༈ ཕར་ཕྱིན་དྲུག

 

༄༅།། སྤྱོད་པ་ཕྱིན་དྲུག་སྐོར་ལ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ཕར་ཕྱིན་དྲུག་ལས་ཚུལ་ཁྲིམས་ཀྱི་སྐོར་ཁ་སང་བསླབ་པ་གསུམ་བཤད་པའི་སྐབས་སུ་ཕྲན་བུ་ཕྱིན་ཟིན་པ་རེད། བསམ་གཏན་དང་ཤེས་རབ་གཉིས་ཀྱི་སྐོར་ལ་ཞི་གནས་དང་ལྷག་མཐོང་སྐོར་བཤད་རྒྱུའི་ཆོས་ཐུན་ཞིག་ཟུར་དུ་ཡོད་པས་དེར་བཤད་རྒྱུ་ཡིན། ད་ལྟ་འདིའི་ནང་སྦྱིན་པ་དང་། བཟོད་པ། བརྩོན་འགྲུས་བཅས་གསུམ་པོའི་སྐོར་ལ་མདོར་བསྡུས་ཤིག་བཤད་ན་བསམས་པ་རེད། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་བཅས་བགྲང་སྟངས་གཉིས་རེད། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་རེད། སྤྱིར་བཏང་སྦྱིན་པའི་ཉམས་ལེན་དང་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གཉིས་ལ་ཁྱད་པར་ཕྱེ་ཞིང་། དེ་བཞིན་གཞན་ལྔ་པོ་ལའང་གཅིག་མཚུངས་རེད། འདིའི་ནང་སྤྱོད་པ་ཕར་ཕྱིན་དྲུག་ཅེས་འཇོག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ནང་ཚན་གྱི་ཕར་ཕྱིན་དྲུག་གི་ཉམས་ལེན་གྱི་སྐོར་བཤད་པ་རེད། ཉན་ཐོས་དང་རང་སངས་རྒྱས་ལ་སྦྱིན་པ་སོགས་ཀྱི་ཉམས་ལེན་བྱེད་རྒྱུ་ཡོད་ཀྱང་། དེ་དག་ནི་སྦྱིན་སོགས་ཀྱི་ཉམས་ལེན་མ་གཏོགས། ཕར་ཕྱིན་གྱི་ཉམས་ལེན་ཞེས་མི་ཟེར། ཕར་ཕྱིན་ཞེས་པ་ནི་སངས་རྒྱས་ཀྱི་ས་ལ་ཡོད་པའི་སྦྱིན་སོགས་ཕར་ཕྱིན་དྲུག་པོ་དེ་རེད། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་སོགས་དྲུག་པོའི་ཚོགས་ལ་ཕར་ཕྱིན་དྲུག་གི་ཉམས་ལེན་ཟེར། དབུ་མ་འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ།། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས།། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད།། སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ།། ཞེས་སྦྱིན་པ་དང་། བཟོད་པ། བརྩོན་འགྲུས་བཅས་བྱང་སེམས་ཁྱིམ་པ་ལ་གཙོ་བོར་བསྔགས་པ་དང་། དེ་ནི་ཚོགས་གཉིས་ལས་བསོད་ནམས་ཀྱི་ཚོགས་གཙོ་བོ་ཡིན་པ་གསུངས་ཡོད།

སྦྱིན་པ་ནི་གཏོང་བའི་རྫས་ལ་སེར་སྣས་མ་ཆགས་པར་གཏོང་འདོད་ཀྱི་བསམ་པའམ་གཏོང་སེམས་དེ་ལ་ཟེར། དེ་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་ཆེད་དུ་གཏོང་བ་ལ་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ཟེར། སྤྱིར་སྦྱིན་པའི་རྣམ་གྲངས་ལ་འཇོག་སྟངས་མི་འདྲ་བ་མང་པོ་ཡོད་ཀྱང་། ཡོངས་གྲགས་སུ་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ། བྱམས་པའི་སྦྱིན་པ། སྐྱབས་ཀྱི་སྦྱིན་པ་བཅས་བཞི་རེད། དེ་ཡང་ཟང་ཟིང་ནི་ནོར་དངོས་པོའམ་རྒྱུ་ཅ་ལག་ལ་ཟེར། མི་མཉམ་པའམ་ཟུག་ཡོང་མཁན་ཞིག་ལ་ཟང་ཟིང་ཟེར། རྒྱུ་ཅ་ལག་ནི་སྡུག་བསྔལ་སྐྱེ་བའི་རྒྱུ་ཡིན་ཙང་དེའི་ཆ་ནས་ཀྱང་ཟང་ཟིང་ཟེར། དེས་ན་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་རྫས་དངོས་པོ་ལ་སོགས་པ་གཏོང་བ་དེ་རེད། ཆོས་ཀྱི་སྦྱིན་པ་ནི་སེམས་ཅན་གཞན་ལ་ཆོས་བཤད་པ་དང་། ཡོན་ཏན་བསླབ་པ། རིག་པ་བསླབ་པ་སོགས་རེད། བྱམས་པའི་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ་པ་དེ་རེད། སྐྱབས་ཀྱི་སྦྱིན་པ་ནི་སྐྱབས་སྦྱིན་པ་ལ་ཟེར། དཔེར་ན་ཉ་ལ་སོགས་པ་སྲོག་བླུ་གཏོང་བ་ནི་སྐྱབས་ཀྱི་སྦྱིན་པ་རེད། དེ་ནི་སྲོག་གི་འཇིགས་པ་ལ་ཐུག་པ་རྣམས་ལ་སྲོག་བླུ་བའི་སྐྱབས་གནས་སྦྱིན་པ་ཡིན་ཙང་། དེ་ལ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་ཟེར། དེ་བཞིན་ང་ཚོ་རྒྱ་མི་ས་ནས་བྲོས་སྐབས་རྒྱ་གར་གྱིས་སྐྱབས་གནས་སྤྲད་པ་དེའང་སྐྱབས་ཀྱི་སྦྱིན་པ་ལྟ་བུ་རེད། སྲོག་ཆགས་སོགས་གཅིག་གིས་གཅིག་གསོད་གྲབས་བྱེད་པའི་སྐབས་སུ་སྐྱོབ་པ་དང་། འབུ་ཆེན་པོ་ཞིག་གིས་འབུ་ཆུང་ཆུང་ཞིག་ཟ་གྲབས་བྱེད་པའི་སྐབས་སུ་ཟ་མི་བཅུག་པ། སྲོག་གི་ཉེན་ཁ་ལ་ཐུག་པ་རྣམས་སྲོག་གི་ཉེན་ཁ་ལས་འགྲོལ་བར་བྱེད་པ། མཚན་མོ་ཞེད་སྣང་གིས་འགྲོ་མ་ནུས་པ་རྣམས་ལ་རོགས་པ་བྱས་ནས་བསྐྱལ་བ་ལ་སོགས་པ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་རེད། དེ་ལྟར་སྦྱིན་པ་བཞི་པོ་གང་རུང་གི་སྒོ་ནས་ཉམས་ལེན་བྱེད་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཞེས་བརྗོད།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་སྐབས་སུ་སོ་སོ་སྐྱེ་བོ་ལས་དང་པོ་བས་སྦྱིན་པ་གང་དང་གང་གཏོང་ཆོག་པ་དང་། ས་ལམ་མཐོ་པོར་ཕེབས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་གང་དང་གང་གཏོང་ཆོག་པ་བཅས་ལའང་ཁྱད་པར་ཡོད། སོ་སོའི་སྐྱེ་བོའི་གནས་སྐབས་ལ་ཕྱིའི་རྫས་ཙམ་མ་གཏོགས་མགོ་དང་རྐང་ལག་ལ་སོགས་དང་། སྲོག་དང་། བུ་དང་ཆུང་མ་སོགས་སྦྱིན་པ་གཏོང་བ་མ་གནང་བ་རེད། ལུས་བཅད་པ་ལ་སོགས་པའི་སྡུག་བསྔལ་ཡོད་ནའང་དེའི་དབང་གིས་སྙིང་རྗེ་ལྷག་པར་དུ་འཕེལ་ཐུབ་པའི་གནས་སྐབས་ལ་སླེབས་ན་ལུས་སོགས་ཀྱི་སྦྱིན་པའང་གནང་བ་རེད། འཕགས་པའི་ལམ་ཐོབ་པ་ན་སྡུག་བསྔལ་གྱི་ཚོར་བའང་ཡོང་གི་མེད། འཕགས་ལམ་མ་ཐོབ་པའི་སྔོན་དུ་སྡུག་བསྔལ་གྱི་ཚོར་བ་ཡོད་ནའང་དེ་བཟོད་པར་བྱེད་པའི་སྙིང་རྗེའི་ཤུགས་ཡོད་པ་རྣམས་ལ་ལུས་ལ་སོགས་པའི་སྦྱིན་པ་གཏོང་རྒྱུ་དེ་གནང་བ་རེད། སྦྱིན་པའི་ཉམས་ལེན་གྱི་སྐབས་སུ་སྦྱིན་མི་རུང་བའི་གནས་སྐབས་ཀྱང་མང་པོ་ཡོད། དུས་ཀྱི་སྒོ་ནས་མི་རུང་བ་ནི་དགེ་སློང་ལྟ་བུ་ལ་དུས་མ་ཡིན་པའི་ཁ་ཟས་སྦྱིན་པ་དེ་རེད། དཔེར་ན། དགེ་སློང་ཕྱི་དྲོ་ཁ་ཟས་སྤོང་བ་ལ་ཕྱི་དྲོ་ཁ་ཟས་སྦྱིན་ན་དུས་ཀྱི་སྒོ་ནས་སྦྱིན་མི་རུང་བ་རེད། དངོས་པོའི་སྒོ་ནས་སྦྱིན་མི་རུང་བ་ནི་དངོས་པོ་འཕྲོ་བརླག་ཕྱིན་ཟིན་པ་དང་། ཁ་ཟས་ཡིན་ན་ཟ་འཕྲོ། གོས་ཡིན་ན་ཧ་ཅང་རྙིང་པ་རྣམས་རེད། མཚོན་ཆ་དང་དུག་ལ་སོགས་པའང་དངོས་པོའི་སྒོ་ནས་སྦྱིན་མི་རུང་བ་རེད། དེ་བཞིན་ཡུལ་གྱི་སྒོ་ནས་སྦྱིན་མི་རུང་བ་དང་རྟེན་གྱི་སྒོ་ནས་སྦྱིན་མི་རུང་བ་སོགས་ཀྱང་ཡོད།

སྦྱིན་པ་གཏོང་བ་ལའང་སྦྱིན་པའི་ཡུལ་ལ་བརྟེན་པའི་ཕན་ཡོན་ཆེ་ཆུང་གི་ཁྱད་པར་འགྲོ་བའང་ཡོད། དཔེར་ན། ཁྱིམ་པ་ལས་རབ་བྱུང་ལ་སྦྱིན་པ་གཏོང་བ་བསོད་ནམས་ཆེ་བ་དང་། རབ་བྱུང་ལས་ལམ་ཞུགས་ཀྱི་གང་ཟག་ལ་སྦྱིན་པ་གཏོང་བ་བསོད་ནམས་ཆེ་བ། དེ་བཞིན་རྒྱུན་ཞུགས་ལས་ཕྱིར་འོང་ལ་སྦྱིན་པ་གཏོང་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་ལ་སྦྱིན་པ་གཏོང་བའི་བར་རིམ་བཞིན་བསོད་ནམས་ཆེ་བ་རེད། ཡང་ན་འབྱོར་པ་ལྡན་པའི་གང་ཟག་ལས་ཉམ་ཐག་པ་ལ་སྦྱིན་པ་གཏོང་བ་ཕན་ཡོན་ཆེ་བ་སོགས་རེད། བཀའ་གདམས་པའི་དགེ་བཤེས་གོང་མ་ཁ་ཤས་ཀྱིས་དཀོན་མཆོག་སངས་རྒྱས་ལྟ་བུ་དེ་སྦྱིན་པའི་ཡུལ་ཁྱད་པར་དུ་འཕགས་པར་བསམས་ནས་སངས་རྒྱས་ལ་མཆོད་པ་དེ་མཆོག་ཏུ་གྱུར་པའམ་གཙོ་བོར་བྱེད་པ་དང་། ཁ་ཤས་ཀྱིས་དཀོན་མཆོག་ལ་སྦྱིན་པ་ལས་ཀྱང་ཉམ་ཐག་པ་ངན་སློང་ལ་སྦྱིན་པ་དེ་གཙོ་བོར་བྱེད་པ་བཅས་ཕྱག་བཞེས་མི་འདྲ་བ་ཡོད། ཡིན་ནའང་སྦྱིན་པའི་ནང་གཙོ་བོར་གྱུར་པ་དེ་དངོས་གནས་ཉམ་ཐག་པ་ལ་སྦྱིན་པ་དེ་རེད། གང་ལྟར་སྦྱིན་པའི་ཉམས་ལེན་མཐར་ཐུག་པ་ནི་ལུས་དང་ལོངས་སྤྱོད་དགེ་བའི་དངོས་པོ་རྣམ་སློང་བ་པོ་ཞིག་འབྱོར་ན་ཕངས་པ་མེད་པར་གཏང་བར་བྱ་སྙམ་པའི་སེམས་ཀྱི་དམ་བཅའ་བརྟན་པོ་བྱ་རྒྱུ་དང་། གཏོང་བའི་སེམས་སྦྱོང་རྒྱུ་དེ་རེད། གཏོང་བའི་སེམས་སྦྱོང་བའི་སྐབས་སུ་ངེས་པར་དུ་ཐམས་ཅད་གཏོང་ནུས་པ་ཞིག་ཡོང་། གཏོང་བའི་སེམས་མ་སྦྱོང་བའི་སྐབས་སུ་ཐམས་ཅད་གཏོང་མ་ཐུབ་པའམ་གཏོང་མ་ནུས་པའི་གནས་སྐབས་ལ་ངག་འཇམ་པོའི་སྒོ་ནས་སློང་བ་པོ་མི་ཁྲོ་བར་བྱེད་དགོས་པ་དེ་བྱང་ཆུབ་སེམས་དཔའི་བསླབ་བྱའི་ནང་གསལ། ཆོས་ཀྱི་སྦྱིན་པ་དང། བྱམས་པའི་སྦྱིན་པ། མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་བཅས་ནི་ཟང་ཟིང་གི་སྦྱིན་པ་ལས་ཀྱང་ཁྱད་པར་དུ་འཕགས་པར་གསུངས། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱིས་གཙོ་བོ་ཉོན་མོངས་ཀྱི་ནང་ནས་སེར་སྣའི་གཉེན་པོ་བྱེད་པ་ཡིན།

དེ་ནས་བཟོད་པ་ཞེས་པ་ནི་ཁྲོ་ཡང་སླར་མི་ཁྲོ་བ། གཤེ་ཡང་སླར་མི་གཤེ་བ་ཞིག་ལ་བརྗོད། གནོད་པ་དང་འཚེ་བ་བྱུང་བའི་སྐབས་སུ་ཁོང་ཁྲོ་མི་ཟ་བར་བཟོད་སེམས་ཐུབ་པ་དེ་ལ་བཟོད་པའི་ཉམས་ལེན་ཟེར། གང་ལྟར་གནོད་པ་དང་འཚེ་བ་ལ་སོགས་པ་བྱུང་བའི་སྐབས་སུ་ཁྲོ་བའི་ལན་དུ་ཁྲོ་བར་མི་བྱེད་པ་དང་། གཤེ་བའི་ལན་དུ་གཤེ་བར་མི་བྱེད་པར་གནོད་འཚེ་བྱུང་བ་དེ་དྭང་དུ་བླངས་ནས་བཟོད་པ་བྱའོ་སྙམ་པའི་བཟོད་པའི་སེམས་སྤེལ་བ་དེ་ལ་བཟོད་པའི་ཉམས་ལེན་ཟེར། བཟོད་པ་ལ་ནང་གསེས་དབྱེ་ན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དྭང་དུ་ལེན་པའི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བཅས་གསུམ་ཡིན། བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་གྱིས་གཙོ་བོ་ཞེ་སྡང་དང་ཁོང་ཁྲོའི་གཉེན་པོ་བྱེད། ཁོང་ཁྲོ་ནི་བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་སྤང་དགོས་པ་ཡིན། གང་ལགས་ཤེ་ན། ཞེ་སྡང་དང་ཁོང་ཁྲོ་ནི་བྱམས་པ་དང་སྙིང་རྗེའི་ཐད་ཀའི་འགལ་ཟླ་དེ་རེད། དེ་བཞིན་ཁོང་ཁྲོ་ནི་རང་བཞིན་གྱིས་སྡིག་པ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། དགེ་བའི་རྩ་བ་རྣམས་འཇོམས་པར་བྱེད་པ་ཡིན། དེ་ཡང་དབུ་མ་འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས།། སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར།། བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར།། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན།། ཞེས་ཁོང་ཁྲོ་ལྟ་བུའི་སྡིག་པ་མེད་ཅེས་གསུངས་པ་ནི་ཁོང་ཁྲོ་ནི་སྡིག་པ་ཐམས་ཅད་ཀྱི་ནང་ནས་སྡུག་ཤོས་ཡིན་པ་དེ་རང་གི་ངོ་བོའི་ཆ་ནས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་མི་དགེ་བ་ཡིན་པ་གཞིར་བཞག་ཐོག་དགེ་རྩ་མང་པོ་འཇོམས་པ་ཡིན་ཙང་བསོད་ནམས་དང་དགེ་བའི་རྩ་བ་གནོད་ཤོས་ཤིག་ཆགས་ཀྱི་ཡོད། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི་ཐད་ཀར་ཞེ་སྡང་དང་ཁྲོ་བའི་གཉེན་པོ་རེད། རང་དང་རང་གི་གཉེན་ལ་གནོད་པ་བྱེད་མཁན་ལ་ཕར་མི་ཁྲོ་བར་བཟོད་པ་ལ་འབད་པ་ནི་བཟོད་པའི་ཉམས་ལེན་རེད། སྡུག་བསྔལ་དྭང་ལེན་གྱི་བཟོད་པ་ནི་རང་ལ་གཞན་གྱིས་གནོད་པ་བྱེད་པའི་ཚེ་ན་གནོད་པ་དེས་དྲངས་པའི་སྡུག་བསྔལ་དྭང་དུ་ལེན་པ་དེ་རེད། གནོད་པ་ལས་བྱུང་བའི་སྡུག་བསྔལ་དང་ཕམ་ཁ་དྭང་དུ་ལེན་པའི་ནུས་པ་དེ་ཡོང་ཁག་པོ་ཡོད། སྤྱིར་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དེ་རྒྱ་ཆེན་པོ་རེད། ཐད་ཀར་བཤད་ན། ཁོང་ཁྲོའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་མཐོང་བ་དེ་སེམས་པའམ་དེ་སྒོམ་པར་བྱེད་པ་ལ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཟེར། སྤྱིར་ཆོས་ལ་ངེས་སེམས་ཀྱི་བཟོད་པའི་ནང་སྟོང་ཉིད་རྟོགས་པའི་ཤེས་རབ་ཚུད་ཀྱང་། གོ་དོན་གཙོ་བོར་བྱས་ན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་དགོས་པ་དེ་དང་པོ་དང་། དེ་ནི་སྡུག་བསྔལ་དྭང་དུ་ལེན་པའི་བཟོད་པ་མེད་ན་སྒོམ་མི་ཐུབ་པར་བརྟེན། སྡུག་བསྔལ་དྭང་ལེན་གྱི་བཟོད་པ་བསྒོམ་དགོས་པ། དེ་ལྟ་བུའི་སྡུག་བསྔལ་དྭང་ལེན་གྱི་བཟོད་པ་བསྒོམ་པ་ལ་བཟོད་པའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་ལ་སེམས་པའི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་མེད་ན། སྡུག་བསྔལ་དྭང་ལེན་གྱི་བཟོད་པ་མི་འོང་བ་ཡིན་ཙང་། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བསྒོམ་དགོས། དེ་ལྟར་བཟོད་པ་རྣམ་པ་གསུམ་རིམ་པས་སྒོམ་སྟངས་དང་། གཅིག་གིས་གཅིག་ལ་ལྟོས་གྲུབ་ཏུ་འགྲོ་ཚུལ་རེད།

བརྩོན་འགྲུས་ནི། དབུ་མ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་།། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ།། ཞེས་ཕར་ཕྱིན་གཞན་རྣམས་ཀྱི་ཡོན་ཏན་མཐའ་དག་འཐོབ་པར་བྱེད་པ་ནི་བརྩོན་འགྲུས་ལ་རག་ལུས་པ་དང་། དེ་ཙམ་མ་ཟད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་རྣམས་བརྩོན་འགྲུས་ལ་མ་བརྟེན་པ་མེད། བརྩོན་འགྲུས་ཀྱི་ངོ་བོ་ནི་དགེ་བ་ལ་སྤྲོ་བ་ཞིག་རེད། སྤྲོ་བའི་ངང་ནས་དགེ་བ་ལ་ཞུགས་པ་ལ་བརྩོན་འགྲུས་ཟེར། སྡིག་པ་ལ་སྤྲོ་བ་ནི་བརྩོན་འགྲུས་མིན། ཁ་ཤས་སྡིག་པ་བྱེད་པ་ལ་སྡུག་རུས་ཐུབ་མཁན་དེ་འདྲ་ཡོད། དཔེར་ན། བཤན་པ་ལྟ་བུ་ཡིན་ན་སྔ་དྲོ་ནས་ཕྱི་དྲོའི་བར་ངལ་གསོ་མེད་པར་སྲོག་ཆགས་སྟོང་ཕྲག་གསོད་པའི་ལས་ལ་དཀའ་ལས་རྒྱག་ཐུབ་མཁན་དང་། དམག་ལྟ་བུ་ཡིན་ན་ཨ་ཐང་ཆད་ཆད་བར་དུ་འཛིངས་ཐུབ་པ་སོགས་ཀྱི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་མིན། འཇིག་རྟེན་པའི་སྐད་ཆ་བཤད་སྟངས་ལྟར་ན་སྡུག་རུས་འཁྱོག་པོ་རེད། དེས་ན་མི་དགེ་བ་ལ་འགྲུས་པ་དེ་སྡུག་རུས་དང་། དགེ་བ་ལ་སྤྲོ་བ་དེ་བརྩོན་འགྲུས་རེད། བརྩོན་འགྲུས་ཡིན་ན་དགེ་བའི་དངོས་པོའམ་བསོད་ནམས་ཀྱི་ལས་ལ་སྤྲོ་བ་ཞིག་དགོས། དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་རེད། བརྩོན་འགྲུས་ལ་དབྱེ་ན། གོ་ཆའི་བརྩོན་འགྲུས་དང་། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་བཅས་གསུམ་རེད། ཚུལ་ཁྲིམས་ཀྱི་དབྱེ་བ་དང་བརྩོན་འགྲུས་ཀྱི་དབྱེ་བ་གཉིས་རྩ་བའི་བསམ་བློ་གཏོང་སྟངས་གཅིག་པ་རེད། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ཚུལ་ཁྲིམས་གཙོ་བོ་ཡིན་པ་བཞིན་དུ་གོ་ཆའི་བརྩོན་འགྲུས་ནི་བརྩོན་འགྲུས་དངོས་དེ་རེད། འོན་ཀྱང་ཕྱིན་དྲུག་གི་ཉམས་ལེན་བྱེད་པའི་སྐབས་སུ་ཕར་ཕྱིན་དྲུག་པོ་རེའི་ནང་དུ་ཕར་ཕྱིན་དྲུག་པོའི་ཉམས་ལེན་ཚང་བར་བསྡུས་ནས་བྱེད་སྟངས་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་ཐུན་མོང་མ་ཡིན་པ་ཞིག་རེད། དེར་བརྟེན་ཚུལ་ཁྲིམས་ནང་ཡིན་ནའང་སྦྱིན་པ་སོགས་གཞན་ལྔ་པོ་ཚང་དགོས་པ་དང་། དེ་བཞིན་བརྩོན་འགྲུས་ནང་ཡིན་ནའང་སྦྱིན་པ་སོགས་གཞན་ལྔ་པོ་ཚང་དགོས་པར་བརྟེན། དབྱེ་བ་རྣམས་གཅིག་པ་བྱུང་ཡང་གནད་འགག་མེད། དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་ཚུལ་ཁྲིམས་དང་བརྩོན་འགྲུས་གཉིས་ཀའི་སྐབས་སུ་གོ་རྒྱུ་ཧ་ལམ་གཅིག་པ་རེད། ཧ་ལམ་དཀར་ཆོས་དགེ་བའི་ལས་ཐམས་ཅད་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་ནང་འཇོག་ན་འགྲིགས། དེ་བཞིན་གཞན་ཕན་གྱི་བྱ་བ་ཕལ་མོ་ཆེ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནང་བཞག་ཆོག  དེས་ན་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་དང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་ཞིབ་ཆ་མ་ཕྱེ་ན་གཅིག་པ་ལྟ་བུ་རེད།

གོ་ཆ་ཞེས་པ་དེ་གང་རེད་ཅེ་ན། ཡོངས་གྲགས་སུ་མཚོན་ཆ་སོགས་མི་ཚུགས་པའི་ཆེད་དུ་གྱོན་རྒྱུ་དེ་ལ་ཟེར། དེ་ནི་སྐྱོབ་པའི་ཆེད་དུ་རེད། བརྩོན་འགྲུས་ལ་གོ་ཆ་ཞེས་བརྗོད་དགོས་པ་དེ་གང་རེད་ཅེ་ན། བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་ན་ལེ་ལོ་དང་ཕྱི་བཤོལ་གྱི་གནོད་པས་མི་ཚུགས་པ་རེད། དེས་ན་ལེ་ལེའི་གཉེན་པོར་གོ་ཆ་བགོས་པ་རེད། གོ་ཆ་བགོས་ཤེ་ན་གྲྭ་སྒྲིག་ཨང་གསར་བྱེད་པའི་དོན་རེད། བྱང་ཆུབ་སེམས་དཔས་གོ་ཆ་ཇི་ལྟར་བགོས་ཤེ་ན། བླ་མ་མཆོད་པའི་ཆོ་ག་ལས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།། མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་།། སྙིང་རྗེས་མི་སྐྱོ་་་་་་་་་་།། ཞེས་བྱ་དཀའ་བའི་སྤྱོད་པས་བསྐལ་པ་མང་པོ་ཇི་ཙམ་རིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་དགོས་བྱུང་ཡང་སངས་རྒྱས་སྒྲུབ་པའི་དམ་བཅའ་འདི་མི་གཏོང་སྙམ་པའི་བློ་དེ་གོ་ཆ་རེད། དེ་བགོས་པ་ན་ཇི་ཙམ་ལམ་ལྷོང་མ་གྱུར་ཡང་ཡིད་ཞུམ་པ་དང་བློ་ལོག་པའི་བསམ་ཚུལ་དེ་ཡོང་གི་མེད། སྤྱིར་བརྩོན་འགྲུས་ཀྱི་འགལ་ཟླ་ནི་ལེ་ལོ་རེད། ལེ་ལོ་ནི་བྱ་བ་ལ་མི་ཞུགས་པའམ་ཞུགས་སུ་མི་སྟེར་བ་དེ་རེད། ལེ་ལོ་ལ་དབྱེ་ན། སྒྱིད་ལུག་པའི་ལེ་ལོ་དང་། ཕྱི་བཤོལ་གྱི་ལེ་ལོ། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་བཅས་གསུམ་རེད། སྒྱིད་ལུག་པ་ཞེ་ན། སྐྱུག་མེར་ལྟ་བུ་ལངས་ནས་འདི་ཡོང་བ་མི་འདུག་སྙམ་པ་དེ་རེད། དེ་ལ་མིང་གཞན་ནི་བདག་ཉིད་ལ་བརྙས་པ་ཞེས་ཀྱང་ཟེར། དེ་ནི་སོ་སོ་ལ་སྤོབས་པ་མེད་པའམ་ཡིད་ཆེས་མེད་པ་དེ་རེད། དེ་ཡང་སོ་སོ་ལ་དེ་ལྟ་བུ་བྱེད་རྒྱུའི་ནུས་པ་ཡོད་ཀྱང་། ལམ་སེང་སོ་སོ་ལ་བརྙས་བཅོས་ཀྱིས་དེ་ངས་ཡོང་གི་མ་རེད་སྙམ་པ་དེ་རེད། དེ་ནི་ལེ་ལོའི་ནང་གི་སྡུག་ཤོས་ཤིག་རེེད། དེ་ནི་དང་པོ་སྤང་དགོས། དེ་ལྟ་བུའི་སྒྱིད་ལུག་པའི་ལེ་ལོ་མེད་ནའང་། དེ་ནི་ངས་བྱེད་ཐུབ་པ་འདུག དངོས་གནས་བྱེད་ཀྱི་ཡིན་བསམ་པ་ཞིག་ཡོད་རུང་། སང་ཉིན་བྱེད་འཆར་ལ་ལུས་པ་དེ་ལ་ཕྱི་བཤོལ་གྱི་ལེ་ལོ་ཟེར། ལར་ནས་སྒྱིད་ལུག་པའི་ལེ་ལོ་དང་ཕྱི་བཤོལ་གྱི་ལེ་ལོ་གཉིས་གཅིག་པ་ལྟ་བུ་རེད། གལ་ཏེ་སྒྱིད་ལུག་པའི་ལེ་ལོ་མེད་ཀྱང་ཕྱི་བཤོལ་གྱི་ལེ་ལོ་ཡོད་ན་ལག་ཏུ་སླེབས་རྒྱུ་རྩ་བ་ནས་མེད། དེ་ནས་དུས་ཚོད་གཏུགས་པའི་སྐབས་སུ་ཕྱི་བཤོལ་གྱི་ལེ་ལོས་སྒྱིད་ལུག་པའི་ལེ་ལོའང་དྲང་ཡོང་བ་རེད། གལ་ཏེ་སྒྱིད་ལུག་པའི་ལེ་ལོ་དང་ཕྱི་བཤོལ་གྱི་ལེ་ལོ་གཉིས་མེད་ནའང་། བྱ་བ་ངན་ཞེན་གྱི་ལེ་ལོ་ཞེས་ལེ་ལོ་གསུམ་པ་ཞིག་ཡོང་བ་རེད། བྱ་བ་ངན་ཞེན་གྱི་ལེ་ལོ་ཞེ་ན། དགོས་པའི་ལས་ཀ་ལ་བརྩོན་པ་མི་བྱེད་པར། དེ་མ་ཡིན་པའི་བྱ་བ་གཞན་ལ་ཞེན་པ་ལ་ཟེར། དེའི་ནང་ངལ་གསོ་བ་དང་། གཉིད་ཁུག་པ། ཉལ་བ། འཆམ་འཆམ་འགྲོ་བ་སོགས་ཀྱང་ཚུད་པ་རེད། དེང་སང་གློག་བརྙན་ལྟ་བ་དང་། ངག་འཆལ། གསར་ཤོག་ཀློག་པ། རྩེད་མོ་ལ་རོལ་བ་སོགས་ལ་ཞེན་ནས་བྱ་བ་བཟང་པོ་བྱེད་པའི་གོ་སྐབས་ཆུད་ཟོས་བཏང་བ་ཡིན་ཙང་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་རེད། དེ་ལྟ་བུའི་ལེ་ལོ་གསུམ་པོ་སྤངས་ནས་རྟག་ཏུ་དགེ་བ་ལ་སྤྲོ་བའི་འདུན་པ་ཡོད་པ་དེ་ད་ལྟ་འཕྲལ་དུ་བྱེད་བསམ་པ་དང་། ངས་ངེས་པར་དུ་བྱེད་ཐུབ་པས་བྱེད་ཀྱི་ཡིན་བསམ་པ། དེ་ཡང་སང་བྱ་གནངས་བྱ་ལ་མ་ལུས་པར་ད་ལྟ་ནས་བྱེད་ཀྱི་ཡིན་བསམ་པ་ཞིག་དགོས། གོ་ཆའི་བརྩོན་འགྲུས་ཀྱིས་བསྐལ་པ་གྲངས་མེད་བར་བསྒུག་དགོས་ནའང་བསྒུག་ཐུབ་པའི་ནུས་པ་ཡོད་པ་དང་། རང་གིས་སྒྲུབ་ནུས་པའི་གདེང་ཚོད་གཉིས་པོས་སྒྱིད་ལུག་པའི་ལེ་ལོ་ལྡོག་ནས་གོ་ཆ་བགོས་པ་དང་། དེ་རྗེས་ཕྱི་བཤོལ་གྱི་ལེ་ལོ་ལྡོག་ནས་སང་བྱ་གནངས་བྱའི་ངང་མ་ལུས་པར་དེ་རིང་རང་བྱེད་ཀྱི་ཡིན་བསམ་པ་ཞིག་ཡོང་། ད་ལྟ་ནས་མགོ་བཙུག་རྒྱུར་ལས་ཀ་མང་པོས་བྲེལ་བ་ཡོད་ན་དེའི་ནང་བྱ་བ་བཟང་ངན་དེ་དབྱེ་འབྱེད་བྱེད་དགོས། ང་ཚོས་ལས་ཀ་གལ་ཆེ་ཆུང་དང་བཟང་ངན་ལྟ་བའི་རྣམ་དཔྱོད་མེད་ན་སྔ་དྲོ་ནས་དགོང་མོའི་བར་མང་པོ་ཞིག་བྱས་ཀྱང་བྱེད་དགོས་ངེས་དེ་ལུས་པའི་གནས་ཚུལ་མི་མང་པོ་ལ་ཡོང་མུས་རེད། དེ་ནི་སྔ་དྲོ་ནས་དགོང་མོའི་བར་ལྷོད་དལ་མེད་པར་བྱ་བའི་རིམ་པ་མང་པོ་བྱས་ཀྱང་བྱ་བའི་རིམ་པའི་འདེམས་སྟངས་མ་ཤེས་པའི་དབང་གིས་བྱུང་།

དྲི་བ་དྲིས་ལན།

དྲི་བ། བྱ་བ་ལ་སྤྲོ་བའི་སྒོ་ནས་འཇུག་པ་ཙམ་བརྩོན་འགྲུས་རེད་དམ།

ལན། སློབ་སྦྱོང་གི་ཡོན་ཏན་མཐོང་ནས་སྦྱང་འདོད་ཀྱི་སྤྲོ་བ་དང། དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་འདུན་པ་མེད་ནའང་ཚེ་ཕྱི་མ་ཕན་ཆད་ལ་དམིགས་ནས་དགེ་བའི་ངོ་བོ་ལ་འགྲོ་ཐུབ་པའི་བྱ་བ་ལ་སྤྲོ་བའི་སྒོ་ནས་འཇུག་ན་བརྩོན་འགྲུས་རེད། དེའི་ཐོག་ནས་བྱང་ཆུབ་སེམས་ཀྱིས་ཟིན་ན་བརྩོན་འགྲུས་ཕར་ཕྱིན་གྱི་ཉམས་ལེན་ཆགས་རྒྱུ་རེད་ལ། དགེ་བའང་ཡོང་བ་རེད། དེ་མིན་ང་རྒྱུགས་སྤྲོད་མ་ཐོན་ན་འགྲིགས་ཀྱི་མི་འདུག དེས་ན་ལག་འཁྱེར་རག་གི་མ་རེད། དེ་ནས་ལས་ཀ་རག་གི་མ་རེད། དེས་ན་རང་མགོ་འཐོན་གྱི་མ་རེད་བསམ་པའི་ཚེ་འདིའི་དམིགས་ཡུལ་རྐྱང་པ་བཟུང་ནས་དཀའ་ལས་བརྒྱབ་ན་སྡུག་རུས་མ་གཏོགས། བརྩོན་འགྲུས་མ་རེད།

དྲི་བ། དུད་འགྲོ་ལ་སྦྱིན་པ་ལས་མི་ལ་སྦྱིན་པ་ཕན་ཡོན་ཆེ་བ་རེད་ཅེས་གསུངས་སོང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་དབང་དུ་བྱས་ན་གང་འདྲ་ཡིན་ནམ།

ལན། སྦྱིན་པའི་ཡུལ་གྱི་ཆ་ནས་དུད་འགྲོ་ལ་སྦྱིན་པ་ལས་མི་ལ་སྦྱིན་པ་བསོད་ནམས་ཆེ་བ་དང། དེ་བཞིན་མི་རང་དགའ་བ་ལ་སྦྱིན་པ་ལས་འཕགས་པ་ཞིག་ལ་སྦྱིན་པ་བསོད་ནམས་ཆེ་བ་དེ་བཤད་མ་དགོས་པ་རེད། སྦྱིན་པ་པོའི་གང་ཟག་དེས་བསོད་ནམས་རྐྱང་པར་བསམ་བློ་བཏང་སྟེ་མདུན་དུ་ཁྱི་ཞིག་ལྟོགས་ཤི་ཐེབས་པ་ལ་མ་སྦྱིན་པར་རང་གི་བསོད་ནམས་ཡོང་རྒྱུ་དེ་ལ་འདོད་རྔམས་ཀྱིས་སངས་རྒྱས་ལ་ཕུལ་ན་དེ་ནི་སྙིང་རྗེའི་དབང་གིས་མིན་པར་རང་དོན་ཡིད་བྱེད་ཀྱི་བློ་སླེབས་པ་རེད། དེར་བརྟེན་སངས་རྒྱས་ལ་ཕུལ་ནས་བསོད་ནམས་འཐོབ་རྒྱུར་བྲེལ་བ་མ་བྱེད་པར། ཁྱི་དེ་ལ་ལྟོགས་པའི་སྡུག་བསྔལ་མཐོང་ནས་སྙིང་རྗེས་སྦྱིན་པ་ཡིན་ན། ཡུལ་གྱི་ངོས་ནས་སངས་རྒྱས་ལ་ཕུལ་བ་དེ་བསོད་ནམས་ཆེ་ཡང་། གནས་སྐབས་ཀྱི་དགོས་མཁོ་དང་སྙིང་རྗེའི་དབང་གིས་ཁྱི་ལ་སྦྱིན་པ་དེ་བསོད་ནམས་ཆེ་བ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པའི་དབང་དུ་བཏང་ན་ཁྱི་ལ་སྦྱིན་པ་དེ་ཡག་པ་ཡོད་རེད། དཔེར་ན་སངས་རྒྱས་དང་ཁྱི་ལྟོགས་པ་ཞིག་མཉམ་དུ་མདུན་ལ་སླེབས་པ་དང་། སྐབས་དེར་སོ་སོ་ལ་བག་ལེབ་གཅིག་མ་གཏོགས་འབུལ་རྒྱུ་མེད་ན། སངས་རྒྱས་ལ་བག་ལེབ་དགོས་ཀྱི་མེད་ཅིང་། འབུལ་ན་བསོད་ནམས་ཐོབ་ཀྱང་། སངས་རྒྱས་ལ་ལྟོགས་ཤི་ཐེབས་རྒྱུ་མེད། འོན་ཀྱང་ལྟོགས་པའི་སྡུག་བསྔལ་མྱོང་བཞིན་པའི་ཁྱི་དེ་ལ་མ་སྦྱིན་ན་ལྟོགས་ཤི་ཐེབས་རྒྱུ་ཡིན་རུང་། སྐབས་དེར་སྦྱིན་མཁན་དེས་བསོད་ནམས་ཆེ་ཤོས་ལ་བལྟས་ན་ཚོང་རྒྱག་པ་ལས་སྦྱིན་པ་གཏོང་བ་མིན། དེས་ན་སྙིང་རྗེའི་དབང་གིས་ཁྱི་ལ་སྦྱིན་ན་ཕལ་ཆེར་སངས་རྒྱས་ལ་ཕུལ་བ་ལས་ཀྱང་བསོད་ནམས་ཆེ་བ་རེད་བསམ་གྱི་འདུག གང་ལགས་ཤེ་ན། དེས་སྙིང་རྗེ་འཕེལ་བ་དང་། སངས་རྒྱས་ཀྱང་ཐུགས་མཉེས་པ། སྒྲུབ་པའི་མཆོད་པ་ལའང་འགྲོ་བ་རེད།

དྲི་བ། སྐྱབས་ཀྱི་སྦྱིན་པ་ལས་འབྲས་བུ་ལོངས་སྤྱོད་མ་གཏོགས་མི་ཡོང་ངམ།

ལན། སྦྱིན་པ་གཏོང་བ་ལས་འབྲས་བུ་ལོངས་སྤྱོད་འབྱུང་ཞེས་པ་ནི་སྤྱིར་བཏང་གི་སྐད་ཆ་རེད། བྱང་ཆུབ་སེམས་དཔས་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་བྱེད་པའི་སྐབས་སུ་གནས་སྐབས་ཀྱི་ལོངས་སྤྱོད་འབྱུང་བའི་ཆེད་དུ་མི་བསྔོ་ཞིང་། བྱང་ཆུབ་སེམས་དཔའི་སྦྱིན་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བསྔོ་བ་རེད། ཆོས་ཀྱི་སྦྱིན་པ་དང་། བྱམས་པའི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་རྣམས་ཀྱི་འབྲས་བུར་ལོངས་སྤྱོད་འབྱུང་ངམ་ཞེ་ན། སྦྱིན་པའི་ངོ་བོའི་ཆ་ནས་ལོངས་སྤྱོད་ཡོང་ཆོག་ཀྱང་། ལོངས་སྤྱོད་ཙམ་དུ་ཟད་པ་མ་རེད། དེ་དག་ལ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། བདག་འབྲས་བཅས་ཆ་ཚང་སྨིན་པ་རེད། རྣམ་སྨིན་གྱི་འབྲས་བུར་ལོངས་སྤྱོད་འབྱུང་ནའང་། རྒྱུ་མཐུན་དང་བདག་འབྲས་ནང་འབྲས་བུ་གཞན་རྒྱ་ཆེ་བ་ཡོང་ཆོག  དེས་ན་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་འབྲས་བུ་ལ་ལོངས་སྤྱོད་མ་གཏོགས་མི་འབྱུང་བ་མིན།

དྲི་བ། མི་གཅིག་ལྟོགས་ནས་ཤི་གྲབས་ཡོད་པ་དང་། ཁྱི་གཅིག་ལྟོགས་ནས་ཤི་གྲབས་ཡོད་རུང་། བག་ལེབ་ཆུང་ངུ་ཞིག་མ་གཏོགས་མེད་ན་གང་ལ་སྦྱིན་པ་དེ་བསོད་ནམས་ཆེ་བ་རེད།

ལན། བྱང་ཆུབ་སེམས་དཔས་སྦྱིན་པའི་ཉམས་ལེན་ལ་སློབ་པའི་སྐབས་ཡིན་ན། མི་དེ་ལ་བག་ལེབ་ཆུང་ངུ་དེ་གནང་མདོག་ཁ་པོ་རེད། དེ་ནས་ཁྱི་དེ་ལ་སོ་སོའི་ལུས་ནས་ཤ་བཅད་དེ་གནང་གི་རེད། རང་གི་ལུས་ནས་ཤ་བཅད་དེ་གཏོང་ཐུབ་པའི་ནུས་པ་མེད་ན། སོ་སོའི་རྣམ་དཔྱོད་ཀྱིས་དཔྱད་དགོས་ཤིང་། མི་ཡིན་ཙང་བག་ལེབ་ཆུང་ངུ་དེ་མ་གནང་ནའང་ཐབས་ཤེས་བྱེད་ཐུབ་པ་དང་། དེས་ན་བག་ལེབ་ཆུང་ངུ་དེ་ཁྱི་དེ་ལ་དགོས་མཁོ་ཆེ་བ་རེད། འོན་ཀྱང་ང་ཚོ་མི་ཡིན་ཙང་མིའི་རིགས་ལ་ཕྱོགས་བཟུང་ནས་གལ་ཆེ་བར་བརྩིས་ཏེ་ཁྱི་ལ་གལ་ཆུང་བའི་བསམ་བློས་མི་དེ་ལ་སྤྲད་ན་སྦྱིན་པ་ལོག་པ་རེད། བསམ་བློ་གཏོང་སྟངས་གཞན་ཞིག་ནི་ཁྱི་དེ་ཤི་ན་དུད་འགྲོའི་སྐྱེ་གནས་ནས་ཐར་བ་དང་། ཁྱི་དེ་མ་ཤི་བར་བསྡད་ནའང་སེམས་ཅན་མང་པོ་ལ་ཕན་ཐོགས་རྒྱུ་མེད། འོན་ཀྱང་མི་དེ་མཁས་པ་ཆེན་པོ་རེད། མ་ཤི་བར་བསྡད་ཐུབ་ན་སེམས་ཅན་མང་པོ་ལ་ཕན་ཐོགས་ཡོང་རྒྱུ་རེད་བསམ་པ་དེ་འདྲའི་རྒྱུ་མཚན་ཐོག་ནས་གལ་ཆེ་ཆུང་མཐོང་ན་མི་དེ་ལ་སྤྲད་ན་འགྲིགས་ཀྱི་རེད། དེས་ན་དེ་ཚོ་ཚང་མ་ལ་རྒྱུག་པ་ལེབ་རྡུང་གཏོང་རྒྱུ་མེད། སྐབས་དང་དུས་སོ་སོར་རྣམ་དཔྱོད་ཀྱིས་གང་དུ་གལ་ཆེ་མིན་བལྟ་རྒྱུ་རེད།

དྲི་བ། མི་ཤི་བ་དེའི་ཆེད་དུ་ཐང་ག་བཞེངས་ན་ག་རེ་ཡོང་གི་ཡོད་དམ།

ལན། མི་ཤི་ཚར་ནས་ཐང་ག་བཞེངས་ན་ག་རེ་ཡོང་གི་རེད་ཅེས་པའི་དྲི་བ་དེ་ཕར་ཕྱིན་དྲུག་དང་ཐད་ཀར་འབྲེལ་བ་ཡོད་མིན་མི་ཤེས། མདོའི་ནང་མི་ཤི་ཚར་ནས་རྗེས་འཇུག་གི་དགེ་བ་བྱེད་མཁན་ལ་འབྲེལ་བ་བཞི་དགོས་པ་གསུངས་ཡོད། དེ་ཡང་རིགས་ཀྱི་འབྲེལ་བ་དང་། ནོར་གྱི་འབྲེལ་བ། ཆོས་ཀྱི་འབྲེལ་བ། གཅིག་དེ་དྲན་མ་སོང་། རིགས་ཀྱི་འབྲེལ་བ་ནི་དཔེར་ན་ཕ་མའི་དོན་དུ་ཕྲུ་གུས་དགེ་རྩ་སྒྲུབ་པ་སོགས་བྱེད་ན་ཚེ་འདས་དེ་ལ་ཕན་པ་རེད། ནོར་གྱི་འབྲེལ་བ་ནི་ཤི་མཁན་གྱི་ཅ་ལག་བདག་པོ་རྒྱག་མཁན་གྱིས་ཤི་མཁན་དེའི་ཅ་ལག་གིས་དགེ་རྩ་བྱེད་ན་ཚེ་འདས་དེ་ལ་ཕན་པ་རེད། ཆོས་ཀྱི་འབྲེལ་བ་ནི་དགེ་རྒན་དང་དགེ་ཕྲུག་ལྟ་བུ་བླ་མའི་དོན་དུ་སློབ་མས་དགེ་རྩ་བྱེད་ན་ཕན་པ་ལྟ་བུ་རེད། དེ་ཚོ་ཐམས་ཅད་བསྔོ་བས་ཟིན་དགོས། དེས་ན་སྐྱེས་རྟགས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་དགེ་བ་དེ་འཆི་མཁན་དེ་ལ་བསྔོས་པ་ལ་བརྟེན་ནས་དེའི་སྐྱེ་བ་ཕྱི་མར་བདེ་འགྲོའི་གོ་འཕང་ཐོབ་པ་ལ་ཕན་ཐོགས་པ་རེད། འོན་ཀྱང་སྐྱེས་རྟགས་བཞེངས་པ་ཡིན་ནའང་རེད། དགེ་རྩ་སོགས་གང་བྱེད་རྒྱུ་ཡོད་རུང་། སོ་སོ་ཡོད་པའི་སྐབས་སུ་བྱས་ན་ཕན་ཐོགས་ཆེ། ཤི་བའི་རྗེས་སུ་དགེ་རྩ་བྱས་པ་དེས་བར་དོའི་གནས་སྐབས་ལ་ཡིན་ན་དེ་མ་ཐག་པའི་སྐྱེ་བ་བླང་རྒྱུ་དེ་ལ་ཕན་ཐོགས་ཡོང་སྲིད། བར་དོའི་གནས་སྐབས་ལ་མེད་པར་དེ་ཤི་བ་དང་མཉམ་དུ་སྐྱེ་བ་བླངས་ཚར་ན་དགེ་རྩ་དེས་སྐྱེ་བ་རྗེས་མའི་རྗེས་མར་ཕན་པ་ཡོད་ཀྱང་། ད་ལྟ་ལམ་སེང་སྐྱེ་གནས་བརྗེ་བའི་ཕན་ཐོགས་ཡོང་མི་ཐུབ། དཔེར་ན་ད་ལྟ་འདིར་མི་ཞིག་ཤི་བ་དེ་ལམ་སེང་མནར་མེད་དམ་ལྷ་ཡུལ་དུ་སྐྱེས་ན་སྐྱེ་བ་བླངས་ཚར་བའམ་རྣམ་པར་སྨིན་ཚར་བར་བརྟེན། དེའི་དོན་དུ་དགེ་རྩ་བྱས་པ་དེ་སྐྱེ་བ་རྗེས་མའི་རྗེས་མ་སོགས་ལ་ཕན་རྒྱུ་རེད། དེས་ན་ཤི་བའི་རྗེས་སུ་དགེ་རྩ་བྱས་པ་དེས་འཆི་མཁན་དེ་ལ་མི་ཕན་ཞེས་བརྗོད་མི་ཐུབ། དེ་ལ་ཕན་ཚུལ་ཡང་འབྲེལ་བ་བཞིའི་སྒོ་ནས་ཡིན་དགོས་པ་དང། དེ་ཡང་བསྔོ་བས་ཁ་བསྒྱུར་དགོས་པ་ཆགས་ཡོད། གལ་ཏེ་བསྔོ་བས་ཁ་བསྒྱུར་བ་དང་འབྲེལ་བ་བཞི་ལ་སོགས་པ་མེད་ན་ལས་ཀྱི་འབྲས་བུ་འཆོལ་བའི་ཉེས་པ་ཡོང་ཞིང་། གཞན་གྱིས་བསགས་ལ་གཞན་གྱིས་བཟའ་བར་འགྱུར་བ་རེད། གལ་ཏེ་ངས་དགེ་རྩ་བྱས་ནས་གཞན་ལ་ཕན་ན་དེ་འཆོལ་བ་རེད། འོན་ཀྱང་བྱང་ཆུབ་སེམས་དཔའི་དགེ་རྩ་རྣམས་སེམས་ཅན་ཐམས་ཅད་ལ་བསྔོ་རྒྱུ་དང་སྦྱིན་རྒྱུ་ཡོད། དེ་བཞིན་འབྲེལ་བ་ཡོད་མཁན་གྱི་གང་ཟག་ཅིག་གིས་དགེ་བའི་རྩ་བ་བསྔོས་ནས་སྐུ་འདྲ་བཞེངས་ན་འཆི་མཁན་དེ་ལ་ངེས་པར་དུ་ཕན་གྱི་རེད། དེས་ངན་སོང་གི་སྐྱེ་སྒོ་གཅོད་ཀྱི་རེད་དམ་ཞེ་ན། ལྷ་སྐུ་ཞིག་བཞེངས་པ་དེས་ངན་སོང་གི་སྐྱེ་སྒོ་གཅོད་མི་ཐུབ། ངན་འགྲོའི་སྐྱེ་སྒོ་ཆོད་རྒྱུ་དེ་སྦྱོར་ལམ་བཟོད་པ་ཐོབ་པ་ནས་ཡོང་བ་རེད། ཅེས་གསུངས།། །།

(༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༠ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་བསྟན་པ་སྤྱིའི་རྣམ་གཞག་ཁོངས་གསུངས་པ་ཞིག་ཡིན།)