༈ གནས་མཇལ་བའི་དགོས་པ་དང་དེའི་ཕན་ཡོན།

༄༅།།  སྔོན་མ་སློབ་ཕྲུག་ཚོ་ཉིན་མང་པོ་དང་ཐག་རིང་པོར་ཤེས་རིག་ལྟ་སྐོར་དུ་ཕྱིན་པ་རེད། འདི་ལོ་ཤེས་རིག་ལྟ་སྐོར་ལ་མ་གཏང་ན་ཞེས་སྐད་ཆ་བྱུང་བ་རེད། གང་ལགས་ཤེ་ན། ཤེས་རིག་ལྟ་སྐོར་དང་གཟབ་སྦྱོང་གཉིས་ཀ་ལོ་མང་པོ་མུ་མཐུད་དེ་སོང་བ་ཡིན་ཙང་། འཆར་ཅན་བྱས་པ་དེ་ལས་སློབ་ཕྲུག་ཚོ་ལ་སློབ་སྦྱོང་དང་བློ་བསྐྱེད་གསར་པ་མི་འདྲ་བ་རག་རྒྱུ་མེད་པ་ཞིག་ཆགས་འདུག  སྤྱིར་བཏང་བོད་པའི་གཤིས་ཀ་ལ་ལོ་གཅིག་གཉིས་ལས་ཀ་གང་བྱས་པ་དེ་འཆར་ཅན་འགྲོ་རྒྱུ་མ་གཏོགས། དེ་ལ་འགྱུར་བ་དང་གསར་གཏོད་ཀྱི་རྣམ་པ་དགོས་པ་དེ་མི་བྱེད་པ་ལྟ་བུ་ཡོད། དེ་ནི་འགྲིགས་ཀྱི་མི་འདུག་ཅེས་སྔོན་མ་ནས་བཤད་པ་རེད། སློབ་གྲྭའི་སློབ་ཚན་དང་འཛིན་གྲྭ་ཚོགས་སྟངས་ལྟ་བུ་ཡིན་ན་ལས་སླ་པོས་འགྱུར་བ་གཏོང་རྒྱུ་མེད། གལ་ཏེ་འགྱུར་བ་གཏོང་དགོས་ན་ལོ་གཅིག་གཉིས་སྔོན་ནས་སྔོན་བརྡ་སྤྲད་ནས་གཏོང་དགོས། གལ་ཏེ་སློབ་ཚན་འཆར་གཞི་དང་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ལ་ཉིན་རེར་འགྱུར་བ་བཏང་ན་དགེ་མཚན་ཆེན་པོ་མེད། ལར་ནས་དེའི་འགྲོ་སྟངས་ཀྱང་ཐ་དད་རེད། ནམ་རྒྱུན་སློབ་ཚན་ལས་གཞན་པའི་རྩེད་མོ་དང་ཤེས་རིག་གི་ལས་དོན་གཞན་རྣམས་ལོ་རེར་གསར་པ་བྱུང་ན་གསར་གཏོད་ཀྱི་རྣམ་པ་དེས་སློབ་ཕྲུག་གི་བསམ་བློའི་ནང་ཚོར་བ་མི་འདྲ་བ་སླེབས་རྒྱུ་དང་། ཉམས་མྱོང་ཡིན་ནའང་གསར་པ་སླེབས་རྒྱུ་ཞིག་ཡོད། ལར་ནས་བསམ་བློའི་ནང་ལ་ག་རེ་གསར་པ་བྱེད་རྒྱུ་འདུག་དེའི་ཕྱོགས་སུ་བསམ་བློ་གཏོང་རྒྱུའི་སྐུལ་མ་སླེབས་ཀྱི་ཡོད་རེད། དེས་ན་སློབ་ཚན་ལས་གཞན་པའི་ལས་རིགས་རྣམས་མི་འདྲ་བ་བྱུང་ན་ཡག་པོ་ཡོད་པ་དང། མི་འདྲ་བ་བྱེད་སླ་པོ། ལོ་རེར་འགྱུར་བ་གཏོང་སླ་པོ་ཡོད་རེད། ཡིན་ནའང་ཝཱ་ཎ་མཐོ་སློབ་སློབ་ཕྲུག་བདེ་དོན་ལྷན་ཚོགས་རིམ་བྱོན་གྱིས་འགན་འཁྱེར་བའི་ལས་དོན་རྣམས་ལས་སླ་པོའི་ཐོག་ནས་བྱེད་རྒྱུའི་སྲོལ་རྒྱུན་དང་འཆར་ཅན་ཞིག་ཆགས་འགྲོ་གི་འདུག དཔེར་ན། ལོ་སྔོན་མ་དེ་ལྟར་བྱས་པ་རེད། འདི་ལོའང་དེ་ལྟར་བྱེད་དགོས་ཞེས་པ་ལྟ་བུ་རེད། དེར་བརྟེན་འདི་ལོ་གསར་གཏོད་ཀྱི་རྣམ་པ་བྱེད་རྒྱུའི་སྐོར་སྐད་ཆ་མང་པོ་བྱས་ཀྱང་། གསར་གཏོད་ཀྱི་རྣམ་པ་ཆེན་པོ་ཡོད་པའི་ལས་རིགས་གསར་པ་ཞིག་ང་ཚོའི་བསམ་བློའི་ནང་འཁོར་མེད་ལ། གྲྭ་ཡང་འགྲིག་མེད། གང་ལྟར་ཤེས་རིག་ལྟ་སྐོར་ཞིག་འགྲོ་གི་ཡོད་ཙང། དེའི་ས་བཅད་མ་སྟོང་པ་དང་། འགྲོ་སྟངས་ཀྱང་ནམ་རྒྱུན་དང་མི་འདྲ་བ་བྱེད་ན་ཞེས་མཐའ་མ་དེའི་ཐོག་བབས་པ་རེད།

དེས་ན་འདི་ལོ་འགྲོ་ཡུལ་དེ་ཐག་ཉེ་བའི་གནས་ཆེན་ཁག་ཏུ་འགྲོ་རྒྱུ་དང་། འགྲོ་སྟངས་ཀྱང་ཤེས་རིག་ལྟ་སྐོར་ཡིན་པ་ལ་སློབ་གཉེར་བ་མང་ཆེ་བ་ནང་པ་ཡིན་ཙང་གནས་མཇལ་དང་སྦྲགས་ནས་འགྲོ་རྒྱུ་བྱུང་ན་གཅིག་གོ་གཉིས་ཆོད་ཆགས་རྒྱུ་རེད་ཅེས་བཀའ་མོལ་བྱུང་བ་རེད། ལར་ནས་བོད་པས་གནས་མཇལ་དུ་མང་པོ་བསྐྱོད་ཀྱང་དེའི་དོན་གྱི་ཐོག་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད་ལ། བར་ལམ་གནས་མཇལ་ཞེས་པ་དེ་གང་ཡིན་སྐོར་ལ་ཕལ་ཆེར་བགྲོ་གླེང་བྱེད་མཁན་ཙམ་ཡང་མེད་པར། ཚང་མས་ཡིན་ཤག་གིས་འགྲོ་བསྡད་པ་མ་གཏོགས། གནས་མཇལ་དུ་འགྲོ་བའི་དགོས་པ་དང་དེའི་ཕན་ཡོན། ཇི་ལྟར་འགྲོ་དགོས་པ། གང་དུ་འགྲོ་དགོས་པ་སོགས་ཀྱི་སྐོར་ལ་ཕྲན་བུ་བགྲོ་གླེང་བྱུང་ན་མ་འོངས་པར་སློབ་ཕྲུག་ཚོས་དེ་ཚོ་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་ཡོང་སྲིད་ལ། དེ་ནས་འཆར་ཅན་གྱིས་འགྲོ་བ་མིན་པར། དགོས་པ་དང་རྒྱུ་མཚན་འདི་འདྲ་ཐོག་ནས་འགྲོ་བ་དང་། འགྲོ་དུས་འདི་ལྟར་བྱེད་དགོས་སྙམ་པ་བྱུང་ན་ཕན་ཐོགས་ཡོང་རྒྱུ་རེད་ཅེས་ད་རེས་བང་སྒྲིག་སྟངས་དེ་ལྟར་རེད། ཡིན་ནའང་ཁྱེད་རང་ཚོ་ལམ་འགྲོ་ཡོད་པ་ཞིག་རེེད་མི་འདུག  ག་དུས་ཡིན་ནའང་གྲྭ་མ་འགྲིག་པ་ཤ་སྟག་གིས་ཚེས་གྲངས་གཏན་འཁེལ་ཁག་པོ་བྱུང་། ཐོག་མ་ནས་ཁྱེད་ཚོས་ངའི་དུས་ཚོད་ལ་བསྟུན་ཆེད་ཨུ་ཚུགས་བརྒྱབས་པར་བརྟེན། ང་ནི་དུས་ཚོད་ངེས་པ་མེད་པའི་མི་ཞིག་རེད། གློ་བུར་དུ་ཡང་ཡང་ཕར་ཚུར་འགྲོ་དགོས་ཆགས་པར་བརྟེན། སྔོན་མ་འཆར་གཞི་བསྒྲིགས་པ་བཞིན་མ་བསྡད་པ་རེད། ད་རེས་ཉིན་གཉིས་རིང་གི་གཟབ་སྦྱོང་ཆེད་ང་ཁ་སང་མ་གཏོགས་འབྱོར་མ་ཐུབ་པར་བརྟེན། སྔ་ས་ནས་སློབ་ཚན་གྲྭ་སྒྲིག་སོགས་བྱེད་རྒྱུ་བྱུང་མེད་ཙང་། ཁ་ཤས་དྲན་པ་ཡོང་སྲིད། ཁ་ཤས་མི་དྲན་པའང་ཡོང་སྲིད། དེས་ན་གང་དྲན་དྲན་དེ་ཞུ་རྒྱུ་རེད།

ཁྱེེད་ཚོ་འདི་ནས་མ་འགྲོ་གོང་ཚང་མ་མཉམ་རུབ་ཐོག་ནས་ཉམས་ཞིབ་ཀྱི་ལས་དོན་ཞིག་བརྩམ་ཐུབ་ན་ཡག་པོ་ཡོང་བ་འདུག་ཅེས་པ་དེ་གཟབ་སྦྱོང་གི་ཆ་ཤས་གཉིས་པ་དེ་རེད། དེའི་དོན་དུ་རྒྱ་གར་གྱི་གནས་ཆེན་ཁག་གི་སྐོར་ལ་གནས་ཚུལ་མང་པོ་འཐོན་རྒྱུ་དང་། དེ་མིན་སྒྲུང་དང་ལོ་རྒྱུས་ཡོད་པའི་དཔེ་ཆ་ཞིག་བྱུང་ན་བསམས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་འདུལ་བ་ལུང་སྡེ་བཞི་ཡོངས་རྫོགས་ནས་བཏུས་པའི་འདུལ་བ་གླེང་འབུམ་ཆེན་མོའི་ནང་འདུལ་བ་དང་འབྲེལ་བའི་གླེང་གཞི་ཡོངས་རྫོགས་ཡོད་ཙང་སྒྲུང་ཧ་ཅང་མང་པོ་ཡོད། གླེང་གཞི་དེ་ཚོའི་ནང་དུའང་གླེང་གཞི་རྐྱང་པ་མིན་པར་མང་ཆེ་བར་གླེང་གཞི་དང་བྱུང་བ་ཞེས་གཉིས་ཡོང་གི་ཡོད། བྱུང་བ་དེ་ཚོ་ནི་མང་ཆེ་བ་སྒྲུང་ལྟ་བུ་ཤ་སྟག་རེད། ཁ་ཤས་ནི་ཧ་ཅང་སྙན་པོ་ཡོད། དེའི་ནང་ཕྱོགས་གཅིག་ནས་གནས་ཆེན་ཁག་གི་ནང་སངས་རྒྱས་ཀྱི་མཛད་པ་གང་དང་གང་བྱུང་བ་རྣམས་གསལ་བས་དེ་ཚོ་རུག་རུག་བཟོ་རྒྱུ་དང་། དེ་མིན་རྒྱ་གར་གྱི་ཡུལ་གྱི་མིང་དང་གང་ཟག་མིང་སོགས་དེང་སང་ང་ཚོས་མ་ཤེས་པ་མང་པོ་དེའི་ནང་གསལ་བས་དེ་ཚོ་རུག་རུག་བཟོ་རྒྱུ། དེ་བཞིན་དུད་འགྲོ་དང་འབྲེལ་བའི་སྒྲུང་དང་། མིའི་སྤྱི་ཚོགས་དང་འབྲེལ་བའི་སྒྲུང་ངོ་མཚར་ཅན་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་རུག་རུག་བཟོ་རྒྱུ་བཅས་ཡིན། སྤྱིར་བཏང་སྒྲུང་དེ་ཚོ་ཕལ་ཆེ་བ་རྒྱ་གར་ནང་ཡོད་པའི་སྔོན་རབས་ཀྱི་སྒྲུང་དང་གཅིག་པ་རེད། རྒྱ་གར་ནང་སྔོན་མའི་སྒྲུང་དེ་ཚོ་ཕར་ཚུར་འབྲེལ་བ་མང་པོ་རེད། སྒྲུང་དང་ལེགས་བཤད་གཉིས་ལ་འདི་ནང་པའི་རེད་འདི་ཕྱི་པའི་རེད་ཅེས་ཏག་ཏག་ཅིག་དབྱེ་བ་ཆོད་ཁག་པོ་རེད། གང་ལྟར་ནང་པའི་སྒྲུང་རྣམས་ཕྱི་པའི་ནང་གསལ་བ་དང་། ཕྱི་པའི་སྒྲུང་རྣམས་ནང་པའི་ནང་གསལ་བ་མང་པོ་རེད། སྤྱིར་སྒྲུང་ཞེས་པ་ནི་མཚོན་དོན་ཙམ་རེད། དེས་ན་ངེས་པར་དུ་འདི་ནང་པའི་སྒྲུང་རེད། འདི་ཕྱི་པའི་སྒྲུང་རེད་ཅེས་དབྱེ་བ་ཕྱེ་དགོས་པ་གང་ཡང་མེད། དེས་ན་རྒྱ་གར་གྱི་སྔོན་རབས་ཀྱི་སྒྲུང་མང་པོ་འདུལ་བ་ལུང་སྡེ་བཞིའི་ནང་ཡོང་བ་དེ་ཚོ་གླེང་འབུམ་ཆེན་མོའི་ནང་ཕྱོགས་བསྡུས་ཡོད་པ་རྣམས་ཀྱང་ཟུར་བཏོན་ཐུབ་ན་སྙམ་པ་རེད། དེ་ལ་ང་ཚོས་དགོས་པ་ཁ་ཤས་མཐོང་བ་རེད།

དེའི་ནང་ཡོད་པའི་སྒྲུང་སྙན་པོ་དེ་ཚོ་རུག་རུག་བཟོས་ཏེ་ཚིག་བརྗོད་ལ་ཕྲན་བུ་འགྱུར་བ་བཏང་ནས་དེང་སང་ཕྲུ་གུ་ཆུང་ཆུང་གིས་གོ་ཐུབ་པའི་སྒྲུང་དེབ་བཟོ་ཐུབ་ན་ཕན་ཐོགས་ཡོང་རྒྱུ་རེད། གང་ལགས་ཤེ་ན། བོད་པའི་སྤྱི་ཚོགས་ནང་བོད་སྐད་ཐོག་ཕྲུག་གུ་ཆུང་ཆུང་གིས་བཀླག་རྒྱུའི་སྒྲུང་དེབ་ཧ་ཅང་དཀོོན་པོ་རེད། གལ་ཏེ་ཡོད་ཀྱང་མང་ཆེ་བ་བོད་དེ་རྒྱ་མིའི་དབང་བསྒྱུར་འོག་ཏུ་ཡོད་པའི་སྐབས་སུ་བཟོས་པའི་རྒྱ་མིའི་སྒྲུང་དེབ་དང་། དེ་བཞིན་དངོས་སུ་རྒྱ་མིའི་སྒྲུང་མིན་ནའང་སྒྲུང་འབྲི་སྟངས་རྣམས་རྒྱ་མིའི་བསམ་ཚུལ་ཐོག་ནས་བྲིས་པ་ཞིག་རེད། ལེགས་བྱང་དང་རིག་གཞུང་ཐོག་ལ་གཉའ་གནོན་ཡོང་སྟངས་དེ་འདྲ་རེད། དེང་སང་ང་ཚོའི་བོད་ཀྱི་གླུ་དང་གཞས་གསར་པ་རྣམས་ལ་རྒྱ་མིའི་གདངས་ཀྱི་ཤུགས་གནོན་ཆེན་པོ་སླེབས་འདུག  དཔེར་ན་ཁ་སང་མཚན་མོ་ཕྱི་རྒྱལ་བའི་སློབ་གྲྭ་བ་ཚོ་དང་མཉམ་དུ་གསོལ་ཚིགས་སྐབས་སུ་ང་ཚོའི་སློབ་ཕྲུག་ཁ་ཤས་ཀྱིས་བོད་གཞས་བཏང་སོང། དེའི་ནང་ཁམས་གཞས་གཅིག་མ་གཏོགས་གཞས་གཞན་ཚང་མ་རྒྱ་མིའི་གདངས་རེད་འདུག  ཁྱེད་ཚོས་རྒྱ་མིའི་གདངས་དེ་སྔོན་མ་ནས་གོ་མ་མྱོང་བ་ཡིན་ཙང་། ཚིག་དེ་བོད་སྐད་ཡིན་དུས་བོད་པའི་གཞས་ཡིན་ཤག་བྱས་པ་མ་གཏོགས། དོ་སྣང་དེ་ཙམ་ཡོང་གི་མེད། ང་ཚོ་སྔོན་མ་རྒྱ་མིའི་གདངས་གོ་མྱོང་བ་ཚོས་རྒྱ་མིའི་ཁྲའོ་ཤན་འཁྲབ་པའི་སྐབས་སུ་གཏོང་བའི་གདངས་དང་། དེ་བཞིན་རླུང་འཕྲིན་སོགས་སུ་གཏོང་བའི་གདངས་དེ་རང་བཞིན་གྱིས་ཚང་མ་ལ་གཅིག་གྱུར་ཞིག་ཡོད་ཙང་རྟོགས་སླ་བ་ཡོད། རྒྱ་མིའི་གཞས་ཚང་མ་གཅིག་པ་རེད་ཅེས་ལབ་ཀྱི་མེད་ཀྱང་། དེའི་ནང་ནས་འདི་རྒྱ་མིའི་གདངས་རེད་འདུག་ཅེས་ལམ་སེང་ཤེས་རྒྱུ་ཞིག་ཡོད་རེད། རྒྱ་གར་གྱི་བསྟན་བཅོས་ཀྱི་གཞས་ཚིག་གི་གདངས་ཡིན་ན་ཐག་རིང་ནས་གོ་བ་ཙམ་གྱིས་ཤེས་རྟོགས་ཐུབ་པ་བཞིན་བོད་པའི་གླུ་དང་གཞས་དང་བྲོ་ལའང་ཐུན་མོང་མ་ཡིན་པ་ཞིག་ཡོད་རེད། ལྷག་པར་དུ་བོད་པའི་རྣམ་ཐར་ཞེས་པ་དེ་བོད་པས་མ་གཏོགས་མི་གཞན་གྱིས་ལད་ཟློས་བྱས་ནས་ཧ་ལམ་གཏོང་མི་ཐུབ་པ་ཞིག་ཡོད། ཡིན་ནའང་དེང་སང་བོད་ཀྱི་གཞས་སྣའི་རིགས་མང་ཆེ་བར་རྒྱ་མིའི་གདངས་དེ་རང་ཤུགས་ཀྱིས་སླེེབས་རྒྱུ་ཞིག་ཆགས་འདུག  དེ་ནི་རིག་གནས་གསར་བརྗེ་སོགས་ཀྱི་རྗེས་སུ་བྱུང་བ་རྐྱང་རྐྱང་ཞིག་ཀྱང་མ་རེད། རྒྱ་མིས་བོད་ལ་དབང་སྒྱུར་བྱས་པ་ནས་ཤུགས་མ་ཐུབ་ཀྱིས་སླེབས་པ་ཡིན་ཙང་། ང་ཚོ་རྒྱ་གར་དུ་འབྱོར་ནས་ ༡༩༥༩།༡༩༦༠ ལོར་ཟློས་གར་ཚོགས་པ་དང་པོ་གུང་ཐང་ཚུལ་ཁྲིམས་སོགས་ཀྱིས་ཨ་མདོ་ཟློས་གར་ཚོགས་པ་ཞེས་པ་དེ་བཙུགས་པའི་སྐབས་སུ་རྒྱ་མི་དང་རྒྱ་མིའི་རིག་གཞུང་གི་ཤུགས་གནོན་ལ་མི་དགའ་བ་ཤུགས་ཆེན་པོ་རེད། གལ་ཏེ་རྒྱ་མིའི་གདངས་ཤིག་དེའི་ནང་འདྲེས་ན་རྩ་བ་ནས་མི་དགའ་བ་ཞིག་ཡོད་ཀྱང་། སྣང་མེད་ལ་སྐྱོ་གླུ་སོགས་མང་པོ་ཞིག་གི་ཚིག་དེ་མ་གོ་བར་གདངས་དེ་ཐག་རིང་པོ་ནས་ཉན་ན་རྒྱ་མིའི་གདངས་དེ་དུས་ནས་འདྲེས་ཡོད། དེ་ནི་ཕྱི་ལོ་ ༡༩༥༡ ལོར་བོད་དེ་རྒྱ་མིས་བཙན་འོག་ཏུ་མ་ཕྱིན་པའི་ལོ་མང་པོའི་སྔོན་ནས་རྒྱ་ནག་གི་ས་མཚམས་སུ་ཡོད་པའི་ཨ་མདོ་དང་རྒྱལ་རོང་སོགས་རྒྱ་མི་དང་ཧ་ཅང་འབྲེལ་བ་ཆེན་པོ་དང་ཐག་ཉེ་པོ་དང་། དེ་བཞིན་རྟག་ཏུ་ཕན་ཚུན་ཐུག་པ་དང་གོ་བ། སྐད་དེ་ཚོའང་ཕར་ཤན་ཚུར་ཤན་ཆགས་ཡོད་པར་བརྟེན། གཞས་རིགས་ཀྱང་ཕར་བླུགས་ཚུར་བླུགས་དེ་དུས་ནས་བྱུང་ཡོད། བོད་པའི་སྤྱི་ཚོགས་ནང་ཕྲུ་གུ་ཆུང་ཆུང་ཚོས་ཀློག་འོས་པའི་རྒྱལ་ཁབ་གཞན་གྱི་ཤན་ཤུགས་མ་འདྲེས་པའི་རྒྱ་གར་དང་བོད་ཀྱི་སྲོལ་རྒྱུན་ནས་བྱུང་བའི་སྒྲུབ་དེབ་དེ་འདྲ་བྱུང་ན་མི་རིགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ཡིན་ནའང་སྒྲུང་དེབ་དང་གཞས་རིགས་ནང་རྒྱ་མིའི་ཤན་ཤུགས་སླེབས་པ་ལའང་ཐུགས་ཁག་ཡོད་མ་རེད། དེ་ནི་ངས་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡོང་གི་ཡོད་ཚུལ་བཤད་པ་ལས། རྩོམ་པ་པོ་དེ་ཚོ་མི་འགྲིགས་པའི་སྐྱོན་བརྗོད་ཞུ་གི་མེད། དེང་སང་སྒྲུབ་དེབ་འབྲི་མཁན་དང་སྙན་ངག་གསར་པ་འབྲི་མཁན་ཚོའང་ཡག་པོ་རེད། དེ་ནི་ཡོན་ཏན་གྱི་ཆ་ཤས་ཤིག་རེད། འོན་ཀྱང་དེའི་ནང་རྒྱལ་ཁབ་དང་རིག་གཞུང་མི་རིགས་བཅས་གཞན་གྱི་ལེགས་བྱང་གི་ཤན་ཤུགས་ཇི་ལྟར་སླེབས་པ་དེ་ང་ཚོས་ཤེས་དགོས་པ་དང་། རིག་གཞུང་དང་ལེགས་བྱང་འཛིན་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་མཁན་ཚོས་དེ་ལྟ་བུའི་ཤན་ཤུགས་འོག་མི་འགྲོ་བའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་བརྗོད་ཀྱི་ཡོད། ངའི་ཕ་ཡུལ་མཚོན་ན་ངའི་གྲོང་པའི་མི་ཚོས་ཕ་ཡུལ་གྱི་སྐད་བརྒྱབས་ཀྱང་ཕྱེད་ཀ་ངས་གོ་མི་ཐུབ། དེ་ནི་སྔོན་མ་ང་ཕ་ཡུལ་ལ་ཡོད་པའི་སྐབས་སུ་མེད་པའི་ཅ་ལག་གསར་པ་ཡོངས་སུ་རྫོགས་པ་དེ་རྒྱ་མིའི་མིང་ཤ་སྟག་རེད། སྐབས་དེར་གློག་དང་། ཚོུད་འཁོར་ལོ། གཟུགས་མཐོང་བརྙན་འཕྲིན། དཔར་ཆས། རྐང་འཁོར། སྣུམ་འཁོར། ཆུ་འཐེན་བྱེད་ཀྱི་འཕྲུལ་ཆས། ལས་ཁུངས། སློབ་གྲྭ  སྨན་ཁང་སོགས་མེད། དེ་ཚོ་ཚང་མ་གསར་པ་སླེབས་དུས་སོ་སོས་མིང་བཟོ་རྒྱུ་མ་བྱུང་བར་རྒྱ་སྐད་བེད་སྤྱོད་གཏོང་གི་ཡོད། དེས་ན་སྐད་ནང་བོད་སྐད་ཕྱེད་ཀ་དང་རྒྱ་སྐད་ཕྱེད་ཀ་བེད་སྤྱོད་བྱེད་ཀྱི་ཡོད། རྣམ་དབྱེ་དང་ཚིག་ཕྲད་རྣམས་བོད་སྐད་ཡིན་པ་ལ་དེའི་བར་དུ་སྦྱར་རྒྱུའི་མིང་རྣམས་རྒྱ་སྐད་སླེབས་པར་བརྟེན། སྐད་ཡིག་དེ་རང་ཤུགས་ཀྱིས་བརླག་རྒྱུ་དང་འཆལ་རྒྱུ་ཞིག་རེད།

དེང་སང་སྐད་ཡིག་གཞན་བསྲེ་ན་སྐད་ཡིག་ཕྱུག་ཏུ་འགྲོ་ཚུལ་བཤད་མཁན་ཡང་ཡོད་རེད། སྐད་ཡིག་ཅིག་ནང་སྐད་ཡིག་གཞན་བླང་རྒྱུའི་ནུས་ཤུགས་ཡོད་པ་དེ་སྐད་ཡིག་ལེགས་པ་དང་ཕྱུག་པ་དང་། སྐད་ཡིག་ཅིག་ནང་སྐད་ཡིག་གཞན་གྱི་ཆ་ཤས་བླང་མི་ཐུབ་པ་རྣམས་སྐད་ཡིག་སྐྱོ་པོ་རེད་ཅེས་བརྗོད་ཀྱི་ཡོད། ཡིན་ནའང་དེ་ལ་མཚམས་ཤིག་ཡོད། སོ་སོའི་སྐད་ཡིག་ནང་མེད་པ་ཡོངས་རྫོགས་གསར་པ་བཟོ་མི་དགོས་པར་སྐད་ཡིག་གཞན་ནས་བླང་ན་སྐད་ཡིག་དེ་ཕྱུག་ཏུ་འགྲོ་རྒྱུ་གང་ཡང་མེད། སྐད་ཡིག་དེ་ནི་འཆལ་བ་རེད། དེས་ན་སྔོན་མ་བོད་ཀྱི་མཁས་པ་ཚོ་དང་། ལྷག་པར་སྒྲ་སྦྱོར་བམ་པོ་གཉིས་པ་རྩོམ་པའི་སྐབས་སུ་རྒྱལ་བློན་ལྷན་འཛོམས་ཐོག་རྒྱ་གར་གྱི་པཎྜིཏ་དང་བོད་ཀྱི་ལོ་ཙཱ་བ་མང་པོ་ཚོགས་ནས་འགྲོ་སྟངས་བཟོས་པ་དེ་དེང་སང་ཡང་དངོས་ཡོད་ཀྱི་གནས་ཚུལ་ལ་སྤུས་དག་ཆགས་ཡོད་རེད་མ་གཏོགས། དེ་ནི་བསམ་བློ་རྙིང་པས་བཟོས་པ་ལྟ་བུ་ནམ་ཡང་མེད། དེའི་ནང་ཇི་ལྟར་ཡོད་ཅེ་ན། སྔོན་མ་ཚིག་ཡོད་པ་རྣམས་རང་འཇགས་བེད་སྤྱོད་གཏོང་དགོས་པ་གསུངས་ཡོད། དེ་ནི་ལེགས་སྦྱར་གྱི་སྐད་དང་བོད་སྐད་ལ་ཡོད་པ་གཉིས་ཚིག་གི་དོན་ཏག་ཏག་མི་འགྲོ་ནའང་སྔོན་མ་ནས་བེད་སྤྱོད་གཏོང་གི་ཡོད་པ་ཡིན་ཙང་། བོད་མིས་ཤེས་སླ་བ་ཡོད་པའི་དོན་དུ་རེད། དེ་ནས་བོད་ཀྱི་སྐད་ཡིག་ནང་དོ་སྣང་བྱེད་ན་ཚིག་མང་པོ་ལེགས་སྦྱར་གྱི་སྐད་ནང་ཡོད་པའི་སྒྲ་དོན་དེ་མེད། དཔེར་ན། སནཱཏན་ཞེས་པ་དེ་གཡུང་དྲུང་ལ་བསྒྱུར་ཡོད། དེས་ན་གཡུང་དང་དྲུང་གི་ཚིག་གི་སྒྲ་དོན་དང་སནཱཏན་གྱི་ཚིག་གི་སྒྲ་དོན་གཉིས་ཏག་ཏག་མེད། ཡིན་ནའང་གཡུང་དྲུང་གི་ཚིག་དེ་སྔོན་མ་ནས་བེད་སྤྱོད་གཏོང་བའི་ཚིག་ཅིག་ཡིན་པ་དེ་སནཱཏན་དང་དོན་གཅིག་པ་ཡིན་པར་བརྟེན། དེ་ལྟར་བེད་སྤྱོད་བཏང་བ་རེད། དེ་བཞིན་སྔ་མོ་ནས་ཚིག་མེད་པ་རྣམས་ངེས་པར་དུ་ལེགས་སྦྱར་གྱི་བྱིངས་དང་རྐྱེན་ནས་ཇི་ལྟར་བསྒྲུབས་པའི་དོན་དེ་ལ་བལྟས་ནས་བོད་ཚིག་གསར་པ་བཟོ་དགོས་པ་གསུངས་ཡོད། དཔེར་ན། སངས་རྒྱས་ཞེས་པའི་སྐད་དོད་ལེགས་སྦྱར་སྐད་དུ་བུདྡྷ་ཞེས་པ་དེའི་ནང་སངས་པ་དང་རྒྱས་པའི་དོན་གཉིས་ཡོད་ཙང་། བོད་སྐད་དུ་ཏག་ཏག་སངས་རྒྱས་ཞེས་བསྒྱུར་ཡོད། དེ་བཞིན་ཉི་མ་དང་ཟླ་བ་ལྟ་བུ་ནི་སྒྲ་སྒྱུར་ལས་དོན་མགོ་མ་བཙུག་སྔོན་དུ་ཚིག་དེ་དག་ཡོད་ཙང་དེ་རང་བཞག་པ་རེད། འོན་ཀྱང་སཱུརྱ་ཞེས་པའི་སྒྲ་དོན་ཉི་མ་ཞེས་པའི་ནང་མེད་རུང་། རྟ་བདུན་ཅན་དང་སྣང་བྱེད་སོགས་ཉི་མའི་མིང་གི་རྣམ་གྲངས་གཞན་རྣམས་བོད་སྐད་ནང་མེད་ཙང་གསར་པ་བཟོ་དགོས་པར་བརྟེན། ཚིག་དོན་ཆ་ཚང་སླེབས་ཡོད། གང་ལྟར་ཚིག་གསར་པ་བཟོ་ཐུབ་པ་རྣམས་གསར་པ་བཟོ་དགོས་པ་ལས། སྐད་ཡིག་གཞན་གྱི་ཚིག་ཇི་མ་ཇི་བཞིན་འཁྱེར་ཡོང་ན་མི་འགྲིགས་ཞེས་ཐག་བཅད་ཡོད། འོན་ཀྱང་སྐད་ཡིག་གཞན་གྱི་ཚིག་བླང་ཆོག་རྒྱུ་དེ་གང་རེད་ཅེ་ན། སྐད་ཡིག་གཞན་གྱི་ཚིག་དེ་བསྒྱུར་སྐབས་ནོར་བའི་ཉེན་ཁ་ཡོད་ན་ཟུར་ཏོག་ཙམ་བཅོས་ནས་འཇོག་རྒྱུའམ། ཡང་ན་ཁ་ཤས་གོ་བདེ་པོ་ཡོད་ན་བླང་ཆོག་ཅེས་གསུངས། དཔེར་ན། ལེགས་སྦྱར་སྐད་ཀྱི་པདྨ་ལ་བོད་སྐད་དུ་པད་མ་དང་། ལེགས་སྦྱར་སྐད་ཀྱི་སིཾཧ་ལ་བོད་སྐད་དུ་སེངྒེ་ལྟ་བུ་ལེགས་སྦྱར་གྱི་སྐད་ནས་བླངས་ཀྱང་དེའི་ཐོག་བོད་སྐད་ཀྱི་རྣམ་འགྱུར་སྣོན་མ་བཏབ་སྟེ་བཟོས་ཡོད། དེ་ནས་མིང་ཁ་ཤས་བསྒྱུར་ན་ནོར་ཉེན་ཡོད་ཚེ་ལེགས་སྦྱར་གྱི་ཚིག་དེ་རང་འཇགས་བླང་དགོས་པ་གསུངས་ཡོད། དཔེར་ན། ཀཽཤིཀ་ལྟ་བུ་དེ་ཚིག་གྲོགས་ལ་བལྟས་ཏེ་དོན་མང་པོ་ལ་འཇུག་ཅིང་། གལ་ཏེ་ཚིག་དེ་བོད་སྐད་དུ་བསྒྱུར་ན་འདྲ་མིན་སྣ་ཚོགས་ཤིག་ཆགས་ནས་ནོར་ཉེན་ཡོད་ཙང་། བོད་སྐད་ནང་ཚིག་དེ་རང་འཇགས་བཞག་ཡོད། དེ་བཞིན་དེང་སང་གི་ཅ་ལག་ཀམ་པིའུ་ཀྲར་ (Computer) ལྟ་བུར་མཚོན་ན། མིང་དེ་རང་འཇགས་བོད་སྐད་ནང་བླང་ན་མ་འགྲིགས་པ་མེད། དེ་ལ་གློག་ཀླད་ཅེས་པ་དེ་རྒྱ་མིའི་ཤན་ཤུགས་རེད། གློག་ཀླད་ཅེས་པ་དེ་ཀམ་པིའུ་ཀྲར་གྱི་དོན་དུ་མི་འགྲོ  རྒྱ་མིའི་བསམ་བློ་གཏོང་ཚུལ་ནང་རྩིས་དང་གྲངས་ཀྱི་རྣམ་གཞག་གི་ལས་ཀ་མང་ཆེ་བ་ཀླད་པས་བྱེད་ཀྱི་ཡོད་པ་བསམས་པར་བརྟེན། གློག་གི་ཐོག་ནས་ཀླད་པ་ནང་བཞིན་ལས་ཀ་བྱེད་མཁན་ཞིག་ལ་རྒྱ་སྐད་དུ་གློག་ཀླད་ཅེས་བསྒྱུར་བ་དེ་བོད་སྐད་ནང་འཁྱེར་ཡོང་བ་རེད། དེ་ནི་རྒྱ་སྐད་བརྒྱུད་ནས་ཡོང་བར་བརྟེན་ཐ་དད་ཅིག་ཆགས་སོང་བ་རེད། Computer ཞེས་པའི་ཚིག་གི་ནང་ Computation གྱི་ལས་ཀ་བྱེད་མཁན་དེ་ལ་བརྗོད་ཅིང་། Computation ཞེས་པ་ནི་རྩིས་ཀྱི་བསྡོམས་བགོས་བསྒྱུར་བ་སོགས་ཀྱི་ལས་ཀ་ལ་ཟེར། དེ་ལྟ་བུ་བྱེད་མཁན་དེ་ལ་ Computer ཞེས་ཟེར་བ་ལས། དེའི་ནང་གློག་དང་ཀླད་པའི་སྒྲ་དོན་མེད། དེས་ན་དེ་ལ་ང་ཚོས་གློག་ཀླད་ཅེས་བརྗོད་ན་མིང་དོན་ངོ་མ་དེ་ལས་ཐག་རིང་དུ་གྱུར་པ་རེད། དེ་བཞིན་ Satellite ལ་དེང་སང་བོད་སྐད་དུ་མི་བཟོས་སྲུང་སྐར་ཅེས་བེད་སྤྱོད་བྱེད་ཀྱི་འདུག  ཚིག་ངོ་མའི་ནང་མིས་བཟོས་པ་དང་སྲུང་བའི་སྐར་མ་བཅས་ཀྱི་དོན་མེད། རྒྱ་སྐད་ནང་བཅོས་མ་ཞེས་པ་ལ་མིས་བཟོས་པ་ཞེས་བརྗོད་ན་མ་གཏོགས། བཅོས་མ་ཞེས་པའི་ཚིག་དེ་མེད། འོན་ཀྱང་བོད་སྐད་ནང་བཅོས་མ་ཞེས་པ་དེ་ཡོད། དེས་ན་ Satellite ལ་མིས་བཟོས་སྲུང་སྐར་ཞེས་པ་དེ་རྒྱ་སྐད་བརྒྱུད་ནས་བསྒྱུར་བ་རེད། དངོས་གནས་བྱས་ན་སྐད་དེ་དང་པོ་གང་དུ་བྱུང་བ་དེ་ནས་ཐད་ཀར་བསྒྱུར་དགོས་མ་གཏོགས། སྐད་ཡིག་གཞན་མང་པོའི་བརྒྱུད་ནས་བླང་ན་ཏག་ཏག་མི་བསྡད་པ་མ་ཟད། སྐད་དེའང་ཅང་ཅང་ཞིག་ཆགས་པ་རེད། དཔེར་ན། ཨིན་སྐད་ནས་བྱུང་བའི་བརྡ་ཚིག་ཅིག་ཡིན་ན། བོད་སྐད་ནང་ལེན་པའི་སྐབས་སུ་ཨིན་སྐད་ནང་གོ་དོན་ལ་བལྟས་ནས་བོད་སྐད་བཟོ་ན་ཡག་ཤོས་དེ་རེད། དེ་བཞིན་ཐོག་མའི་འབྱུང་ཁུངས་ལེགས་སྦྱར་སྐད་ཡིན་ན་དེ་ནས་ཐད་ཀར་བཟོ་དགོས་པ་ལས། སྐད་རིགས་མང་པོའི་བརྒྱུད་ནས་བཟོ་ན་ཁ་ཕྱོགས་ཡུལ་ཕྱོགས་ལ་མི་བསྡད། གང་ལྟར་སྐད་ཡིག་གཞན་ནས་བླང་དགོས་པ་དང་བླང་ཆོག་པའི་མཚམས་དེ་ཤེས་དགོས། དེས་ན་འདུལ་བའི་གླེང་འབུམ་ཆེན་མོའི་ནང་ཡོང་བའི་སྒྲུང་དེ་ཚོ་རུག་རུག་བཟོ་ཐུབ་ན་ཡག་པོ་ཡོང་རྒྱུར་བརྟེན་ལས་གཞིའི་ནང་བཞག་པ་རེད། དེ་བཞིན་གང་ཟག་དང་ཡུལ་གྱི་མིང་རྣམས་ཀྱང་བསྡུས་ཏེ་རྗེས་སུ་ཚིག་མཛོད་བཟོ་འཆར་ནང་བཞག་ན་གང་ལེགས་ཡོང་རྒྱུ་རེད། རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་མང་ཆེ་བའི་མིང་གླེང་འབུམ་ནང་ཡོད་པ་རྣམས་དེང་སང་འགྱུར་བ་ཕྱིན་ནས་ཁ་ཤས་སྒྲ་དེ་ཟུར་ཆག་ནས་མི་འདྲ་བ་ཆགས་པ་དང་། ཁ་ཤས་ད་ལྟའང་རང་འཇགས་སྨོས་པ་དང་། ཁ་ཤས་བརླགས་ནས་ཡོད་མེད་ཀྱང་མི་ཤེས་པ་དེ་འདྲ་ཡོད་རེད། དེས་ན་ད་ལྟ་རྭ་མ་འཕྲོད་པར་ལུས་པ་རྣམས་རྭ་འཕྲོད་པའི་ཆེད་དུ་ཚིག་མཛོད་ཆུང་ཆུང་དེ་འདྲ་བང་བསྒྲིག་ཐུབ་ན་ཡག་པོ་ཡོང་གི་རེད་བསམས་ནས་ཁ་སང་ལས་རིམ་ནང་ཡུལ་གྱི་མིང་རུག་རུག་བཟོ་རྒྱུ་དང་། གང་ཟག་གི་མིང་རུག་རུག་བཟོ་རྒྱུ། སྒྲུང་དེ་ཚོ་རུག་རུག་བཟོ་རྒྱུ་བཅས་སྡེ་ཚན་གསུམ་དུ་ཕྱེ་ནས་ཁྱེད་རང་ཚོར་བཀྲམས་ཡོད་པ་རེད། མ་འོངས་པ་ལ་དེའི་ནང་ནས་ཕན་ཐོགས་པའི་ལས་ཀ་ཞིག་ཐོན་པའི་རེ་བ་རེད།

འདུལ་བའི་འགྱུར་རྣམས་བོད་དུ་བཀའ་དང་བསྟན་བཅོས་འགྱུར་བའི་ནང་ནས་སྔ་ཤོས་གྲས་དང་། མང་པོ་ཞིག་སྐད་གསར་བཅད་ཀྱིས་འགྱུར་བ་བཏང་ནས་གཏན་ལ་ཕབ་མེད་པར་བརྟེན། ཚིག་མང་པོ་བརྡ་རྙིང་ནང་ཡོད་པ་དང་། འགྱུར་གྱི་འགྲོས་ཀྱང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་རྗེས་ཀྱི་འགྱུར་གསར་པ་དང་ཕྲན་བུ་མི་འདྲ་བ་རེད། དཔེར་ན་རྩ་བ་ཤེས་རབ་དང་འགྲེལ་པ་ཚིག་གསལ་སོགས་ནི་འགྱུར་གསར་རེད་ལ། སྐད་གསར་བཅད་ཀྱིས་ཚར་མང་པོ་གཏན་ལ་ཕབ་པ་མ་ཟད། ལེགས་སྦྱར་གྱི་སྐད་དེའང་ནང་པའི་ལེགས་སྦྱར་གྱི་སྐད་མིན་པར། རྒྱ་གར་གྱི་སྤྱི་ཡོངས་ཀྱི་ལེགས་སྦྱར་གྱི་གཞུང་ལུགས་དང་མཐུན་པའི་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བ་ཡིན་ཙང་། འགྲོས་དེ་ཐ་དད་རེད། འོན་ཀྱང་འདུལ་བའི་གཞུང་རྣམས་ནི་ནང་པའི་ལེགས་སྦྱར་གྱི་སྐད་ནང་ཡོད་པ་དང་། འགྱུར་ཡང་གནའ་སྔ་མོའི་འགྱུར་ཤ་སྟག་ཡིན་ཙང་། སྐད་ཀྱི་འགྲོས་དེ་འཆར་ཅན་ཀློག་རྒྱུའི་དཔེ་ཆའི་འགྲོས་དང་མི་འདྲ་བ་རེད། དེ་ལྟ་བུའི་སྐད་ཡིག་གི་འགྲོས་དེ་ང་ཚོས་ཤེས་དགོས་པ་ཞིག་རེད། དཔེར་ན་ཨཱཅཱརྱ་ཞིག་ལ་བརྡ་རྙིང་ནང་ཡོད་པའི་དཔེ་ཆ་ཞིག་གི་ཤོག་ལྷེ་ཁ་ཤས་ཤིག་ལ་འགྲེལ་བཤད་བརྒྱབ་རོགས་ཞེས་ཞུ་མཁན་ཞིག་བྱུང་སྐབས་གལ་ཏེ་འགྲེལ་པ་བརྒྱབ་མ་ཐུབ་ན་དེ་ནི་འདྲ་ཆགས་པོ་ཞིག་མེད། གཅིག་བྱས་ན་ཁྱེད་རང་ཚོ་ངོ་ཚ་གི་མེད་འགྲོ  དེང་སང་ངོ་ཚ་བའི་གཞི་དེ་རྦད་དེ་འགྱུར་བ་སོང་ཟིན་པ་རེད། དེང་སང་དམར་ཧྲེང་སོང་ན་ངོ་མི་ཚ་བ་དང་། ཕྱུ་པ་གྱོན་ན་ངོ་ཚ་བ་རེད།

ད་རེས་ཉིན་གཉིས་རིང་ཚོགས་རྒྱུ་དེའི་ནང་བགྲོ་གླེང་གི་བརྗོད་གཞི་ནི་གནས་སྐོར་ཟེར་ན་གང་འདྲ་ཞིག་ཟེར་བ་དང་། གནས་སྐོར་འགྲོ་བའི་དགོས་པ་རྒྱུ་མཚན་གང་ཡིན་པ། གནས་སྐོར་འགྲོ་བའི་སྐབས་སུ་གང་དང་གང་བྱེད་ན་ཡག་པོ་ཡོད་པ། ད་རིང་ང་ཚོ་གནས་སྐོར་འགྲོ་བའི་སྐབས་སུ་ཞལ་འདོན་དང་ཕྱག་མཆོད་འབུལ་བྱེད་ལུགས་བྱེད་སྟངས་གང་འདྲ་ཡིན་པ། སྐབས་དེར་འདོན་པ་དང་བསམ་བློ་གཏོང་སྟངས་དེ་ཚོའི་ཐོག་ལ་བགྲོ་གླེང་བྱེད་ན་བསམས་པ་རེད།

སྤྱིར་བཏང་གནས་སྐོར་ཞེས་པ་དེ་རྒྱ་གར་གྱི་རིག་གཞུང་ནས་དར་བ་ཞིག་ཡིན་རྒྱུ་རེད། ཡིན་ནའང་མཐའ་གཅིག་ཏུ་རྒྱ་གར་གྱི་རིག་གཞུང་ནང་མ་གཏོགས། རིག་གཞུང་གཞན་དག་ནང་གནས་སྐོར་གྱི་བསམ་བློ་ཁྱོན་ནས་ཡོད་མ་རེད་ཅེས་ངས་ཐག་བཅད་ནས་བརྗོད་ཀྱི་མེད། ནུབ་ཕྱོགས་པ་ལའང་གནས་མཇལ་བ་དང་གནས་སྐོར་འགྲོ་བའི་བསམ་ཚུལ་དེ་མེད་པ་མིན། ཁོང་ཚོའི་སྐད་ཀྱི་ནང་དུའང་ Pilgrimage ཟེར་བའི་བསམ་ཚུལ་དེ་ཡོད་མུས་རེད། ཡིན་ནའང་བོད་ནང་གནས་སྐོར་ཞེས་པའི་བསམ་བློ་ཐོག་མར་རྒྱ་གར་གྱི་རིག་གཞུང་ནས་ཡོང་བ་དང་། དེའི་ནང་ནས་ཀྱང་རྒྱ་གར་གྱི་ནང་པའི་རིག་གཞུང་ནས་ཡོང་བ་ཞིག་རེད། འོན་ཀྱང་དེང་སང་རྒྱ་གར་གྱི་ཕལ་སྐད་ཐོག་ནས་གནས་སྐོར་འགྲོ་བ་ལ་ཏཱིརྠ་ཡཱཏྲཱ་ཞེས་བརྗོད། ཏཱིརྠ་ཞེས་པ་ནི་འཇུག་ངོགས་སམ་མུ་སྟེགས་རེད། དེ་ནི་ཆུའི་འགྲམ་དུ་འབབ་སའི་རྡོ་སྐས་སམ་དེའི་གཡས་གཡོན་གྱི་བསྡད་ས་ལ་མུ་སྟེགས་ཟེར། མུ་ཞེས་པ་ནི་མཐའ་དང་འགྲམ་གྱི་དོན་དང་། སྟེགས་ཞེས་པ་ནི་བསྡད་སའི་སྟེགས་བུའི་དོན་རེད། མདོར་ན་ཆུ་འགྲམ་ལ་སྟེགས་བཅས་ནས་བསྡད་པ་ཡིན་ཙང་མུ་སྟེགས་པ་ཟེེར། དེས་ན་ཕྱི་རོལ་པའི་བསམ་བློའི་ནང་ཏཱིརྠ་ཡཱཏྲཱ་ལ་ཕྱིན་པ་ཡིན་ཞེས་ཟེར་དུས་ཁྲུས་བརྒྱབ་ཏུ་འགྲོ་བ་ལ་གོ་དགོས། དེ་ཡང་ཁོང་ཚོའི་གནས་མང་ཆེ་བ་ཆུའི་འགྲམ་དུ་ཡོད་ཅིང་། ལྷ་ཁང་ཞིག་མཇལ་ནའང་ཐོག་མར་ཁྲུས་བརྒྱབས་ནས་འགྲོ་དགོས་ཀྱི་ཡོད། གང་ལྟར་ཐོག་མར་འཇུག་ངོགས་སུ་ཁྲུས་བརྒྱབས་ཏེ་གཞི་ནས་ཉེ་འགྲམ་གྱི་ལྷ་ཁང་དུ་མཆོད་མཇལ་འགྲོ་དགོས་པར་བརྟེན། དེ་ལྟ་བུ་ཞིག་ལ་ཕྱི་རོལ་པས་གནས་སྐོར་ཟེར། (ཚོགས་ཐེངས་དང་པོ་གྲུབ།)

བོད་པའི་རབ་བྱུང་དང་ཁྱིམ་པའི་ཆོས་པ་མང་པོ་ཞིག་གི་མི་ཚེའི་ནང་ཆོས་ཀྱི་ཉམས་ལེན་གྱི་ཆ་ཤས་སུ་བསམ་བློ་བཏང་ནས་མི་ཚེ་ཧྲིལ་པོ་འགྲོ་བསྐྱོད་བྱེད་མཁན་ཡང་ཡོད། བྱ་བྲལ་བ་ཁ་ཤས་ཀྱིས་ད་ང་ལྟོ་སྐོར་གནས་སྐོར་ལ་འགྲོ་གི་ཡོད་ཅེས་བཤད་སྲོལ་ཡོད། ལྟོ་སྐོར་ནི་འཚོ་བ་བསོད་སྙོམས་ལ་བརྟེན་པ་དང་། གནས་སྐོར་ནི་གནས་མཇལ་གྱི་དོན་རེད། བོད་དུ་ཡིན་ན་གཙང་གནས་ཀྱི་སྡེ་ཚན་ཞིག་ཡོད། དེ་ནི་གཙང་ཁུལ་དུ་ཡོད་པའི་གནས་ཆེན་ཁག་རེད། དེ་བཞིན་ལྷོ་གནས་ཞེས་པ་ཞིག་ཀྱང་ཡོད། དེ་ནི་ལྷོ་ཁའི་ཁུལ་དུ་ཡོད་པའི་གནས་ཆེན་ཁག་རེད། དེ་ནས་སྟོད་གནས་ཀྱང་ཡོད། དེ་ནི་སྟོད་ཀྱི་ཁུལ་དུ་ཡོད་པའི་གནས་ཆེན་ཁག་རེད། དེ་གསུམ་ལ་གལ་ཆེན་པོ་བརྩིས་ཏེ་མི་རྣམས་གནས་སྐོར་དུ་འགྲོ་བ་རེད། དེ་ནས་ཁམས་ཁུལ་སོ་སོ་ལའང་རི་དང་བྲག་ཕུག་ཆུ་བོ་སོགས་གནས་མཇལ་གྱི་ཡུལ་མང་པོ་རེད། ལྷག་པར་དུ་བོད་དུ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་གནས་ཞེས་སྟོད་གངས་རི་དང་། ལྷོ་ཕྱོགས་སུ་ཙྭ་རི། ཤར་ཕྱོགས་སུ་རོང་བཙན་ཁ་བ་དཀར་པོ་བཅས་སུ་གནས་སྐོར་འགྲོ་མཁན་ཧ་ཅང་མང་པོ་རེད། དེ་བཞིན་ཕྱག་འཚལ་བླ་མ་དང་རྐྱང་ཕྱག་བླ་མ་ཞེས་མི་ཚེ་གང་པོ་གནས་ཆེན་ཁག་ལ་ཕྱག་བཙལ་ནས་འགྲོ་མཁན་ཡང་མི་ཉུང་བ་རེད། དེ་ལྟ་བུ་གནས་མཇལ་དང་གནས་སྐོར་འགྲོ་མཁན་མི་རིགས་གཞན་གྱི་ནང་དཀོན་པོ་ཡིན་རྒྱུ་རེད། བོད་ནང་མཇལ་རྒྱུའི་གནས་མང་ཆེ་བ་ནི་ཕྱི་ལ་རི་བོ་དེ་མཇལ་བ་མ་གཏོགས། ནང་དོན་རི་བོ་དེ་བདེ་མཆོག་གི་དཀྱིལ་འཁོར་དང་འཇིགས་བྱེད་ཀྱི་ཕོ་བྲང་སོགས་ཀྱི་ངོ་བོར་བལྟས་ནས་མཇལ་བ་དང་། དེ་མིན་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་བ་སྤྱད་ས་དང་། སྒྲུབ་པ་གནང་ས། སློབ་གཉེར་གནང་སའི་གདན་ས་རྣམས་གནས་སུ་བརྩིས་ནས་མཇལ་བ། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་གནང་བ་རེད་ཅེས་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་མང་པོ་དང་། བོད་པའི་གྲུབ་ཆེན་མི་ལ་རས་པའི་སྒྲུབ་ཕུག་མང་པོ། དེ་བཞིན་རྗེ་རིན་པོ་ཆེས་དཀའ་བ་སྤྱད་པའི་གནས་འོལ་ཁ་ཆོས་ལུང་སོགས་གནས་ཆེན་དུ་བརྩིས་ནས་མཇལ་བ། ཁ་ཤས་ནི་སྐུ་ཁྱད་པར་ཅན་བཞུགས་ས་དང་རང་བྱོན་ཁྱད་པར་ཅན་ཡོད་པའི་བྲག་དང་། ཆུ་བོ་ཁྱད་པར་ཅན་ལ་གནས་སུ་བརྩིས་ནས་འགྲོ་བ་སྣ་ཚོགས་རེད། དེ་དག་ནི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞུས་པ་ཙམ་ཡིན།

འདིར་དྲི་བ་ཆེ་ཤོས་ཤིག་གང་ཡོད་ཅེ་ན། ནང་པའི་ལྟ་གྲུབ་ནང་ས་ཆ་བྱེ་བྲག་པ་ཞིག་རྩ་ཆེ་བ་དང་། ས་ཆ་བྱེ་བྲག་པ་ཞིག་རྩ་ཆུང་བ་བརྩི་བའི་བསམ་ཚུལ་དེ་འཐད་པ་ཡིན་ནམ་ཞེས་པ་དེ་རེད། ཕྱི་རོལ་པ་ཧིནྡཱུ་ལྟ་བུ་ཡིན་ན་ཕྱིའི་རྟེན་དང་ཕྱིའི་ཡུལ་ལ་དམིགས་བསལ་གྱིས་བྱིན་རླབས་དང་ནུས་པ་ཡོད་པ་ཁས་ལེན་གྱི་ཡོད། དེར་བརྟེན་ས་ཆ་བྱེ་བྲག་པ་ཞིག་ལ་ཕྱིན་ནས་ཁྲུས་བརྒྱབ་ན་སྡིག་པ་འདག་པའི་བསམ་ཚུལ་ཡོད། ཁྲུས་བརྒྱབ་ན་སྡིག་པ་དག་པ་ནི་མུ་སྟེགས་པའི་བསམ་ཚུལ་ཐུན་མོང་མ་ཡིན་པ་ཞིག་རེད། ཚད་མ་རྣམ་འགྲེལ་ལས། རིག་བྱེད་ཚད་མ་དང་ནི་འགས་བྱེད་སྨྲ།། ཁྲུས་ལ་ཆོས་འདོད་དང་ནི་རིགས་སྨྲ་དྲེགས།། སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ།། བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན།། ཞེས་བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔའི་ནང་གངྒཱ་ལ་ཁྲུས་བརྒྱབ་ན་སྡིག་པ་དག་ཅེས་པ་དེའང་གཅིག་རེད། དེ་བཞིན་ཐེག་དམན་པས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་པའི་སྒྲུབ་བྱེད་མང་པོ་བཀོད་པའི་ནང་ཐེག་ཆེན་གྱི་གཞུང་ལུགས་ནང་ཆུ་བོ་གངྒཱ་རྩ་ཆེན་པོ་ཡིན་པ་འདོད་པར་བརྟེན། མུ་སྟེགས་པ་དང་ཁྱད་པར་མི་འདུག་ཅེས་པ་དེ་གཅིག་རེད། དེ་ནི་རྟོག་ལྡན་ལ་སྐྱེས་པའི་དྭོགས་པ་རེད། དེས་ན་ང་ཚོས་སངས་རྒྱས་ཚད་མས་མ་དམིགས་པའི་ས་ཕྱོགས་མེད་ཅེས་སངས་རྒྱས་མེད་པའི་ས་ཕྱོགས་མེད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ཆོས་ཅན་གྱི་གར་ཁྱབ་ལ་ཡེ་ཤེས་ཀྱིས་ཁྱབ་པ་དང་། ཡེ་ཤེས་ཀྱིས་གར་ཁྱབ་ལ་སྐུས་ཁྱབ་པ་རེད། དེས་ན་མཚན་ཉིད་པས་ཤེས་བྱས་གར་ཁྱབ་ལ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཟིགས་པ་མེད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པ་ཡིན་ཙང་དེས་མ་ཁྱབ་པའི་ཕྱོགས་དང་དངོས་པོ་ཞིག་མེད། དེ་ལྟར་ཆོས་སྐུས་མ་ཁྱབ་པའི་ས་ཆ་མེད་ཙང་སངས་རྒྱས་མེད་པའི་ས་ཆ་མེད་པར་བརྟེན། གནས་བྱེ་བྲག་པ་ཞིག་ལ་གལ་ཆེན་པོ་བརྩིས་ནས་མཇལ་རྒྱུ་དེ་རྒྱུ་མཚན་དང་ལྡན་པ་ཡིན་ནམ་ཞེས་དྲི་བ་གཅིག་དེ་རེད། གལ་ཏེ་གནས་བྱེ་བྲག་པ་ཞིག་ལ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཤིག་ཡོད་ན་དེ་ལ་འགྲོ་དགོས་པ་གང་ཡིན་ནམ། ནང་པའི་གཞུང་ལུགས་ནང་ཐུགས་རྗེ་ལ་ཉེ་རིང་མི་མངའ་བ་དང་། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཞེས་བྱུང་བ་བཞིན་སངས་རྒྱས་ཀྱི་བྱིན་རླབས་རྡོ་རྗེ་གདན་དུ་སླེབས་ན་ཞུགས་ཐུབ་པ་དང་། རྡོ་རྗེ་གདན་ནས་ས་ཁད་ཏོག་ཙམ་ཕྱིན་ན་བྱིན་རླབས་ཤུགས་ཆུང་དུ་འགྲོ་བ། ད་དུང་དེ་ལས་ཕར་རིང་ཙམ་སོང་ན་རྡོ་རྗེ་གདན་གྱི་བྱིན་རླབས་འཇུག་མི་ཐུབ་པ་ཡིན་ནམ། ལར་ནས་སངས་རྒྱས་ཀྱི་བརྩེ་བ་ལ་ཉེ་རིང་དང་ཐག་རིང་ཐུང་རྩ་བ་ནས་མེད། ཁམས་གསུམ་གྱི་སེམས་ཅན་གང་དུ་ཡོད་ཀྱང་རྟག་ཏུ་མས་བུ་ལ་གཟིགས་པ་བཞིན་དེ་བཞིན་གཤེགས་པས་གཟིགས་བཞིན་པ་རེད། གལ་ཏེ་བྱིན་རླབས་དང་བརྩེ་བ་འཇུག་རྒྱུ་ཡོད་ན་དམྱལ་བ་ཡོད་ནའང་རེད། ལྷ་ཡུལ་དུ་ཡོད་ནའང་རེད། མི་ཡུལ་དུ་ཡོད་ནའང་རེད། དེ་ལ་ཐག་རིང་ཐུང་དང་ས་ཆ་ཡག་ཉེས་གང་དུའང་གཟིགས་དགོས་པ་དང་བྱིན་རླབས་འཇུག་དགོས་པ་ཞིག་རེད། ཡིན་ནའང་ངེས་པར་དུ་རྡོ་རྗེ་གདན་ལ་ཕྱིན་ནས་རྡོ་ལ་དཔྲལ་བ་གཏུག་དགོས་པ་དེ་གང་ཡིན་ནམ། དཔྲལ་བ་གཏུག་ན་བྱིན་རླབས་འཇུག་པ་དང་། དཔྲལ་བ་མ་གཏུག་ན་བྱིན་རླབས་མི་འཇུག་པ་དེ་གང་ཡིན་ནམ། དེ་སྔ་བོད་དུ་གྲུབ་ཆེན་ཞིག་རྒྱ་གར་དུ་ཕེབས་ཀྱི་ཡིན་ཞེས་གསུང་དུས། གྲུབ་ཆེན་གཞན་ཞིག་གིས་མ་ཕེབས་རོགས་ཞེས་ཞུས་པའི་མགུར་ཞིག་ཡོད་པ་དེའི་ནང་གནས་ཆེན་རྣམས་ཕར་ཕྱིན་ནས་མཇལ་དགོས་པ་མེད། གནས་ཆེན་ཚང་མ་ལུས་འདི་དང་སེམས་འདིའི་ནང་ཡོད་བཞིན་པ་རེད། དེར་མཇལ་ན་འགྲིགས་ཞེས་རྒྱུ་མཚན་མང་པོ་གསུངས་ཡོད། གལ་ཏེ་དེ་དག་རྒྱུ་མཚན་ཡང་དག་ཏུ་འགྲོ་ན་ཅིའི་ཕྱིར་གནམ་གྲང་མོ་འདིའི་ནང་སྣུམ་འཁོར་ལ་འགྲོ་སོང་བཏང་ནས་གནས་མཇལ་དུ་འགྲོ་དགོས་པ་ཡིན། འདིར་སཱར་ནཱཐ་ནས་གསོལ་བ་བཏབ་ན་གནས་ཆེན་ཆ་ཚང་གི་བྱིན་རླབས་འཇུག་མི་ཐུབ་པ་གང་ཡིན་ནམ། དྲི་བ་དེ་གཉིས་ནི་གནད་འགག་ཅན་ཞིག་རེད།

 

མདོར་ན་དྲི་བ་དང་པོ་ནི་གནས་མཇལ་གྱི་ལམ་སྲོལ་དེ་ནང་པའི་ལམ་སྲོལ་ཞིག་ཡིན་ནམ། དེ་ནི་ཕྱི་རོལ་པའི་ཤན་ཤུགས་ཤིག་མིན་ནམ། ནང་པས་ཅིའི་ཕྱིར་གནས་སྐོར་གྱི་ཡོད་དམ་ཞེས་པ་དེ་རེད། གང་ལགས་ཤེ་ན། ནང་པས་ས་བྱེ་བྲག་པ་དང་ཡུལ་བྱེ་བྲག་པ་ཞིག་ལ་རྩ་ཆེན་པོ་བརྩི་དགོས་པའི་རྒྱུ་མཚན་མེད། དྲི་བ་གཉིས་པ་ནི་ལུམྦིནཱི་དང་། རྡོ་རྗེ་གདན། ཝཱ་རཱ་ཎ་སཱི། རྩྭ་མཆོག་གྲོང་བཅས་ལ་འཁྲུངས་པ་དང་། སངས་རྒྱས་པ། ཆོས་འཁོར་སྐོར་བ། མྱ་ངན་ལས་འདས་པ་བཅས་མཛད་པ་ཁྱད་པར་ཅན་བསྟན་པའི་གནས་ཡིན་ཙང་། དེ་ལ་བྱིན་རླབས་ཤིག་ཡོད་པའི་དབང་དུ་བཏང་ནས་དེ་ལ་ཕར་ཕྱིན་ན་མ་གཏོགས། ཐག་རིང་རྣམས་ལ་འཇུག་མི་ཐུབ་པ་གང་ཡིན་ནམ་ཞེས་པ་དེ་རེད། སྤྱིིར་དེ་དང་འབྲེལ་བའི་དྲི་བ་མང་པོ་ཡོད་ཀྱང་དེ་གཉིས་གཙོ་བོ་རེད། དེ་ལྟ་བུའི་དྲི་བ་ལ་ང་ཚོ་གནས་མཇལ་འགྲོ་མཁན་ཚོས་ལན་ཇི་ལྟར་འདེབས་སམ། གལ་ཏེ་དེ་ལ་ལན་མེད་ན་འཁྱམ་པོ་བཞིན་ང་ཚོས་བསམ་བློ་མ་བཏང་བར་གནས་མཇལ་དུ་འགྲོ་བ་རེད་དམ། ཡང་ན་ཅིའི་ཕྱིར་འགྲོ་བ་རེད། དེའི་ཐོག་ང་ཚོས་བསམ་བློ་གཏོང་དགོས་པ་དང་། བགྲོ་གླེང་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།

(འདིའི་བར་དུ་སློབ་ཕྲུག་རྣམས་ཀྱིས་དྲི་བ་གཉིས་པོའི་ཐོག་བསམ་ཚུལ་ཞུས་པ་ལ་སླར་ཡང་དྲི་བ་མང་པོ་གནང་སྟེ་བགྲོ་གླེང་གནང་།)

སངས་རྒྱས་ཀྱི་སྐུ་ཡི་རྣམ་གཞག་བཤད་པའི་སྐབས་སུ་སྐུ་གསུམ་དང་། སྐུ་བཞི། སྐུ་གཉིས་ཀྱི་རྣམ་གཞག་བཤད་པ་རེད། ང་ཚོས་སྟབས་བདེ་པོས་སྐུ་གཉིས་ཀྱི་རྣམ་གཞག་བཤད་ན་ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་ཕྱེ་ཞིང་། ཆོས་ཀྱི་སྐུ་ནི་སངས་རྒྱས་ནང་ཕན་ཚུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་མ་གཏོགས། ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་མངོན་སུམ་དུ་མཇལ་མི་ཐུབ། དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་ཧ་ཅང་ཟབ་པ་དང་ཕྲ་བ་ཡིན་ཙང་། གདུལ་བྱའི་དོན་སྒྲུབ་པ་ལ་བདག་རྐྱེན་དང་ཉེར་ལེན་ལས། དངོས་སུ་གདུལ་བྱའི་དོན་མཛད་ཐུབ་པའི་བརྒྱུད་ལམ་ཆགས་ཀྱི་མེད། གལ་ཏེ་སངས་རྒྱས་ལ་ཆོས་སྐུ་མ་གཏོགས་གཟུགས་སྐུ་མེད་ན་གདུལ་བྱའི་དོན་མཛད་མི་ཐུབ། གང་ལགས་ཤེ་ན། གདུལ་བྱས་ཆོས་སྐུ་མི་མཇལ་བར་བརྟེན། གདུལ་བྱ་དང་ཆོས་སྐུ་གཉིས་ཀྱི་དབར་ལ་འབྲེལ་བ་ཆགས་ཐུབ་ཀྱི་མེད། དེས་ན་སངས་རྒྱས་ཀྱིས་རང་དོན་ཆོས་སྐུ་བརྙེས་པ་ཙམ་གྱིས་མི་འགྲིགས་པར་གཞན་དོན་སྒྲུབ་པའི་ཡན་ལག་ལ་གཟུགས་སྐུ་བརྙེས་དགོས་ཤིང་། གཟུགས་ཀྱི་སྐུ་དེ་བསྟན་དགོས་ཀྱི་ཡོད། གཟུགས་ཀྱི་སྐུ་དེ་ཇི་ལྟར་བསྟན་པ་ཡིན་ཞེ་ན། གདུལ་བྱ་ཁྱད་པར་བ་རྣམས་ཀྱིས་མཇལ་ཐུབ་པའི་གཟུགས་ཀྱི་སྐུ་ཐུན་མོང་མ་ཡིན་པ་ཞིག་དང་། གདུལ་བྱ་ཡོངས་རྫོགས་ཀྱིས་མཇལ་ཐུབ་པའི་གཟུགས་ཀྱི་སྐུ་ཐུན་མོང་བ་ཞིག་བཅས་གཉིས་རེད། གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་བཞུགས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་པ་ལོངས་སྐུ་དེ་བྱང་སེམས་མཐོང་ལམ་པ་ཡན་གྱིས་མ་གཏོགས་མཇལ་མི་ཐུབ། དེ་ལྟ་བུའི་དག་པའི་ཞིང་ཁམས་སུ་བཞུགས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྐུའི་རྣམ་པ་ཅན་གྱི་སྐུ་གཟུགས་དེ་བྱང་སེམས་འཕགས་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པར་བརྟེན། གདུལ་བྱ་ཐུན་མོང་བས་མི་མཇལ་བ་རེད། དེ་ལྟ་བུའི་གཟུགས་ཀྱི་སྐུ་དེ་བྱང་སེམས་འཕགས་པའི་གཞན་དོན་མཛད་རྒྱུར་གོ་ཆོད་པ་མ་གཏོགས། གདུལ་བྱ་རང་ག་བའི་གཞན་དོན་མཛད་པར་གོ་མི་ཆོད་པ་རེད། དེས་ན་གཟུགས་སྐུ་དེ་ལས་རགས་པའམ་ཁྱད་པར་ཡོད་པ་སྤྲུལ་སྐུ་ཞེས་པ་དེ་བསྟན་དགོས་ཀྱི་ཡོད།

སྤྲུལ་སྐུ་དེ་ཇི་ལྟར་ཡོང་ཞེ་ན། དེ་ནི་གདུལ་བྱའི་བསམ་ངོ་ལ་ལྟོས་ཏེ་ཡོང་བ་ཡིན་ཙང་། ཕྱོགས་དང་དུས་ཀྱི་ཁྱད་པར་ཡོད། དེ་ནི་དུས་ཐམས་ཅད་དུ་སྤྲུལ་སྐུ་བྱོན་མི་ཐུབ་ལ། དེ་བཞིན་ཕྱོགས་ཐམས་ཅད་དུའང་སྤྲུལ་སྐུ་བྱོན་མི་ཐུབ། སངས་རྒྱས་ཚད་མས་མ་དམིགས་པའི་ས་ཕྱོགས་མེད་ཅེས་པ་དེ་ཆོས་སྐུའི་ངོ་བོ་ཅན་གྱི་སངས་རྒྱས་དེ་མེད་པའི་ས་ཕྱོགས་མེད་ཅེས་བརྗོད་ཀྱི་ཡོད་མ་གཏོགས། སངས་རྒྱས་ཀྱི་གཟུགས་སྐུ་མེད་པའི་ས་ཕྱོགས་མང་པོ་རེད། དེས་ན་སངས་རྒྱས་ཡོད་ས་ཚང་མར་སངས་རྒྱས་ཀྱི་གཟུགས་སྐུ་དེ་ཡོད་དགོས་ཀྱི་མེད། དེ་བཞིན་སངས་རྒྱས་ཀྱི་གཟུགས་སྐུ་ཡོད་ས་ཚང་མར་གཟུགས་སྐུའི་ངོ་བོར་གྱུར་པའི་སྤྲུལ་སྐུ་དེ་ཡོད་དགོས་ཀྱི་མེད། སྤྲུལ་སྐུ་ལའང་གཙོ་ཕལ་གྱི་དབྱེ་བ་གཉིས་རེད། སྤྲུལ་སྐུ་གཙོ་བོ་ལ་མཆོག་གི་སྤྲུལ་སྐུ་ཞེས་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་མངའ་བའི་སྐུ་དེས་སྐུ་བལྟམས་པ་ནས་མྱ་ངན་ལས་འདས་པའི་བར་མཛད་པ་བཅུ་གཉིས་ཆ་ཚང་བསྟན་པ་རེད། མཆོག་གི་སྤྲུལ་སྐུས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་སྤྲུལ་སྐུ་གཞན་དག་གིས་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་རེད། དེ་ལྟ་བུའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་དེ་བྱོན་པ་ནས་དེའི་བསྟན་པ་མ་ཉམས་ཀྱི་བར་དུ་སངས་རྒྱས་བྱེ་བྲག་པ་ཞིག་གི་བསྟན་པ་ཞེས་འབོད། དཔེར་ན། དེ་རིང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་སྤྲུལ་སྐུ་མང་པོ་འཇིག་རྟེན་དུ་ཡོད་ཀྱང་། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་དེ་འཇིག་རྟེན་དུ་མྱ་ངན་ལས་ནས་ལོ་ ༢༥༤༠ ཞེ་གྲངས་འདས་ཟིན་པ་རེད། དེ་ལྟ་བུའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཤཱཀྱ་ཐུབ་པ་དེ་དུས་གཅིག་མ་གཏོགས། ཡང་ཡང་འབྱོན་རྒྱུ་མེད། མ་འོངས་པ་ལ་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་མཁན་དེ་བྱང་ཆུབ་སེམས་དཔའ་བྱམས་པ་མགོན་པོ་དེ་རེད། རྗེ་བཙུན་བྱམས་མགོན་སངས་རྒྱས་ནས་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པའི་སྐབས་སུ་དེ་ལ་རྗེ་བཙུན་བྱམས་མགོན་གྱི་བསྟན་པ་ཞེས་འབོད། ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་ཞེས་འབོད་མུས་རེད། དེས་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་ཕེབས་རྒྱུ་མེད། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་དེས་ཕྱོགས་དང་དུས་གཉིས་ཀའི་ཐོག་ནས་ངེས་པ་ཞིག་ལ་མཛད་པ་བསྟན་པ་མ་གཏོགས། ཕྱོགས་དང་དུས་ཀྱིས་རིས་སུ་མ་ཆད་པའི་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་ལ་མཛད་པ་བསྟན་གྱི་མེད། དེ་ལྟ་བུའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཤཱཀྱ་ཐུབ་པ་དེ་རྒྱ་གར་ནང་གི་མིས་མཇལ་ཐུབ་ཡོད་མ་གཏོགས། གླིང་གཞན་དུ་ཡོད་པའི་མིས་མཇལ་ཐུབ་མེད། དེ་ཡང་སྐུ་བལྟམས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་དགུང་ལོ་བརྒྱད་ཅུའི་རིང་གི་དུས་ཚོད་བྱེ་བྲག་པའི་ནང་མཇལ་ཐུབ་ཡོད་མ་གཏོགས། དུས་ཚོད་མཐའ་མེད་པ་ལ་མཇལ་བའི་གོ་སྐབས་མེད། དེས་ན་ཕྱོགས་དང་དུས་ཀྱི་མཚམས་ཤིག་གི་ནང་མཆོག་གི་སྤྲུལ་སྐུས་མཛད་པ་བསྟན་དགོས། དེ་ཡང་མཛད་པ་བསྟན་ཞེས་པ་ནི་གདུལ་བྱའི་སྣང་ངོ་ལ་མཛད་པ་བསྟན་རྒྱུ་ལས། སངས་རྒྱས་རང་གི་རང་བཞིན་དེ་དེ་འདྲ་མ་གཏོགས་མེད་ཅེས་ལབ་ཀྱི་མེད། དེ་ནི་གདུལ་བྱས་ཇི་ཙམ་སྣང་ཐུབ་པ་དེ་ཙམ་སངས་རྒྱས་ཀྱིས་མཛད་པ་བསྟན་དགོས་པ་མ་གཏོགས། སངས་རྒྱས་རང་གི་ནུས་པ་གང་ཡོད་ཀྱི་མཛད་པ་དེ་གདུལ་བྱས་མཐོང་མི་ཐུབ། དེས་ན་བཀའ་གདམས་པའི་དགེ་བཤེས་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། རང་རེའི་ལས་ངན་སྒྲིབ་པའི་ཆེ་ཚོད་ལ།། བླ་མ་མི་རུ་མཐོང་བ་དགའ་ཚད་ཡིན།། ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ།། མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱ་ཀྱའི་སྲས།། ཞེས་གསུངས་པ་བཞིན་ང་ཚོའི་ལས་ངན་པའི་སྒྲིབ་པ་ཆེ་ཚོད་ལ་བལྟས་ན་སོ་སོའི་རྩ་བའི་བླ་མ་དེ་མི་རུ་མཐོང་བ་དེ་དགའ་དགོས་པ་རེད། རང་གི་བླ་མ་དེ་ཁྱི་དང་བོང་བུ་ལྟ་བུར་མ་མཇལ་བ་དེ་བསོད་ནམས་ཆེན་པོ་རེད་གསུངས། དེས་ན་གདུལ་བྱའི་ཁམས་དང་ནུས་པས་ཇི་ཙམ་དཔོག་པ་དང་གདུལ་བྱའི་བསོད་ནམས་ཀྱིས་ཇི་ཙམ་ལྕོགས་པ་དེ་ཙམ་དུ་སངས་རྒྱས་ཀྱི་མཛད་པ་བསྟན་པ་ཐུབ་པ་མ་གཏོགས། གདུལ་བྱའི་སྣོད་ལས་བརྒལ་ནས་སངས་རྒྱས་ཀྱིས་མཛད་པ་བསྟན་མི་ཐུབ། དེར་བརྟེན་སངས་རྒྱས་ཀྱི་འཕྲིན་ལས་དང་སེམས་ཅན་གྱི་ལས་གཉིས་ནུས་པ་མཉམ་པ་ཡིན་ཞེས་གཞུང་ལུགས་ནང་གསུངས་ཡོད། སྤྱིར་སངས་རྒྱས་ཀྱི་འཕྲིན་ལས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་རུང་། སེམས་ཅན་གྱི་ལས་ལའང་དེ་མཚུངས་ལྡོག་ཕྱོགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་རེད། དེར་བརྟེན་སངས་རྒྱས་ཀྱི་འཕྲིན་ལས་དང་སེམས་ཅན་གྱི་ལས་གཉིས་གཅིག་གིས་གཅིག་ལ་བསྟུན་ནས་འཇུག་དགོས་པ་མ་གཏོགས། སངས་རྒྱས་ཀྱི་འཕྲིན་ལས་ཀྱིས་སེམས་ཅན་གྱི་ལས་ལྡོག་ཐུབ་པ་ཞིག་མེད། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཞེས་གསུངས་པའི་དོན་དེ་རེད། དེས་ན་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སྐབས་སུ་མཇལ་བའི་བསོད་ནམས་དང་སྐལ་བ་ཡོད་པ་རྣམས་ཀྱིས་དུས་ཚོད་བྱེ་བྲག་པ་དང་ས་གནས་བྱེ་བྲག་པ་ཞིག་གི་ནང་དུ་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་གྱི་སངས་རྒྱས་དེ་མཇལ་བ་རེད། དེ་ལྟ་བུའི་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་གྱི་སངས་རྒྱས་དེས་མཛད་པ་བཅུ་གཉིས་སོགས་མཛད་པ་ཁྱད་པར་ཅན་བསྟན་རྒྱུ་རྣམས་ས་གནས་བྱེ་བྲག་པ་ཞིག་གི་ནང་བསྟན་པ་ལས། ས་གནས་ཡོངས་རྫོགས་སུ་བསྟན་གྱི་མེད། ས་གནས་བྱེ་བྲག་པ་དེ་ལ་དེ་འདྲའི་མཛད་པ་ཁྱད་པར་ཅན་བསྟན་པའི་དབང་གིས་ས་གཞི་དེ་ལ་དམིགས་བསལ་གྱིས་ནུས་པ་ཞིག་ཐོབ་པ་རེད། དེ་ལ་བྱིན་རླབས་ཞེས་ཀྱང་བརྗོད་ཆོག  ས་གཞི་དེ་གཟུགས་ཅན་རེད། ནུས་པ་དེའང་གཟུགས་ཅན་རེད། དེར་བརྟེན་ས་གཞི་ལ་དམིགས་བསལ་གྱིས་ཐོབ་པའི་ནུས་པའམ་བྱིན་རླབས་དེའང་ཕྱོགས་དང་རིས་སུ་མ་ཆད་པ་མཐའ་མེད་པ་ཞིག་མེད། སངས་རྒྱས་ཀྱི་སྐུ་ཡི་འོད་ཟེར་ལྟ་བུར་མཚོན་ན། འོད་འདོམས་གང་བ་ཞེས་འོད་དེ་ལ་མཚམས་མེད་པ་ཞིག་མེད། གང་ལྟར་སངས་རྒྱས་ཀྱི་སྐུ་གཟུགས་གཡས་གཡོན་གྱི་འོད་དེ་སངས་རྒྱས་རང་གི་སྐུའི་ཚད་གཞིའི་འདོམས་གང་བར་དུ་ཁྱབ་པ་རེད། དེར་བརྟེན་ས་ཞིག་ལ་བྱིན་རླབས་འཇུག་པའི་སྐབས་སུའང་ས་དེའི་འདོམས་གང་ཚུན་ཆད་ལ་བྱིན་རླབས་ཁྱད་པར་བ་འཇུག་པ་དང་། དེ་ནས་ཕྲན་བུ་རྒྱང་དུ་སོང་ན་བྱིན་རླབས་ཆུང་དུ་འགྲོ་བ་སོགས་བཤད་རྒྱུ་ཡོད། དེའི་རྒྱུ་མཚན་ནི་བྱིན་རླབས་ལ་རིང་ཐུང་ཡོད་པ་མིན་ཡང་། བྱིན་རླབས་འཇུག་པའི་ཡུལ་གཟུགས་ཅན་པ་དེ་ལ་བྱིན་རླབས་ཆགས་དང་མི་ཆགས་ཀྱི་གནས་ཚུལ་ཡོད། དཔེར་ན་གློག་ལྟ་བུར་མཚོན་ན། གློག་དེ་གང་དུ་འགྲོ་ཐུབ་ནའང་། གལ་ཏེ་གློག་སྐུད་དེ་མེད་ན་འགྲོ་མི་ཐུབ་པ་རེད། དེས་ན་གློག་སྐུད་དེ་གང་གི་བར་དུ་འཐེན་ནའང་གློག་ལ་ཤུགས་ཆེ་ཆུང་མེད། འོན་ཀྱང་གློག་སྐུད་ཡག་ཉེས་ཀྱིས་གློག་གི་ནུས་པ་ལ་ཤུགས་ཆེ་ཆུང་འགྲོ་བ་དང་། གློག་སྐུད་ཡོད་མེད་ཀྱིས་གློག་གི་ནུས་པ་ཁྱབ་དང་མི་ཁྱབ་ཀྱི་གནས་སྟངས་ཡོད་པ་བཞིན་སངས་རྒྱས་ཀྱི་བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་ནའང་། བྱིན་རླབས་འཇུག་པའི་ཡུལ་ལ་རྒྱང་རིང་ཐུང་ཡོད་རེད། བྱིན་རླབས་འཇུག་ཡུལ་དེ་གཟུགས་ཅན་པ་རེད། དེ་ནི་ས་དང་རྡོ་རེད། དཔེར་ན། རྡོ་རྗེ་གདན་ལ་མཚོན་ན། དེའི་ས་ཆ་ནི་ས་དང་རྡོའི་རང་བཞིན་རེད་མ་གཏོགས། དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་གྲུབ་པ་ཞིག་མིན། དེས་ན་ཡུལ་གཟུགས་ཅན་པ་དེའི་དུས་དང་ཕྱོགས་ཀྱིས་མཚམས་བཅད་པའི་ས་ཆ་བྱེ་བྲག་པ་ཞིག་ལ་བྱིན་རླབས་དེ་འཇུག་པ་རེད་ཅེས་བརྗོད་ན་ནང་པའི་ལྟ་གྲུབ་དང་གཞུང་ལུགས་དང་མི་འགལ་བ་རེད། (ཚོགས་ཐེངས་གཉིས་པ་གྲུབ།)

ད་རིང་སྔ་དྲོ་ངས་ཁྱེད་ཚོའི་མདུན་ལ་དྲི་བ་གཉིས་བཞག་པ་རེད། དེ་ནི་ནང་པའི་གྲུབ་མཐའ་གཞིར་བཟུང་བྱས་ན་སངས་རྒྱས་ཚད་མས་མ་དམིགས་པའི་ས་ཕྱོགས་མེད་ཅེས་པ་དེས་ས་གནས་ཁ་ཤས་རྩ་ཆེ་བ་བརྩི་བ་དང་། ས་གནས་ཁ་ཤས་རྩ་ཆུང་བ་བརྩི་བ་གང་ཡིན་ནམ། གནས་མཇལ་ནས་གང་ཟག་ལ་ཁྱད་པར་འགྲོ་རྒྱུ་ཇི་ལྟར་ཡོད་དམ། ཕྱི་རོལ་པས་ཆུ་ལ་ཁྲུས་བྱེད་ན་སྡིག་པ་དག་ཚུལ་བཤད་པ་བཞིན་ང་ཚོ་ནང་པས་ཆུ་ལ་ཁྲུས་བྱེད་པ་དང་ས་ཆ་མཇལ་བ་དེ་ཚོའི་ཐོག་ནས་སྡིག་པ་འདག་རྒྱུ་དང་ཚོགས་གསོག་རྒྱུ་ཡོད་དམ། ནང་པའི་ལུགས་ལ་གནས་མཇལ་ཞེས་པ་དེ་འཐད་དང་མི་འཐད་ཇི་ལྟར་ཡིན་ནམ། གལ་ཏེ་འཐད་ན་ཕྱི་རོལ་པའི་འཇུག་ངོགས་ཀྱི་ཁྲུས་ (ཏཱིརྠ་ཡཱཏྲཱ) སམ། ཡང་ན་སྡིག་པ་སྦྱོང་བའི་ཆེད་དུ་འགྲོ་བཞུད་བྱེད་རྒྱུ་ལྟ་བུ་ཆགས་རྒྱུ་མ་རེད་དམ་ཞེས་པ་དེ་དྲི་བ་གཅིག་རེད། དྲི་བ་གཉིས་པ་ནི་གལ་ཏེ་གནས་ལ་བྱིན་རླབས་ཡོད་ན་བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཡིན་ཙང་ཕར་འགྲོ་དགོས་པ་གང་ཡིན་ནམ། འདི་ནས་གསོལ་བ་བཏབ་ན་བྱིན་རླབས་འཇུག་མི་ཡོང་བ་གང་ཡིན་ནམ་ཞེས་པ་དེ་རེད། དེ་དག་ནི་གནས་མཇལ་དང་འབྲེལ་བའི་ལྟ་གྲུབ་ཀྱི་དྲི་བ་ཆེན་པོ་གཉིས་རེད།

དྲི་བ་དེ་གཉིས་པོ་ལ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་པ་དང་། གནས་ཀྱིས་གང་ཟག་ལ་བྱིན་གྱིས་བརླབས་པ་གཉིས་སྲིད་པ་ནི་གཞུང་ནས་གསུངས་ཡོད། གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་པ་ནི་གང་ཟག་ཡོན་ཏན་ཁྱད་པར་ཅན་བརྙེས་པ་ཞིག་གནས་ཤིག་ལ་བཞུགས་པའི་དབང་གིས་གནས་དེའི་ས་དང་ཆུ་དང་མེ་དང་རླུང་གི་འབྱུང་བ་དང་དེ་གྲུབ་པའི་རྡུལ་དང་བཅས་པ་ཚང་མ་ལ་བྱིན་རླབས་དེ་འཇུག་པ་རེད། དེ་བཞིན་གཤེགས་པའི་ཞབས་ཀྱིས་རེག་པའི་རྡུལ་ཡང་ང་ཚོས་སྤྱི་བོའི་གཙུག་ཏུ་མཆོད་པར་འོས་པ་ཡིན་ཞེས་གསུངས་དགོས་པ་ནི་སངས་རྒྱས་ཀྱི་ཞབས་ཀྱིས་རེག་པའི་རྡུལ་དེའང་དེ་བཞིན་གཤེགས་པའི་སྐུ་ཡི་བྱིན་རླབས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་སླེབས་པའི་དབང་གིས་གང་ཟག་གིས་གནས་ལ་བྱིན་གྱིས་བརླབ་ཏུ་ཡོད་པ་ཞིག་རེད། གང་ཟག་གིས་གནས་ལ་བྱིན་གྱིས་བརླབ་ཏུ་ཡོད་པ་དེ་ཇི་ལྟར་ཤེས་ཐུབ་ཅེ་ན། གང་ཟག་རྩ་ཆེན་པོ་དེ་འདྲ་གནས་བྱེ་བྲག་པ་ཞིག་ལ་ཉིན་ཤས་བཞུགས་ན་གང་ཟག་དེ་དེ་ནས་ཕེབས་ཟིན་པའི་རྗེས་སུའང་གནས་དེ་ལ་སྒོམ་མཁན་ཡིན་ན་ཉམས་རྟོགས་སྐྱེ་སླ་བ་དང་། དེ་ལ་གནས་མཇལ་བྱེད་མཁན་རྣམས་སེམས་བག་ཕེབས་ཡོང་བ། ཉོན་མོངས་ཀྱི་ཚོར་བ་ཆུང་དུ་འགྲོ་བ་སོགས་ཡོང་བ་མངོན་སུམ་དུ་མཐོང་ཐུབ། ས་ཆ་ནམ་རྒྱུན་བག་མི་ཕེབས་པ་དང་ལམ་འགྲོ་མི་རྒྱུག་སར་གང་ཟག་ཁྱད་པར་ཅན་ཕེབས་ནས་ཕྲན་བུ་བཞུགས་པ་ཙམ་གྱིས་འགྱུར་བ་འགྲོ་བ་ཉམས་སུ་མྱོང་རྒྱུ་ཡོད། སྐྱེས་བུ་དམ་པ་ཁ་ཤས་ས་གནས་ཤིག་ལ་བཞུགས་པའི་རྗེས་སུ་ཕེབས་ཟིན་ནའང་ས་གནས་དེ་ལ་དེའི་ཚུལ་ཁྲིམས་ཀྱི་དྲི་བཟང་མ་ཉམས་པར་གནས་པ་ཡོང་སྲིད། དེ་ལྟར་གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་ནས་གནས་དེ་ཁྱད་པར་ཅན་ཆགས་འགྲོ་བ་རེད། དེར་བརྟེན་ཕྱོགས་དང་མཚམས་བྱེ་བྲག་པ་ཞིག་གི་ནང་དུ་གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་པ་རེད། དེ་བཞིན་གཤེགས་པའི་སྐུའི་འོད་ཟེར་ལ་མཚམས་གཟུང་རྒྱུ་ཡོད་པ་བཞིན་དེ་བཞིན་གཤེགས་པའི་བྱིན་རླབས་ས་ལ་འཇུག་རྒྱུ་ལའང་མཚམས་ཤིག་ཡོད་པ་མ་གཏོགས། ས་ཆ་ཡོངས་རྫོགས་ལ་མིན། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་དེ་བྱིན་རླབས་ཀྱི་ནུས་པ་ཡིན་རུང་། བྱིན་རླབས་ལེན་མཁན་གྱི་འབྱུང་བ་དང་སྣོད་དེ་ལ་ཐུན་མོང་མིན་པའི་རྒྱུ་རྐྱེན་ཚང་དགོས་པར་བརྟེན། གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་པ་ལ་གནས་བྱེ་བྲག་པ་མ་གཏོགས། གནས་ཡོངས་རྫོགས་ལ་བྱིན་གྱིས་བརླབ་མི་ཐུབ་པ་རེད། དེས་ན་གང་ཟག་གིས་གནས་ལ་བྱིན་གྱིས་བརླབས་ནས་གནས་ཁྱད་པར་ཅན་ཆགས་འགྲོ་དུས་གནས་དེས་གང་ཟག་ཕལ་པ་ཚོ་ལ་ཕར་བྱིན་གྱིས་རློབ་པ་རེད། གང་ཟག་ཁ་ཤས་གནས་འདྲ་མིན་དུ་བཞུགས་ནས་སྒོམ་བརྒྱབས་ཀྱང་ཉམས་རྟོགས་མི་སྐྱེ་བ་དང་། སློབ་སྦྱོང་བྱས་ཀྱང་ཤེས་རབ་མི་སྐྱེ་བ་རྣམས་གནས་ཁྱད་པར་ཅན་དུ་སོང་ནས་སྒོམ་ལ་ཉམས་རྟོགས་ཐོན་པ་དང་། ཐོས་བསམ་གྱི་ཤེས་རབ་སྐྱེ་བ། ལྷག་པར་དུ་ཉོན་མོངས་མངོན་འགྱུར་བ་རྣམས་མགོ་ནོན་ནས་མི་སྐྱེ་བ་སོགས་ཡོང་གི་ཡོད། དེ་ལྟ་བུའི་གནས་སུ་ཕྱིན་ན་གནས་དེའི་སྣོད་ལ་ཡོད་པའི་ནུས་པ་དང་བྱིན་རླབས་དེ་གནས་དེར་འགྲོ་བའི་བཅུད་ཀྱི་སེམས་ཅན་ལ་ཉོན་མོངས་ཆུང་དུ་འགྲོ་བ་དང་ཤེས་རབ་ཆེ་རུ་འགྲོ་བའི་རྐྱེན་དུ་གྱུར་པ་རེད།

འདི་ལའང་ཐེག་པ་ཐུན་མོང་བའི་བཤད་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བཤད་ཚུལ། སྔགས་ཀྱི་ཐེག་པ་ནས་བཤད་ཚུལ་མི་འདྲ་བ་གསུམ་རེད། ཐེག་པ་ཐུན་མོང་བའི་བཤད་ཚུལ་ལྟར་ན། ཕྱིར་མི་འོང་བ་ཡན་གྱི་འབྲས་བུ་ཐོབ་པའི་གང་ཟག་བཞུགས་པའི་ས་དེའང་ཕྱག་བྱ་བའི་ཡུལ་དུ་གྱུར་པ་ཡིན་ཞེས་གསུངས། གང་ལྟར་གང་ཟག་དེའི་དབང་གིས་བཞུགས་སའི་གནས་དེ་ཁྱད་པར་དུ་འཕགས་པར་གྱུར་པར་བརྟེན། གནས་དེ་ལ་གཞན་གྱིས་གུས་ཞབས་དང་ཕྱག་བཙལ་ན་དེར་བཞུགས་པའི་གང་ཟག་ཁྱད་པར་ཅན་དེ་ལ་ཕྱག་བྱས་པ་དང་མཚུངས་པའི་བསོད་ནམས་ཐོབ་པ་རེད། དེང་སང་ཆོས་དང་བྱིན་རླབས་ཀྱི་བསམ་ཚུལ་གང་ཡང་མེད་པའི་གང་ཟག་དེ་ཚོས་ཀྱང་གང་ཟག་ཁྱད་པར་ཅན་གྱི་བཞུགས་གནས་དང་སྐུ་གདུང་ཞུགས་འབུལ་གྱི་གནས་སོགས་ཟུར་བཅད་ཀྱིས་དྲན་རྟེན་དུ་འཇོག་གི་ཡོད། དེ་ལྟར་འཇོག་དགོས་པའང་གང་ཟག་དེ་རྗེས་སུ་དྲན་པ་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དཔེར་ན། ནམ་རྒྱུན་བདག་ཉིད་ཆེན་པོ་གཱཾདྡྷཱིའི་སྐོར་ལ་ཐག་ཉེ་བའི་ཚོར་བ་ཞིག་མི་སྐྱེ་ནའང་། ཁོང་གི་སྐུ་གདུང་ཞུགས་འབུལ་ཞུ་ས་རཱཇ་གྷཱཊ་ (Rajghat) ལ་འབྱོར་སྐབས་བདག་ཉིད་ཆེན་པོ་གཱཾདྡྷཱིའི་སྐུའི་དབྱིབས་དང་། གསུང་གི་གདངས། ཐུགས་ཀྱི་རྣམ་འགྱུར་སོགས་ས་ཆ་གཞན་དག་ལས་གསལ་བ་རྗེས་སུ་དྲན་ཐུབ་པ་དང་ཚོར་བ་ཡོང་ཐུབ་པ་ནི་རྟེན་འབྲེལ་གནད་ཀྱིས་གྲུབ་པ་རེད། སངས་རྒྱས་ཀྱི་འཕྲིན་ལས་དང་། སེམས་ཅན་གྱི་ལས། རྫས་སྔགས་རྟེན་འབྲེལ་གྱི་ནུས་པ་གསུམ་པོ་བསམ་གྱིས་མི་ཁྱབ་པ་གཅིག་པ་ཡིན་ཞེས་གསུངས་པ་ལྟ་བུ་རེད། དེས་ན་རྟེན་འབྲེལ་གྱི་ཁྱད་པར་གྱིས་ས་ཆ་དེ་ལ་སླེབས་དུས་ཐུན་མོང་མ་ཡིན་པའི་ཚོར་བ་ཞིག་ཡོང་བ་རེད། དེ་ལྟར་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་སྒྲུབ་པ་གནང་བའི་ས་ཆར་སྒྲུབ་པ་གནང་ན་ཉམས་རྟོགས་སྐྱེ་སླ་བ་དང་། སྒོམ་ཐེབས་སླ་བ་ཡོང་གི་ཡོད། དཔེར་ན། ང་ཚོའི་ཨ་ཏཱི་ཤའི་ཚོགས་ཁང་ནང་དབྱར་ཁ་དང་སྟོན་ཁར་ལྷག་མཐོང་ (Vipassana) སྒོམ་གྱི་ཆེད་དུ་ཕེབས་མཁན་རྣམས་ཀྱིས་ཨ་ཏཱི་ཤའི་ཚོགས་ཁང་འདིའི་ནང་ཡོང་བ་དང་སྒོམ་ཐེབས་ཀྱི་འདུག་ཅེས་གསུངས་ཀྱི་ཡོད། ཁོང་ཚོ་ལས་དང་པོ་བ་ཤ་སྟག་ཡིན་ནའང་ཕྱི་དང་ནང་ལ་སྒོམ་རྒྱག་པ་གཉིས་ལ་ཁྱད་པར་ཡོད་པ་ཞིག་ཚོར་ཐུབ་པ་རེད། ཚོགས་ཁང་འདིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་ཆིབས་བསྒྱུར་གྱིས་གསུང་ཆོས་གནང་བ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་བྱེད་པའི་ཉེར་ལེན་གྱིས་གནས་དེ་གང་ཟག་གིས་བྱིན་གྱིས་བརླབས་ཡོད། དེ་ལྟ་བུའི་གནས་དེས་གང་ཟག་ཕལ་པ་རྣམས་ལ་ཕར་རྐྱེན་བྱས་པའམ་བྱིན་གྱིས་བརླབས་པ་དེ་ཡོང་གི་ཡོད། དེ་ནི་ཇི་ལྟར་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་བརྒྱབ་ཐུབ་ཀྱི་རེད་ཅེ་ན། སྣོད་ཀྱི་འཇིག་རྟེན་འདི་ལས་ཀྱི་བདག་འབྲས་སུ་ང་ཚོས་ཁས་བླངས་པ་རེད། དེར་བརྟེན་སྤྱི་མཐུན་གྱི་ལས་ཀྱི་བདག་འབྲས་དང་གང་ཟག་བྱེ་བྲག་པའི་ལས་ཀྱི་བདག་འབྲས་གཉིས་ཀ་དེའི་ནང་ཚུད་ཡོད། དཔེར་ན། ད་ལྟ་ཚོགས་ཁང་འདིའི་ནང་ང་ཚོ་མི་ཉི་ཤུ་རྩ་གསུམ་མཉམ་དུ་ཡོད་པ་ཐུན་མོང་གིས་ཁང་པ་འདི་ལོངས་སུ་སྤྱོད་པ་རེད། དེ་ལྟ་བུའི་ཁང་པ་འདི་ང་ཚོ་ཚང་མའི་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་འབྲས་བུ་རེད། གལ་ཏེ་སྤྱི་མཐུན་གྱི་ལས་ཤིག་བསགས་མེད་ན་ང་ཚོས་སྤྱི་ཡོངས་ཀྱིས་ལོངས་སུ་སྤྱད་རྒྱུ་དེ་མི་ཡོང་བ་རེད། དང་པོ་ཐོ་བརྒྱབ་དུས་ང་ཚོ་སུམ་ཅུ་སོ་གྲངས་ཡོད་རེད། རྗེས་སུ་དངོས་སུ་འགྲོ་ཁར་མི་ཉེར་གསུམ་ལས་ལྷག་མེད། ད་དུང་གནངས་ཉིན་འདི་ནས་ཐོན་སྐབས་མི་ཉེར་གསུམ་ཆ་ཚང་བསྡད་གྲབས་ཡོད་མེད་མི་ཤེས་པ་རེད། དེ་ཚོ་ཆ་ཚང་ལས་ཀྱི་དབང་གིས་ཆགས་པ་རེད། ལས་མ་བྱས་པ་དང་མི་འཕྲད་པ་དང་། ལས་བྱས་པ་ཆུད་མི་ཟ་བ་ཡིན་ཙང་ཆ་ཚང་གིས་མྱོང་བའི་སྔོན་གྱི་ལས་ཤིག་མེད་ན་བྱེད་ཐབས་མེད། ལས་ཤིག་ཡོད་ནའང་འབྲས་བུ་སྨིན་དང་མ་སྨིན་པའི་ངེས་པ་མེད་པའི་ལས་མང་པོ་ཡོད་རེད། དེ་རིང་སྨིན་རྒྱུའི་ལས་ལ་རྐྱེན་གཞན་ཞིག་ཕྲད་ནས་ལོ་རྗེས་མ་ལ་སྨིན་རྒྱུ་ཆགས་པ་དང་། ལོ་རྗེས་མར་འབྲས་བུ་སྨིན་དགོས་པའི་ལས་ཤིག་ཡོད་ན་རྐྱེན་གཞན་ཞིག་གི་དབང་གིས་དེ་རིང་སྨིན་པ། ལས་བཟང་པོའི་འབྲས་བུ་སྨིན་སར་རྐྱེན་གཞན་པ་ལ་བརྟེན་ནས་ལས་ངན་པའི་འབྲས་བུ་སྨིན་པ་སོགས་རྐྱེན་གྱི་དབང་གིས་འགྱུར་བ་མང་པོ་བྱུང་བ་རེད། དེས་ན་ལས་མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་ཡིན་ཙང་ལས་ཀྱི་རྒྱུ་ཞིག་མེད་ན་རྐྱེན་ཇི་འདྲ་ཞིག་འཕྲད་ཀྱང་དེའི་དབང་གིས་འབྲས་བུ་སྨིན་པ་མེད། གལ་ཏེ་ས་བོན་ཞིག་ཡོད་ན། དེ་ལ་ཆུ་དང་ལུད་དང་དྲོད་གཤེར་སོགས་ལས་མྱུ་གུ་སྐྱེ་བ་དང་། ས་བོན་མེད་པ་ལ་ཆུ་ལུད་སོགས་ཀྱིས་མྱུ་གུ་སྐྱེ་བ་བཟོ་མི་ཐུབ། ཆུ་ལུད་དྲོད་གཤེར་ནི་མྱུ་གུ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་ལས། ཉེར་ལེན་གྱི་རྒྱུ་མིན། དེའི་ཉེར་ལེན་གྱི་རྒྱུ་ནི་མྱུ་གུར་འགྱུར་རུང་གི་ས་བོན་ཞིག་དགོས། དེར་བརྟེན་ང་ཚོའི་རྒྱུད་ལ་ཡོད་པའི་སྤྱི་མཐུན་གྱི་ལས་ཤིག་ལ་ལྷན་ཅིག་བྱེད་རྐྱེན་ཡག་པོ་འཕྲད་པའི་སྐབས་སུ་ཁང་པ་གཅིག་གི་ནང་མཉམ་དུ་ལོངས་སྤྱད་རྒྱུ་བྱུང་བ་རེད། དེ་ལྟ་བུའི་ཐུན་མོང་དུ་ལོངས་སྤྱད་བྱར་གྱུར་པའི་ཁང་པ་དེ་ང་ཚོའི་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པ་རེད། ཡིན་ནའང་རང་རང་གི་ཐུན་མོང་མ་ཡིན་པའི་ལོངས་སྤྱད་བྱར་གྱུར་པའི་ཁང་པ་དེ་གང་ཟག་བྱེ་བྲག་པའི་ལས་ཀྱིས་གྲུབ་པ་རེད། དེར་བརྟེན། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།། ཞེས་བརླན་ཞིང་གཤེར་བའི་ཕོར་པ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟས་པ་དེའི་ཚེ་ཆུ་ཕལ་པ་དང་། བདུད་རྩི། རྣག་ཁྲག་གསུམ་གའི་ཆ་ཤས་ཡོད་ཅེས་གསུང་དགོས་པ་ནི་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟས་པ་ན་ཐུན་མོང་དུ་ལོངས་སྤྱད་བྱར་གྱུར་པའི་བརླན་ཞིང་གཤེར་བའི་ཕོར་པ་གང་པོ་དེའི་ཆ་ཤས་ལ་ཐུན་མོང་མ་ཡིན་པའི་ལོངས་སྤྱད་བྱར་གྱུར་པའི་ཆུ་དང་། བདུད་རྩི། རྣག་ཁྲག་བཅས་ཀྱི་རང་བཞིན་དེ་གྲུབ་པ་རེད། དཔེར་ན། ཁང་པ་འདི་ལ་མཚོན་ན། ང་ཚོས་ཐུན་མོང་དུ་ལོངས་སྤྱད་ནའང་ཁ་ཤས་ལ་སྐྱིད་པོ་ཚོར་བ་དང་། ཁ་ཤས་ལ་མི་སྐྱིད་པ་ཚོར་བ་ནི་ང་ཚོའི་ཐུན་མོང་བའི་ལས་ཤིག་ཡོད་པའི་ནང་དུ་ཐུན་མོང་མ་ཡིན་པའི་ལས་ཤིག་ཀྱང་གྲུབ་པ་རེད། དེས་ན་སངས་རྒྱས་སྐུ་འཁྲུངས་པའི་གནས་ནི་དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་ཆ་ཤས་ཤིག་གྲུབ་ཡོད། ང་ཚོའི་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པའི་ཁང་པ་འདིའི་ནང་མི་ཉེར་གསུམ་པོ་རེ་རེའི་ལས་ཀྱིས་གྲུབ་པའི་ཆ་ཤས་ཡོད་པ་བཞིན་གང་དང་གང་དུ་དེ་བཞིན་གཤེགས་པའི་ཞབས་ཀྱིས་བཅགས་པའི་གནས་སུ་དེ་བཞིན་གཤེགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་དེའི་ནང་སྨིན་ཡོད། དེ་ལ་དེ་བཞིན་གཤེགས་པའི་ལས་ཀྱི་བདག་འབྲས་ཞེས་མི་བརྗོད་ཀྱང་། དེ་ལྟ་བུའི་ས་ཆ་དེ་གྲུབ་པ་ལ་སངས་རྒྱས་ཀྱི་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་རྐྱེན་སྔོན་དུ་སོང་བའི་དབང་གིས་དེ་བཞིན་གཤེགས་པའི་ལོངས་སྤྱད་བྱར་གྱུར་པའི་དག་པའི་སྣོད་ཀྱི་འཇིག་རྟེན་ཞིག་ས་ཆ་དེ་གའི་ནང་གྲུབ་ཡོད། དེར་བརྟེན་དེ་གྲུབ་པའི་གོ་ས་དེ་གང་དུ་རེད་ཅེ་ན། མ་དག་པའི་སྣོད་དེ་རང་ལ་གྲུབ་པ་མ་གཏོགས། དེ་འདྲ་བའི་དག་པའི་སྣོད་ཀྱི་གྲུབ་སའི་གོ་ས་དེ་དང་། ང་ཚོས་ལོངས་སྤྱད་བྱར་གྱུར་པའི་མ་དག་པའི་སྣོད་ཀྱི་གོ་ས་གཉིས་ཐ་དད་མེད། གང་ལྟར་དེ་བཞིན་གཤེགས་པས་ལོངས་སུ་སྤྱོད་པའི་སྐབས་ཀྱི་དག་པའི་སྣོད་ཀྱི་འཇིག་རྟེན་དེས་ང་ཚོས་ལོངས་སྤྱད་བྱར་གྱུར་པའི་མ་དག་པའི་སྣོད་ཀྱི་འཇིག་རྟེན་འདིའི་གོ་ས་དེ་ཡང་དག་པར་བྱེད་པའི་ནུས་པ་ཞིག་གྲུབ་ཡོད་པར་བརྟེན། གནས་ཆེན་དེ་དག་གནས་གཞན་དང་མི་འདྲ་བར་བྱིན་རླབས་ཀྱི་ནུས་པ་ཆེ་བ་ཡོང་དགོས་པའི་རྒྱུ་མཚན་དེ་རེད།

དེ་ལྟ་བུའི་གནས་ཆེན་དེ་དག་མཇལ་ནས་དགེ་བ་གསོག་རྒྱུ་ཡོད་པ་དང་སྡིག་པ་འདག་རྒྱུ་ཡོད་ན། ཕྱི་རོལ་པས་ཁྲུས་ལས་སྡིག་པ་དག་ཚུལ་བཤད་པ་དང་ཁྱད་པར་མེད་པ་མ་རེད་དམ་ཞེ་ན། སྐབས་འདིར་ཕྱི་རོལ་པའི་བཤད་སྟངས་དང་ང་ཚོའི་བཤད་སྟངས་གཉིས་ལ་ཁྱད་པར་ཆེན་པོ་རེད། ཕྱི་རོལ་པས་ཆུ་བོ་གངྒཱ་ལ་ཁྲུས་བྱེད་ན་ཆུ་དེའི་ནུས་པས་སྡིག་པ་དག་ཚུལ་བཤད་པ་རེད། ནང་པ་སངས་རྒྱས་པས་གནས་ཁྱད་པར་ཅན་ལ་གནས་མཇལ་ཕྱིན་ན་གནས་དེའི་ནུས་པས་སྡིག་པ་དག་པ་དང་དགེ་བ་གསོག་རྒྱུ་བཅས་ཀྱི་གནས་སྟངས་མེད་རུང་། གནས་དེའི་ནུས་པས་དགེ་བ་སྒྲུབ་པའི་སེམས་ཀྱི་ནུས་པ་དེ་སྟོབས་ཆེ་རུ་འགྲོ་བ་དང་། མི་དགེ་བའི་བསམ་པ་རང་ཤུགས་ཀྱིས་སྟོབས་ཆུང་དུ་འགྲོ་བ། རང་གིས་དགེ་བ་གང་བསགས་པ་དེ་དགེ་བ་སྟོབས་ཆེ་བ་དང་སྤུས་དག་པ་ཡོང་བའི་ཁྱད་པར་འགྲོ་རྒྱུ་ཡོད་པར་གསུངས། སྡིག་པ་དག་རྒྱུ་ནི་སོ་སོས་དགེ་བ་བསགས་ནས་བྱེད་དགོས་པ་ལས། ཕྱིའི་སྣོད་ཀྱི་འཇིག་རྟེན་གྱིས་རང་གི་སྡིག་པ་བྱང་བ་དང་བསོད་ནམས་གནང་ཡོང་བ་མེད་རུང་། ཕྱིའི་སྣོད་ཀྱི་འཇིག་རྟེན་དེའི་ནུས་པས་ནང་གི་སེམས་ཀྱི་འགྱུར་བ་དེ་ལ་མཐུན་རྐྱེན་སྦྱར་སྟངས་ཀྱི་ཁྱད་པར་མི་འདྲ་བ་ཞིག་གིས་རོགས་བྱས་ནས་དགེ་བ་བྱེད་པ་ལ་སྤྲོ་བ་འཕེལ་ཐུབ་པ་དང་། དགེ་བ་བྱེད་པ་དེ་ས་ཆ་གཞན་ལས་སྟོབས་ཆེ་བ་སྤུས་དག་པ་ཡོང་བ་སོགས་ཀྱི་ཁྱད་པར་ཡོད། མིག་གི་ཤེས་པ་དང་དབང་པོ་གཉིས་ལ་སྐྱོན་ཡོད་ན་མཐོང་མི་ཐུབ་རུང་། གལ་ཏེ་མིག་གི་དབང་པོ་སྐྱོན་མེད་པ་དང་མིག་གི་ཤེས་པ་ནུས་པ་ལྡན་པ་ཡོད་ནའང་ཕྱིའི་སྣང་བ་དེ་མེད་ན་མཐོང་མི་ཐུབ། ཕྱིའི་སྣང་བ་དེ་ཆེ་ཆུང་ཇི་ལྟར་ཡོད་པ་བཞིན་མཐོང་ཐུབ་པ་རེད། དེས་ན་སྣང་བའི་ནུས་པས་མཐོང་རྒྱུ་ལ་གེགས་དང་གྲོགས་བྱེད་ཀྱི་ཡོད་རེད། འོན་ཀྱང་མཐོང་བའི་ནུས་པ་དེ་མིག་གི་དབང་པོ་དང་མིག་གི་ཤེས་པ་ལ་ཡོད་པ་ལས། སྣང་བ་དེ་ལ་མེད། དེ་བཞིན་གནས་ཀྱི་ནུས་པས་ང་ཚོའི་དགེ་རྩ་ཡག་ཉེས་འགྲོ་བ་བྱེད་ཐུབ་ཀྱང་། གཙོ་བོ་དགེ་རྩ་བྱེད་དང་མ་བྱེད་གང་ཟག་བྱེ་བྲག་པ་རག་ལས་པ་མ་གཏོགས། གནས་ཀྱིས་དགེ་རྩ་བྱས་ནས་གང་ཟག་བྱེ་བྲག་པ་ལ་སྤོ་རྒྱུ་དང་། གང་ཟག་དེའི་སྡིག་པ་དེ་གནས་ཀྱིས་བླང་རྒྱུ་མེད་པར་བརྟེན། ནང་པ་དང་ཕྱི་རོལ་པའི་འདོད་པ་མི་འདྲ་ཚུལ་དེ་ལྟར་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་ནང་པའི་ཆོས་ཀྱི་བསམ་ཚུལ་ནང་གནས་ཁྱད་པར་ཅན་ལ་ཕྱིན་ན་གནས་ཀྱི་ནུས་པས་གང་ཟག་ལ་བྱིན་གྱིས་བརླབ་རྒྱུ་ཡོད་ཅེས་ཕར་ཕྱིན་ཐེག་པའི་ནང་གསུངས། ཐེག་པ་ཐུན་མོང་བའི་འདོད་ཚུལ་ལྟར་ན་གནས་དེ་ཕྱག་བྱ་བའི་ཡུལ་དུ་གྱུར་པ་ཡིན་ཙང་། དེའི་དབང་གིས་དེ་ལ་དམིགས་པའི་ཕྱག་དང་མཆོད་པ་སོགས་བྱེད་ན་གང་ཟག་དེ་ལ་དམིགས་པའི་ཕྱག་དང་མཆོད་པ་བྱས་པའི་དགེ་རྩ་ཇི་ལྟ་བ་བཞིན་ཡོང་བའི་ནུས་པ་འཇོག་པ་རེད་ཅེས་བཤད། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། གནས་དེའི་ནུས་པའི་དབང་གིས་གང་ཟག་དེ་དགེ་རྩ་སྒྲུབ་པ་དང་སྡིག་པ་སྤོང་བ་ལ་ནུས་པ་ཆེ་རུ་འགྲོ་བར་བརྟེན། གནས་དེ་རྩ་ཆེན་པོ་རེད་ཅེས་བཤད།

དེ་ལས་ཀྱང་གོམ་པ་གཅིག་སྤོས་ཏེ་སྔགས་ཀྱི་བཤད་ཚུལ་ལྟར་ན། གནས་ཀྱི་ནུས་པས་གང་ཟག་གི་རྩ་རླུང་གི་འགྱུར་བ་ལ་དབང་བསྒྱུར་ཐུབ་པ་དང་། གནས་བྱེ་བྲག་པ་ཞིག་གི་ས་ཆུ་མེ་རླུང་གི་འབྱུང་བའི་གནས་སྟངས་བྱེ་བྲག་ལ་བརྟེན་ནས་ལུས་ཀྱི་ས་ཆུ་མེ་རླུང་གི་འབྱུང་བའི་གནས་སྟངས་ལ་ནུས་པ་ཐེབས་སྟངས་དེའི་དབང་གིས་རྩ་རླུང་གི་ནུས་པ་མགྱོགས་སུ་འགྲོ་བ་དང་། རྩ་མདུད་འགྲོལ་བ་ལ་སྟབས་བདེ་རུ་འགྲོ་བ། རླུང་གི་ཉམས་ལེན་སྟབས་བདེ་རུ་འགྲོ་བ་སོགས་སྔགས་ཀྱི་སྐབས་སུ་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་གི་འབྱུང་བའི་གནས་སྟངས་གཉིས་ཧ་ཅང་ཐག་ཉེ་ཞིང་། ཕྱིའི་འབྱུང་བའི་གནས་སྟངས་ཀྱིས་ནང་གི་འབྱུང་བའི་གནས་སྟངས་ལ་རྟག་ཏུ་འབྲེལ་བ་གཏིང་ཟབ་ཐོག་ནས་བསྡད་ཀྱི་ཡོད། སྤྱིར་བཏང་ནས་སྔགས་ཀྱི་སྐབས་སུ་སྣོད་ཀྱི་བཀོད་པ་གྲུབ་སྟངས་དེ་ལུས་ཀྱི་བཀོད་པ་དང་རྗེས་སུ་མཐུན་པར་གྲུབ་པའམ། ཡང་ན་ལུས་ཀྱི་བཀོད་པ་དེ་སྣོད་ཀྱི་འཇིག་རྟེན་དང་རྗེས་སུ་མཐུན་པར་གྲུབ་ཚུལ་བཤད་ཀྱི་ཡོད། དེར་བརྟེན་གནས་ཁྱད་པར་ཅན་དུ་འབྱོར་སྐབས་རྩ་རླུང་གི་ནུས་པ་དང་ཉམས་ལེན་གྱི་ནུས་པ་ཡག་ཏུ་འགྲོ་བ་དང་། དེ་བཞིན་གནས་ངན་པའམ་མི་གཙང་བ་ལ་སླེབས་ན་ལུས་ཀྱི་འབྱུང་བའི་གནས་སྟངས་དེ་འཁྲུགས་པ་དང་རྩ་རླུང་གི་ནུས་པ་མི་འབྱུང་བ་སོགས་ཡོང་གི་ཡོད། དེ་ཙམ་དུ་མ་ཟད་ལམ་སྒྲུབ་པའི་ཟླ་གྲོགས་ལ་རྣལ་འབྱོར་མ་དང་དཔའ་བོ་ཞིང་སྐྱེས་ལྷན་སྐྱེས་སྔགས་སྐྱེས་ཀྱི་མཁའ་འགྲོ་མ་སོགས་ཡུལ་ཉེར་བཞི་དང་། གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་སུ་ལྷ་ཚོགས་རྣམས་ཁ་ཤས་གཉུག་མར་གནས་པ་དང་། ཁ་ཤས་འདུས་ནས་ཡོང་བ་སོགས་ལ་བརྟེན། ཡུལ་ཉེར་བཞི་དང་གནས་སོ་གཉིས་སོགས་ཡུལ་དང་གནས་ཁྱད་པར་ཅན་ལ་ཚོགས་ཀྱི་འཁོར་ལོ་བཤམ་ན་དཔའ་བོ་དང་མཁའ་འགྲོའི་ཚོགས་ཆེན་པོ་རྒྱ་ཆེན་པོ་དང་ལས་སླ་པོས་འདུ་ཐུབ་པ་དང་། དེ་མིན་གནས་མི་གཙང་བ་ལ་ཚོགས་འཁོར་བཤམ་ན་དཔའ་བོ་མཁའ་འགྲོའི་འདུ་ཚོགས་ཆེན་པོ་ཡོང་མི་ཐུབ་པ་དེ་འདྲའི་ཁྱད་པར་ཡོད།

སྤྱིར་བཏང་དེང་སང་ཁོར་ཡུག་གི་གནས་སྟངས་བཤད་མཁན་ཚོས་ཁོར་ཡུག་ཧ་ཅང་རྩ་ཆེན་པོ་བརྩི་ཞིང་། ཁོར་ཡུག་བཙོག་པའི་ནང་མིའི་ལུས་ཁམས་མི་བདེ་བ་དང་བསམ་བློ་མི་གསལ་བ་སོགས་ཡོང་བ་དང་། ཁོར་ཡུག་གཙང་མའི་ནང་ལུས་ཁམས་བདེ་བ་དང་བློ་རིག་གསལ་བ། ལྷག་པར་དུ་སྲོག་ཆགས་དང་མིའི་གཟུགས་ཕུང་ནས་གཡོ་འགུལ་ལམ་ནུས་པ་ (Vibration) ཞིག་ཡོང་བ་བཤད་ཀྱི་ཡོད། དེ་ལྟ་བུའི་གཡོ་འགུལ་ལམ་ནུས་པ་དེས་ས་གནས་གང་ལ་གང་འཚམས་ཤིག་ལ་ཁྱབ་པ་རེད། གཡོ་འགུལ་ལམ་ནུས་པ་དེ་ལ་ང་ཚོས་འོད་དང་འོད་ཟེར་རམ་གཡས་གཡོན་གྱི་རླུང་གི་ཁམས་ཞེས་བརྗོད་དགོས་སམ་སྙམ། ཚན་རིག་པ་ཚོས་ཀྱང་གང་ཟག་དང་གནས་ལ་བརྟེན་ནས་གཡོ་འགུལ་ལམ་ནུས་པ་ཞིག་ཡོང་ཚུལ་བཤད་ཀྱི་ཡོད། དེ་ལྟ་བུའི་འོད་ཟེར་དང་རླུང་གི་ཁམས་ཀྱི་ཁོར་ཡུག་དེའི་ནང་ཡོད་ན་ལུས་སེམས་གཉིས་ཀར་ཁྱད་པར་འགྲོ་བ་རེད།

སངས་རྒྱས་ཀྱིས་མྱ་ངན་ལས་འདས་པའི་མདོ་དང་འདུལ་བ་ལུང་ཕྲན་ཚེགས་ནང་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་རྗེས་འཇུག་གིས་སྟོན་པའི་རྣམ་ཐར་རྗེས་སུ་དྲན་པའི་ཆེད་དུ་གནས་ཆེན་བཞི་ལ་འགྲོ་ན་ཡག་པོ་ཡོད་ཚུལ་གསུངས་ཡོད། དེ་ཡང་གནས་ཆེན་བཞི་ནི་སྐུ་བལྟམས་པའི་གནས་ལུམྦིནཱི་དང་། ལོ་དྲུག་དཀའ་བ་སྤྱད་པ་དང་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཝཱ་རཱ་ཎ་སཱི། ཡོངས་སུ་མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་བཅས་ཡིན། དེ་དག་ལ་ཕྱག་མཆོད་འབུལ་སོགས་བྱེད་ན་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཐོབ་ཚུལ་གསུངས་ཡོད། དེ་ནས་གནས་ཆེན་བརྒྱད་བརྩི་བའི་སྐབས་སུ་གོང་གི་གནས་ཆེན་བཞིའི་ཐོག་ཏུ་སྐུ་ཚེ་བྱིན་གྱིས་བརླབས་པའི་གནས་ནཱལནྡཱ་དང་། ཆོ་འཕྲུལ་བསྟན་པའི་གནས་མཉན་ཡོད། ལྷ་ལས་བབས་པའི་གནས་སང་ཀི་སཱ། དབྱེན་བཟླུམས་པའི་གནས་རྒྱལ་པོའི་ཁབ་བཅས་རེད། སྐབས་རེ་ཕྱི་མ་བཞི་ལ་ཉེ་བའི་གནས་ཆེན་བཞི་ཞེས་ཀྱང་བརྗོད། འགའ་ཞིག་ནང་ཡངས་པ་ཅན་དེ་གནས་ཆེན་གཅིག་ཏུ་བརྩི་བ་ལྟ་བུར་སྣང་།

ཁྱེད་རང་ཚོ་སང་ཉིན་ནས་ཝཱ་རཱ་ཎ་སཱི་དང་། རྡོ་རྗེ་གདན། རྩ་མཆོག་གྲོང་། མཉན་ཡོད། རྒྱལ་པོའི་ཁབ། ནཱལནྡཱ་བཅས་སུ་གནས་སྐོར་འགྲོ་རྒྱུ་ཡིན་པ་རེད། ད་ལན་འདིའི་ནང་ཡངས་པ་ཅན་དུ་འགྲོ་མི་ཐུབ་པ་མ་ཟད། གནས་ཆེན་བཞིའི་ནང་ནས་ལུམྦིནཱི་ལ་ཚུལ་མཐུན་གྱིས་འགྲོ་ཐབས་མེད། ལར་ནས་གནས་མཇལ་དུ་ཚུལ་མཐུན་གྱིས་ཕེབས་དགོས་ཤིང་། དེང་སང་གནས་མཇལ་བ་ཁ་ཤས་མེ་འཁོར་གྱི་འཛིན་བྱང་སོགས་མ་ཉོས་པར་བརྐུས་ཏེ་སོང་བ་མ་ཟད། ད་དུང་གནས་མཇལ་འགྲོ་བའི་ཡུས་ཤོད་མཁན་དེ་འདྲ་ཡོང་གི་འདུག  དེ་དག་གྲྭ་པ་ཡིན་ན་མ་བྱིན་པར་ལེན་པའི་ཕམ་པས་གྲྭ་པ་ལོག་པ་དང་། ཁྱིམ་པ་ཡིན་ན་བརྐུས་པའི་མི་དགེ་བ་ཞིག་ཡོང་རྒྱུ་རེད། དེས་ན་ཚུལ་མཐུན་མིན་པས་སོང་བ་དང་གནས་མཇལ་བ་གཉིས་ལ་མགོ་ཐུག་རྒྱུ་གང་ཡང་མེད། དེ་ནི་ཉ་བསད་ནས་ཁྱི་ལ་སྦྱིན་པ་བཏང་བ་དང་མཚུངས། ས་ཆ་ཕལ་པ་ཞིག་ལ་ཚུལ་དང་མི་མཐུན་པར་ཕྱིན་པ་ལས་ཀྱང་གནས་ཁྱད་པར་ཅན་ལ་ཚུལ་དང་མི་མཐུན་པར་ཕྱིན་པ་དེ་སྡིག་པ་གསོག་ཚབས་ཆེ་བ་རེད། གནས་ཁྱད་པར་ཅན་ལ་དགེ་བ་བྱེད་ན་དགེ་བའི་ནུས་པ་ཆེ་བ་བཞིན་སྡིག་པ་བྱེད་ན་སྡིག་པའི་ནུས་པ་ཆེ་བ་ཡོང་བ་གཅིག་པ་རེད། དེས་ན་ང་ཚོ་སཱར་ནཱཐ་ལ་བསྡད་ནས་སྡིག་པ་བྱེད་ན་དིལླཱི་དང་མུམྦཨཱི་ལ་སྡིག་པ་བྱེད་པ་ལས་སྡིག་ཚབས་ཆེ་བ་རེད། ཕྱོགས་གཉིས་ཀའི་ཁེ་གྱོང་གཉིས་ཀ་ལ་བལྟ་དགོས། ས་གནས་འདི་འདྲ་ཞིག་ལ་སྡིག་པ་བྱེད་ན་སྡིག་པ་ཆེ་བ་ཡོང་བསམ་པའི་དྲན་ཤེས་བསྟེན་ནས་སྡིག་པ་སྤོང་གང་ཐུབ་དང་། འདི་ལ་དགེ་བ་བྱེད་ན་དགེ་བ་གསོག་ཚབས་ཆེ་བ་ཡོད་བསམ་པའི་འདུ་ཤེས་བཞག་ནས་དགེ་བ་ལ་འབད་དགོས་པ་དེ་གནས་མཇལ་བ་ཚོས་ངེས་པར་དུ་ཐུགས་ལ་འཇོག་དགོས། དེ་བཞིན་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ལྟར་ན་དྲང་སྲོང་ཞོ་འཐུང་རུས་པའི་རྡོ་རྗེའི་གདན་རྩེ་བརྒྱ་པ་དེ་ཡུལ་གྱི་དབུས་རྡོ་རྗེ་གདན་དུ་ཡོད་པ་དང་། སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ་འཁྱོག་ཐུབ་པའི་གདན་དེ་མ་གཏོགས་མེད་པར་བརྟེན། བསྐལ་པ་འདིའི་སངས་རྒྱས་སྟོང་རྣམས་རྡོ་རྗེ་གདན་དུ་སངས་རྒྱས་པ་དང་། དེ་བཞིན་འཇིག་རྟེན་འདི་བསྐལ་པ་མེ་འཇིག་ཆུ་འཇིག་གིས་འཇིག་པའི་སྐབས་སུ་རྡོ་རྗེ་གདན་དུ་ཡོད་པའི་དྲང་སྲོང་ཞོ་འཐུང་རུས་པའི་རྡོ་རྗེའི་གདན་དེ་མི་འཇིག་པར་ནམ་མཁའ་ལ་བསྡད་ཚུལ་གསུངས་ཡོད། དེ་དག་ནི་སྒྲ་ཇི་བཞིན་པར་ཁས་ལེན་དགོས་སམ། ཡང་ན་བརྡ་མཚོན་ཞིག་གིས་བཤད་དགོས་སྐབས་དང་སྦྱར་ནས་བལྟ་རྒྱུ་རེད།

བོད་དུ་ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་ཀྱི་སྒྲོན་མ་སོགས་ནས་བརྒྱུད་པའི་སྔགས་སམ་ཕར་ཕྱིན་ཐེག་པའི་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གཙོ་བོར་སྟོན་ནས་ཤ་ཁྲག་ལ་དགའ་བའི་མཁའ་ལ་རྒྱུ་བའི་ཡི་དྭགས་དང་གདོན་འདྲེ་སོགས་ལ་རང་གི་ལུས་ཀྱི་ཤ་ཁྲག་གི་སྦྱིན་པ་གཏོང་བའི་གཅོད་ཅེས་པའི་ཉམས་ལེན་གྱི་བརྒྱུད་པ་དེའི་ནང་ཀླུ་དང་གནོད་སྦྱིན་འདྲེ་སོགས་གདུག་པ་ཅན་རྣམས་གནས་པའི་དུར་ཁྲོད་བརྒྱ་དང་ཆུ་མིག་བརྒྱ་ལ་སོགས་འགྲིམས་པ་ནི་གནས་སྐོར་དུ་ཚུད་ཀྱང་། དེ་ནི་གནས་རྩ་ཆེན་དུ་བརྩིས་ནས་འགྲོ་བ་མིན། དུར་ཁྲོད་ནང་བསིལ་བའི་ཚལ་གྱི་དུར་ཁྲོད་དེ་འཇིགས་སུ་རུང་བ་བརྩི་ཡང་། ད་ལྟ་མཇལ་བ་དེ་དུར་ཁྲོད་བསིལ་བའི་ཚལ་ངོ་མ་དེ་ཡིན་མིན་མ་ཤེས་ཀྱང་། བསིལ་བའི་ཚལ་ངོ་མ་ནི་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་སུ་ཡོད་དགོས། དུར་ཁྲོད་དེ་ཚོ་ནི་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དམིགས་བསལ་གྱིས་སྒྲུབ་པ་བྱེད་པའི་གནས་སུ་བརྩི། དེ་དག་ནི་གནས་ཀྱི་བྱིན་རླབས་ཆ་ནས་མ་བརྩི་བར། ཉམས་ལེན་བྱེད་པའི་ཆོས་དེ་དང་གནས་དེ་གཉིས་ཀྱི་བར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་དབང་གིས་རེད། དཔེར་ན། གཅོད་ཀྱི་སྐབས་སུ་ལུས་ཤ་ཁྲག་གི་སྦྱིན་པ་གཏོང་དགོས་པར་བརྟེན་སྦྱིན་པ་ལེན་མཁན་གྱི་གཟུགས་མེད་ཀྱི་འདྲེ་དེ་ཚོ་དགོས་ཤིང་། ཤ་ཁྲག་གི་སྦྱིན་པ་གཏོང་མཁན་གྱིས་ཐོག་མར་འདྲེ་ལ་གཏོང་དགོས་པ་ནི་འདྲེས་དངོས་སུ་མི་ཟ་བར་ཚུར་ལོག་རྒྱུ་ཡོད། ཁྱི་དང་གཅན་གཟན་ལ་གཏོང་ན་དངོས་སུ་ཟ་བར་བརྟེན་གཏོང་མི་ནུས་པ་རེད། དེ་ནི་རིམ་པས་སྦྱོང་དགོས་པ་རེད། དེ་ཚོ་ས་ཆ་འཚུབ་པོར་འགྲོ་དགོས་པར་བརྟེན་གནས་ཀྱི་ཁྱད་པར་དེ་མི་འདྲ་བ་རེད། འོན་ཀྱང་རྟོགས་པ་མཐོ་བའི་གང་ཟག་ལ་གནས་མཇལ་ལ་འགྲོ་དང་མི་འགྲོའི་ཁྱད་པར་མེད་པའི་སྐབས་ཤིག་སླེབས་རྒྱུ་ཡོད། དེ་ནི་གནས་ཚུལ་ཐ་དད་རེད། རྗེས་སུ་བཤད་ཆོག་གི་རེད། གནས་མཇལ་ལ་འགྲོ་ན་དགོས་པ་ཡོད་པ་དང་། ནང་པའི་གཞུང་ལུགས་ནང་གནས་མཇལ་ཞེས་གསུངས་པ་དེ་ཐེག་པ་ཐུན་མོང་བའི་བཤད་སྟངས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའི་བཤད་སྟངས། སྔགས་ཀྱི་ཐེག་པའི་བཤད་སྟངས་བཅས་མདོར་བསྡུས་རེ་བཤད་རྒྱུའི་འབད་རྩོལ་བྱས་པ་ཡིན། གོ་བརྡ་འཕྲོད་མིན་མི་ཤེས།

གནས་དེ་དག་ལ་ཕྱིན་པའི་སྐབས་སུ་ཉིན་མང་པོ་ཐུན་བཞིའི་རྣལ་འབྱོར་གྱི་ཉམས་ལེན་བྱས་ནས་བསྡད་ཐབས་མེད་པར་བརྟེན། ཉིན་རེ་གཉིས་རིང་ཕྱག་འཚལ་མཆོད་འབུལ་སོགས་སྟབས་བདེ་ཤོས་ཤིག་ཇི་ལྟར་བྱེད་རྒྱུ་ཡོད་ཅེ་ན། ང་ཚོ་སྔགས་བླ་མེད་སོགས་ཀྱི་རྣལ་འབྱོར་ཆེན་པོ་བྱེད་མི་ཐུབ་མཁན་གང་ཟག་ཕལ་པ་རྣམས་གནས་མཇལ་འགྲོ་བའི་སྐབས་སུ་སྡོང་པོ་བཀོད་པའི་མདོ་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པའི་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པའི་ཐོག་ནས་སྐྱེས་བུ་གསུམ་གྱི་ལམ་ཡོངས་རྫོགས་ལ་ཤར་སྒོམ་ཞིག་བྱེད་ཐུབ་པ་དང་། དེ་ནས་རང་གི་མངོན་འདོད་བཞིན་སྨོན་ལམ་ཞིག་བཏབ་ཐུབ་ན་ཆ་ཚང་བ་ཞིག་ཆགས་རྒྱུ་རེད། དེ་ལྟར་ཐུབ་ན་ཚེགས་ཆུང་ལ་དོན་ཆེ་བ་ཡོང་རྒྱུ་རེད། སྔ་དགོང་ཞལ་འདོན་འཆར་ཅན་ལྟར་དང་། དེ་ནས་གནས་དངོས་སུ་མཇལ་བའི་སྐབས་སུ་ལྷོད་ལྷོད་གདངས་གཏོང་བའི་སྒོ་ནས་བྱེད་རྒྱུ་བྱུང་ན་ཡག་པོ་ཡོད། གསུང་རབ་ཡན་ལག་བཅུ་གཉིས་ནང་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་པ་དེ་མདོ་ཞིག་ཀློག་ནའང་རེད། ཆོས་ཕྱོགས་ཀྱི་ཆོ་ག་རྣམས་འདོན་པའི་སྐབས་སུ་གདངས་སྙན་པོ་གཏོང་དགོས་པ་དེ་ཁྱིམ་པ་མགོ་སྐོར་གཏོང་རྒྱུ་དང་འདྲ་ཆགས་པོའི་སྐད་ཆ་མིན་ཞིང་། དེ་ལ་བརྟེན་ནས་བསོད་ནམས་གསོག་ཁྱད་ཡོད་པ་དང་། དེ་བཞིན་ཐུན་མོང་མ་ཡིན་པའི་གནད་འགག་མང་པོ་ཡོད་རེད། དེས་ན་བོད་ཀྱི་གདན་ས་དང་ཆོས་སྡེ་ཁག་ཚང་མའི་ནང་ཞལ་འདོན་གསུང་བའི་སྐབས་སུ་སོ་སོའི་ཐུན་མོང་མ་ཡིན་པའི་གདངས་གཏོང་སྲོལ་ཡོད་པ་དེ་དགོས་པ་དང་རྒྱུ་མཚན་ཡོད་པའི་དབང་གིས་བྱུང་བ་རེད་མ་གཏོགས། འདྲ་ཆགས་པོའི་སྐད་ཆ་མ་རེད། གལ་ཏེ་དེ་ལྟར་ཡིན་ན་སྔོན་གྱི་སྐྱེས་བུ་དམ་པ་འདྲ་ཆགས་ནམ་ཡང་མི་གནང་མཁན་ཚོས་ཀྱང་གདངས་ལ་ཧ་ཅང་དྭང་འདོད་གནང་ཡོད། རྗེ་བཙུན་མི་ལ་རས་པ་ལྟ་བུ་དོན་ཉུང་བ་དང་བྱ་བ་ཉུང་བ་གནང་མཁན་གྱིས་ཀྱང་མགུར་གྱི་གདངས་ལ་ཧ་ཅང་དྭང་འདོད་གནང་ཡོད། དེང་སང་མི་ལའི་མགུར་དེ་ཚོ་ཚུལ་བཞིན་གཏོང་ཐུབ་མཁན་དཀོན་པོ་འདུག  དེ་ལྟ་བུ་གདངས་གཏོང་རྒྱུའང་རྗེ་བཙུན་མི་ལ་རས་པ་གནང་རྒྱུ་ཟད་ནས་གནང་བ་མ་རེད། དེ་ཡང་ངག་གི་འགྱུར་ཁུགས་དང་སེམས་ཀྱི་འགྲོས་གཉིས་པོ་གཅིག་པ་རེད། འདོན་པ་རྣམས་ལྷོད་ལྷོད་བཏོན་པའི་སྐབས་སུ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཤིག་ཡོང་གི་ཡོད་ལ། གང་ཟག་གཞན་གྱི་རྣ་བ་ལའང་སྙན་པ། དེ་བཞིན་མི་མ་ཡིན་པའི་གནོད་སྦྱིན་དང་དྲི་ཟ་སོགས་མང་པོའི་ཡིད་ལ་འཇུག་པ་སོགས་ཚང་མ་དྭང་བ་འདྲེན་པ་ཞིག་ཡོང་རྒྱུ་རེད།

གནས་ཆེན་ཁག་ཏུ་གསུང་རྒྱུའི་ཞལ་འདོན་རྣམས་ཇི་ལྟར་བསྡུས་ཡོད་ཅེ་ན། སྐྱབས་འགྲོ་དང་། སེམས་བསྐྱེད། སྤྱན་འདྲེན། ཕྱག་འཚལ་བའི་ཡན་ལག མཆོད་འབུལ་སྐབས་མཆོད་སྤྲིན་འགའ་ཤས་བསྣན། མཎྜལ། བཤགས་པའི་ཡན་ལག་སྐབས་སུ་སྤྱི་བཤགས་བསྣན། རྗེས་སུ་ཡི་རངས། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་པ། བསྔོ་བ་བཅས་བྱེད་རྒྱུ་རེད། བསགས་སྦྱང་གི་བསགས་ཞེས་པ་ནི་ཚོགས་བསགས་པ་དང་། སྦྱང་ཞེས་པ་ནི་སྡིག་པ་སྦྱང་བ་ཡིན། ཚོགས་བསགས་པ་དང་སྡིག་པ་སྦྱང་བ་གཉིས་མ་གཏོགས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་གཞན་བྱེད་རྒྱུ་གང་ཡང་མེད། གང་ལྟར་སྒྲིབ་པ་གཉིས་སྦྱངས་ནས་ཚོགས་ཐམས་ཅད་བསགས་ན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་སུ་འགྱུར། དེ་སྒྲུབ་པའི་ཐབས་ཆ་ཚང་བསྡུས་ན་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བ་གཉིས་རེད། དེ་ལྟ་བུའི་ཚོགས་བསགས་པ་དང་སྡིག་པ་སྦྱང་བ་གཉིས་གང་ཟག་ལས་དང་པོས་ཀྱང་ཉམས་ལེན་བྱེད་ཐུབ་པའི་སྟབས་བདེ་ཤོས་ཤིག་ཇི་ལྟར་བྱེད་རྒྱུ་ཡོད་ཅེ་ན། ཡན་ལག་བདུན་པའི་སྒོ་ནས་བྱེད་རྒྱུ་དེ་རེད། ཡན་ལག་བདུན་པའི་ཚོགས་བསགས་སྒྲིབ་སྦྱང་བྱས་ཟིན་པའི་རྗེས་སུ་དངོས་གཞི་ལམ་བསྒོམ་རྒྱུའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གསུམ་ཆ་ཚང་ཡོད་པ་ཡོན་ཏན་གཞིར་གྱུར་མ་ལྟ་བུ་དལ་བུས་བཏོན་ནས་སྐྱེས་བུ་གསུམ་གྱི་ལམ་ཡོངས་རྫོགས་ལ་ཤར་སྒོམ་རེ་བྱེད་ཐུབ་ན་ཕུན་སུམ་ཚོགས་པ་ཡོང་རྒྱུ་རེད། ཅེས་གསུངས།། །།

(༡༩༩༩ ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྒན་པ་རྣམས་ཤེས་རིག་ལྟ་སྐོར་དང་འབྲེལ་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་དུ་བསྐྱོད་སྐབས་གསུངས་པ་ཞིག་ཡིན།)