་བྱུང་ན་ཚོུད་ཁ་ཤས་ནང་འཇིག་རྟེན་ཁྱོན་ཡོངས་སུ་འགྱུར་ལྡོག་ཆེན་པོ་འགྲོ་བའི་གནས་བབ་མེད་པ་རྩ་བ་ནས་མ་རེད། ཡིན་ནའང་དེ་འདྲ་མེད་པར་སྤྱིར་བཏང་འགྲོ་བ་མིའི་རྣམ་དཔྱོད་དང་ཤེས་ཡོན་ཡར་རྒྱས་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐུབ་ཀྱི་རེད་དམ་ཞེ་ན། དེའི་དོན་དུ་འབྱུང་འགྱུར་ལོ་ ༤༠༠།༥༠༠ ཆེད་དུ་འཆར་གཞི་བསྒྲིག་ན་མ་གཏོགས། ལོ་ ༢༠།༣༠ ཞིག་གི་འཆར་གཞི་བསྒྲིགས་ནས་ལག་ལེན་ལ་འཁེལ་རྒྱུ་གཅིག་བྱས་ན་ཁག་པོ་ཡིན་རྒྱུ་རེད། ཇི་དྡུ་ཀྲྀཥྞམཱུརྟིའི་ (Jiddu Krishnamurti) གསུང་སྟངས་ཤིག་ཡོད་པ་དེ་ངའི་བློ་ལ་འཐད་པོ་ཡོང་གི་ཡོད། དེ་ནི་སྤྱིར་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་དང་། དེའི་ནང་ནས་གོ་ལ་གཅིག་སྒྱུར་རིང་ལུགས་སྐོར་ལ་རེད། དེ་ཡང་གོ་ལ་གཅིག་སྒྱུར་རིང་ལུགས་དང་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ནི་ཐུར་དུ་འབབ་པའི་འབབ་ཆུ་ཆེན་པོ་བཞིན་ཤུགས་ཆེན་པོ་རེད། དེར་བརྟེན་ཆུ་རྒྱུན་གྱི་ལྡོག་ཕྱོགས་སུ་རྐྱལ་བརྒྱབ་ཐུབ་རྒྱུ་ཁག་པོ་རེད། གལ་ཏེ་ཆུའི་རྒྱུག་ཕྱོགས་སུ་རྐྱལ་བརྒྱབ་ན་ཆུའི་རོགས་ལ་བརྟེན་ནས་རྐྱལ་ཡང་བརྒྱབ་སླ་བ་རེད། འོན་ཀྱང་ཆུ་རྒྱུན་གྱི་ལྡོག་ཕྱོགས་སུ་རྐྱལ་བརྒྱབ་དགོས་བྱུང་ན་ཆུའི་རྒྱུན་ཤུགས་ཆེན་པོ་ཡིན་ཙང་རྐྱལ་བརྒྱབ་མི་ཐུབ་པའི་ཉེན་ཁ་མང་བ་ཡོད། གལ་ཏེ་ཧ་ཅང་རྩལ་ཆེན་པོ་དང་ཆུ་རྐྱལ་ལ་བྱང་ཆུབ་པ་ཡིན་ན་ཆུ་རྒྱུན་གྱི་ལྡོག་ཕྱོགས་སུ་རྐྱལ་ཐུབ་སྲིད། འོན་ཀྱང་ཕལ་ཆེ་བ་ནི་ཁག་པོ་རེད། དེས་ན་ཆུ་དང་མཉམ་དུ་ཕྱིན་པ་ལས་ཟུར་དུ་ཐོན་ན་མི་ལེགས་སམ་ཞེས་གསུངས་ཡོད། དེ་ལ་ཨིན་སྐད་དུ་ Theory of stepping out ཞེས་བརྗོད། དེར་བརྟེན་སོ་སོའི་ངོས་ནས་དགེ་སྐྱོན་མཐོང་ན་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ནང་མ་བསྡད་ཐབས་མེད་ཀྱི་གནས་སྟངས་ཤིག་རྩ་བ་ནས་མེད། གལ་ཏེ་རང་ལ་ཆོད་སེམས་ཡོད་ན་བྱེད་ཐུབ་པ་ཞིག་རེད། ལོ་ཁ་ཤས་སྔོན་ལ་པཊནཱ་ (Patna) རྒྱ་གར་རྒྱལ་ཡོངས་ཀྱི་སརྦོདཡ་ (Sarvodaya) ལོ་འཁོར་ཚོགས་ཆེན་ཞིག་གི་ནང་གཱཾདྡྷཱིའི་རྗེས་འཇུག་གྲགས་ཅན་ཞིག་གིས་ང་ཚོ་མི་ཚེ་སྐྱེལ་དགོས་དུས་གནས་ཚུལ་མང་པོར་མགོ་བོ་མ་བསྒུར་ཐབས་མེད་ཆགས་ཀྱི་འདུག ང་ཚོ་འཇིག་རྟེན་དང་། སྤྱི་ཚོགས། དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་འདིའི་ནང་འཚོ་དགོས་ན་གནས་ཚུལ་མང་པོར་མཐུན་འགྱུར་བྱེད་དགོས་པ་ཆགས་ཀྱི་འདུག་ཅེས་གསུངས་སོང་། དེ་ལ་མང་པོས་དེ་འདྲ་ཡིན་ན་འཚོ་གནས་བསྡད་པའི་དགོས་པ་གང་ཡོད་དམ། རང་གིས་ཡིད་ཆེས་བྱས་པའི་བདེན་པ་དང་བཟང་སྤྱོད་སྲུང་སྐྱོབ་མི་ཐུབ་པར་དེང་རབས་ཀྱི་གནོན་ཤུགས་འོག་མགོ་བོ་སྒུར་དགོས་པ་དང་། མཛོ་ཁ་སྤྲད་དགོས་པའི་གནས་ཚུལ་ཁས་བླང་དགོས་བྱུང་ན། མགོ་བོ་སྒུར་བ་དང་མཛོ་ཁ་སྤྲད་ནས་བསྡད་པ་དེ་གཟི་བརྗིད་ཆེ་བ་ཡོད་དམ། ཡང་ན་མགོ་བཏགས་མ་ཞུས་པར་ཤི་བ་དེ་གཟི་བརྗིད་ཆེ་བ་ཡོད་ང་ཚོས་བསམ་བློ་གཏོང་དགོས་ཞེས་བཤད་སོང་། ཁ་ཤས་ཀྱིས་དེ་དུས་ཤུགས་ཆེན་པོས་དེ་འདྲ་བྱས་ནས་བསྡད་པ་ལས་ཐེངས་བརྒྱ་ཤི་བ་དགའ་ཞེས་ཀྱང་གསུངས་སོང་། འགྲོ་བ་མིའི་ལུས་རྟེན་བླངས་ཏེ་དགེ་སྡིག་གི་བླང་དོར་གྱི་གནས་སྟངས་ཡག་པོ་ཤེས་པའི་སྐབས་འདིར། ང་མི་ཚེ་བསྐྱལ་དགོས་ཀྱི་ཡོད་ཅེས་དེའི་དོན་དུ་སོ་སོས་ཡིད་ཆེས་བྱས་པའི་ལྟ་གྲུབ་དེ་ཚོ་བློས་བཏང་བྱེད་དགོས་ན་ཤི་བ་ལས་ཐབས་སྐྱོ་བ་མ་གཏོགས། དེ་ལ་འཚོ་བའི་ཐ་སྙད་དང་བསྡད་པའི་དགོས་པ་གང་ཡང་མེད། དེ་ནི་བསམ་བློ་གཏོང་ཕྱོགས་ཤིག་གི་ཁྱད་པར་རེད། བོད་པ་ཚོས་ཀྱང་ལས་དོན་མང་པོའི་ཐོག་མགྱོགས་པོ་དང་སྟབས་བདེ་པོ་དེ་དགོས་གལ་ཆེ་བ་དང་། ཁྲིམས་དང་མཐུན་པ་དང་ཡང་དག་པ་བསྒྲུབ་རྒྱུ་དེ་དགོས་གལ་ཆུང་བ་བརྩི་བ་མཐོང་གསལ་རེད།

སྤྱིེར་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཟེར་བ་དེ་ཁ་སང་རྒྱས་པར་ཞུས་པ་བཞིན་ལུས་ལ་སྟབས་བདེ་པོ་ཡོང་བའི་གནས་ཚུལ་ཧ་ཅང་མང་བ་རེད། གང་ལྟར་ལག་པས་ལས་ཀ་བྱེད་མི་དགོས་པ་དང་། རྐང་པས་གོམ་པ་བརྒྱབ་མི་དགོས་པ། མཐེབ་ཅུ་ཞིག་བསྣན་ན་ཆུ་འཁོལ་བ་དང་སྣོད་སྤྱོད་ཁྲུད་འགྲོ་བ་སོགས་ཀྱི་བསམ་ཚུལ་ཤ་སྟག་རེད། དེ་དང་ཆབས་ཅིག་ཏུ་ལས་དོན་ལ་ལྐོག་རྔན་སྤྲད་ས་ཡོད་ན་སྤྲད་རྐྱང་དང་། ལྟག་མགོ་བརྒྱུད་ནས་བསྒྲུབ་ས་ཡོད་ན་བརྒྱུད་རྐྱང་མ་གཏོགས། དེ་ནི་བཟང་སྤྱོད་དང་མཐུན་མིན་དང་འཚེ་བ་དང་འབྲེལ་མིན་སོགས་བརྟག་དཔྱད་བྱེད་མཁན་དང་ཞིབ་འཇུག་བྱེད་མཁན་དཀོན་པོ་རེད། དེ་དག་ནི་རྒྱབ་ལྗོངས་ཙམ་ཡིན།

དེ་རིང་གི་བརྗོད་གཞི་ནི་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་སྤྱི་ཡོངས་ལ་དགེ་སྐྱོན་ཞེས་པ་དེ་རེད། གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་ནི་གོང་དུ་ཞུས་པ་བཞིན་རེད། གོ་ལ་གཅིག་སྒྱུར་རིང་ལུགས་ལ་བསྟོད་བསྔགས་བྱེད་མཁན་ཚོས་རྒྱབ་ལྗོངས་བཤད་སྟངས་ཤིག་དང་། དེ་ལ་དགག་པ་བྱེད་མཁན་ཚོས་རྒྱབ་ལྗོངས་བཤད་སྟངས་བཅས་མི་འདྲ་བ་གཉིས་རེད། འདིར་སྤྱིར་བཏང་ཤེས་ཡོན་གྱི་གནས་བབ་ཆ་ནས་བཤད་ཀྱི་ཡོད་སྟབས། སྔོན་ལ་ཁོང་ཚོས་རྒྱབ་ལྗོངས་གང་བཤད་པ་དེ་གཙོ་འདོན་བྱེད་དགོས་པ་གལ་ཆེན་པོ་རེད། ག་དུས་ཡིན་ནའང་གནད་འགག་གཅིག་ང་ཚོས་ཐུགས་ལ་བཞག་དགོས་པ་དང་། གནད་འགག་དེ་ནི་དེང་རབས་པ་དང་སྲོལ་རྒྱུན་བ་གཉིས་ཀས་མ་རེད་ཅེས་ལབ་མི་ཐུབ། དེ་ནི་ཁ་སང་ཞུས་པ་བཞིན་བཟོ་ལས་ཅན་དུ་བསྒྱུར་བའི་དབང་གིས་འགྲོ་བ་མིའི་སྤྱི་ཚོགས་ནང་དགོས་མཁོ་ལས་ལྷག་པའི་དངོས་ཟོག་ཐོན་སྐྱེད་ཀྱི་ནུས་པ་བྱུང་བ་ལ་བརྟེན་ནས་མིའི་བསམ་སྤྱོད་ལ་འགྱུར་བ་ཆེན་པོ་ཕྱིན་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། ངས་དེང་རབས་མགོ་ཚུགས་ས་དེ་བཟོ་ལས་ཅན་དུ་བསྒྱུར་བ་དང་མཉམ་དུ་མགོ་ཚུགས་པ་རེད་ཅེས་བརྗོད་རྒྱུའི་རྒྱུ་མཚན་དེ་རེད། གང་ལྟར་ Industrialization དང་ Modernization གཉིས་མཉམ་དུ་བྱུང་བ་དང་། གང་དུ་  Industrialization བྱུང་བ་དེ་ལ་ Modernization ཡང་ཟུར་དུ་འབད་རྩོལ་མ་དགོས་པར་བྱུང་། དེས་ན་སྤྱི་ཚོགས་ཀྱི་དགོས་མཁོ་ལས་མང་བའི་དངོས་ཟོག་ཐོན་བསྐྱེད་བྱས་པ་རྣམས་ལ་ཉོ་མཁན་དང་བག་མེད་ལོངས་སྤྱོད་བྱེད་མཁན་ཞིག་དགོས། བག་མེད་ལོངས་སྤྱོད་ཅེས་པའི་ཚིག་དེ་ངས་དེ་ག་ཙམ་བཟོས་པ་མིན་པར། སྐད་ཡིག་གཞན་དུ་ཡོད་པ་དང་རིག་པའི་གཞུང་ལུགས་ནང་ཡོད་པ་རྣམས་ངས་ལབ་ཀྱི་ཡོད་རེད། ཨིན་སྐད་དུ་ Utilization དང་ Consumption ཞེས་པའི་ཚིག་གཉིས་ཡོད། Utilization ཞེས་པ་ནི་ཚུལ་དང་མཐུན་པའི་བེད་སྤྱོད་བྱེད་པ་ལ་ཟེར། Consumption ཞེས་པ་ནི་དགོས་མཁོ་ཡོད་མེད་ལ་མ་ལྟོས་པར་བེད་སྤྱོད་བྱེད་པ་ལ་ཟེར། དེ་ནི་རྩ་མེད་ལ་གཏོང་བ་ལྟ་བུ་ཞིག་རེད། དེང་སང་ང་ཚོ་ Consumer ཡིན་པ་ལས་ User མིན། དེས་ན་ Consume ནི་བོད་སྐད་དུ་བག་མེད་ལོངས་སྤྱོད་དང་ཧ་ཅང་ཐག་ཉེ་བ་རེད། ལྷག་པར་དུ་རྒྱ་གར་སྐད་ནང་ཨུཔཡོག་དང་ཨུཔབྷོག་ཅེས་པའི་ཚིག་གཉིས་ཡོད། ཨུཔབྷོག་ནི་འདོད་རྔམས་ཀྱི་ཐོག་ནས་ལོངས་སུ་སྤྱོད་པ་དང་། དེ་ནི་ཨིན་སྐད་དུ་ Consume དང་བོད་སྐད་དུ་བག་མེད་ལོངས་སྤྱོད་ཅེས་པ་དེ་རེད། འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་ལས་འདོད་པ་བསོད་ཉམས་ཀྱི་མཐའ་ནི་བག་མེད་ལོངས་སྤྱོད་དང་གཅིག་པ་རེད། རང་གི་སྔོན་བསགས་ཀྱི་བསོད་ནམས་ག་ཚོད་མགྱོགས་མགྱོགས་རྫོགས་རྒྱུའི་ཆེད་དུ་ལོངས་སྤྱོད་མཁན་དེ་ལ་འདོད་པ་བསོད་ཉམས་ཀྱི་མཐའ་ཟེར།

དེར་བརྟེན་དགོས་མཁོ་ལས་ལྷག་པའི་དངོས་རྫས་ཐོན་སྐྱེད་བྱུང་བ་དེ་བཙོང་ཡུལ་གྱི་ཁྲོམ་རྭ་ཞིག་བསྐྲུན་དགོས་ཀྱི་ཡོད། ཁྲོམ་རྭ་སྐྲུན་སྟངས་ནི་མི་ལ་འདོད་རྔམས་ཡོད་པ་ཞིག་བཟོ་དགོས་ཀྱི་ཡོད། གལ་ཏེ་འདོད་རྔམས་མེད་ན་ཉོ་རྒྱུ་མིན་པ་དང་། འདོད་རྔམས་ཡོད་ན་དགོས་དང་མི་དགོས་ལ་མི་ལྟ་བར་ཉོ་རྐྱང་རེད། དཔེར་ན་རྐང་པ་མི་ཚ་བ་དང་ཚེར་མ་མི་ཟུག་པའི་ཆེད་དུ་ལྷམ་ཞིག་དགོས་ཤིང་། ལྷམ་ནི་རྐང་པ་སྲུང་སྐྱོབ་ཆེད་རེད། འདུལ་བའི་ནང་སངས་རྒྱས་ཀྱིས་མཆིལ་ལྷམ་གནང་བའི་རིམ་པ་ལ་གཟིགས་ན་དགོས་མཁོ་དང་བསྟུན་ནས་གནང་བ་གསལ་པོ་རེད། ཐོག་མར་མཆིལ་ལྷམ་གནང་མེད། དེ་ནས་བསོད་སྙོམས་ལ་ཕེབས་མཁན་གྱི་དགེ་སློང་རྣམས་འཁོད་མི་སྙོམས་པའི་ལམ་དུ་ཕེབས་སྐབས་རྐང་པར་མི་བདེ་བ་ཡོང་བ་ཡིན་སྟབས། མཆིལ་ལྷམ་རིམ་པ་གཅིག་པ་དང་། དགེ་སློང་རི་ལ་འཛེགས་མཁན་རྣམས་ཀྱི་རྐང་པའི་སོར་མོ་ལ་རྨ་ཁ་བྱུང་བ་ཡིན་སྟབས། མཆིལ་ལྷམ་སྣ་སྦུབས་ཅན། དགེ་སློང་ཐུར་ལ་འབབ་མཁན་རྣམས་ལ་རྟིང་པ་ལ་རྨ་ཁ་བྱུང་བ་ཡིན་སྟབས། མཆིལ་ལྷམ་རྟིང་སྦུབས་ཅན། དེ་ནས་ཡུལ་གངས་ཅན་པ་རྣམས་ལ་མཆིལ་ལྷམ་ཡུ་བ་ཅན་བཅས་རིམ་གྱིས་དགོས་མཁོ་ལ་ལྟོས་ཏེ་གནང་བ་རེད། གལ་ཏེ་མཆིལ་ལྷམ་ཡུ་བ་ཅན་ཞིག་ཡོད་ན་རྐང་པ་དང་འབྲེལ་བའི་དགོས་མཁོ་ཚང་མ་སྒྲུབ་ཐུབ། ཡིན་ནའང་དེང་རབས་ཀྱིི་སྤྱི་ཚོགས་ནང་མཆིལ་ལྷམ་གཅིག་གིས་འགྲིགས་ཐབས་མེད་ཅིང་། ལས་ཁུངས་དང་། འཆམ་འཆམ། རྩེད་མོ་སྣ་ཚོགས། ཁྲུས་ཁང་། ཁང་པའི་ནང་སོགས་སུ་མཆིལ་ལྷམ་མི་འདྲ་བ་དགོས་ཤིང་། དེ་ཚོ་ཚང་མ་རྒྱས་སྤྲོས་འགྲོ་རྒྱུ་ནི་དགོས་མཁོ་ལས་བརྒལ་ནས་འདོད་རྔམས་ཀྱི་རྗེས་སུ་རྒྱུག་པའི་སྐབས་སུ་བྱུང་བ་རེད། དེ་ལ་བརྟེན་ནས་ཁྲོམ་རྭའི་དགོས་མཁོ་བྱུང་ཞིང་། ཁྲོམ་རྭའི་དགོས་མཁོ་བསྒྲུབ་པའི་ཆེད་དུ་འདོད་རྔམས་གོང་སྤེལ་གྱི་དགོས་མཁོ་བྱུང་བ་དང་། འདོད་རྔམས་ལ་བཤུ་གཞོག་གཏོང་བའི་ཆེད་དུ་མཚུངས་བསྡུར་དང་འགྲན་བསྡུར་གྱི་ཐབས་ལམ་བཙལ་དགོས་བྱུང་། དེ་དག་གི་གནས་ཚུལ་རིམ་པས་ཡོང་བ་དེ་དེང་རབས་ཀྱི་དཔལ་འབྱོར་རིང་ལུགས་ཀྱི་གནད་འགག་གཙོ་བོ་ཞིག་དང་། དེང་རབས་ཀྱི་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་སམ་རྒྱུ་རྐྱེན་ཐོག་མ་དེ་ཆགས་ཡོད། དེས་ན་གོ་ལ་གཅིག་སྒྱུར་ཞེས་པ་དེ་ལ་ཚིག་གཞན་ཞིག་བརྗོད་ན་ཁྲོམ་རྭ་རྒྱ་བསྐྱེད་མ་ཁྲོམ་རྭ་གཅིག་གྱུར་ཞེས་བརྗོད་ནའང་འགྲིགས། གང་ལྟར་གོ་ལ་གཅིག་ཏུ་བསྒྱུར་རྒྱུ་གཙོ་བོ་དེ་ཁྲོམ་རྭ་རེད། རཇནཱི་བཀྴཱི་ཞེས་པའི་སྐུ་སྐྱེས་མ་ཞིག་གིས་ལོ་མང་པོ་ཉམས་ཞིབ་གནང་སྟེ་བཱཛཱར་ (Bazaars) ཞེས་པའི་དེབ་ཅིག་བྲིས་ཡོད་ཅིང་། བཱཛཱར་ནི་ཨུརྡཱུའི་སྐད་དུ་ཁྲོམ་རྭའི་མིང་རེད། དེའི་ནང་འཇིག་རྟེན་ཆགས་པ་ནས་བཟུང་སྟེ་ད་བར་ཁྲོམ་རྭའི་གནས་བབ་ཀྱི་བྱུང་བ་དང་ཁྱད་པར་སོགས་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད། དེའི་ནང་བལྟས་ན་ད་ལྟ་གོ་ལ་གཅིག་སྒྱུར་རིང་ལུགས་ཟེར་བ་དེའི་རྒྱབ་ལྗོངས་དང་། དགོས་པ་རྒྱུ་མཚན་སོགས་མང་པོ་བཤད་ཀྱང་། དོན་བསྡུས་ན་ཐོན་སྐྱེད་ས་ཆ་གཅིག་ལ་བཙོང་མ་ཐུབ་པ་དེ་ས་ཆ་གཞན་དུ་བཙོང་ཐུབ་པ་དང་། དེ་བཞིན་དེ་ལས་ཐག་རིང་བ་ཞིག་ཏུ་བཙོང་ཐུབ་པའི་དམིགས་ཡུལ་བཟུང་ནས་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་བསམ་ཚུལ་ཐོག་མ་བྱུང་བ་རེད། གོ་ལ་གཅིག་སྒྱུར་གྱི་བསམ་ཚུལ་གྱི་འབྱུང་ཁུངས་གཞན་ཞིག་ནི་གནའ་སྔ་མོ་ནས་ནུབ་ཕྱོགས་པའི་བསམ་བློའི་ནང་རྒྱ་བསྐྱེད་རིང་ལུགས་དང་གོང་མའི་རིང་ལུགས་ (Imperialism) ཀྱི་བསམ་ཚུལ་དེ་ཡོད་རེད་ལ། དེ་ནི་ཤར་ཕྱོགས་པའི་རྒྱལ་པོ་འགའ་ཤས་ཀྱི་བསམ་བློའི་ནང་དུའང་བྱུང་ཡོད་ཚོད་རེད། ད་ལྟ་དུས་ཚོད་ཐུང་ངུ་ཡིན་སྟབས། རྒྱས་བཤད་ཞུ་རྒྱུའི་གོ་སྐབས་མེད་པར་བརྟེན། རོབ་ཙམ་རོབ་ཙམ་ཞུ་རྒྱུ་ཡིན། གང་ལྟར་དེ་ནི་འཇིག་རྟེན་ཡོངས་ལ་རྒྱལ་ཁབ་གཅིག་གིས་དབང་བསྒྱུར་བྱེད་རྒྱུ་དེ་རེད། དེ་ལ་བརྟེན་ནས་ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་བཅུ་དྲུག་ནས་བཟུང་སྟེ་བརྒྱ་ཕྲག་ཉི་ཤུ་པའི་དཀྱིལ་ཙམ་བར་དུ་ནུབ་ཕྱོགས་པའི་རྒྱལ་ཁབ་གཙོ་བོ་ཡུ་ན་ཡི་ཊེཌ་ཀིང་ཌོམ་ (United Kingdom) དང་། པོར་ཅུ་གལ། (Portugal) ཌཅ་ (Dutch) སོགས་ཀྱིས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ལ་ཆབ་སྲིད་དབང་བསྒྱུར་བྱས་རུང་། མཐར་རིམ་བཞིན་ཆབ་སྲིད་ཀྱི་རང་དབང་མ་སྤྲད་ཐབས་མེད་བྱུང་བ་རེད། སྔོན་མ་ཡིན་ན་ཡུ་ན་ཡི་ཊེཌ་ཀིང་ཌོམ་གྱི་དབང་བསྒྱུར་འོག་ཡོད་པའི་ས་གཞིའི་ཐོག་ཉི་མ་མི་ནུབ་ཅེས་བཤད་ཀྱང་། དེང་སང་ཁོང་ཚོས་དབང་བསྒྱུར་བྱས་པའི་ས་གཞིའི་ཐོག་ཉི་མ་ཧ་ལམ་ཤར་གྱི་མེད་ཅེས་པའི་ལབ་རྒྱུ་ཞིག་ཆགས་ཡོད། འོན་ཀྱང་དཔལ་འབྱོར་གྱི་ཐོག་ནས་དབང་བསྒྱུར་བྱེད་རྒྱུའི་བསམ་ཚུལ་དེ་གསར་པ་ཞིག་རེད། དེ་ཡང་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་ནང་ཡོད་པ་ཞིག་ལ་ངོས་འཛིན་བྱས་ན་མ་འགྲིག་པ་མེད། འདི་དག་ནི་ཁ་སང་གི་འཕྲོས་འཛར་དང་དེ་རིང་གི་མཚམས་སྦྱོར་ལྟ་བུ་ཡིན།

དེ་རིང་གི་བརྗོད་གཞིའི་ནང་གོ་ལ་གཅིག་སྒྱུར་ (Globalization) ཞེས་པའི་ཚིག་དེ་ལེ་ཊིན་ (Latin) སོགས་ནས་བྱུང་བ་མིན་ཞིང་། ཚིག་འདི་གསར་པ་ཞིག་རེད། དེ་ནི་རྒྱུན་སྤྱོད་ནང་ཐོག་མར་ཕྱི་ལོ་ ༡༩༤༤ ལོར་ཧར་བཌ་གཙུག་ལག་སློབ་ཁང་ (Harvard University) གི་ Business review ནང་བེད་སྤྱོད་བཏང་འདུག སྐབས་དེར་བེད་སྤྱོད་གཏོང་དུས་ Globalization of Market ཞེས་བྲིས་འདུག དེ་ནི་ཁྲོམ་རྭ་གོ་ལ་གཅིག་སྒྱུར་ཞེས་པའི་དོན་རེད། གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་བྱ་བ་དེའང་ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་ཧ་ཅང་ཤུགས་ཆེ་རུ་ཕྱིན་པ་དང་། བརྡ་འཕྲིན་གྱི་གསར་བརྗེ་དང་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་གཉིས་མཉམ་དུ་ཡར་རྒྱས་ཕྱིན་པ་ཞིག་རེད། ངས་ Globalization ཞེས་པའི་ཚིག་དེ་ཐོག་མར་ཕྱི་ལོ་ ༡༩༨༢།༡༩༨༣ ཙམ་ལ་གོ་སོང་། དེ་ཡང་ཀོ་པེན་ཧ་གེན (Copenhagen) ལ་ UNESCO གི་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་ཞིག་ནང་ར་ཡི་མོན་པཎིཀྐར་ (Raimon Panikkar) གྱིས་ Globalization ཞེས་པའི་ཚིག་དེ་བེད་སྤྱོད་གནང་སོང་། སྐབས་དེར་ཚོགས་འདུར་ཕེབས་པའི་བཻདྱནཱཐ་སརསྭཏཱིས་ (Baidyanath Saraswati) Globalization ལ་ཧ་ཅང་དགག་པ་གནང་སོང་། རྗེས་སུ་ཚོགས་འདུ་གྲོལ་ནས་ངས་བཻདྱནཱཐ་སརསྭཏཱི་ལ་ཁྱེད་རང་དེ་རིང་ཧ་ཅང་དྲག་པོ་གནང་སོང་། ག་རེ་ཡིན་ནམ་ཞེས་དྲིས་པ་ཡིིན། ཁོང་གིས་ཁོང་ཚོས་ Globalization བཤད་ཀྱི་འདུག་ཅེས་གསུངས་སོང་། ངས་ Globalization ཞེ་ན་ག་རེ་རེད་ཅེས་དྲིས་པར། ཁོང་གིས་དེ་ནི་ཉེ་ཆར་ལོ་གཅིག་གཉིས་ནང་བེད་སྤྱོད་བྱས་ནས་ཡོང་བའི་ཚིག་གསར་པ་ཞིག་རེད། གང་ལྟར་འཇིག་རྟེན་ཁྱོན་ཡོངས་ལ་དབང་བསྒྱུར་རྒྱུའི་བསམ་ཚུལ་ཞིག་གི་ཐབས་ལམ་ནས་བྱུང་བ་ཞིག་རེད་ཅེས་གསུངས་སོང་། སྐབས་དེར་ཚིག་དེ་གསར་པ་ཞིག་རེད་འདུག ད་ལྟ་ Globalization ཞེས་པ་དེ་ཡོངས་གྲགས་ཆགས་པ་རེད།

འདིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཁོང་ཚོས་གསུང་རྒྱུ་ལ། དང་པོ་འཇིག་རྟེན་གྱི་ལྟ་ཚུལ་ (World view) དེ་རེད། དེ་ནི་གལ་ཆེན་པོ་བརྩི་བ་རེད། འཇིག་རྟེན་གྱི་ལྟ་ཚུལ་ནང་འཇིག་རྟེན་གྱི་གནས་སྟངས་དང་། འཇིག་རྟེན་གྱི་དཀའ་རྙོག་དང་དེ་དག་གི་རྒྱུ་རྐྱེན། དེའི་སེལ་ཐབས། མ་འོངས་པར་འཇིག་རྟེན་ཕུན་སུམ་ཚོགས་པ་སྐྲུན་པའི་ཐབས་ལམ་བཅས་འདུས་པ་རེད། གཉིས་པ་དཔལ་འབྱོར་གྱི་ཐོན་སྐྱེད། གསུམ་པ་བསམ་ཚུལ་ (Idea) བཅས་གསུམ་པོ་ལུང་ཚན་སོ་སོར་བགོ་བཤའ་བརྒྱབས་ནས་བསྡད་པ་མིན་པར། ཕན་ཚུན་བརྗེ་རེས་ཀྱིས་ཆིག་བསྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ཆིག་བསྒྲིལ་ཐུབ་ན་འགྲོ་བ་མི་རིགས་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་ཡོང་ཐུབ་པའི་རྒྱུ་མཚན་ནི་བརྒྱ་ཕྲག་བཅུ་དགུ་པའི་རྗེས་ནས་གསར་བརྗེ་མང་པོ་བྱུང་ཞིང་། དཔེར་ན་འགྲིམས་འགྲུལ་དང་། བརྡ་འཕྲིན། དངོས་ཟོག་དབོར་འདྲེན་བཅས་ཀྱི་མཐུན་རྐྱེན་ཧ་ཅང་ཡར་རྒྱས་ཕྱིན་པ་དང་། ལྷག་པར་བརྡ་འཕྲིན་གྱི་མཐུན་རྐྱེན་ལྟ་བུ་ནི་བརྒྱ་ཕྲག་ཉི་ཤུ་པའི་ནང་ཧ་ཅང་གསར་བརྗེ་སོང་ཞིང་། ང་ཚོའི་དྲན་ཐོག་ལ་དང་པོ་ཡིག་ཟམ་ (Dak) དེ་རེད། དེ་ནས་ཏར་འཕྲིན་བྱུང་། དེ་རྗེས་མྱུར་འཕྲིན་དང་གློག་འཕྲིན་སོགས་རིམ་བཞིན་བྱུང་། དེ་བཞིན་དངོས་ཟོག་དབོར་འདྲེན་ཡང་ཧ་ཅང་སྟབས་བདེ་པོ་ཆགས་པ་རེད། མཐུན་རྐྱེན་དེ་ཚོ་བེད་སྤྱོད་ཡག་ཤོས་ཇི་ལྟར་གཏོང་ཐུབ་ཀྱི་རེད་ཅེ་ན། གོང་གི་གནས་ཚུལ་རྣམས་བརྗེ་ལེན་བྱ་རྒྱུར་བེད་སྤྱོད་གཏོང་དགོས་པ་དང་། དམིགས་ཡུལ་གཞན་ཞིག་གང་བཞག་ཡོད་ཅེ་ན། འཇིག་རྟེན་འདིའི་ནང་ས་གནས་ཁ་ཤས་འགྲུལ་བཞུད་དཀའ་བ་དང་། ཐག་རིང་པོ། ཁུག་ཀྱོག་ཏུ་ལྷག་པ་རྣམས་སུ་དཀའ་རྙོག་གམ་ཕུན་སུམ་ཚོགས་པ་གང་བྱུང་བ་རྣམས་འཇིག་རྟེན་ཁྱོན་ཡོངས་སུ་དུས་ཐོག་ཏུ་ཤེས་ཐུབ་པ་དང་། འཇིག་རྟེན་ཁྱོན་ཡོངས་ཀྱིས་ཁོ་ཚོའི་དཀའ་ངལ་ལ་རོགས་རམ་བྱེད་ཐུབ་པ་བཅས་ནི་གོ་ལ་གཅིག་སྒྱུར་གྱི་དམིགས་ཡུལ་གལ་ཆེ་ཤོས་ཀྱི་གྲངས་སུ་བརྩི་གི་ཡོད་ཅེས་བཤད་པ་མ་གཏོགས། ཁྲོམ་རྭ་དེ་གོ་ལ་གཅིག་སྒྱུར་གྱི་དམིགས་ཡུལ་རེད་ཅེས་དངོས་སུ་བཤད་མཁན་ཉུང་ཉུང་རེད། རྗེས་སུ་ཁོང་ཚོའི་དཔལ་འབྱོར་རིག་པ་བ་ཁ་ཤས་ཀྱིས་ཁྲོམ་རྭ་གཅིག་སྒྱུར་དེ་གོ་ལ་གཅིག་སྒྱུར་གྱི་གནས་བབ་རེད་ཅེས་བཤད་པ་མ་གཏོགས། སྔོན་མ་དེ་ཚོས་དེ་འདྲ་བཤད་ཀྱི་མེད། དེ་ནས་གཞུང་འབྲེལ་གྱི་ཐོག་ནས་གོ་ལ་གཅིག་སྒྱུར་གྱི་གནས་སྟངས་ངོས་འཛིན་བྱེད་སྟངས་ལ་བལྟས་ནས་ཕྱི་ལོ་ ༢༠༠༠ ཐམ་པའི་ལོར་རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩས་ (International Monetary Fund) གསལ་བསྒྲགས་གང་བྱས་ཡོད་ཅེ་ན། དང་པོ་ནི་ཚོང་དང་དངོས་ཟོག་བརྗེ་ལེན་ (Trade and Transaction) དེ་རེད། ཚོང་ཞེས་པ་ནི་ཐད་ཀར་དངོས་ཟོག་བརྗེ་ལེན་མ་བྱས་ཀྱང་སོ་སོའི་ཤག་ཏུ་བསྡད་ནས་བྱེད་རྒྱུ་ཡོད་པ་མང་པོ་རེད། Trade ཡིན་ན་ Transaction ཡིན་པའི་ཁྱབ་པ་མེད། དེ་བཞིན་ Transaction ཡིན་ན་ Trade ཡིན་པའི་ཁྱབ་པའང་མེད། གཉིས་པ་ནི་མ་རྩ་དང་མ་འཛུགས་ (Capital and Investment) རེད། དེ་ལྟ་བུའི་མ་རྩ་དེ་ཚོང་དང་དཔལ་འབྱོར་འདུ་འགོད་ནང་བེད་སྤྱོད་བཏང་ནས་མང་དུ་འགྲོ་བའི་ཆེད་དུ་བཞག་པ་དེ་ནི་མ་འཛུགས་རེད། གསུམ་པ་ནི་རྒྱལ་ཁབ་སོ་སོའི་ནང་གཞིས་སྤོས་དང་འགྲུལ་བཞུད་ (Immigration and Movement of people) རེད། གཞིས་སྤོས་ནི་གཏན་དུ་གནས་སྤོ་མཁན་དང་། འགྲུལ་བཞུད་ནི་གནས་སྐབས་རིང་འགྲོ་མཁན་རྣམས་རེད། བཞི་པ་ནི་ཤེས་ཡོན་གྱི་ཁྱབ་སྤེལ་ (Dissemination of Knowledge) རེད། འདིར་ཤེས་ཡོན་ཞེས་པ་ནི་ཤེས་ཡོན་ཡོངས་རྫོགས་ལ་མི་གོ་ཞིང་། དེ་ནི་ཨིན་སྐད་དུ་ Technical Know-How ཞེས་པ་དེ་རེད། གང་ལྟར་འཕྲུལ་ལས་འཛུགས་སྟངས་དང་བེད་སྤྱོད་གཏོང་སྟངས། ཅ་ལག་བཟོ་སྐྲུན་བྱེད་སྟངས་སོགས་ཆ་ཚང་ལ་བཀོད་དཔེའི་བདག་དབང་ (Pattern) ཡོད་སྟབས་ཕན་ཚུན་སྤྲད་རྒྱུ་དེ་ཧ་ཅང་ཁག་པོ་རེད། དཔེར་ན། ཉི་འོད་ནས་གློག་ཤུགས་འཐེན་རྒྱུར་མ་གནས་བརྒྱ་ཆ་གཅིག་ལྟ་ཞོག  བརྒྱ་ཆ་ 0.4 མ་གཏོགས་འགྲོ་གི་མེད། འོན་ཀྱང་འཕྲུལ་ལས་ཀྱི་གནད་འགག་དེ་གཞན་ལ་སློབ་ཀྱི་མེད། ཁོ་རང་ཚོ་ལ་ Intellectual property right ཡོད་སྟབས་བྱེད་ཐབས་གང་ཡང་མེད། དེས་ན་འགྲོ་སོང་ཆེ་ཤོས་ནི་ཅ་ལག་དང་འཛུགས་སྐྲུན་ལ་འགྲོ་གི་མེད་ཅིང་། དེ་ནི་འཕྲུལ་ལས་ཀྱི་ཤེས་ཡོན་ (Technical Know-How) དེ་ཉོ་རྒྱུའི་དོན་དུ་འགྲོ་བ་རེད། དེ་ཚོ་བཞི་པོ་མཉམ་སྤྱོད་དང་བརྗེ་ལེན་བྱ་རྒྱུ་དེ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་གནད་འགག་བཞི་ཡིན་ཞེས་བཤད་པ་རེད། དེ་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་དེའི་སྟེང་དུ་ཁོར་ཡུག་གི་དཀའ་ངལ་དང་། གནམ་གཤིས་ཀྱི་འགྱུར་ལྡོག  ས་མཚམས་མེད་པར་ཆུ་དང་རླུང་ལ་འབགས་བཙོག་བཅས་བསྣན་ཏེ་གནད་འགག་ལྔར་བཟོས་ཡོད། དེ་དག་གཅིག་སྒྱུར་བྱས་ན་འཇིག་རྟེན་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་རྣམ་གྲངས་ཤིག་བཤད་ཀྱི་ཡོད།

སྤྱིར་བཏང་ཤེས་ཡོན་གྱི་སྤྱི་ཚོགས་ (Academic Community) ནང་དཔལ་འབྱོར་དང་། ལེགས་བྱང་། ཆབ་སྲིད་བཅས་གསུམ་པོ་ནི་གོ་ལ་གཅིག་སྒྱུར་རིང་ལུགས་ནང་གཅིག་ཏུ་བསྒྱུར་རྒྱུའི་གནད་འགག་གཙོ་བོ་དེ་ཡིན་ཞེས་བཤད། ཁ་ཤས་ཀྱིས་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ས་ཡི་གོ་ལ་ཆུང་དུ་སོང་བ་དང་། རྒྱང་ཐག་ཐུང་དུ་སོང་བ། དངོས་པོ་རྣམས་ཉེ་རུ་ཕྱིན་པ་བཅས་ལས་འཇིག་རྟེན་ཤར་ནུབ་དབར་འཕྲལ་དུ་འབྲེལ་བ་ཐུབ་པ་དང་། གཅིག་ཕན་གཅིག་གྲོགས་ཐུབ་པ་ཞིག་ལ་གོ་ལ་གཅིག་སྒྱུར་གྱི་གོ་དོན་ཡིིན་པའི་བཤད་པ་བྱེད་མཁན་ཡང་ཡོད། ཡང་བསམ་ཚུལ་གཞན་ཞིག་ལ་དཔལ་འབྱོར་དང་། ལེགས་བྱང་། ཆབ་སྲིད། ཁོར་ཡུག རང་ལྟ་མཆོག་འཛིན་ (Ideology) བཅས་ཡིན་ཞེས་བཤད། ཐོག་མར་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ནི་ཆ་ཚང་དབང་དུ་བསྡུ་རྒྱུ་ཞིག་རེད། དེ་ཡང་དཔལ་འབྱོར་གྱི་གནོན་ཤུགས་འོག་དབང་དུ་བསྡུ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་བསམ་བློ་དང་སྤྱོད་པ་འགྱུར་བ་བཏང་ནས་དབང་དུ་བསྡུ་རྒྱུ། རིག་གཞུང་ངམ་ལེགས་བྱང་གི་གནོན་ཤུགས་སྤྲད་ནས་དབང་དུ་བསྡུ་རྒྱུ་བཅས་ཡིན་སྟབས། དེའི་ནང་རང་ལྟ་མཆོག་འཛིན་ (Ideology) བཞག་པ་དེ་དྲང་པོ་རེད་བསམ་གྱི་འདུག ཡང་གོ་ལ་གཅིག་སྒྱུར་རིང་ལུགས་ཞེས་པ་ནི་ཡོ་རོབ་མཉམ་འབྲེལ་གྱི་ཁྲོམ་རྭ་རྒྱ་བསྐྱེད་ཙམ་རེད་ཅེས་བཤད་པའང་བདེན་པ་རེད། ལར་ནས་ཡོ་རོབ་མཉམ་འབྲེལ་དེ་མཉམ་དུ་འབྲེལ་རྒྱུའི་གཞི་གཙོ་བོ་ནི་ཁྲོམ་རྭ་དེ་རེད། དེར་བརྟེན་ཡོ་རོབ་མཉམ་འབྲེེལ་ནང་ཡོད་པའི་རྒྱལ་ཁབ་ཚང་མས་ཕྱི་འཚོང་ནང་འདྲེན་གྱི་སྐད་ཆ་བཤད་མི་དགོས་པར། ཁྲོམ་རྭ་གཅིག་བཟོ་རྒྱུ་དང་། དེ་ནི་སུའི་ཐོན་སྐྱེད་ཡིན་རུང་ཁྲོམ་རྭ་གང་དུའང་མཉམ་དུ་འགྲོ་ཆོག  དེ་ལྟ་བུའི་ཁྲོམ་རྭ་འཇིག་རྟེན་ཁྱོན་ཡོངས་སུ་རྒྱ་བསྐྱེད་བྱེད་རྒྱུ་དེ་རེད། དེ་དག་ནི་ད་ལྟ་ཕན་ལ་ཡོད་པའི་གོ་ལ་གཅིག་སྒྱུར་གྱི་དམིགས་ཡུལ་དང་བྱེད་ལས་ཁོང་ཚོའི་ངོས་ནས་ཁས་བླངས་པའི་རིགས་རྣམས་རེད།

དེ་དག་ལ་ང་ཚོས་ཞིབ་འཇུག་བྱེད་པའི་སྐབས་སུ་ག་རེ་འཐོན་གྱི་ཡོད་ཅེ་ན། ཐོག་མར་ཁྲོམ་རྭ་གཅིག་གྱུར་ཆགས་ན་ཕྱི་འཚོང་ནང་འདྲེན་དང་སྒོ་ཁྲལ་གྱི་དཀའ་ངལ་གཅིག་ཀྱང་མེད་པར་ས་ཐག་རིང་ཐུང་ལ་མ་ལྟོས་པར་དངོས་པོ་དེ་དགོས་མཁོ་ཡོད་པའི་ཁྲོམ་རྭའི་ནང་དཀའ་ངལ་དང་འགོར་གཞི་མེད་པར་སླེབས་ཐུབ་པ་མ་ཟད། དེའི་ནང་བཙོང་ཐུབ་པ་དང་ཆབས་ཅིག་ཏུ་ཁེ་བཟང་འཐོབ་རྒྱུ། ཁེ་བཟང་དེའང་ས་གནས་ཀྱི་མི་ལ་བགོ་བཤའ་ཆེན་པོ་མི་ཐེབས་པར་ཚོང་བདག་ལ་ཁེ་བཟང་འཐོབ་རྒྱུ་བཅས་ནི་དངོས་ཡོད་ཀྱི་གནས་ཚུལ་རེད།

དེང་སང་ཚིག་འདི་བེད་སྤྱོད་གཏོང་མཁན་ཉུང་དུ་ཕྱིན་པ་མ་གཏོགས། ཕྱི་ལོ་ ༡༩༩༠ གོ་གྲངས་བར་དུ་ཚིག་གསུམ་ཞིག་བེད་སྤྱོད་གཏོང་གི་ཡོད། དེ་ནི་གུ་ཡངས་རིང་ལུགས་ (Liberalization) དང་། སྒེར་བདག་རིང་ལུགས། (Privatization) གོ་ལ་གཅིག་སྒྱུར་རིང་ལུགས་ (Globalization) བཅས་རེད། དེ་གསུམ་པོ་བང་རིམ་བསྒྲིགས་ནས་ཡོང་རྒྱུ་ཡིན་པ་ལྟ་བུ་ཞིག་ཡོད། གུ་ཡངས་རིང་ལུགས་ནི་གནའ་སྔ་མོ་དཔལ་འབྱོར་སྲིད་བྱུས་ལག་བསྟར་མ་བྱས་གོང་དུ་རྒྱལ་ཁབ་སོ་སོའི་ཐོན་སྐྱེད་རྣམས་རང་གི་ལུང་པའི་ནང་བེད་སྤྱོད་གཏོང་ཐུབ་པའི་དམིགས་ཡུལ་ཤུགས་ཆེ་བཟུང་ཡོད། དེ་དང་ཆབས་ཅིག་ཏུ་རྒྱལ་ཁབ་གཞན་གྱི་ཐོན་སྐྱེད་རྣམས་སོ་སོའི་ལུང་པའི་ནང་མི་སླེབས་པ་དང་། དེ་ལ་བརྟེན་ནས་རང་གི་ཐོན་སྐྱེད་ཕྱི་ལ་བཙོང་དགོས་བྱུང་ན་ཕྱི་འཚོང་གི་ལག་འཁྱེར་ཞུ་རྒྱུ་དང་ཁྲལ་སྤྲད་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ། དེ་བཞིན་ཕྱི་ནས་དངོས་པོ་ཞིག་བླང་དགོས་ནའང་ཆོག་མཆན་ཞུ་རྒྱུ་དང་སྒོ་ཁྲལ་སྤྲད་རྒྱུ་དེ་དག་ཧ་ཅང་དོ་དམ་པོ་བྱས་ཏེ་དངོས་པོ་གྲངས་ཚད་ངེས་ཅན་དང་། དགོས་མཁོ་ངེས་ཅན། ཁྲལ་ངེས་ཅན་ཐོག་ཡོང་དགོས་པའི་དཀའ་ངལ་ཡོད་རེད། དེ་ཙམ་དུ་མ་ཟད་ལུང་པ་སོ་སོའི་ནང་གི་ཐོན་སྐྱེད་ལྟ་བུར་མཚོན་ནའང། མང་ཆེ་བ་གཞུང་གིས་བདག་གཉེར་བྱས་པའི་བཟོ་གྲྭ་དང་། གལ་ཏེ་གཞུང་གིས་བདག་གཉེར་བྱས་པ་རྐྱང་རྐྱང་མིན་ནའང་། གཞུང་དང་རྒྱལ་ཁབ་ནང་གི་མ་རྩའི་བདག་པོ་མཉམ་འབྲེལ་ཐོག་ནས་བྱས་པ་མ་གཏོགས། ཕྱི་རྒྱལ་གྱི་མིས་ལུང་པ་དེའི་ནང་མ་འཛུགས་དང་མ་རྩ་འཁྱེར་ཡོང་བའི་ཐོབ་ཐང་དེ་ཧ་ལམ་འཐོབ་རྒྱུ་མེད། རྒྱ་གར་དུའང་ཕྱི་ལོ་ ༡༩༩༠ མགོ་སྟོད་དུ་མན་མོཧན་སིངྷ་ (Manmohan Singh) རྒྱ་གར་གྱི་སྲིད་བློན་ནརསིཾཧ་རཱབ་ (Narsimha Rao) ཀྱི་དཔལ་འབྱོར་བློན་ཆེན་མ་ཆགས་ཀྱི་བར་དུ་རྒྱ་གར་གྱི་དཔལ་འབྱོར་གྱི་སྲིད་བྱུས་དེ་ཧ་ཅང་གུ་དོག་པོ་རེད། སྐབས་དེར་གུ་ཡངས་ཀྱི་སྲིད་བྱུས་དེ་མེད། རྒྱ་གར་གྱི་སྲིད་བློན་ཇབཱཧར་ལཱལ་ནེཧརཱུའི་སྐབས་ནས་ཡོང་བའི་རྒྱ་གར་གྱི་དཔལ་འབྱོར་གྱི་སྲིད་བྱུས་དེ་སྤྱི་ཚོགས་རིང་ལུགས་མིན་པར་དེ་དང་འདྲ་བའི་དཔལ་འབྱོར་རིང་ལུགས་ (Socialist type of economy) ཤིག་རེད། དེ་ལ་ License economy ཡང་ཟེར། དེ་ནི་ཐོན་སྐྱེད་གང་བྱས་ཀྱང་གཞུང་ནས་ཆོག་མཆན་དང་ལག་འཁྱེར་བླང་དགོས་པ་དང་། དེ་ལེན་པའི་སྐབས་སུའང་ཧ་ཅང་ཁག་པོ་ཡོད་པ། དཔེར་ན་རྒྱ་གར་ནང་གི་མངའ་སྡེ་ཞིག་གིས་ཐོན་སྐྱེད་བྱས་པ་དེ་མངའ་སྡེ་གཞན་དུ་འཁྱེར་ན་སྒོ་ཁྲལ་དང་ལམ་ཁྲལ་མང་པོ་སྤྲད་དགོས་ཀྱི་ཡོད། དེ་ལྟ་བུའི་རིགས་སྣ་ཚོགས་ཡོད་པ་རྣམས་གུ་ཡངས་རིང་ལུགས་སྐབས་སུ་མེད་པ་བཟོས་པ་རེད།

གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་ནང་ཕྱི་འཚོང་ནང་འདྲེན་གྱི་ཁྲིམས་གུ་ཡང་དུ་གཏོང་རྒྱུ་དང་། ཕྱི་འཚོང་ནང་འདྲེན་དང་ལུང་པའི་ནང་ཕན་ཚུན་གྱི་སྒོ་ཁྲལ་ཆུང་དུ་དང་སླ་རུ་གཏོང་རྒྱུ། ཕྱི་ནས་ནང་དུ་མ་འཛུགས་སླ་རུ་གཏོང་རྒྱུ། ནང་ནས་ཕྱི་ལ་མ་འཛུགས་སླ་རུ་གཏོང་རྒྱུ་སོགས་རེད།

དེ་དག་ལ་བརྟེན་ནས་གཞུང་གི་འཛིན་སྐྱོང་ནང་དཀའ་ལས་ཁག་པོ་ཡོང་སྟབས། གཞུང་གིས་འཛིན་སྐྱོང་བྱེད་མ་དགོས་པར་སྒེར་བདག་ཅན་དུ་བསྒྱུར་རྒྱུ་དེ་རིམ་པ་གཉིས་པ་རེད། དེ་ལྟར་གུ་ཡངས་དང་སྒེར་བདག་གི་སྲིད་བྱུས་གཉིས་ལག་བསྟར་ཐུབ་ན་གོ་ལ་གཅིག་སྒྱུར་དེ་ཧ་ལམ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད།

ད་ལྟའི་གནས་སྐབས་སུ་རྒྱ་གར་ལྟ་བུར་མཚོན་ན། གུ་ཡངས་དང་སྒེར་བདག་ཧ་ལམ་བྱས་ཟིན་པར་བརྟེན། གོ་ལ་གཅིག་སྒྱུར་དེ་འགྲོ་མུས་རེད། དེའི་དབང་གིས་ད་ལྟའི་སྲིད་གཞུང་འདིའི་སྐབས་སུ་དཔལ་འབྱོར་གྱི་གནས་སྟངས་དེ་ད་དུང་གུ་ཡངས་སུ་གཏོང་རྒྱུ་དང་། དངུལ་ནག་པོ་དང་ཚོང་ནག་པོའི་ཐོག་དོ་དམ་ཆེ་རུ་གཏོང་རྒྱུ། གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་དེ་ད་དུང་མགྱོགས་ཚད་མྱུར་དུ་གཏོང་རྒྱུ་སོགས་བསམ་བློ་ཡོད་པ་མ་ཟད། ལག་ལེན་དུའང་ཤུགས་ཆེ་བསྟར་མུས་རེད།

གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་བྱུང་རིམ་ལྟ་བུར་མཚོན་ན། ལོ་རྒྱུས་སྨྲ་བ་ཚོའི་བསམ་ཚུལ་མི་འདྲ་བ་སྣ་ཚོགས་རེད། ཁ་ཤས་ཀྱིས་གནའ་སྔ་མོ་ནས་མགོ་བཙུགས་ཟིན་པ་དང་། ཁ་ཤས་ཀྱིས་ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་མགོ་བཙུགས་པ་རེད་ཅེས་ཟེར་གྱི་ཡོད། གང་ལྟར་དེང་སང་ཚང་མས་ཚད་མ་བརྩི་ས་ནི་ཇེམ་ས་ (James) རེད། ཁོང་གི་གསུང་ཚུལ་ལྟར་ན་ཕལ་ཆེར་ཕྱི་ལོ་བརྒྱ་ཕྲག་དང་པོ་གཉིས་པ་ཙམ་ནས་རྒྱལ་ཁབ་གཅིག་ནས་གཅིག་དང་། ལྷག་པར་དུ་གླིང་ཆེན་གཅིག་ནས་གཅིག་ལ་མི་འགྲོ་རྒྱུ་མགོ་ཚུགས་པ་དང་། མིའི་འགྲུལ་བཞུད་དེ་གོ་ལ་གཅིག་སྒྱུར་གྱི་རིམ་པ་དང་པོ་ལྟ་བུ་རེད། མིིའི་འགྲུལ་བཞུད་དེའི་མཇུག་ཏུ་སྐུ་ཚབ་ཕན་ཚུན་གཏང་རྒྱུའི་ལམ་སྲོལ་དེ་མཐུད་པ་རེད། དེ་ནི་རྒྱལ་པོས་རྒྱལ་ཚབ་སོགས་དང་། ཚོང་སྡེ་ (Company) ཆེན་པོ་དེ་ཚོས་ཚོང་དོན་སྐུ་ཚབ་གཏོང་རྒྱུ་སོགས་རེད། དེ་ལ་བརྟེན་ཆབ་སྲིད་དང་གཞུང་གི་འབྲེལ་བ་དེ་རིམ་པས་ཚུགས་པ་རེད། དཔེར་ན་དོན་གཅོད་ (Agent) ཕན་ཚུན་གཏོང་རྒྱུ་དེ་རེད། དེ་རྗེས་ཐོན་སྐྱེད་ཀྱི་དངོས་ཟོག་བརྗེ་བསྒྱུར་དང་། དེ་ནས་བསམ་ཚུལ་དང་ཤེས་ཡོན་བརྗེ་ལེན་སོགས་བརྒྱུད་ནས་ད་ལྟའི་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་བར་དུ་སླེབས་སྟངས་དེ་ལྟར་ཡིན་པ་ལས། ཉིན་གཅིག་ལ་གསར་པ་དྲན་ནས་སླེབས་པ་མ་རེད་ཅེས་བཤད་ཀྱི་ཡོད། དེ་མིན་གཞན་ཚང་མས་གོ་ལ་གཅིག་སྒྱུར་དེ་ཕྱི་ལོ་བརྒྱ་ཕྲག་བཅུ་དགུའི་མཇུག་ཙམ་ནས་མགོ་བཙུགས་ཚུལ་བཤད། དེ་ནི་བདེན་པ་ལྟ་བུ་ཞིག་རེད། རྒྱ་གར་ལྟ་བུ་ནི་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་གཞི་ནས་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ནང་ཚུད་པ་རེད།

ད་ལྟ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་སོགས་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་དང་། དེའི་བྱེད་ལས་ནི་གཙོ་ཆེ་བ་ཚོང་ཟོག་ཕན་ཚུན་ལས་སླ་པོས་དབོར་འདྲེན་དང་བཙོང་ཐུབ་རྒྱུ་དེ་རེད། དེའི་ཕན་གནོད་ནི་སོ་སོས་བལྟ་རྒྱུ་རེད།  གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་གནས་ཚུལ་འདི་ལ་བརྟེན་ནས་གྱོང་ཆེ་ཤོས་སུ་ལ་རག་གི་ཡོད་ཅེ་ན། ཚོང་ལས་ཆུང་ཙག་བྱེད་མཁན་དང་ས་གནས་ལ་ཚོང་ལས་བྱེད་མཁན་ལ་རག་གི་ཡོད། དཔེ་མཚོན་ཙམ་ཞུ་ན། རྒྱ་གར་ནང་རྫ་མ་བཟོ་མཁན་དང་། ལམ་གྱི་ཉེ་འགྲམ་དུ་ཇ་འཚོང་མཁན། ཅ་ལག་ཕྲག་པའི་སྟེང་དུ་འཁྱེར་ནས་འཚོང་མཁན་སོགས་ལ་གྱོང་ཆེ་ཤོས་ཕོག་ཡོད། གཉིས་པ་ནི་བཟོ་གྲྭ་ནས་ཐད་ཀར་དངོས་ཟོག་མ་ཉོས་པར་སྡེབ་ཉོས་བྱེད་མཁན་བརྒྱུད་ནས་སོ་སོའི་ཚོང་ཁང་དུ་ཉུང་ཉུང་ཉོ་གི་ཡོད་ཅིང་། དེ་ལྟ་བུའི་སྡེབ་ཉོ་བྱེད་མཁན་གྱི་ཚོང་པ་བར་ཞ་བ་དེ་ཚོ་འགྲོ་སྟངས་སྡོད་སྟངས་མེད་པ་བཟོས་ཡོད།

མ་རྩ་བདག་པོ་ཆེན་པོ་ཚོ་ལ་གོ་ལ་གཅིག་སྒྱུར་རིང་ལུགས་ལ་བརྟེན་ནས་དེ་སྔ་ལས་ཁེ་བཟང་ཉིས་ལྡབ་ནས་ལྔ་ལྡབ་བར་མང་བ་རག་པ་དང་། ཁེ་བཟང་དེ་ཚོ་ཚང་མ་སུའི་སྐལ་བ་བཅད་ནས་རག་གི་ཡོད་ཅེ་ན། ས་གནས་ཀྱི་ཚོང་པ་ཆུང་ཆུང་དང་། ཚོང་པ་བར་ཞ་བ་དེ་ཚོའི་ཐོག་ནས་རག་གི་ཡོད། སྤྱིར་བཏང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་སྟངས་ཀྱི་ཚད་གཞི་ཞིག་བརྩི་བ་རེད། དེ་ཡང་ཧ་ཅང་ངེས་པ་རྙེད་པ་ཞིག་མེད་པར་ཕྲན་བུ་མགོ་སྐོར་ལྟ་བུ་ཞིག་ཀྱང་རེད། འདི་ལོ་དཔལ་འབྱོར་གྱི་ཡར་རྒྱས་ཀྱི་འཕར་ཆ་བརྒྱ་ཆ་ ༧ རེད་འདུག ད་ང་ཚོ་ ༩ བར་དུ་འགྲོ་དགོས་ཞེས་པ་སོགས་གོ་ལ་གཅིག་སྒྱུར་རིང་ལུགས་འོག་འཛུལ་ཚར་བ་དེ་དག་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་འཕར་ཆ་དེ་དྲག་ཏུ་འགྲོ་བ་དངོས་ཡོད་གནས་སྟངས་རེད། ཡིིན་ནའང་བལྟ་དགོས་པ་དེ་གང་རེད་ཅེ་ན། རྒྱ་གར་ལྟ་བུར་མཚོན་ན་དེ་ལ་བརྟེན་ནས་ཁེ་བཟང་རག་མཁན་ག་ཚོད་ཡོད་པ་དང་། གྱོང་རག་མཁན་ག་ཚོད་ཡོད་པ། ཁེ་གྱོང་གང་ཡང་མ་རག་མཁན་ག་ཚོད་ཡོད་པ་བཅས་བལྟས་ན་ཁེ་བཟང་རག་མཁན་ནི་རྒྱ་གར་གྱི་མི་འབོར་ནང་བརྒྱ་ཆ་ ༤ ལས་ལྷག་མེད་སྙམ། དེ་ལྟ་བུའི་བརྒྱ་ཆ་ཞིབ་ཕྲ་བསྟན་གྱི་མེད་ཀྱང་། ང་ཚོས་ཚོད་དཔག་བྱས་ན་གོ་ལ་གཅིག་སྒྱུར་རིང་ལུགས་ལ་བརྟེན་ནས་ཁེ་བཟང་དངོས་གནས་རག་མཁན་ཚོང་སྡེ་ (Company) ཆེན་པོ་ཁ་ཤས་རེད།  ཁེ་གྱོང་གང་ཡང་མ་རག་མཁན་ནི་བརྒྱ་ཆ་ ༤༠།༥༠ ཙམ་ཡོད་འགྲོ  གྱོང་རག་མཁན་ནི་བརྒྱ་ཆ་ ༤༠ ཙམ་ཏན་ཏན་ཡོད་རེད། གང་ལགས་ཤེ་ན། རྒྱ་གར་གྱི་མི་མང་ཆེ་བ་ད་ལྟའང་ཞིང་ལས་དང་། བཟོ་ལས་ཆུང་ཙག  ཁང་པའི་ནང་ཡོད་པའི་ལག་ཤེས་སོགས་ལ་བརྟེན་དགོས་པས། དེ་དག་ལ་གྱོང་རག་རྒྱུ་གཞི་གྲུབ་པ་རེད། དེས་ན་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ལ་བརྟེན་ནས་རྒྱ་གར་ནང་གྱོང་ཆེ་ཤོས་རག་མཁན་ནི་སོ་ནམ་པའམ་ཞིང་པ་རྣམས་རེད། ཁོང་ཚོ་ནི་མི་འབོར་གྱི་ཆ་ནས་མང་ཤོས་རེད། ཁྱེད་རང་ཚོས་ལོ་ལྟར་ཞིང་པ་དེ་ཙམ་གྱིས་རང་ཤི་བརྒྱབས་པ་རེད་ཅེས་གསར་ཤོག་དང་གསར་འགྱུར་ནང་གཟིགས་ཡོད་ཤག་རེད། ཞིང་པ་དེ་ཚོ་འགྲོ་སོང་དང་ཡོང་འབབ་ཁ་མ་འཐབ་པའི་གནས་སྟངས་དང་། དེ་བཞིན་བུ་ལོན་འོག་ཚུད་པའི་གནས་སྟངས་ལས་བྱུང་ཞིང་། ཁོང་ཚོ་བུ་ལོན་འོག་ཚུད་དགོས་པའང་གནས་ཚུལ་གཞན་ཞིག་ཡོད་པ་དེ་ད་ལྟ་ཞུ་རྒྱུའི་གོ་སྐབས་མི་འདུག

དངོས་གནས་བྱས་ན་ཞིང་པ་ཚོ་སོ་སོ་ལ་ས་ཆ་ཡོད་པ་དང་དེའི་ཐོག་དཀའ་ལས་བརྒྱབ་རྒྱུ་རེད། ཡིན་ནའང་དེ་ནི་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དང་འབྲེལ་བ་གང་ཡོད་བསམས་པ་ཞིག་ཡོད་ཀྱང། ད་ལྟ་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དབང་གིས་གནས་ཚུལ་མང་པོའི་ཐོག་ནས་ཞིང་པ་ཚོ་དཀའ་ངལ་ཆེ་ཤོས་ནང་ཚུད་ཡོད། དེ་ནས་གོང་དུ་ཞུས་པ་བཞིན་བཟོ་ལས་ཆུང་ཙག་ཁག་རེད། དཔེར་ན་མེ་འཁོར་ནང་འགྲུལ་བཞུད་སྐབས་ཇ་འཚོང་མཁན་གྱིས་རྫ་ཕོར་ནང་ཇ་བཙོང་གི་ཡོད། དེ་ལྟ་བུའི་རྫ་ཕོར་བཟོ་མཁན་རྣམས་ད་ལྟ་ལྟོགས་ཤི་ཐེབས་པའི་མཚམས་སུ་སླེབས་ཡོད་ཅིང་། སྔ་མོ་རྫ་མཁན་ཚོས་ཕོར་པ་དང་། རྒྱ་གར་གྱི་ལྷ་སྐུ  མཆོད་ཀོང་སོགས་བཟོས་ཏེ་འཚོ་ཐབས་འཁྱོལ་རུང་། ད་ལྟ་ལས་མེད་དུ་གནས་ཡོད།

གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་གནས་བབ་ཞུས་པའི་སྐབས་སུ་དེ་ལ་ལག་པ་ལྟ་བུ་ཁ་ཤས་ཤིག་ཡོད་ཅིང་། དང་པོ་ནི་འཛམ་གླིང་དངུལ་ཁང་ (World Bank) དང་། གཉིས་པ་ནི་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ། (International Monetary Fund) གསུམ་པ་ནི་འཛམ་གླིང་ཚོང་དོན་སྒྲིག་འཛུགས། (World Trade Organization) བཞི་པ་ནི་རྒྱལ་མང་མཉམ་འབྲེལ་ཚོང་སྡེ་ཁག་ (Multinational Companies) བཅས་བཞིའི་བརྒྱུད་ནས་གོ་ལ་གཅིག་སྒྱུར་གྱི་ལས་དོན་རྣམས་ལག་བསྟར་བྱས་ཤིང་།

འཛམ་གླིང་དངུལ་ཁང་ (World Bank) གི་འབོད་སྒྲ་ནི་དབུལ་ཕོངས་ལས་སྒྲོལ་བའི་འཇིག་རྟེན་གྱི་ཆེད་དུ་ལས་དོན་བྱ་རྒྱུ་ཡིན་ (Working for a world free of poverty) ཞེས་འཁོད་ཡོད། དེ་ནི་ཕྱི་ལོ་ ༡༩༤༤ ལོར་མགོ་ཚུགས་པ་དང་། རྒྱལ་མང་གི་ཆིངས་ཡིག་འོག་ནས་བྱུང་བའི་སྒྲིག་འཛུགས་ཤིག་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ལྟ་བུའང་ཡིན། དེའི་ལས་ཁུངས་ཨ་མ་ནི་ཝ་ཤིང་ཀྲོན་ཌི་སི་ (Washington DC) ལ་ཡོད་ཅིང་། དེའི་ནང་ད་ལྟ་རྒྱལ་ཁབ་ ༡༨༠ གྱ་གྲངས་ཡོད། འཛམ་གླིང་དངུལ་ཁང་གིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་ལས་གཞིའི་ཐོག་བུ་ལོན་སྤྲོད་ཅིང་། དེ་ལྟར་བུ་ལོན་སྤྲོད་པའི་སྐབས་སུ་བུན་བདག་དེས་བུ་ལོན་ལེན་མཁན་ལ་དབང་བསྒྱུར་བྱེད་རྒྱུ་ནི་རང་བཞིན་གྱིས་ཆགས་པར་བརྟེན། བུ་ལོན་སྤྲོད་པའི་སྐབས་སུ་ཆ་རྐྱེན་མང་པོ་བཞག་ཅིང་། དེའི་ནང་ཡར་རྒྱས་ཀྱི་ལས་གཞི་དེས་ས་གནས་ཀྱི་མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན་མིན་དང་། མ་འོངས་པར་ཕན་ཐོགས་ཡོད་པ་ཞིག་ཡིན་མིན་བལྟ་རྒྱུ་ནི་མཐའ་མ་དེ་རེད། དང་པོ་གང་ལྟ་གི་ཡོད་ཅེ་ན། དངུལ་ཁང་ལ་ཁེ་ཕན་གང་ཡོད་མིན་དང་། ལས་གཞི་དེ་ལ་བརྟེན་ནས་ས་གནས་དེའི་མི་མང་ཐོག་དབང་སྒྱུར་ཇི་ལྟར་བྱེད་ཐུབ་མིན་བལྟ་རྒྱུ་ནི་གཙོ་བོ་རེད། ལྷག་པར་དུ་གསེར་དངུལ་ཟངས་ལྕགས་སོགས་རང་བྱུང་གི་འབྱུང་ཁུངས་རྣམས་སྔོག་འདོན་ལ་གཙོ་འདོན་བྱེད་ཅིང་། དེ་ལ་བརྟེན་ནས་འཐོན་ཁུངས་རྣམས་རྗེས་སུ་བེད་སྤྱོད་གང་དུ་གཏོང་དགོས་མིན་ཕལ་ཆེ་བ་ཁོང་ཚོས་ཐག་གཅོད་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་དངུལ་ཁང་གི་འགྲོ་སྟངས་རེད། དེས་བུ་ལོན་སྤྲོད་པ་མ་གཏོགས། དངུལ་གྱི་རོགས་རམ་གང་ཡང་སྤྲོད་ཀྱི་མེད། བུ་ལོན་གྱི་སྐྱེད་ཆའང་འདྲ་མིན་སྣ་ཚོགས་རེད། འཛམ་གླིང་དངུལ་ཁང་དང་། བུ་ལོན་ལེན་མཁན། ལས་ཀ་བྱེད་མཁན་བཅས་སྡེ་ཚན་གསུམ་དུ་ཕྱེ་ནས་དེས་ལས་ཀ་བྱེད་ས་དེ་ལ་བཤུ་གཞོག་གཏོང་སྟངས་ནི་བསམ་བརྗོད་ལས་འདས་པ་རེད། དེའི་དཔེ་མཚོན་ཞིག་ཞུ་ན། ཨ་ཕི་རི་ཀའི་རྒྱལ་ཁབ་སྐྱོ་པོ་མང་པོའི་ནང་མེ་འཁོར་གྱི་ལྕགས་ལམ་མེད་ཅིང་། འཛམ་གླིང་དངུལ་ཁང་གིས་བུ་ལོན་སྤྲད་ནས་མེ་འཁོར་ལྕགས་ལམ་བཟོ་སྐབས་བོགས་མ་དེ་རྒྱ་མིས་ལེན་ཞིང་། རྒྱ་མི་དང་འཛམ་གླིང་དངུལ་ཁང་བར་འབྲེལ་བ་ཤུགས་ཆེན་པོ་ཡོད་པར་བརྟེན། འཛམ་གླིང་དངུལ་ཁང་གིས་བུ་ལོན་གཏོང་བའི་ཆ་རྐྱེན་ནང་བོགས་མ་སུ་ལ་གཏོང་དགོས་པ་སོགས་གསལ་ཡོད། དེ་ལྟར་འཛམ་གླིང་དངུལ་ཁང་གིས་བུ་ལོན་བཏང་སྟེ་རྒྱ་མིས་མེ་འཁོར་ལྕགས་ལམ་བཟོས་པ་མ་ཟད། མེ་འཁོར་གྱི་ཁ་ལོ་པ་ཡན་ཆད་ཀྱང་རྒྱ་མི་བཞག་ཡོད། དེ་བཞིན་ཉམས་གསོ་བྱེད་མཁན་ཡང་རྒྱ་མི་བཞག་ཡོད་ཅིང་། གལ་ཏེ་སྐྱོན་ཞིག་ཤོར་ན་བཟོ་ཐུབ་མཁན་རྒྱ་མི་མ་གཏོགས། ཁོང་ཚོའི་ནང་དུ་མི་མེད། དེ་ལྟ་བུའི་དཔེ་མཚོན་མང་དུ་ཡོད་ཀྱང་། ད་ལྟ་དུས་ཚོད་མེད་སྟབས་ཞུ་ཐབས་མེད།

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ (International Monetary Fund) ནི་ཕྱི་ལོ་ ༡༩༤༥ ལོར་བཙུགས་པ་ཞིག་རེད། དེའི་ལས་ཁུངས་ཨ་མའང་ཝ་ཤིང་ཀྲོན་ཌི་སི་ (Washington DC) ལ་ཡོད། དེས་བུ་ལོན་མང་པོ་གཏོང་གི་མེད། མང་ཆེ་བ་དངུལ་གྱི་རོགས་རམ་སྤྲོད་ཀྱི་ཡོད། དེ་ཡང་རྒྱལ་ཁབ་སོ་སོའི་ནང་ཕྱི་རྒྱལ་གྱི་དངུལ་གྱི་ཟུར་འཇོག་ (Foreign Currency Reserve) ཚད་གཞི་དེ་ཏག་ཏག་བསྡད་མིན་བལྟས་རྗེས་རོགས་རམ་སྤྲོད་ཀྱི་ཡོད། ཕྱི་རྒྱལ་དངུལ་གྱི་ཟུར་འཇོག་དེ་ཡར་ཆག་མར་ཆག་ཐོག་ནས་རྒྱལ་ཁབ་སོ་སོའི་ལོ་རེའི་སྔོན་རྩིས་བཟོ་སྐབས་ཧ་ཅང་ཁྱད་པར་འགྲོ་ཞིང་། དཔེར་ན་རྒྱ་གར་གྱི་སྲིད་བློན་བིཤྭ་ནཱཐ་པྲཏཱཔ་སིངྷ་ (Vishwanath Pratap Singh) སྐབས་སུ་ཕྱི་རྒྱལ་དངུལ་གྱི་ཟུར་འཇོག་དེ་ཧ་ཅང་མར་ཆག་ནས་གསེར་མང་པོ་དངུལ་བསྒྱུར་བྱེད་དགོས་བྱུང་ཡོད། འགྲོ་སྟངས་དེ་ནི་རྙོག་ཁྲ་ཚ་པོ་ཞིག་རེད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་གཞུང་དེ་ཚོ་ལ་བཏང་འཛིན་མང་བ་བྱེད་ཀྱི་ཡོད། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་གཙོ་འཛིན་ནི་མང་ཆེ་བ་ཨ་རིའི་མི་རེད། འོན་ཀྱང་ལས་བྱེད་ནང་རྒྱལ་ཁབ་ཚང་མའི་མི་ཡོད། གང་ལྟར་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་གཉིས་ལ་སྐྱབས་བཅོལ་དགོས་མཁན་གྱི་རྒྱལ་ཁབ་ཚང་མའི་ལས་གཞིའི་ཐོག་བཏང་འཛིན་ཤུགས་ཆེན་པོ་ཡོད་པ་དེ་ཧ་ཅང་གསལ་པོ་རེད།

འཛམ་གླིང་ཚོང་དོན་སྒྲིག་འཛུགས་  (World Trade Organization) ནི་ཕྱི་ལོ་ ༡༩༩༥ ལོར་བྱུང་བ་ཞིག་རེད། དེའི་ལས་ཁུངས་ཨ་མ་ནི་འཇི་ནི་ཝ་ (Geneva) ལ་ཡོད། དེའི་ནང་ཚོགས་མི་རྒྱལ་ཁབ་ ༡༦༤ ཡོད། སྒྲིག་འཛུགས་དེས་རྒྱལ་ཁབ་སོ་སོའི་ནང་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་ཆེད་དུ་གུ་ཡངས་ཀྱི་སྲིད་བྱུས་ཇི་ལྟར་བྱེད་མིན་ཐོག་རྒྱལ་ཁབ་ཕན་ཚུན་དབར་ཆོད་གན་འཇོག་པའི་སྐབས་སུ་རོགས་རམ་བྱེད་པ་དང་། ཆོད་གན་འཇོག་སྟངས་ཀྱི་སྒྲོམ་གཞིའང་ཟིན་བྲིས་བཟོས་ཏེ་སྤྲད་པ། འབྲེལ་མོལ་སྐབས་སུའང་མཉམ་རོགས་བྱེད་པ། རྒྱལ་ཁབ་སོ་སོའི་ནང་དུའང་སྒྲིག་འཛུགས་དེའི་ཁྲིམས་གཞི་སྲུང་རྩི་ཞུ་དགོས་པའང་ཡོད། དཔེར་ན་རྒྱ་ནག་ལྟ་བུར་མཚོན་ན། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་ནས་ལོ་མང་པོ་སོང་མེད་རུང་། ཚོགས་མི་ཆགས་ཟིན་པའི་རྗེས་སུའང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་མང་པོ་ཞིག་རྒྱ་ནག་གིས་འཁྱེར་གྱི་མེད། འོན་ཀྱང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ངོས་ནས་དེ་འཁྱེར་དགོས་པའི་ཐོག་ཤུགས་གནོན་སྤྲད་ཐུབ་མེད། དེ་ནི་ང་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད། སྐབས་དེའི་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་ཧེན་རི་ཀི་སིན་ཇར་ (Henry Kissinger, National Security Advisor, United States Government) གྱིས་ཕྱི་ལོ་ ༡༩༧༠ མགོ་སྟོད་དུ་ཨ་རི་དང་རྒྱ་ནག་དབར་འབྲེལ་ལམ་གསར་པ་བཙུགས་ཏེ་ཨ་རི་དང་རྒྱ་ནག་གི་མཐུན་འབྲེལ་དེ་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། སྐབས་དེར་བློས་བཏང་བྱེད་རྒྱུའི་སྡེ་ཚན་ནང་བོད་མི་སྐྱབས་བཅོལ་བའང་ཚུད་ཡོད། དེ་དུས་ཀི་སིན་ཇར་གྱི་ལྟ་གྲུབ་ནི་རྒྱ་ནག་ལ་དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་དེ་ཡོང་ཐབས་བྱེད་དགོས། རྒྱ་ནག་གིས་སོ་སོ་ཡར་རྒྱས་འགྲོ་རྒྱུའི་བསམ་བློ་གཏོང་བ་དེར་ང་ཚོས་རོགས་རམ་བྱས་ནས་རྒྱ་ནག་ནང་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་ལུགས་དང་། ཁྲོམ་རྭའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་ལུགས་ཡོང་བའི་འབད་རྩོལ་བྱེད་ན་ཆབ་སྲིད་ཀྱི་གུ་ཡངས་ཡོང་བའི་ལས་ཀ་ཟུར་དུ་བྱེད་དགོས་མེད་ཅིང་། དེ་ནི་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད་ཅེས་པ་དེ་རེད། དེ་ཚོ་བསམ་བློ་གཏོང་ན་ཡིན་པ་ལྟ་བུ་ཞིག་ཡོད་ཅིང་། དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་ལག་ལེན་དུ་བསྟར་ན་ཆབ་སྲིད་གུ་ཡངས་ཀྱི་སྲིད་བྱུས་ལག་ལེན་དུ་མ་བསྟར་བར་བསྡད་མི་ཐུབ་པའི་བསམ་བློ་ཞིག་ང་ཚོ་ལའང་བྱུང་མྱོང་། དེ་ཡང་རྒྱ་ནག་ལ་ཁྲོམ་རྭའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་ཡོང་བ་དང་གཅིག  རྒྱ་ནག་དེ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཚོགས་མིིའི་ནང་འཛུལ་བ་དང་གཉིས། ཧོང་ཀོང་རྒྱ་ནག་ཏུ་ལོག་པ་དང་གསུམ། མ་ཀའོ་རྒྱ་ནག་ཏུ་ལོག་པ་བཅས་བཞི་པོས་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་ཡོང་བའི་རྒྱུ་རྐྱེན་བྱེད་ཀྱི་རེད་བསམ་པ་དྲན་མྱོང་རུང་། དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་ཆ་ཚང་ལག་ལེན་དུ་བསྟར་ནས་ཁྲོམ་རྭའི་རིང་ལུགས་སྡུག་ཤོས་བར་དུ་འགྲོ་ཐུབ་ཀྱང་། དེའི་དབང་གིས་ཆབ་སྲིད་ཀྱི་གུ་ཡངས་གང་ཡང་མ་བྱུང་བ་རེད། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནི་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་དང་མི་འདྲ་བར། རྒྱལ་ཁབ་སོ་སོའི་གཞུང་ཕན་ཚུན་འབྲེལ་བའི་ཐོག་ནས་བཙུགས་པར་བརྟེན། ཕྲན་བུའི་ནུས་པ་ཆེ་བ་ཡོད་དགོས་པ་ལྟ་བུ་ཞིག་ཡོད་ཀྱང། དེ་ལྟ་བུའི་ནུས་པ་ཐོན་ཐུབ་མེད།

རྒྱལ་མང་མཉམ་འབྲེལ་ཚོང་སྡེ་ཁག་ (Multinational Companies) ནི་སྔོན་མ་རྒྱལ་ཁབ་སོ་སོའི་ནང་ཚོང་དོན་གྱི་སྒྲིག་འཛུགས་རྣམས་རྒྱལ་ཁབ་དེའི་ནང་མ་གཏོགས་རྒྱལ་ཁབ་མང་པོ་ཞིག་ཕན་ཚུན་ཚོང་དོན་སྒྲིག་འཛུགས་བཟོ་མི་ཆོག  དེ་ནས་གུ་ཡངས་སྲིད་བྱུས་ལག་བསྟར་རྗེས་རྒྱལ་མང་མཉམ་འབྲེལ་ཚོང་སྡེ་ཁག་ (Multinational Companies) བཟོ་ཆོག་པའི་གནས་སྟངས་བྱུང་བ་རེད། དཔེར་ན་དེ་འདྲ་བའི་རྒྱ་གར་གྱི་ཚོགས་པ་ཞིག་ཡོད་ན། ཚོགས་པ་དེའི་ཡན་ལག་ཡོད་པའི་རྒྱལ་ཁབ་གང་དུའང་མ་འཛུགས་དང་ཚོང་བརྒྱབ་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་གཞན་ནས་ཤས་བདག་ཚོས་ཚུར་རྒྱ་གར་ནང་ལས་ཀ་བྱེད་རྒྱུ། དེ་ནས་རྒྱལ་ཁབ་གསུམ་བཞི་སོགས་ག་ཚོད་ནང་དུ་ཡོད་ནའང་དེ་གཞིར་བཟུང་འགྲོ་རྒྱུ། དེ་རྗེས་ཁོང་ཚོས་ཚོང་གི་གནས་སྟངས་གལ་ཆེ་བ་གཅིག་གཉིས་བདག་པོ་བརྒྱབས་ཏེ་དེའི་ཐོག་ནས་གཞན་ཚང་མ་ལ་བཏང་འཛིན་ནམ་དབང་དུ་བསྡུ་རྒྱུའི་འགྲོ་སྟངས་ཤིག་ཡོད་རེད། རྒྱལ་མང་མཉམ་འབྲེལ་ཚོང་སྡེ་ཁག་དེ་ཐོག་མར་དངོས་སུ་མགོ་ཚུགས་རྒྱུ་ནི་ཕྱི་ལོ་ ༡༩༥༠ རྗེས་ལ་བྱུང་བ་ཤ་སྟག་རེད། ཕྱི་ལོ་ ༡༩༥༠ ནང་ཨ་རི་ནས་ཡུ་ཀེ་ (UK) ལ་མ་འཛུགས་ཆེན་པོ་བྱས་པ་དང་། དེ་བཞིན་ཉི་ཧོང་གིས་ཡུ་ཀེ་ (UK) ལ་མ་འཛུགས་ཆེན་པོ་བྱས་པ་ལས་རིམ་པས་གང་སར་བྱུང་བ་ཞིག་རེད། ཁོང་ཚོས་ཇི་ལྟར་བྱེད་མིན་དཔེ་མཚོན་ཞིག་ཞུ་ན། རྒྱ་གར་ནང་མོན་སན་ཊོ་ (Monsanto) ཞེས་པའི་རྒྱལ་མང་ཚོང་སྡེ་ (Multinational Company) ཞིག་ཡོད། དེས་གཙོ་ཆེ་བ་སོ་ནམ་གྱི་ལས་དོན་ཐོག་ལས་ཀ་བྱེད་ཅིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་མཚོན་ཆའི་བཟོ་གྲྭ་མང་པོ་རྫས་ལུད་ཀྱི་བཟོ་གྲྭར་བསྒྱུར་ཏེ་རྫས་ལུད་མང་པོ་ཐོན་སྐྱེད་བྱེད་མགོ་ཚུགས་པར་གྱུར། རྗེས་སུ་རྒྱ་གར་ནང་མོན་སན་ཊོའི་ལག་པར་རྫས་ལུད་དང་། འབུ་དུག  སོན་བཅས་གསུམ་ག་སླེབས་པ་རེད། གལ་ཏེ་རྫས་ལུད་ཅིག་ཉོ་དགོས་ན་ཚོང་སྡེ་དེའམ་དེའི་སྐུ་ཚབ་གང་རུང་ནས་མ་གཏོགས་ཡོང་ས་མེད། གང་ལྟར་དེའི་ལག་འཁྱེར་ཡོད་མཁན་ཚོང་སྡེ་གཅིག་རང་རེད། རྫས་ལུད་དེ་རྒྱག་སྐབས་འབུ་རང་བཞིན་གྱིས་ཡོང་ཞིང་། རྫས་ལུད་དེ་གའི་ནང་འབུ་ཡོང་བའི་རྒྱུ་ཆ་དེ་བཟོས་ཡོད། དེར་བརྟེན་འབུ་དུག་མ་ཉོས་པར་རྫས་ལུད་རྐྱང་པ་བརྒྱབས་ནས་སོ་ནམ་དེ་ཡོང་མི་ཐུབ། རྫས་ལུད་དང་འབུ་དུག་གིས་ས་ཞིང་ཉམས་པ་རེད། དཔེར་ན་རྫས་ལུད་ལ་མཚོན་ན། འདི་ལོ་ཀི་ལོ་ (Kilo) གཅིག་གིས་འགྲིགས་སར་རྗེས་ལོར་ཀི་ལོ་གཅིག་དང་ག་རམ་ ༢༥༠ ཙམ་བརྒྱབ་དགོས་པ་དང་། དེའི་རྗེས་ལོར་ཀི་ལོ་གཅིག་དང་ཕྱེད་བརྒྱབ་དགོས་པ་སོགས་ས་བཅུད་ཉམས་པ་བཞིན་རྫས་ལུད་ཀྱང་སྤར་དགོས་ཀྱི་ཡོད། དེ་ནི་རྫས་ལུད་ཀྱི་སྦྱོར་བའི་ནང་ཚད་གཞི་བྱས་ནས་བཟོས་ཡོད། དེ་དང་ཆབས་ཅིག་ཏུ་ཁོང་ཚོ་ནས་ཉོས་པའི་སོན་དེ་བཏབ་ན་མ་གཏོགས། སོན་གཞན་པ་དང་ཁོང་ཚོས་བཟོས་པའི་རྫས་ལུད་དང་འབུ་དུག་ཕན་ཚུན་འཕྲོད་ཐབས་མེད་པ་བཟོས་ཡོད། དེ་བཞིན་སོན་དེ་དག་ཀྱང་རིགས་རྒྱུན་ལ་བཅོས་བསྒྱུར་ (Genetically modified) བཏང་བར་བརྟེན། དེ་ནི་རིགས་ཆད་ཀྱི་སོན་རེད། སོན་དེ་བཏབ་ན་སྟོན་ཐོག་ཐེངས་གཅིག་བླང་རྒྱུ་ལས། སྟོན་ཐོག་དེ་ནས་བྱུང་བ་དེ་སོན་ལ་བེད་སྤྱོད་གཏོང་ཐབས་མེད། གང་ལྟར་དེ་ལ་སྐྱེ་རྒྱུ་མེད། དེ་ལ་ཕན་ཡོན་ཧ་ཅང་མང་པོ་བཤད་ཅིང་། དེ་ལས་སྟོན་ཐོག་སླ་པོའི་ཐོག་ནས་ཡོང་བ་དང་། མང་པོ་ཡོང་ཚུལ་བཤད། དཔེར་ན་གྲོ་ལ་མཚོན་ན། སྔོན་མ་སྲོལ་རྒྱུན་གྱི་གྲོ་དེ་བོངས་ཚད་ཆེ་བ་ཡོད་སྟབས། བདག་གཅེས་དཀའ་བ་དང་། ཆར་རླུང་དྲག་པོས་ཉལ་བའི་ཉེན་ཁ་ཡོད་ཚུལ་དང་། ད་ལྟ་ཁོང་ཚོས་བཟོས་པའི་སོན་ནི་ཕི་ཊི་ (Feet) གཅིག་ཙམ་ཡོད་སྟབས་བོངས་ཚོད་ཆུང་བ་དང་འབྲས་བུ་མགྱོགས་པོ་སྨིན་ཚུལ་བཤད། དེར་བརྟེན་རྒྱ་གར་ནང་རིགས་མ་འདྲེས་པའི་སོན་ཧ་ལམ་རག་རྒྱུ་མེད་པ་ཆགས་པ་ཡིན་སྟབས། ནབ་དྷནྱཱ་ (Navdanya) དང་བཱིཇ་བིདྱཱཔཱིཋ་ (Beej Vidyapeeth) སོགས་སུ་ཧ་ཅང་དཀའ་ལས་བརྒྱབས་ཏེ་སོན་བདག་ཉར་བྱེད་པ་མ་ཟད། གཞན་ལའང་ལམ་སྟོན་དང་སློབ་སྟོན་གནང་གི་ཡོད། འོན་ཀྱང་དེ་ལའང་འགལ་རྐྱེན་མང་པོ་བྱུང་ཞིང་། གང་ལགས་ཤེ་ན། དེ་དག་ནི་རྒྱལ་མང་ཚོང་སྡེ་ (Multinational company) དེ་ཚོའི་དབང་ཤུགས་དང་ཁྱབ་ཁོངས་ཀྱི་ཕྱི་ལ་འགྲོ་བ་རེད། དེ་ནི་སོ་ནམ་གྱི་ལས་དོན་ཐོག་ཏུ་དཔེ་མཚན་ཙམ་རེད། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོའི་ཐོག་ཏུ་རྒྱལ་མང་ཚོང་སྡེ་དེ་ཚོའི་འགྲོ་སྟངས་དེ་འདྲ་རེད།

མདོར་ན། གོ་ལ་གཅིག་སྒྱུར་རིང་ལུགས་ཟེར་བ་དེས་དཔལ་འབྱོར་དང་། ཆབ་སྲིད། ལེགས་བྱང་། ཁོར་ཡུག་སོགས་མང་པོའི་ཐོག་ཏུ་མཉམ་རུབ་བྱེད་ཀྱི་ཡོད་ཚུལ་བཤད་ཀྱང་། དོན་དུ་སོ་སོའི་ཐོན་སྐྱེད་ཀྱི་ཁྲོམ་རྭ་དེ་རྒྱ་བསྐྱེད་གཏོང་རྒྱུ་ཡིན་པ་དེ་མངོན་གསལ་དོད་པོ་རེད། དེ་ལ་བརྟེན་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་ཡར་རྒྱས་ཀྱི་འཆར་གཞིའི་ལས་དོན་ལག་བསྟར་སྐབས་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་གཉིས་ཀྱི་ཐོག་ནས་ལམ་སྟོན་བཏང་འཛིན་དང་། མ་འོངས་པར་ཁེ་ཕན་གང་དུ་འགྲོ་མིན་བལྟ་རྒྱུ་མ་ཟད། གཞུང་དེ་ཚོའི་སྲིད་བྱུས་འཛིན་སྟངས་ཐོག་ཏུའང་ཧ་ཅང་གནོན་ཤུགས་སྤྲད་རྒྱུའི་ལམ་ཡང་ཆགས་ཡོད། དེ་བཞིན་རྒྱལ་མང་ཚོང་སྡེ་དེ་ཚོས་ཚོང་ལས་མང་ཆེ་བའི་ཐོག་གཅིག་སྡུད་དབང་འཛིན་བྱེད་རྒྱུའི་ལམ་དེ་གསལ་པོ་ཡོད་པ་དང་། དེ་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་དེས་ཕྱི་འཚོང་ནང་འདྲེན་ཚང་མའི་ཐོག་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ཚད་གཞི་དང་བཏང་འཛིན་བྱེད་ཅིང་། ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་ལ་ཆབ་སྲིད་ཀྱི་རང་དབང་ཡོད་ནའང་གཞན་གྱི་དཔལ་འབྱོར་གྱི་དབང་འོག་ཏུ་ཚུད་ཡོད། དེའི་སྐོར་ཨ་རིའི་མཁས་པ་ཌེ་བིཌ་ཀོར་ཊེན་ (David Korten) གྱིས་ཕྱི་ལོ་ ༡༩༩༥ ནང་ When Corporations Rule the World ཞེས་པའི་དེབ་གྲགས་ཅན་ཞིག་བྲིས་ཡོད། དེའི་ནང་མ་འོངས་ལུང་བསྟན་ལྟ་བུ་མང་པོ་གནང་ཡོད་པ་ནས་ད་ལྟ་མང་ཆེ་བ་དངོས་སུ་བྱུང་ཡོད། གང་ལྟར་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་སྲིད་གཞུང་རྣམས་ཀྱི་རྒྱབ་ཏུ་སྲང་ཐག་འཐེན་མཁན་ནི་འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ། འཛམ་གླིང་ཚོང་དོན་སྒྲིག་འཛུགས། རྒྱལ་མང་ཚོང་སྡེ་ཁག་བཅས་ཡིན་ཞིང་། དེ་ཚོ་བཞིའི་ལག་ཏུ་རྒྱལ་ཁབ་ཚང་མའི་སྲིད་བྱུས་ཀྱི་སྲང་ཐག་དེ་ཡོད་རེད། དེ་བཞིན་རྒྱལ་ཁབ་ཀྱི་ཉོ་འཚོང་ཤུགས་ཆེན་པོའི་ཐོག་ལའང་ཧ་ཅང་ཐེ་བྱུས་བྱེད་ཅིང་། དཔེར་ན་དམག་གི་ཡོ་བྱད་ལ་སོགས་པ་རྒྱལ་ཁབ་སོ་སོའི་གཞུང་གིས་ཉོ་འཚོང་བྱེད་རྒྱུ་དེ་དག་གི་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད། དཔེར་ན་རྒྱ་གར་ལ་མཚོན་ན། བོ་ཕོར་ས་མེ་སྒྱོགས་ (Bofors Gun) ཀྱི་ཉོ་འཚོང་ཐོག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་། དེ་བཞིན་ཐད་འཕུར་གནམ་གྲུ་དང་། གནམ་གྲུ  དམག་གི་གྲུ་གཟིངས་སོགས་ཀྱི་ཉོ་འཚོང་ལ་རྟག་ཏུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་ཡོང་མུས་དང། སྐབས་དེའི་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་དེ་དངུལ་ཕྲན་བུ་ཞིག་མིན་ཞིང་། ཧིན་སྒོར་དུང་ཕྱུར་མང་པོའི་སྐད་ཆ་རེད། དེ་ཚོ་ལས་སླ་པོས་ཡོང་བ་དང་། ཡོང་དུ་བཅུག་པ། ཡོང་དགོས་པ་རྣམས་གང་དུ་ཐུག་གི་ཡོད་ཅེ་ན། ད་ལྟའི་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་འོག་འགྲོ་གི་ཡོད་པ་ལ་ཐུག་ཡོད། གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་སྐོར་ལ་མདོ་ཙམ་ཞུས་པ་ཡིན། དེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་ཀྱང་། ང་ཚོ་ཁྱད་ལས་པ་མིན་སྟབས་དགོས་མཁོའང་མེད། གལ་ཏེ་མཁྱེན་འདོད་ཡོད་ན་གཟིགས་ས་ནི་མང་པོ་ཡོད་རེད། ད་རིང་དྲི་བ་དྲིས་ལན་གྱི་དུས་ཚོད་ལྷག་མ་སོང་། དགོངས་དག་ཞུ་རྒྱུ་དང་། དེ་ནས་འདིར་མཚམས་འཇོག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།། །།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་གསུང་བཤད་ཁག་བཞི་གནང་བ་ལས་གཉིས་པ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་སྤྱི་ཡོངས་ལ་དགེ་སྐྱོན་གྱི་སྐོར་ཡིན།)