༈ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་བཀའ་ཁྲིད།

༈ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་བཀའ་ཁྲིད།

༄༅།། དེ་རིང་གློ་བུར་ཞིག་ལ་ཀོ་རི་ཡར་ཡང་བསྐྱར་སླེབས་པ་རེད། ནང་པའི་རབ་བྱུང་དང་ཁྱིམ་པ་ཕོ་མོ་མང་པོ་མཇལ་བ་མ་ཟད། ཆོས་འཆད་ཉན་གྱི་གོ་སྐབས་ཀྱང་བྱུང་བས་དགའ་པོ་བྱུང་། ཡིན་ནའང་གློ་བུར་དུ་ལྷགས་པའི་མིས་ཆོས་འཆད་ཉན་གནད་དུ་སྨིན་པ་ཡོང་ཁག་པོ་རེད། གཅིག་བྱས་ན་བྱ་རྡོ་ལམ་འཕྲད་ལྟ་བུའི་ཕྲན་བུ་ཕན་ཐོགས་ཀྱང་ཡོང་སྲིད། ངས་ཁྱེད་ཚོ་ཞལ་ཚོར་གྱི་ཡོད་མ་རེད། ཁྱེད་ཚོས་ཀྱང་ང་མཁྱེན་གྱི་ཡོད་ཀྱི་མ་རེད། དེས་ན་ཁྱེད་ཚོའི་མཁྱེན་འདོད་དང་། མཁྱེན་ཚད། ཆོས་གང་དོན་དུ་འགྱུར་བ་སོགས་ངས་མ་ཤེས་པར་བརྟེན། ངས་གང་དྲན་པ་དེ་བཤད་རྒྱུ་རེད། ཁྱེད་ཚོས་གོ་བའང་སྲིད། མ་གོ་བའང་སྲིད། དེར་བརྟེན་རྗེ་བཙུན་བྱམས་པ་མགོན་པོས་སངས་རྒྱས་ཀྱིས་ཆོས་གསུངས་པ་ཐམས་ཅད་དོན་དང་ལྡན་པ་དང་། བྱང་སེམས་འཕགས་པས་ཆོས་གསུངས་པ་རྣམས་ཕལ་ཆེར་དོན་དང་ལྡན་པ། སོ་སོ་སྐྱེ་བོས་ཆོས་བཤད་པ་རྣམས་ཕལ་ཆེར་དོན་དང་མི་ལྡན་པ་རེད་ཅེས་གསུངས་ཡོད། དེ་ནི་སངས་རྒྱས་ཉག་གཅིག་གིས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་རྣམས་གསལ་བར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱིས་དགའ་རབ་མཁྱེན་རུང་། ལས་ཀྱི་རྣམ་པར་སྨིན་པ་ཤིན་ཏུ་ཕྲ་བ་དང་གདུལ་བྱའི་རྒྱུད་ཀྱི་གནས་ཚུལ་ཤིན་ཏུ་ཕྲ་བ་རྣམས་མཁྱེན་གྱི་མེད། དེར་བརྟེན་ཕལ་ཆེ་བ་དོན་དུ་འགྱུར་ནའང་དོན་དུ་མི་འགྱུར་བའང་ཡོད། སོ་སོ་སྐྱེ་བོས་ཉན་པ་པོའི་རྒྱུད་ཚོད་མ་ཤེས་པར་བརྟེན་ཆོས་བཤད་པ་ཕལ་ཆེ་བ་དོན་མེད་དུ་འགྲོ་བ་ནི་བཤད་མཁན་དང་ཉན་མཁན་གཉིས་ཀྱི་བསམ་བློའི་གནས་བབས་ཕན་ཚུན་གསལ་རྟོགས་མ་བྱུང་བ་དེའི་དབང་གིས་རེད། དེས་ན་ང་ཚོ་སོ་སོ་སྐྱེ་བོ་དང་། དེའི་ནང་ནས་རྒྱུན་དུ་འགྲོགས་འདྲིས་མེད་པ། དེའི་ཐོག་སྐད་ཀྱི་གོ་བརྡ་མི་འཕྲོད་པ་སོགས་ཀྱིས་ཆོས་ཤིག་བཤད་ཀྱང་། དེས་དགེ་བ་ཞིག་ཡོང་གྲབས་ཡོད་དམ། ཡང་ན་ངག་འཆལ་གྱི་མི་དགེ་བ་ཞིག་ཡོང་གྲབས་ཡོད་གཏན་མ་འཁེལ་བ་རེད། ཡིན་ནའང་ཕན་འདོད་ཀྱི་བསམ་པ་བཟང་པོས་བཤད་པར་བརྟེན། སྐྱོན་ཨེ་ཡོད་བསམ་གྱི་འདུག

བོད་དུ་ནང་ཆོས་མ་དར་བའི་ལོ་བརྒྱ་ཕྲག་ཁ་ཤས་སྔོན་ནས་ཀོ་རི་ཡ་ལ་ནང་ཆོས་དར་ཟིན་པ་རེད། དེར་བརྟེན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱ་མིའི་ནང་པ་དང་ཀོ་རི་ཡ་ལ་སོགས་པའི་ནང་པ་རྣམས་སངས་རྒྱས་ཀྱི་སློབ་མ་རྒན་པ་རེད། དེར་བརྟེན་གུས་ཞབས་ཡོད་ཅེས་ཡང་ཡང་གསུང་གི་ཡོད། དེ་བཞིན་ངས་ཀྱང་ཁྱེད་ཚོ་ལ་སངས་རྒྱས་ཀྱི་རྗེས་འཇུག་གི་ནང་ནས་བསླབ་པ་རྒན་པར་བརྩིས་ནས་གུས་འདུད་ཞུ་གི་ཡོད། ད་ལྟ་ང་ཚོས་ཆོས་འཆད་ཉན་གྱི་རྣམ་པ་ལྟ་བུ་བསྟན་གྱི་ཡོད་ཀྱང་། ཆོས་གྲོགས་ཚོས་ཆོས་ཀྱི་བགྲོ་གླེང་བྱེད་ཀྱི་ཡོད་སྙམ་པའི་འདུ་ཤེས་བཞག་ནའང་འགྲིགས་ཀྱི་རེད། ངེས་པར་དུ་བླ་མ་དང་སློབ་མའི་འདུ་ཤེས་བཞག་དགོས་ཀྱི་མ་རེད།

ད་རིང་གི་བརྗོད་གཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཤེས་རབ་སྙིང་པོ་བཞག་འདུག  སྤྱིར་ཤེས་རབ་སྙིང་པོ་ནི་ཤེར་ཕྱིན་གྱི་མདོའི་ཁོངས་སུ་གཏོགས་པ་དང་། བརྗོད་བྱ་ཧ་ཅང་ཟབ་པོ་རེད། དེར་བརྟེན་ཆོས་ཐུན་གཅིག་གི་ནང་ལུང་ཀློག་པ་ལྟ་བུ་ཞིག་མ་གཏོགས་ཞིབ་ཚགས་པོ་ཡོང་ཁག་པོ་རེད། དེ་ནི་ངས་ཐོག་མ་ནས་བསམ་བློ་ཡག་པོ་མ་བཏང་བ་རེད། ཁྱེད་ཚོས་ཤེས་རབ་སྙིང་པོའི་ཁྲིད་ཆོས་ཐུན་གཅིག་ནང་བྱོས་ཞེས་གསུང་དུས་ཡོང་རྒྱུ་མེད་ཚུལ་བཤད་དགོས་ཀྱང་། སྐབས་དེར་འགྲིགས་ཀྱི་རེད་ཞུས་པ་དེ་ཧམ་པ་ཚ་དྲགས་འདུག། དེས་ན་ཤེས་རབ་སྙིང་པོའི་དོན་ཡོངས་སུ་རྫོགས་པ་ཆོས་ཐུན་གཅིག་ནང་བཤད་ཐུབ་ཐབས་མེད་ཀྱང་། མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།

རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་ལོ་ཞེ་གཅིག་ཙམ་གྱི་རིང་རྒྱ་གར་གྱི་ཡུལ་གྲུ་མཐའ་དབུས་དུ་མར་ཕེབས་ཏེ་ཆོས་ཧ་ཅང་མང་པོ་གསུངས་པ་རེད། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་ཐམས་ཅད་ཆོས་ཀྱི་ཕུང་པོ་ཤ་སྟག་རེད་མ་གཏོགས། དོན་མེད་པའི་ཚིག་གཅིག་ཀྱང་གསུངས་པ་མེད། དེ་ལྟ་བུའི་ཆོས་ཀྱི་ཕུང་པོ་རྣམས་ཉོན་མོངས་པའི་གཉེན་པོ་འགྲོ་སྟངས་ཀྱི་ཆ་ནས་བསྡུས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། བརྗོད་བྱ་སྟོན་ཚུལ་གྱི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས། བརྗོད་བྱའི་ཆ་ནས་སྡེ་སྣོད་གསུམ་བཅས་སུ་བསྡུས་པ་རེད། དེ་བཞིན་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་དང་བསྟུན་ནས་འཁོར་ལོ་རིམ་པ་གསུམ་གྱི་བཤད་སྟངས་ཀྱང་ཡོད། དེ་ལྟ་བུའི་ཆོས་འཁོར་རིམ་པ་གསུམ་གྱི་དབང་དུ་བྱས་ན། འཁོར་ལོ་དང་པོ་ནི་སྟོན་པ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་སུ་གསུངས་པའི་བདེན་བཞི་ཆོས་འཁོར་དེ་རེད། དེའི་གཡས་གཡོན་དུ་གསུངས་པ་རྣམས་འཁོར་ལོ་དང་པོའི་ཁོངས་སུ་གཏོགས། དེ་ནས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གསུམ་མམ་བཅུ་བཞི་སོང་བའི་རྗེས་སུ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་ཤེེར་ཕྱིན་གྱི་མདོ་གསུངས་པ་རྣམས་ཆོས་ཀྱི་འཁོར་ལོ་གཉིས་པ། དེ་རྗེས་སྟོན་པ་མྱ་ངན་ལས་མ་འདས་པའི་ལོ་བཞི་ལྔའི་གོང་ཙམ་ནས་ཡངས་པ་ཅན་ལ་སོགས་པ་གནས་དང་དུས་ངེས་མེད་ལ་གསུངས་པ་རྣམས་ཆོས་ཀྱི་འཁོར་ལོ་གསུམ་པ་རེད། དེ་ལྟར་སྟོན་པ་སངས་རྒྱས་ནས་ལོ་བཅུ་གསུམ་མམ་བཅུ་བཞི་རྗེས་སུ་བྱ་རྒོད་ཕུང་པོའི་རི་ལ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རེད། ཆོས་འཁོར་དང་པོ་གཙོ་བོ་ཐེག་པ་དམན་པའི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཡིན་པ་དང་། ཆོས་འཁོར་གཉིས་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྗེས་སུ་གཟུང་བ་གཙོ་བོར་བྱས་ནས་གསུངས་པ་ཡིན་ཙང་། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་གསུམ་ཡོངས་སུ་རྫོགས་པ་བསྟན་པ་རེད། ཆོས་འཁོར་གསུམ་པ་ནི་སྤྱིར་ཆོས་འཁོར་དང་པོ་གཉིས་ཀྱི་དྭོགས་སེལ་དང་། ཕལ་ཆེ་བ་སྔགས་དང་འབྲེལ་བ་བཅས་ཟབ་མོ་ལ་ལྷག་པར་མོས་པའི་ཆེད་དུ་གསུངས་པ་རེད། དེས་ན་ཆོས་ཀྱི་འཁོར་ལོ་བར་པ་དེ་ཆོས་འཁོར་ཐམས་ཅད་ཀྱི་ནང་ནས་གཙོ་ཆེ་བ་བརྩི་བའི་རྒྱུ་མཚན་དེ་ལྟར་རེད།

དེ་ལྟ་བུའི་འཁོར་ལོ་བར་པའི་ཁོངས་སུ་གཏོགས་པའི་ཡུམ་གྱི་མདོའམ་ཤེར་ཕྱིན་གྱི་མདོ་ལ་ངོས་འཛིན་བྱེད་སྟངས་ཡུམ་སྲས་བཅུ་བདུན་དང་། རྩ་བའི་མདོ་དང་ཡན་ལག་གི་མདོ་སོགས་སྣ་ཚོགས་རེད། འོན་ཀྱང་གཙོ་ཆེ་བ་སློབ་དཔོན་སེངྒེ་བཟང་པོའི་རྗེས་སུ་འབྲང་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་རེད། རྒྱས་པ་ལ་ཤློཀ་འབུམ་ཡོད་པ་དང་། འབྲིང་བ་ལ་ཤློཀ་ཉིས་ཁྲི་ཡོད་པ། བསྡུས་པ་ལ་ཤློཀ་བརྒྱད་སྟོང་ཡོད་པ་རེད། དེ་ཚོའི་ནང་དུའང་རྒྱས་པ་ལ་རྒྱས་འབྲིང་བསྡུས་གསུམ་དང་། འབྲིང་བ་ལ་རྒྱས་འབྲིང་བསྡུས་གསུམ། བསྡུས་པ་ལ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་ཞིང་། གང་ལྟར་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་མ་འདུས་པའི་ཡུམ་གྱི་མདོ་མེད།

ཤེས་རབ་སྙིང་པོ་ནི་བསྡུས་པའི་བསྡུས་པ་གྲས་སུ་འགྲོ་བའི་མདོ་ཞིག་རེད། སྤྱིར་བསྡུས་པ་ལའང་མདོ་སྡུད་པ་སོགས་མང་པོ་རེད། བསྡུས་ཤོས་ལ་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་ཡི་གེ་གཅིག་མ་གཏོགས་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཡོད་པར་བཞེད། ཤེས་རབ་སྙིང་པོ་ནི་ཚིག་ལྷུག་ཡིན་ཙང་ཐད་ཀར་ཤློཀའི་སྐད་ཆ་མེད་ཀྱང་། ལེགས་སྦྱར་སྐད་དུ་ཚིག་སོ་གཉིས་ལ་ཤློཀ་བརྩི་ན་འདི་ལ་ཤློཀ་ཉི་ཤུ་སྐོར་ཞིག་ཡོད། དེར་བརྟེན་འདི་ལ་ཤེར་ཕྱིན་ཉི་ཤུ་པ་ཞེས་བོད་ཀྱི་འགྲེལ་པ་ཁ་ཤས་ནང་བྱུང་ཡོད་པ་ལྟ་བུ་འདུག  སྤྱིར་ཡུམ་གྱི་མདོའི་གྲངས་ལ་ཚུད་པ་ཡིན་ཙང་། ཤེས་རབ་སྙིང་པོའི་བརྗོད་བྱ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཡོངས་སུ་རྫོགས་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པའི་དངོས་པོ་བརྒྱད་དང་དོན་བདུན་ཅུའི་རྣམ་གཞག་ཡོངས་སུ་རྫོགས་པ་བསྟན་པར་ཁས་བླང་དགོས།

སྤྱིར་ཤེས་རབ་སྙིང་པོའི་མདོ་ནི་ཚིག་བསྡུས་པ་དང་དོན་ཟབ་པོ་ཡིན་ཙང་། བོད་དུ་འགྱུར་བ་ཙམ་དུ་མ་ཟད། དེའི་སྔོན་དུ་རྒྱ་ནག་དང་དེའི་གཡས་གཡོན་གྱི་ཡུལ་གྲུའི་ནང་རང་སྐད་དུ་བསྒྱུར་བ་དང་། རྩ་ཆེར་བརྩིས་ནས་རྒྱུན་ལྡན་འདོན་རྒྱུའི་ཟབ་མོའི་མདོ་ཞིག་རེད། ཤེས་རབ་སྙིང་པོའི་འགྲེལ་པ་བོད་ཀྱི་སྐད་དུ་བསྒྱུར་བ་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་བདུན་ཡོད། མཁྱེན་རྟོགས་ཀྱི་ཆེད་དུ་མིང་ཙམ་ཞུ་ན། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་ཞེས་པའི་འགྲེལ་པ་རྒྱས་པ་ཞིག་ཡོད་པ་དེ་བོད་ཀྱི་འགྲེལ་པ་ཕལ་མོ་ཆེས་ཁུངས་བཅོལ་ས་ལྟ་བུ་ཞིག་རེད། འགྲེལ་པ་དེ་ཁོང་གིས་བོད་དུ་བརྩམས་པ་ཞིག་རེད། སློབ་དཔོན་དྲི་མེད་བཤེས་གཉེན་བོད་དུ་ཕེབས་ནས་བསམ་ཡས་ཀྱི་སྒྲ་སྒྱུར་གླིང་དུ་ཡུན་རིང་བཞུགས་ནས་ཕྱག་དཔེ་མང་པོ་བསྒྱུར་བ་ལ་གྲོགས་དན་མཛད་ཡོད། དེ་ནས་ཛྙཱན་མིཏྲས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ་དང་། བལ་ཡུལ་གྱི་པཎྜིཏ་ཕྱག་ན་རྡོ་རྗེས་བརྩམས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ། སློབ་དཔོན་པྲཤཱསྟྲ་སེནས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀམལ་ཤཱིལས་བརྩམས་པའི་ཤེས་རབ་སྙིང་པོའི་འགྲེལ་པ། འདི་ཡང་བོད་དུ་བརྩམས་པ་མིན་འགྲོ་བསམ་གྱི་འདུག  སློབ་དཔོན་ཤྲཱི་མཧཱཇནས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིན་པོའི་དོན་ཡོངས་སུ་ཤེས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤའི་གསུང་རྔོག་ལེགས་པའི་ཤེས་རབ་ཀྱིས་ཟིན་བྲིས་སུ་བཏབ་པ་རྗེས་སུ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའི་ཤེས་རབ་སྙིང་པོའི་འགྲེལ་པ། དེ་ཡང་བོད་དུ་བརྩམས་པ་ཞིག་ཡིན་འདུག  གང་ལྟར་བོད་དུ་བསྒྱུར་བའི་རྒྱ་འགྲེལ་མི་འདྲ་བ་བདུན་ཡོད། བདུན་པོ་དེས་ཤེར་སྙིང་གི་འགྲེལ་སྟངས་ཕྲན་བུ་མི་འདྲ་བ་རེད་འདུག  དེའི་ནང་ནས་བལ་ཡུལ་གྱི་པཎྜིཏ་ཕྱག་ན་རྡོ་རྗེས་བརྩམས་པའི་འགྲེལ་པ་དེ་སྔགས་དང་འབྲེལ་བ་ལྟ་བུ་ཞིག་འདུག། དེ་ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་དེ་ལ་རྒྱུད་བཞིན་ཨེཝཾ་གྱི་བཤད་པ་དང་། གྲུབ་མཐའི་དབང་དུ་བྱས་ན་ཀུན་གཞི་རྣམ་ཤེས་ཁས་བླངས་པ་སོགས་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་མིན་ནམ་སྙམ། དེ་བཞིན་རྔོག་ལེགས་པའི་ཤེས་རབ་ཀྱིས་ཟིན་བྲིས་བཏབ་པ་དེའང་སྔགས་ཀྱི་གཞུང་དུ་འགྲེལ་པ་ལྟ་བུ་ཞིག་ཡོད། དེ་གཉིས་མ་གཏོགས་གཞན་ལྔ་པོ་རྣམས་ཡོངས་གྲགས་ཤེར་ཕྱིན་གྱི་མདོའི་འགྲེལ་པ་རེད། འགྲེལ་པ་དེ་ཚོའི་རྗེས་སུ་འབྲངས་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་འགྲེལ་པོ་ཧ་ཅང་མང་པོ་ཡོད་བཟོ་འདུག  ཡིན་ནའང་སྟབས་ཉེས་པ་ཞིག་ལ་ངས་བོད་ཀྱི་འགྲེལ་པ་གཅིག་ལའང་སློབ་སྦྱོང་བྱས་མྱོང་མེད།

ད་ལྟ་ངས་ཞུ་རྒྱུའི་ཤེས་རབ་སྙིང་པོའི་མདོ་དེ་སྔགས་དང་མ་འབྲེལ་བར་ཕར་ཕྱིན་གྱི་མདོ་རྐྱང་པ་ལ་ཆ་བཞག་ནས་ཞུ་གི་ཡོད། དེའི་ས་བཅད་འགྲེམས་སྟངས་ནི་གོང་དུ་ཞུས་པའི་འགྲེལ་པ་བདུན་པོའི་ནང་མི་འདྲ་བ་སྣ་ཚོགས་འདུག་པ་དེ་དག་སྟབས་བདེ་པོ་མ་མཐོང་བར་བརྟེན། སོ་སོའི་གོ་ཚོད་ཐོག་ནས་ས་བཅད་བཀྲམས་ནས་ཞུ་རྒྱུ་ཡིན། དེའི་ནང་ནས་ཕྲན་བུ་འདྲ་བ་ནི་སློབ་དཔོན་མཧཱ་ཇནས་བརྩམས་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ་ཞེས་པ་དེ་རེད།

ས་བཅད་ལ་སྔོན་འགྲོ་དང་། དངོས་གཞི། མཇུག་བཅས་གསུམ་ལས། དང་པོ་སྔོན་འགྲོ་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་མོང་བའི་སྔོན་འགྲོ་ནི་གླེང་གཞི་དེ་རེད། དེ་ཡང། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པའོ།། དེ་ནི་ཤེས་རབ་སྙིང་པོའི་མདོ་ཆ་ཤས་ཤིག་མིན། རྗེས་སུ་བཀའ་སྡུད་པ་པོས་བསྡུས་པའི་སྐབས་སུ་སྦྱར་བ་རེད། དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ནས་གསུངས་པ་བཞིན་བཀའ་སྡུད་པའི་ཚུལ་ཞིག་ཡོད། ཤེས་རབ་སྙིང་པོ་ལྟ་བུ་ནི་འཇམ་དཔལ་དབྱངས་ཀྱིས་བསྡུས་ཤིང་། དེ་ཡང་བསྡུས་པའི་སྐབས་སུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་གང་དུ་བཞུགས་ཡོད་ཅེ་ན། རྒྱལ་པོའི་ཁབ་ཀྱི་ནང་དུ་བྱ་རྒོད་ཕུང་པོའི་རི་ལའོ།། སུ་དང་མཉམ་དུ་བཞུགས་ཡོད་ཅེ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་མཉམ་དུའོ།། དེས་གང་བསྟན་གྱི་ཡོད་ཅེ་ན། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་བཅོམ་ལྡན་འདས། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི། འཁོར་ཕུན་སུམ་ཚོགས་པ་དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན། ཆོས་ཕུན་སུམ་ཚོགས་པ་ཤེས་རབ་སྙིང་པོ་བཅས་བསྟན། དེ་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཞེས་དབྱེ་བ་གཉིས་སུ་ཕྱེ་བ་ལས་དགེ་སློང་གི་དགེ་འདུན་ནི་མིའི་རྟེན་ཅན་གྱི་དགེ་སློང་དང་དགེ་སློང་མ། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཐེག་ཆེན་གྱི་ཆོས་གསུང་ཡུལ་ལྷ་དང་མིའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་རེད། འདིའི་ནང་འཕགས་པ་སྤྱན་རས་གཟིགས་དངོས་སུ་ཡོད། སྤྱིར་སངས་རྒྱས་ཀྱི་མདོ་མང་ཆེ་བའི་ནང་དགེ་སློང་གི་དགེ་འདུན་མ་གཏོགས་བྱང་ཆུབ་སེམས་དཔའི་དགེ་འདུན་མེད། དེ་ནི་ཐེག་པ་ཐུན་མོང་བའི་མདོ་རྣམས་རེད། འོན་ཀྱང་ཤེས་རབ་སྙིང་པོ་ཐེག་ཆེན་གྱི་མདོ་ཡིན་པར་བརྟེན། དགེ་སློང་གི་དགེ་འདུན་ཙམ་དུ་མ་ཟད། བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་ཐབས་གཅིག་ཏུ་བཞུགས་པ་རེད། དེ་ནི་ཐུན་མོང་བའི་གླེང་གཞི་དེ་རེད།

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། དེའི་ཚེ་བཅོམ་ལྡན་འདས་ཟབ་མོའི་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ།། ཞེས་པའོ།། གོང་དུ་ཞུས་པའི་ཕུན་སུམ་ཚོགས་པ་བཞིའི་གླེང་གཞི་ནི་མདོ་ཚང་མའི་ནང་ཡོང་རྒྱུ་དང་། ཐུན་མོང་མ་ཡིན་པའི་གླེང་གཞི་ནི་མདོ་བྱེ་བྲག་པ་སོ་སོ་ལ་ཡོང་རྒྱུ་ཞིག་རེད། སྐབས་དེར་དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་པ་ན། སངས་རྒྱས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རེད། གང་ལྟར་སངས་རྒྱས་ནང་དུ་ཡང་དག་འཇོག་གམ་སྒོམ་སྒྲུབ་གནང་ནས་བཞུགས་པ་རེད། ཐེག་པ་ཆེན་པོའི་བཤད་ཚུལ་ལྟར་ན། སངས་རྒྱས་ཀྱི་ས་ལ་གནས་པ་དེ་རྟག་ཏུ་མཉམ་རྗེས་རེས་འཇོག་མེད་པར་མཉམ་གཞག་ལ་མ་བཞུགས་པའི་སྐབས་མེད་ཀྱང་། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་རྣམས་གདུལ་བྱའི་སྣང་ངོར་མཉམ་པར་གཞག་པ་དང་མ་གཞག་པའི་སྐབས་ཡོད། ནང་དུ་ཡང་དག་འཇོག་ལ་བཞུགས་པའི་སྐབས་སུ་མཇལ་ཁ་སོགས་མི་གཏོང་བ་དང་། འཇིག་རྟེན་གྱི་སྤྱོད་ཡུལ་ལ་བཞུགས་པའི་སྐབས་སུ་བཀའ་མོལ་གནང་རྒྱུ་སོགས་ཡོང་བ་རེད། སངས་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མེད་ན་དྲི་བ་སོགས་སངས་རྒྱས་ལ་ཞུ་ཆོག་ཀྱང་། སངས་རྒྱས་དགེ་འདུན་གྱི་དབུས་སུ་བཞུགས་རུང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཡོད་ན་བཀའ་འདྲི་སོགས་ཞུ་ས་མེད་པར་བརྟེན། འཁོར་རྣམས་ཕན་ཚུན་བགྲོ་གླེང་གནང་བ་རེད། སྐབས་དེར་སྤྱན་རས་གཟིགས་དང་ཤཱ་རིའི་བུ་གཉིས་ཀྱི་དབར་སངས་རྒྱས་བཞུགས་སར་བགྲོ་གླེང་གི་གོ་སྐབས་བྱུང་བ་རེད། སྤྱིར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཏིང་ངེ་འཛིན་གྱི་རྣམ་གྲངས་མང་པོ་ཐོབ་རྒྱུ་ཡོད། སངས་རྒྱས་རྣམས་ལ་ཏིང་ངེ་འཛིན་གྱི་རྣམ་གྲངས་ཧ་ཅང་མང་པོ་ཐོབ་པ་བཤད་མི་དགོས། ཡིན་ནའང་ཏིང་ངེ་འཛིན་རེ་ལ་མཚན་རེ་འདོགས་པ་ལའང་དགོས་པ་ཞིག་ཡོད། འདིར་སངས་རྒྱས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གསུངས་ཤིང་། ཟབ་མོ་སྣང་བ་ཞེས་པ་ཟབ་མོ་ནི་སྟོང་པ་དང་། སྣང་བ་ནི་རྟེན་འབྱུང་རེད། དེ་ནི་སྟོང་པ་རྟེན་འབྱུང་གི་དོན་དུ་གཟིགས་པའི་དོན་དུ་མཉམ་པར་བཞག་པ་རེད། གང་ལྟར་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་རྟེན་འབྱུང་བསྒྲུབ་རྒྱུ་དང་། རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་སྟོང་པ་བསྒྲུབ་རྒྱུ་ལྟ་བུའི་ལྟ་བའི་གནད་ལ་གཟིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རེད། དེ་ཡན་གྱིས་སྔོན་འགྲོའི་ས་བཅད་ཟིན་པ་ཡིན།

གཉིས་པ་དངོས་གཞི་ལ་ཤཱ་རིའི་བུས་དྲི་བ་བཀོད་པ་དང་། སྤྱན་རས་གཟིགས་ཀྱིས་ལན་འདེབས་པ། སྟོན་པས་རྗེས་སུ་གནང་བ་བཅས་གསུམ་ལས། དང་པོ་ཤཱ་རིའི་བུས་དྲི་བ་བཀོད་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཞེས་པའོ།། འདིར་སངས་རྒྱས་ཀྱི་མཐུས་ཞེས་པ་ནི་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚུལ་ལ་དྲི་བ་གཏོང་ཐུབ་པའི་སྤོབས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཐུ་ལ་བརྟེན་ནས་བྱུང་བ་རེད། ལར་ནས་ངེས་པའི་དོན་དུ་ཤཱ་རིའི་བུ་སྤྲུལ་པའི་ཉན་ཐོས་ཡིན་རུང་། དྲང་དོན་གདུལ་བྱའི་སྣང་ངོར་ཤཱ་རིའི་བུ་ཉན་ཐོས་ཐེག་དམན་གྱི་གང་ཟག་རེད། དེར་བརྟེན་ཉན་ཐོས་ཀྱི་དགྲ་བཅོམ་པ་ཞིག་གིས་ཐེག་པ་ཆེན་པོའི་སྤྱོད་པ་ལ་སྤྱད་པའི་སྐོར་ལ་བགྲོ་གླེང་གནང་བའི་སྤོབས་པ་མེད་པ་ལྟ་བུ་རེད། འོན་ཀྱང་འདིར་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གང་ལ་ལའམ་མི་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བསླབས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་འདོད་ན་ཇི་ལྟར་བསླབ་པའམ་ཉམས་སུ་བླང་བར་བྱ་ཞེས་དྲིས་པ་རེད། སྤྱིར་བྱང་ཆུབ་ཀྱི་སེམས་ཡོད་མཁན་གྱི་གང་ཟག་གི་རིགས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནི་འཕགས་ལམ་ཐོབ་པའམ། འགྲེལ་པ་ཁ་ཤས་ནང་དག་ས་ལ་གནས་པ་ལ་བརྗོད། དེར་བརྟེན་སྤྱན་རས་གཟིགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེད།

གཉིས་པ་སྤྱན་རས་གཟིགས་ཀྱིས་ལན་འདེབས་པ་ལ། དབང་པོ་རྟུལ་པོ་ལ་ལམ་རིམ་གྱིས་བགྲོད་ཚུལ་གྱི་ཐོག་ནས་ལན་བཏབ་པ་དང་། དབང་པོ་རྣོན་པོ་ལ་དོན་བསྡུས་ནས་སྔགས་ཚིག་གིས་ལན་བཏབ་པ་གཉིས་ལས། དང་པོ་དབང་པོ་རྟུལ་པོ་ལ་ལམ་རིམ་གྱིས་བགྲོད་ཚུལ་གྱི་ཐོག་ནས་ལན་བཏབ་པ་ལ། ཚོགས་ལམ་དང་སྦྱོར་ལམ་གྱི་གནས་སྐབས་སུ་སློབ་ཚུལ། མཐོང་ལམ་གྱི་གནས་སྐབས་སུ་སློབ་ཚུལ། སྒོམ་ལམ་སྤྱི་དང་ལྷག་པར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་གནས་སྐབས་སུ་སློབ་ཚུལ། མི་སློབ་པའི་ལམ་གྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཚུལ་བཅས་བཞི་ལས། དང་པོ་ཚོགས་ལམ་དང་སྦྱོར་ལམ་གྱི་གནས་སྐབས་སུ་སློབ་ཚུལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ།། ཞེས་པའོ།། འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་གསུངས་པ་ནི་སྐབས་དེར་རྒྱ་གར་གྱི་གཞུང་ལུགས་ནང་བུ་དང་བུ་མོ་གཉིས་ཀར་འབོད་སྒྲ་སྦྱར་བ་དེ་ཧ་ལམ་མེད། འོན་ཀྱང་སངས་རྒྱས་ཀྱི་གསུང་ནང་རྟག་ཏུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་མཉམ་དུ་ཡོང་བ་ནི་ཕོ་མོའི་དབྱེ་བ་མེད་པར་སངས་རྒྱས་ཀྱི་ལམ་ལ་སློབ་པའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ནུས་པ་གཅིག་གྱུར་ཡོད་པ་བསྟན། མདོ་ཚན་འདི་གལ་ཆེན་པོ་ཞིག་རེད། འདི་ལ་འགྲེལ་བྱེད་པ་ཚོས་སྟོང་ཉིད་བཞི་འགྱུར་ཞེས་པའམ། ཟབ་མོ་ཁྱད་པར་བཞི་ལྡན་ཞེས་ཀྱང་བརྗོད་ཅིང་། དེ་ནི་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་པ་དེ་རེད། དེས་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་འཆར་ཚུལ་དང་། ལྷག་པར་དུ་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་རྣམ་གཞག་བསྟན། དེའི་ནང་ཚོགས་སྦྱོར་ལ་ཇི་ལྟར་སྦྱར་ཞེ་ན། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་བལྟ་བར་བྱ་དང་བལྟའོ་ཞེས་པའི་ཚིག་གི་ནུས་པས་ཚོགས་སྦྱོར་ལ་སྦྱར་བ་རེད། གང་ལགས་ཤེ་ན། བལྟ་བ་ཞེས་པ་ནི་བལྟ་བྱ་དང་ལྟ་བྱེད་ཀྱི་གཉིས་སྣང་ཡོད་པའི་སྐབས་ཤིག་ཡིན་ཙང་། ཚོགས་ལམ་སྐབས་སུ་སྟོང་པ་ཉིད་ལ་ཐོས་བྱུང་གི་ཤེས་རབ་དང་བསམས་བྱུང་གི་ཤེས་རབ་བསྐྱེད་པ་དང་། དེ་ལྟ་བུའི་ཐོས་བྱུང་དང་བསམས་བྱུང་གི་ཤེས་རབ་ལ་ཡང་ཡང་གོམས་པ་ལས་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་བསྒོམས་བྱུང་གི་ངོ་བོར་གྱུར་པའི་སྐབས་སུ་སྦྱོར་ལམ་དུ་འཕོས་པ་རེད། དེ་ལྟ་བུ་བསྒོམས་བྱུང་གི་ངོ་བོར་སོང་བའི་རྗེས་སུའང་གཉིས་སྣང་གི་དྲྭ་བ་མ་ཆོད་པ་ཡིན་ཙང་སྦྱོར་ལམ་གྱི་བར་དུ་བལྟ་བྱ་དང་ལྟ་བྱེད་ཀྱི་ཁྱད་པར་བྱུང་།

སྤྱན་རས་གཟིགས་ཀྱིས་ལན་བཏབ་པའི་སྐབས་སུ་བྱང་ཆུབ་སེམས་དཔས་གང་ཟག་གི་བདག་མེད་རྟོགས་པ་སྔོན་དུ་སོང་བ་གཞིར་བཞག་གིས་ཕུང་པོ་ལྔ་པོ་དེ་དག་ཀྱང་ཞེས་ཀྱང་སྒྲ་གསུངས་ཡོད། ཁ་ཤས་ཀྱིས་འདིར་ཀྱང་སྒྲ་འབྲེལ་མེད་ཡིན་ཞིང་། དེའི་གོང་དུ་དོན་ཞིག་མ་གསུངས་པས་ཀྱང་སྒྲས་བསྡུ་རྒྱུ་གང་ཡང་མེད་ཅེས་གསུངས། འོན་ཀྱང་གང་ཟག་གི་བདག་མེད་རྟོགས་པ་དེ་དོན་གྱིས་བསྟན་པའམ་ཤུགས་ལ་བསྟན་པ་ནི། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཞེས་པས་ང་རང་བཞིན་གྱིས་མ་གྲུབ་པ་དེ་ཡིན་ཤག་རེད། ང་རང་བཞིན་གྱིས་མ་གྲུབ་པ་ཙམ་དུ་མ་ཟད། ང་ཡི་གདགས་གཞིར་གྱུར་པའི་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་གསུང་ཆོས་སུའང་ཀྱང་སྒྲ་དེ་ཡང་ཡང་རྩལ་བཏོན་གྱིས་ངེས་པར་དགོས་པར་གསུངས་ཀྱི་ཡོད། གང་ལགས་ཤེ་ན། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ།། དེ་སྲིད་དེ་ལ་ངར་འཛིན་ཡོད།། ཅེས་གསུངས་པ་བཞིན་ཕུང་པོའི་སྟེང་གི་ངར་འཛིན་མ་ལྡོག་ན་འཁོར་བའི་རྩ་བ་ལྡོག་མི་ནུས་པར་བརྟེན། ང་རང་བཞིན་གྱིས་མ་གྲུབ་པ་དེ་བལྟ་བ་གཞིར་བཞག་གིས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཞེས་གསུངས་པ་དང། དེ་ནས་ང་རང་བཞིན་གྱིས་མ་གྲུབ་པ་ཙམ་དུ་མ་ཟད། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་ཀྱང་སྒྲ་བསྣན་ཚུལ་དེ་ལྟར་ཡིན།

ཇི་ལྟར་བལྟ་དགོས་ཤེ་ན། གཟུགས་སྟོང་པའོ་ཞེས་པའོ།། གཟུགས་ཞེས་པ་ནི་མིང་དང་བརྡས་བཞག་པ་ཙམ་མ་གཏོགས། གདགས་གཞི་རང་གི་ངོས་ནས་གང་ཡང་མེད་པའོ།། དེ་ནི་དགག་བྱ་ངོས་འཛིན་མ་ཤེས་ན་ཁག་པོ་རེད། གང་ལྟར་གཟུགས་ནི་གདགས་གཞིའི་ངོས་ནས་སམ་རང་ངོས་མ་གྲུབ་པ་དང་། གལ་ཏེ་རང་ངོས་ནས་གྲུབ་ན་བརྟགས་པའི་དོན་དེ་བཙལ་བའི་སྐབས་སུ་རྙེད་དགོས་ཀྱང་རྙེད་རྒྱུ་མེད་ཙང་། དེ་ལྟ་བུའི་གཟུགས་དེ་རང་བཞིན་གྱིས་གྲུབ་པའི་སྟོང་པ་རེད། གཟུགས་དེ་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་ཐ་སྙད་པའི་གཟུགས་དེ་འགྲུབ་ཐུབ་པ་དང་། གལ་ཏེ་གཟུགས་རང་བཞིན་གྱིས་གྲུབ་ན་ཐ་སྙད་དུ་བྱ་བ་བྱེད་པའི་གཟུགས་ཀྱི་རྣམ་གཞག་དེ་མི་འཐད་པར་འགྱུར།

མདོར་ན་གཟུགས་སྟོང་པའོ་ཞེ་ན། གཟུགས་དེ་རང་གི་ངོ་བོས་གྲུབ་པ་ཡིན་ན་གཞན་ལ་ལྟོས་མེད་དུ་འགྲུབ་དགོས། དེ་འདྲའི་གྲུབ་དོན་ཡོད་ན་བཙལ་ན་རྙེད་དགོས་ཀྱང་མི་རྙེད། གལ་ཏེ་རྙེད་ན་སྐྱེ་འགག་བྱ་བྱེད་སོགས་མི་འཐད་པར་འགྱུར་བས། གཟུགས་རང་གི་ངོ་བོས་གྲུབ་པའི་སྟོང་པ་ཡིན། སྟོང་པ་ཉིད་གཟུགས་སོ་ཞེ་ན། གཟུགས་རང་གི་ངོ་བོས་གྲུབ་པའི་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་མིང་རྐྱང་བཏགས་ཡོད་ཙམ་གྱི་ཐ་སྙད་དུ་བྱ་བ་བྱེད་པའི་གཟུགས་དེ་འཇོག་ཐུབ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེ་ན། གདགས་གཞིའི་སྟེང་དུ་རང་ངོས་ནས་གྲུབ་པའི་གཟུགས་ཤིག་ཡོད་མེད་རིགས་ཤེས་ཀྱིས་དཔྱོད་སྐབས་མ་རྙེད་པའི་སྟོང་པ་ཉིད་དེ་ཁོ་ན་གཟུགས་ཀྱི་མཐར་ཐུག་པའི་གནས་ལུགས་རེད་མ་གཏོགས། དེ་ལས་གཟུགས་དེ་ལོགས་སུ་ཕྱེ་ནས་རྙེད་རྒྱུ་མེད། དེ་བཞིན་དུ་གོ་ལྡོག་ནས་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེ་ན། རིགས་ཤེས་ཀྱིས་བཙལ་ནས་མ་རྙེད་པའི་རང་ངོས་ནས་གྲུབ་པའི་སྟོང་པ་ཉིད་དེ་ཐ་སྙད་དུ་མིང་རྐྱང་བཏགས་ཡོད་ཙམ་གྱི་གཟུགས་ཀྱི་ངོ་བོར་གྲུབ་པར་བརྟེན། དེ་ཡང་གཞན་མིན་ཞེས་པའོ།། གཟུགས་ཀྱི་སྟེང་གི་ཆོས་ཉིད་དང་གཟུགས་གཉིས་ལྡོག་ཆའི་ཁྱད་པར་ཙམ་མ་གཏོགས། དོན་དུ་གཅིག་པ་རེད། སྟོང་པས་ཡོད་མཐའ་སེལ་བ་དང་། སྣང་བས་མེད་མཐའ་སེལ་བའི་རྣམ་གཞག་དེ་ཕྱི་རོལ་པ་དང་དབུ་མ་རང་རྒྱུད་པ་མན་ཆད་ཀྱི་སྤྱི་ལུགས་ལྟ་བུ་རེད། འོན་ཀྱང་ཐལ་འགྱུར་བའི་ལུགས་ལ་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་སེལ་བའི་རྣམ་གཞག་ཅིག་ཡོད། དེ་ནི་མདོར་ན་དགག་ཕྱོགས་དང་སྒྲུབ་ཕྱོགས་གང་ནས་བཤད་ཀྱང་དོན་གཅིག་གི་ཐོག་ཏུ་འབབ་རྒྱུ་ཞིག་རེད། དཔེ་རགས་པ་ཙམ་ཞུ་ན། དབྱུག་པ་ཞིག་ས་སྟེང་ཐོག་སློང་བའི་ཐབས་ཤེས་བྱེད་ན། དབྱུག་པ་དེ་གཞན་ལ་མ་བརྟེན་པར་ལངས་མི་ཐུབ་ཅེས་བརྗོད་ན། གཞན་ལ་མ་བརྟེན་པར་ལངས་ཐུབ་པ་བཀག་པའི་དགག་བྱའི་ངོས་ནས་བརྗོད་ཀྱང་། དེ་དང་མཉམ་དུ་གཅིག་ལ་བརྟེན་དགོས་པའང་རང་བཞིན་གྱིས་འཕངས་པ་རེད། ཡང་དབྱུག་པ་དེ་གཞན་ལ་བསྙལ་ན་ལངས་ཀྱི་རེད་ཅེས་སྒྲུབ་ཕྱོགས་ནས་བརྗོད་ཀྱང་། དེ་དང་མཉམ་དུ་མ་བརྟེན་པར་ལངས་མི་ཐུབ་ཅེས་པ་དེ་རང་བཞིན་གྱིས་གོ་ཐུབ། དེ་བཞིན་དུ་སྣང་བའི་རྒྱུ་མཚན་གྱིས་སྟོང་པ་ཡིན་པ་དང་། སྟོང་པའི་རྒྱུ་མཚན་གྱིས་སྣང་བ་གྲུབ་པ་རེད། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེས་པ་དང་། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་རྟེན་འབྱུང་དང་སྟོང་པའི་རྣམ་གཞག་གཉིས་པོ་བློ་ལ་འཆར་བའི་སྐབས་སུ་ཡིན་ནའང་རེད། ངག་ནས་བརྗོད་པའི་སྐབས་སུ་ཡིན་ནའང་རེད། དོན་གྱི་གནས་ལུགས་ཀྱི་སྟེང་དུ་ཡིན་ནའང་རེད། གང་ལྟར་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་མ་གཏོགས། མ་ལྟོས་པའི་རང་རྐྱ་བ་ཞིག་མེད་པ་དེ་གསལ་པོ་འཆར་ན་འགྲིགས་པ་རེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་པ་ནི་གཟུགས་རང་བཞིན་གྱིས་མེད་པ་དང་མཚུངས་པར་ཕུང་པོ་གཞན་ལའང་སྦྱར་བར་བྱའོ།། དེ་ཡན་གྱིས་ཚོགས་ལམ་དང་སྦྱོར་ལམ་གྱི་གནས་སྐབས་སུ་སྟོང་པ་ཉིད་ལ་ཐོག་མར་ཐོས་བྱུང་གི་ཤེས་རབ་དང་། བསམས་བྱུང་གི་ཤེས་རབ། བསྒོམས་བྱུང་གི་ཤེས་རབ་རྒྱུད་ལ་རིམ་བཞིན་བསྐྱེད་ཚུལ་རྣམས་ཡིན།

གཉིས་པ་མཐོང་ལམ་གྱི་གནས་སྐབས་ལ་སློབ་ཚུལ་ནི། ཤཱརིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ།། ཞེས་པའོ།། དེ་ལྟ་བུའི་བསྒོམས་བྱུང་གི་ཤེས་རབ་ལ་བརྟེན་ནས་གཉིས་སྣང་མེད་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དམ་དེ་བཞིན་ཉིད་ཁོ་ན་མཐོང་བ་མ་གཏོགས། ཆོས་ཅན་མཐོང་དགོས་ཀྱི་མེད། དེ་དག་རྣམ་ཐར་སྒོ་གསུམ་ལ་སྦྱར་ན། སྟོང་པ་ཉིད་ཅེས་བྱ་བས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ་བཅས་ཀྱིས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ། བྲི་བ་མེད་པ། གང་བ་མེད་པ་བཅས་ཀྱིས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་བསྟན། དེས་ན་སྟོང་ཉིད་ལ་མངོན་སུམ་དུ་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་འཇོག་པའི་སྐབས་སུ་དགག་བྱ་འགོག་ཚུལ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཚུལ་རྣམས་གསུངས།

གསུམ་པ་སྒོམ་ལམ་སྤྱི་ལ་སློབ་ཚུལ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད། མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ།། མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ།། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ།། ཞེས་པའོ།། སྐབས་འདིར་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པའི་སྟོང་པ་ཉིད་དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བ་ཡིན་ཞེས་པའི་གསུང་རྒྱུན་ཡོད། འོན་ཀྱང་ངས་འདི་ལ་བཤད་སྟངས་ཕྲན་བུ་མི་འདྲ་བ་སྟེ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་སྒོམ་ལམ་སྐོར་དགུའི་གནས་སྐབས་སུ་མཉམ་པར་འཇོག་པ་དེའི་ཚེ་ན་ཆོས་ཅན་གྱི་སྣང་བ་མེད་པ་དང་། དེ་ལྟ་བུའི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་པའི་བློ་དེ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྟོང་གཞི་ཆོས་ཅན་གྱི་ཆོས་གང་ཡང་སྒོམ་ལམ་གྱི་གཉིས་སྣང་ནུབ་པའི་མཉམ་བཞག་གི་ཏིང་ངེ་འཛིན་ལ་མི་སྣང་བར་བརྟེན། བསྒོམས་པ་རིམ་གྱིས་གོང་མཐོར་སོང་ན་སོ་སོའི་ངོ་སྐལ་གྱི་སྤང་བྱ་སྤངས་ནས་ལམ་གོང་མར་བགྲོད་ཐུབ་ཅེས་བཤད།

ལྷག་པར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་གནས་སྐབས་ལ་སློབ་ཚུལ་ནི། ཤཱརིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ། ཞེས་པའོ།། དེ་ལྟ་བུའི་ཆོས་ཅན་གྱི་སྣང་བ་དང་བྲལ་བའི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་གོང་ནས་གོང་དུ་ས་ནས་སར་འཕོས་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ལ་སླེབས་པ་ན་གཙོ་བོར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་བསླབས་པ་ལ་བརྟེན་ནས་སྦྱིན་པ་ནས་བསམ་གཏན་གྱི་བར་ཐབས་ཀྱི་ཆའམ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དབང་གིས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཤིན་ཏུ་ཕྲ་བའི་ཤེས་སྒྲིབ་བམ་སྒོམ་ལམ་སྐོར་དགུའི་སྤང་བྱ་ཡོངས་སུ་རྫོགས་པ་སྤངས་པ་རེད།

བཞི་པ་མི་སློབ་པའི་ལམ་གྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཚུལ་ནི། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།དུས་གསུམ་དུ་མངོན་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཞེས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བློ་དེས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཤེས་སྒྲིབ་ཀྱི་གཉེན་པོའི་ངོ་བོར་འགྱུར་བའི་དབང་གིས་སྒྲིབ་པ་ཐམས་ཅད་སྤངས་པས་སེམས་ལ་སྒྲིབ་པ་མེད་པ་དང་། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་པར་གྱུར། སྐབས་འདིར་ཁྱད་པར་ནི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཆོས་ཅན་གྱི་སྣང་བ་མེད་པ་དང་། མི་སློབ་པའི་ལམ་གྱི་སྐབས་སུ་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་ཀ་མཉམ་དུ་གཟིགས་པ་དང་། དེ་བཞིན་མཉམ་བཞག་དང་རྗེས་ཐོབ་ཀྱི་དབྱེ་བ་མེད་པར་མཉམ་དུ་འགྲོ་བ་ན་བྱང་ཆུབ་ཀྱི་ལམ་ཞེས་བརྗོད། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་ཞེས་པ་ཕྱིན་ཅི་ལོག་གི་བློའི་ས་བོན་བག་ཆགས་དང་བཅས་པ་ལས་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་རེད། ད་ལྟར་བཞུགས་པའི་སངས་རྒྱས་ཙམ་མ་ཟད། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་ཚུལ་ནི་ཡེ་ཤེས་ཀྱི་ཚོགས་དེ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱབ་རྟེན་ལ་བརྟེན་ནས་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་ཐུབ་པ་བཟོས་ནས་ཤེས་སྒྲིབ་སྤང་དགོས། དེ་ཡན་གྱིས་དབང་རྟུལ་ལ་ལམ་རིམ་གྱིས་བགྲོད་ཚུལ་གྱི་ཐོག་ནས་ལན་བཏབ་པ་དེ་ཟིན་པ་རེད།

གཉིས་པ་དབང་པོ་རྣོན་པོ་ལ་དོན་བསྡུས་ནས་སྔགས་ཚིག་གིས་ལན་བཏབ་པ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱཐཱ། ཨོཾ་གཏེ་གཏེ་པཱར་གཏེ་པཱར་སཾ་གཏེ་བོ་དྷཱི་སྭཱཧཱ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ།། ཞེས་པའོ།། འབྲས་བུ་ལམ་དུ་བྱེད་པའི་གསང་སྔགས་དང་། སྐབས་འདིའི་སྔགས་གཉིས་པོ་མི་འདྲ་བ་རེད། མདོར་བསྡུས་ན། སྔགས་ལ་གསང་སྔགས་དང་རིག་སྔགས་ཞེས་གཉིས་སུ་བཤད་ཅིང་། དཔེར་ན། དཔལ་ཕྱག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་བདག་པོ་ཞེས་མི་བརྗོད་པར། གསང་སྔགས་དང་རིག་སྔགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཞེས་བརྗོད། རིག་སྔགས་ནི་འབྲས་བུ་ལམ་བྱེད་ཀྱི་གསང་བའི་སྔགས་དེ་མིན་རུང་། སྔགས་ཚིག་གི་ངོ་བོར་བརྒྱུད་ནས་འགྲོ་བར་བརྟེན་དེ་ལ་སྔགས་ཀྱི་ཐ་སྙད་སྦྱར། དེའི་སྐོར་རྙོག་ཁྲ་ཆེན་པོ་ཡིན་ཙང་རྒྱས་བཤད་ཞུ་རྒྱུ་མིན།

སངས་རྒྱས་ཀྱི་གསུང་ནང་གཟུངས་ཞེས་པ་དེ་དག་ལས་ཁ་ཤས་སྔགས་ཀྱི་ཁོངས་སུ་གཏོགས་པ་དང་། ཁ་ཤས་མདོའི་ཁོངས་སུ་གཏོགས་པ་སོགས་ཅི་རིགས་ཡོད། ལེགས་སྦྱར་སྐད་དུ་ཚིག་དྲངས་པའི་སྔགས་དེ་འདྲ་འདུལ་བའི་ནང་དུའང་ཡོད་ལ། འབུམ་དང་ཉིས་ཁྲིའི་ནང་དུའང་ཡོད། དེ་ཚོ་གསང་སྔགས་མིན་པར་རིག་སྔགས་ཀྱི་གྲངས་སུ་འགྲོ་བ་རེད། སྐབས་འདིའི་སྔགས་ཞེས་པའང་དེ་མཚུངས་རེད། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས་ཞེས་པའི་རིག་པ་ནི་བློའི་རིག་པ་རེད། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས་ནི་སྒྲིབ་པ་མ་སྤང་བ་རྣམས་སྒྲིབ་པ་སྤངས་ནས་སངས་རྒྱས་དང་མི་མཉམ་པ་རྣམས་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། དེ་དག་ནི་མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ་ནི་ཏདྱཐཱ། འདི་ལྟ་སྟེ། ཨོཾ་ག་ཏེ་ག་ཏེ། སོང་ཞིག སོང་ཞིག པཱ་ར་ག་ཏེ། ཕ་རོལ་ཏུ་སོང་ཞིག པཱ་ར་སཾ་ག་ཏེ། ཕ་རོལ་ཏུ་ཡང་དག་པར་སོང་ཞིག བོ་དྷཱི་སྭཱ་ཧཱ། བྱང་ཆུབ་ཀྱི་གཞི་ཚུགས། ཅེས་པའོ།། འདིར་ག་ཏེ་ག་ཏེ་ཞེས་པ་ནི་ལམ་མ་ཞུགས་ནས་ཚོགས་ལམ་དུ་སོང་ཞིག ཚོགས་ལམ་ནས་སྦྱོར་ལམ་དུ་སོང་ཞིག པཱ་ར་ག་ཏེ་ཞེས་པ་ནི་སྦྱོར་ལམ་ནས་མཐོང་ལམ་དུ་སོང་ཞིག པཱ་ར་སཾ་ག་ཏེ་ཞེས་པ་ནི་མཐོང་ལམ་ནས་སྒོམ་ལམ་དུ་སོང་ཞིག བོ་དྷཱི་སྭཱ་ཧཱ་ཞེས་པ་ནི་སྒོམ་ལམ་ནས་མི་སློབ་ལམ་མམ་བྱང་ཆུབ་ཏུ་སོང་ཞིག་ཅེས་པའི་དོན་རེད། མདོར་ན་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཅས་ལ་རིམ་གྱིས་བསླབས་ནས་མི་སློབ་པའི་ལམ་ལ་སོན་པར་བྱེད་དགོས་པའི་དོན་རེད། འདིའི་དཔར་མ་མང་པོའི་ནང་ག་ཏེ་ག་ཏེ་ཞེས་པའི་སྔོན་དུ་ཨོཾ་ཞེས་པ་མེད་པ་མང་པོ་འདུག  འོན་ཀྱང་བཀའ་འགྱུར་དཔར་མ་རྙིང་པའི་ནང་དེའི་དབུར་ཨོཾ་ཞེས་པ་དེ་ཡོད། གཤམ་དུ་སྭཱ་ཧཱ་ཞེས་པ་ཡོད་པར་བརྟེན་དབུར་ཨོཾ་ཞེས་པ་མེད་ན་སྔགས་ཚིག་གི་འགྲོ་སྟངས་ལྟར་ན་མ་ཚང་བ་ལྟ་བུ་རེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་དེ་སྟབས་བདེ་པོས་བཤད་ན། རྒྱུགས་ཤིག རྒྱུགས་ཤིག ཕར་རྒྱུགས་ཤིག ཐག་རིང་པོར་རྒྱུགས་ཤིག ཚུར་ལོག་མ་ཡོང་ཞེས་པ་ལྟ་བུ་རེད། དེ་ཡན་གྱིས་དབང་པོ་རྣོན་པོ་ལ་དོན་བསྡུས་ནས་སྔགས་ཚིག་གིས་ལན་བཏབ་པ་དེ་ཟིན་པ་ཡིན།

གསུམ་པ་སྟོན་པས་རྗེས་སུ་གནང་བ་སྩལ་བ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ།། ལེགས་སོ།། རིགས་ཀྱི་བུ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་།། ཞེས་པའོ།། སངས་རྒྱས་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོའམ་འགྲིགས་ཀྱི་འདུག་ཅེས་གསུངས་ཤིང་། དེ་ཡང་གསུང་ཚུལ་ནི། ལེགས་སོ།། ལེགས་སོ།། རིགས་ཀྱི་བུ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བཀའ་སྩལ། འདིར་ལེགས་སོ་ཞེས་བྱ་བ་བྱིན་ནས་ཞེས་པ་དེ་སྡུད་པ་པོའི་ཚིག་རེད། དེ་ནི་ལེགས་སོ་གནང་བ་རེད་ཅེས་པའི་དོན་རེད། ལེགས་སོ་ཇི་ལྟར་གནང་ཚུལ་ནི། ལེགས་སོ།། ལེགས་སོ།། ཞེས་པ་མན་ཆད་ནི་སངས་རྒྱས་ཀྱི་གསུང་ངོ་མ་དེ་རེད། སངས་རྒྱས་ཀྱིས་ཚིག་ཉིས་བརྩེགས་གསུངས་པ་ནི་ནན་ཏན་གནང་བ་རེད། མདོར་ན་སངས་རྒྱས་ཀྱིས་སྤྱན་རས་གཟིགས་ལ་ཁྱེད་རང་གིས་གསུངས་པ་དེ་རང་རེད། ཁྱེད་རང་གིས་གསུངས་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས། དེ་ནི་བྱང་ཆུབ་སེམས་དཔའ་ཙམ་དུ་མ་ཟད། སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལ་རྗེས་སུ་ཡི་རང་ཡོད་ཅེས་གསུངས་པ་རེད།

བཞི་པ་གདུལ་བྱ་རྣམས་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཞེས་པའོ།། སངས་རྒྱས་ཀྱིས་སྤྱན་རས་གཟིགས་ལ་ལེགས་སོ།། ལེགས་སོ།། ཞེས་བསྩལ་བའི་རྗེས་སུ་ཤཱ་རིའི་བུ་དང་སྤྱན་རས་གཟིགས་དབང་ཕྱུག་སོགས་ཚང་མས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སངས་རྒྱས་ལ་མངོན་པར་བསྟོད་པ་རེད། འདིར་ཤཱ་རིའི་བུའི་མཚན་དང་པོ་བྱུང་བ་ནི་དགེ་སློང་གི་རྟེན་ཡིན་པའི་ཆ་ནས་རེད། རབ་ཏུ་བྱུང་བ་དང་རབ་ཏུ་མ་བྱུང་བ་གཉིས་པོ་རྟེན་གྱི་ཆ་ནས་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་གླེང་གཞིའི་ནང་དུའང་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་སྔོན་ལ་བྱུང་། ཐམས་ཅད་དང་ལྡན་པའི་འཁོར་ཞེས་པའི་ནང་དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གཉིས་ཀ་འདུས།

གསུམ་པ་མཇུག་གི་དོན་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ཞེས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་པ་ནི་བོད་སྐད་ཀྱི་བརྗོད་སྟངས་ཤིག་རེད། ལེགས་སྦྱར་གྱི་སྐད་དུ་ཧྲྀདྱ་ཞེས་པ་སྙིང་དང་སྙིང་པོ་གཉིས་ཀ་ལ་འཇུག

རྒྱ་གར་གྱི་མཁན་པོ་བིམལ་མིཏྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུ་དག་ལེགས་པར་བགྱིས་སོ།། །།

 

(ཇི་ལྟར་ལྷོ་ཀོ་རི་ཡའི་རྒྱལ་ས་སི་འོལ་དུ་རྟེན་གཞི་བྱས་པའི་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ ༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ཆོས་ཚོགས་དེའི་ཚོགས་ཁང་དུ་ཤེས་རབ་སྙིང་པོའི་གསུང་ཆོས་བསྩལ།)